Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
  collapse section
གཉིས་པ་བར་དུ་དགེ་བ་གཞུང་གི་དོན་དངོས་བཤད་པ།
   
   
   
   
   
   
  expand section
   


 
previousགཉིས་པ་བར་དུ་དགེ་བ་གཞུང་གི་དོན་དངོས་བཤད་པ། next

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་དངོས་བཤད་པ།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་དངོས་བཤད་པ་ལ་བཞི། རྟེན་གསུམ་བཞེངས་པའི་ཕན་ཡོན་སྤྱིར་བསྟན། བསམ་སྦྱོར་དག་པའི་ཁྱད་པར་བྱེ་བྲག་ཏུ་སྨོས། མཆོད་པ་དང་བཀུར་སྟི་བགྱིས་པའི་ཕན་ཡོན་འཕྲོས་དོན་དང་བཅས་ཁྱད་པར་དུ་བཤད། དགེ་རྩ་གང་བགྱིས་བྱང་ཆུབ་ཏུ་བསྔོ་བའི་ཚུལ་བདེན་ཚིག་སྨོན་ལམ་དང་བཅས་པས་མཐའ་བརྒྱན་པའོ། །

རྟེན་གསུམ་བཞེངས་པའི་ཕན་ཡོན་སྤྱིར་བསྟན་པ།

དེ་ལ་དང་པོ་རྟེན་གསུམ་བཞེངས་པའི་ཕན་ཡོན་སྤྱིར་བསྟན་པ་ནི། ཆོ་འཕྲུལ་རྣམ་པར་བསྟན་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མང་ངོ་། །སེམས་ཅན་གྱི་བསམ་པ་ཇི་ལྟ་བུ་དང་། ཇི་ལྟར་འདུལ་བ་དང་། དགེ་བའི་རྩ་བ་ཇི་ལྟ་བུ་དང་། སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་སྤྱོད་པ་མཁྱེན་ནས་ཆོས་སྟོན་ཏེ། སེམས་ཅན་ཁ་ཅིག་ནི་བྱང་ཆུབ་སེམས་དཔས་འདུལ། ཁ་ཅིག་ནི་ཉན་ཐོས་གྱིས་འདུལ། ཁ་ཅིག་ནི་རང་སངས་རྒྱས་ཀྱིས་འདུལ། ཁ་ཅིག་ནི་ལྷས་འདུལ། ཁ་ཅིག་ནི་བརྒྱ་བྱིན་གྱིས་འདུལ། ཁ་ཅིག་ནི་ཚངས་པས་འདུལ། ཁ་ཅིག་ནི་ཀླུས་འདུལ། ཁ་ཅིག་ནི་རྫུ་འཕྲུལ་ཆེན་པོས་འདུལ། ཁ་ཅིག་ནི་རྒྱལ་པོས་འདུལ། ཁ་ཅིག་ནི་ཏིང་ངེ་འཛིན་གྱིས་འདུལ། ཁ་ཅིག་ནི་ཆོས་ཉན་པས་འདུལ། ཁ་ཅིག་ནི་ཆོ་འཕྲུལ་གྱིས་འདུལ། ཁ་ཅིག་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པས་འདུལ། ཁ་ཅིག་ནི་རིང་བསྲེལ་གྱིས་འདུལ། ཁ་ཅིག་ནི་མཆོད་རྟེན་བྱེད་དུ་འཇུག་པ་དང་། གཙུག་ལག་ཁང་དང་འཆག་པ་དང་། སྐྱེད་མོས་ཚལ་བྱེད་དུ་གཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་སྐུ་གཟུགས་བྱེད་དུ་གཞུག་པ་དང་། རི་མོ་དང་། གསེར་དང་། དངུལ་དང་། ར་གན་གྱི་སྐུ་གཟུགས་བྱེད་དུ་གཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་དགེ་སློང་གི་དགེ་འདུན་ལ་མཆོད་པ་དང་བཀུར་སྟི་བྱ་བས་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་མདོ་སྡེ་འདྲི་བ་དང་། །འདྲིར་གཞུག་པ་དང་བཀླག་པ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་མར་མེ་དང་། སྤོས་དང་། མེ་ཏོག་དང་། དྲི་དང་ཕྲེང་བ་དང་། བྱུག་པ་དང་། དོ་ཤལ་ལ་སོགས་པས་བརྒྱན་པ་ལ་སྤྲོ་བ་སྐྱེད་པས་འདུལ་བ་ཡིན་ཏེ། དོན་དམ་པ་མཁས་པའི་ཆོས་དང་ལྡན་པ་དང་། མྱ་ངན་ལས་འདས་པའི་ཆོས་དང་ལྡན་པ་ནི་མ་ཡིན་ནོ། །ཞེས་དང་། ཁྱད་པར་འཕགས་བསྟོད་ལས། གཅེར་བུ་ཀུན་དགའ་ར་བ་སོགས། །བརྩིགས་པ་སྡིག་པའི་རྒྱུ་ཡིན་ཟེར། །ཐམས་ཅད་མཁྱེན་པ་ཁྱོད་ཀྱིས་ནི། །དེ་ཉིད་བསོད་ནམས་གཞི་རུ་གསུངས། །ཞེས་དང་། དེའི་འགྲེལ་པར། བརྒྱ་བྱིན་གཙུག་ལག་ཁང་གི་ཕྱིར། །ས་ནིསྦྱིན་པ་གཏོང་བྱེད་པ། །ཚངས་པའི་བསོད་ནམས་རབ་སྐྱེད་དེ། །མཐོ་རིས་དག་ཏུ་བསྐལ་བར་དགའ། །ཞེས་མདོ་ལུང་དྲངས་པ་དང་། ལུང་རྣམ་འབྱེད་ལས། ཀུན་དགའ་ར་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་ནར་མ་དང་། །གློ་བུར་ནད་པའི་ནད་གཡོག་དང་། །ཡུལ་ངན་ཚེ་ན་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཞེས་གསུངས་པ་ལྟར་རྫས་ལས་བྱུང་བའི་བསོད་ནམས་ཀྱི་གཙོ་བོ་ཡང་དགེ་འདུན་གྱི་སྡེ་དང་། དེར་གཙུག་ལག་ཁང་དང་། སྐུ་གཟུགས་དང་། གླེགས་བམ་དང་། མཆོད་རྟེན་བཞེངས་པ་རྣམས་ཡིན་པས་ན་དམ་པ་རྣམས་ཀྱི་ཕྱག་ལེན་དུ་མཛད་པས། དེ་ལ་གཙུག་ལག་ནི་རྒྱལ་བའི་གསུང་རབ་ཀྱི་མིང་གི་རྣམ་གྲངས་ཏེ། དེ་གཙོ་བོར་གྱུར་པའི་རྟེན་གསུམ་བཞུགས་གནས་ལ་གཙུག་ལག་ཁང་ཞེས་བྱ་སྟེ། དེ་ལྟ་བུའི་རྟེན་དང་བརྟེན་པར་བཅས་པ་ཇི་སྲིད་ནམ་གནས་གྱི་བར་དུ་གང་གིས་མཐོང་བ་ཙམ་གྱིས་སེམས་དྭངས་པ་བསྐྱེད་ཅིང་རྒྱུད་ལ་ཐར་པའི་ས་བོན་འཇོག་པར་མཛད་པས་དོན་ཆེན་པོ་དང་འབྲེལ་བ་དང་། དེར་མ་ཟད་སངས་རྒྱས་ལ་དམིགས་ཏེ་ཚོགས་བསགས་པ་ནི་འགྲན་ཟླ་ཀུན་དང་བྲལ་བ་སྟེ། སྙིང་རྗེ་པདྨ་དཀར་པོ་ལས། ཀུན་དགའ་བོ། ང་ལྟ་བུ་ལ་གནས། ང་ལྟ་བུ་ལ་བརྟེན་ཏེ་ཡོན་ཕུལ་བ་དེའི་བསོད་ནམས་ཀྱི་དཔེར་བྱ་བ་ཡང་སླ་བ་མ་ཡིན་ནོ། །ཞེས་དང་། ཕལ་པོ་ཆེ་ལས། རྩ་སྐམ་སྤུངས་པ་རི་བོའི་མཆོག་ཙམ་ཡོད་གྱུར་ཀྱང་། །མེ་མདག་ཡུངས་འབྲུ་ཙམ་གྱིས་དེ་ཉིད་འཚིག་འགྱུར་ཏེ། །དེ་བཞིན་བདེ་གཤེགས་རྣམས་ལ་མཆོད་པ་གཅིག་བྱས་ཀྱང་། །ཉོན་མོངས་ཐམས་ཅད་ཚིག་བྱེད་མྱ་ངན་འདས་གྱུར་འགྱུར། །རི་བོ་ཁ་བ་ཅན་ལ་མཐོང་ལེགས་སྨན་ཡོད་དེ། །དེ་ཉིད་མཐོང་ཞིང་ཐོས་པས་ནད་རྣམས་ཞི་བར་བྱེད། །དེ་བཞིན་སྟོབས་བཅུ་རྣམས་ནི་མཐོང་ངམ་ཐོས་གྱུར་ཀྱང་། །ཡོན་ཏན་ཀུན་ལྡན་སངས་རྒྱས་ཡེ་ཤེས་ཐོབ་པར་འགྱུར། །ཞེས་དང་། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་ནས། གང་ཞིག་སངས་རྒྱས་མཆོག་ནི་ཡིད་ལ་མོས། །དེ་བཞིན་དད་མོས་གུས་པས་གསོལ་འདེབས་དང་། །ཕྱག་འཚལ་བསྐོར་བ་སོ་སོ་མ་ཡིན་པས། །ཅི་ལྟར་བྱས་ཀྱང་སངས་རྒྱས་སྐུ་ལ་འཁོར། །དེ་བཞིན་མཆོད་པ་དང་ནི་བསྟོད་པ་དང་། །དགེ་བ་གང་བྱས་འབྲས་བུ་ཆུད་མི་ཟོས། །ཞེས་གསུངས་པའི་ཚུལ་ལ་དྲན་པ་ཉེ་བར་བཞག་ནས་རིམ་པ་བཞིན་བརྗོད་པ་ལ་ལྔ་ལས།

དང་པོ་རྟེན་གཙུག་ལག་ཁང་བཞེངས་པའི་ཕན་ཡོན།

དང་པོ་རྟེན་གཙུག་ལག་ཁང་བཞེངས་པའི་ཕན་ཡོན་ནི། ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པའི་གཏམ་ལས། མི་དབང་དུས་ནི་ཐམས་ཅད་དུ། །ཉམས་དགའ་བ་ཡི་ཁང་བཟང་མཆོག །རོལ་མོའི་གནས་ཀྱི་ཉམས་དགའ་བར། །འཚོ་ཞིང་རྒྱལ་བའི་སྒྲ་སྒྲོགས་ཤིང་། །བཙུན་མོའི་འཁོར་དང་རོལ་བྱེད་པའི། །གྲང་བ་སེལ་བའི་ཁང་པ་ནི། །ཕྱོགས་བཞི་ནས་ནི་བྱོན་པ་ཡི། །དགེ་འདུན་བཞུགས་གནས་ཕུལ་བས་ཡིན། །ཐུབ་པ་འཕགས་པའི་དགེ་འདུན་བཅས། །གཙུག་ལག་ཁང་གི་དོན་དུ་ནི། །ཚིག་གིས་རབ་ཏུ་བསྐུལ་བ་དང་། །ཚོགས་པ་ཡིས་ནི་གྲོས་བྱེད་ཅིང་། །ངེས་པར་དུས་སུ་འགྲོ་བྱེད་པ། །གཉིད་ལོག་པའམ་ལངས་པ་ན། །བསོད་ནམས་རྒྱུ་ནི་ཚད་མེད་འཕེལ། །ཤེས་རབ་སྙིང་རྗེའི་མཚོན་ཆ་ཡིས། །ཕྱིན་ཅི་ལོག་གི་རི་བཅོམ་ནས། །ས་དང་བཅས་པའི་ཁང་བཟང་འགྱུར། །དགེ་འདུན་ལ་ནི་ཡོ་བྱད་དང་། །ལོངས་སྤྱོད་བཟང་པོ་དང་བཅས་པ། །གཙུག་ལག་ཁང་ནི་གང་ཞིག་བྱེད། །རྣམ་པར་རྒྱལ་བའི་ཁང་བཟང་ནི། །རིན་ཆེན་མཆོག་གི་རང་བཞིན་གྱིས། །རྩིག་པ་ཀ་བ་གདུང་ལྡན་པར། །མཛེས་དང་ལྷན་ཅིགདུས་ཀུན་དུ། །དེ་ནི་ལྷ་ཡི་འཇིག་རྟེན་འདིར། །ཡུན་རིང་དུ་ནི་མངོན་པར་དགའ། །དཔལ་དང་ལྡན་པའི་བླ་བྲེ་དང་། །སྣ་ཚོགས་ཀྱི་ནི་གོས་ཀྱིས་སྤྲས། །ཁང་བཟང་མཆོག་གི་འོད་འཕྲོ་བར། །ཡང་དག་གནས་པར་གྱུར་པ་ནི། །ཡོན་ཏན་ཚོགས་ལྡན་ཕུལ་བ་ཡིས། །བརྒྱ་བྱིན་གྱི་ནི་ཁང་བཟང་མཆོག །རྣམ་པར་རྒྱལ་བྱེད་འཐོབ་པ་ཡིན། །ཞེས་གསུངས་སོ། །

གཉིས་པ་བརྟེན་པ་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པའི་ཕན་ཡོན།

གཉིས་པ་བརྟེན་པ་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པའི་ཕན་ཡོན་ནི། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུ་ལས། སའམ། རྡོ་ཐལ་ལམ། ཤིང་ངམ། རྡོའམ། ར་གན་ནམ། ལྕགས་སམ། གསེར་རམ། དངུལ་ལམ། བཻཌཱུཪྱའམ། ཤེལ་ལམ། མུཀྟིཀ་དམར་པོའམ། རྡོའི་སྙིང་པོའམ། སྤུག་གམ། དུང་ངམ། མེན་ཤེལ་ལམ། སྤོས་སམ། རས་སམ། ཤིང་ལེབ་བམ། རྩིག་ངོས་ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པར་བྱ། རལ་བ་གསོ་བར་བྱ། གྲུམ་པ་བཅོས་པར་བྱས་ཏེ་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་ན་རིགས་དམའ་བ་ཐམས་ཅད་དང་། སྡིག་པ་བྱེད་པའི་རིགས་རྣམས་དང་། ལོག་པར་ལྟ་བའི་རིགས་སུ་མི་སྐྱེ། ཡན་ལག་ཀྱང་མ་ཚང་བར་མི་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན། སེམས་ཅན་དམྱལ་བ་མྱོང་བ་ཆུང་ངུ་མྱོང་སྟེ། ཐེག་པ་གསུམ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུར་རོ། །དཔེར་ན་མི་ཞིག་མི་གཙང་བ་རེག་པ་ལ་རབ་ཏུ་དག་པར་བསྐྲུས་ཏེ་སྤོས་ཀྱིས་བྱུགས་ན་དྲི་མི་ཞིམ་པ་དེ་མེད་པར་འགྱུར་རོ། །དེ་བཞིན་དུ་མཚམས་མེད་པ་བྱས་པ་དེའི་སྡིག་པ་ཡང་མེད་པར་འགྱུར་རོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་ཡང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན་དེའི་སྡིག་པ་དེ་ཇི་ལྟར་མེ་ཡི་ཕུང་པོས་མར་ཚིག་སྟེ་དུ་བ་ཡང་མི་མངོན་པ་བཞིན། དེའི་སྡིག་པ་དེ་ཡང་མི་སྣང་བར་འགྱུར་རོ། །ཞེས་དང་། དམ་པའི་ཆོས་པདྨ་དཀར་པོ་ལས། ལ་ལས་དེར་ནི་རིན་ཆེན་གཟུགས་བྱས་པ། །སུམ་བཅུ་རྩ་གཉིས་མཚན་དང་ལྡན་པའི་གཟུགས། །གང་གིས་དེ་ཕྱིར་བྱས་པ་དེ་དག་ཀྱང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ལ་ལས་དེར་ནི་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་མཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །རོ་ཉེ་དང་ནི་ལྕགས་སམ་ས་ཡང་རུང་། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། །ལྟ་ན་སྡུག་པ་འཇིམ་པའི་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །གང་གི་རྩིག་ངོས་གཟུགས་ཀྱི་རི་མོ་དག །བསོད་ནམས་བརྒྱ་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འདྲི་རུ་བཅུག་ཀྱང་རུང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །སྐྱེས་བུ་དག་གམ་འོན་ཏེ་གཞོནནུའང་རུང་། །གང་དག་ལ་ལས་དེ་ནི་སློབ་པའི་ཚེ། །རྩེད་མོ་དགའ་དང་བསང་བར་བྱེད་པ་ན། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་འགྱུར་ཏེ། །དེ་དག་ཐམས་ཅད་སྙིང་རྗེ་ཅན་དུ་འགྱུར། །ཐམས་ཅད་ཀྱང་ནི་སྲོག་ཆགས་བྱེ་བ་སྒྲོལ། །བྱང་ཆུབ་སེམས་དཔའ་མང་པོ་ཡང་དག་འཛུད། །ཅེས་དང་། འདི་ན་རྒྱལ་བའི་སྐུ་གཟུགས་བྱེད་པ་ནི། །གཟུགས་དང་སྐལ་བཟང་ཡོན་ཏན་ཉེ་བར་ལྡན། །དེ་ནི་དབང་པོ་སྦས་དང་ཉི་མའི་འོད། །འཇིག་རྟེན་ཀུན་གྱིས་མཐོང་ན་དགའ་བར་འགྱུར། །བདེ་བར་གཤེགས་པའི་སྐུ་གཟུགས་བཞེངས་པ་ནི། །དེ་ཡི་ལུས་ནི་དྲི་མ་མེད་པ་དང་། །ནད་དང་འཇིགས་དང་མྱ་ངན་སྡུག་བསྔལ་བྲལ། །པདྨའི་ནང་བཞིན་འཇམ་དང་ཡངས་པར་འགྱུར། །འདི་ནི་རྒྱལ་བའི་སྐུ་གཟུགས་བྱེད་པ་གང་། །བྲན་དུ་མི་འགྱུར་དབུལ་པོའི་རང་བཞིན་མིན། །ལས་བྱེད་མ་ཡིན་སྐྱེ་བ་དམན་པར་མིན། །ཞེས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། གང་ཞིག་སྟོན་པ་མི་མཆོག་གཟུགས་བྱེད་པ། །རས་འདྲི་རྩིག་ངོས་འདྲིའམ་གསེར་ལས་བྱས། །དེ་ཡི་ཆོས་ཀྱི་ཁྱད་པར་གང་ཡིན་པ། །དེ་དག་མ་ལུས་རབ་ཏུ་བསྟན་གྱིས་ཉོན། །དེ་ནི་བལྟར་མིན་ལོང་བར་ཞར་མི་འགྱུར། །རྒུར་བོར་མི་འགྱུར་ཡན་ལག་མི་སྡུག་མིན། །དེ་ནི་གཟུགས་དང་ལྡན་ཞིང་ཁ་དོག་ལྡན། །སུམ་ཅུ་རྩ་གཉིས་མཚན་གྱི་གོ་ཆར་འགྱུར། །ལུས་ནི་རྣམ་པར་དག་ཅིང་ཁྱད་པར་འཐོབ། །སྤོབས་པ་འཐོབ་ཅིང་སྒྲ་སྙན་ཡིད་དུ་འོང་། །ཤེས་བཞིན་ལྡན་ཞིང་འཇིག་རྟེན་ཀུན་གྱི་གཙོ། །དེ་མཐོང་སེམས་ཅན་བདེ་ཞིང་དགའ་བར་འགྱུར། །སྡིག་བྱེད་མི་འགྱུར་ཞེ་སྡང་མེད་སེམས་ལྡན། །གཡོ་མེད་མི་རྐུ་རྒྱལ་པོ་འཁྲུག་མི་བྱེད། །མཐུ་དང་ལྡན་ཞིང་དབང་ཆེ་གྲགས་པར་འགྱུར། །བྱམས་ལ་གནས་ཤིང་མི་དམན་སེམས་དང་ལྡན། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དེ་ནི་མཆོག་གྱུར་སྐྱེ་བོ་མང་མཆོད་འོས། །བློ་ལྡན་ཕྱུག་ཅིང་དེ་ཉིད་རྒྱ་ཆེར་ལྡན། །དབང་ལྡན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །ལྷ་ཡི་དབང་པོ་དབང་ཕྱུག་དབང་ཐོབ་པ། །ལྷུན་པོའི་ཟོམ་ན་དབང་ཐོབ་བརྒྱ་བྱིན་འགྱུར། །བདག་པོ་ལྷུན་པོའི་ཟོམ་ན་རྒྱལ་སྲིད་སྟོན། །དེ་ནི་བྲན་དང་བློ་གྲོས་མི་ལྡན་མིན། །དེ་ནི་རྟོགས་མོས་ཤེས་རབ་ཚང་བར་འགྱུར། །འཇིག་རྟེན་ཀུན་ན་དབུགས་ཕྱིན་ཐོབ་འགྱུར་ཏེ། །འདི་ནི་ཡེ་ཤེས་ལྡན་ཞིང་དམྱལ་བ་སྤངས། །སེམས་ཅན་སྙིང་པོ་མཚུངས་མེད་མཆོད་བྱས་ན། །དུད་འགྲོའི་སྐྱེ་གནས་གཤིན་རྗེའི་ཡུལ་མི་འགྲོ། །ངན་སོང་གསུམ་པོ་དེས་ནི་རྣམ་སྤངས་ཏེ། །བདག་དེར་ཕྱིས་མི་སྐྱེ་བར་ཤེས་པར་འགྱུར། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དབང་ལྡན་དབང་ཕྱུག་ཉིད་ཀྱི་ལྷར་འགྱུར་ཏེ། །མི་དམན་དགའ་བའི་སེམས་ཀྱིས་སངས་རྒྱས་མཆོད། །རྒྱལ་བ་མཆོག་གི་བསྟན་ལ་དད་པར་འགྱུར། །ཚངས་པའི་འཇིག་རྟེན་དབང་ཐོབ་ཚངས་པར་འགྱུར། །ཡིད་འོང་ཤིནཏུ་མཛེས་པའི་སྤོས་ངད་ལྡན། །འཛམ་བུའི་ཀླུང་གསེར་འོད་བྱེད་དགའ་འགྱུར་བའི། །གཞལ་མེང་ཁང་མཆོག་ལྟ་སྡུག་ཐོབ་པར་འགྱུར། །དེ་ནི་དེད་དཔོན་སྟོབས་བཅུ་ལྡན་པ་པོ། །སེམས་ཅན་སྙིང་པོ་མཚུངས་འདྲ་མེད་པ་འཐོབ། །ཁ་དོག་མཐའ་ཡས་འཇིག་རྟེན་ཀུན་ཏུ་གསལ། །གསེར་སྟེང་རིན་ཆེན་བཻཌཱུཪྱ་དང་མཚུངས། །ཞེས་དང་། ཏིང་འཛིན་རྒྱལ་པོའི་མདོ་ལས། སངས་རྒྱས་སྐུ་གཟུགས་ཤིན་ཏུ་མཛེས་པ་དག །རིན་ཆེན་བྱི་དོར་ལེགས་པར་བྱས་པ་ཡང་། །ལྟ་ན་སྡུག་ཅིང་ཤིན་ཏུ་མཛེས་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །དེ་བཞིན་གསེར་དག་དང་ནི་དངུལ་དག་དང་། །ཙནྡན་གྱི་ནི་སྐུ་གཟུགས་བཟང་པོ་དག །མཛེས་ཤིང་ཤིན་ཏུ་ལྟ་ན་སྡུག་པར་གྱིས། །རིང་པོར་མི་ཐོགས༴འཇིམ་པ་དང་ནི་དེ་བཞིན་རྡོ་བ་དང་། །ཤིང་ལ་རི་མོར་བྲིས་པའི་སྐུ་གཟུགས་ཀྱང་། །མཛེས་ཤིང་ཤིན་ཏུ་ལྟ་ན་སྡུག་པ་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །ཅེས་དང་། གསལ་རྒྱལ་གྱིས་ཞུས་པའི་ཚིགས་སུ་བཅད་པ་ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བར། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐོབ། །སུ་དག་འདིར་ནི་རྒྱལ་བའི་གཟུགས་བྱེད་པ། །དེ་དག་གཟུགས་བཟང་ཡིད་འོང་ཡོན་ཏན་ལྡན། །དབང་པོ་བསྡམས་ཤིང་འོད་འབར་ཉི་མ་བཞིན། །འཇིག་རྟེན་དག་ན་མིག་ཏུ་སྡུག་པར་འགྱུར། །སུ་དག་བདེ་བར་གཤེགས་པའི་གཟུགས་བྱེད་པ། །དེ་ཡི་ལུས་ནི་དྲི་མ་མེད་པ་དང་། །པདྨའི་སྙིང་པོ་ལྟ་བུར་འཇམ་ཞིང་ཡངས། །ནད་དང་མྱ་ངན་སྡུག་བསྔལ་འཇིགས་ལས་ཐར། །སུ་ཞིག་འཇིག་རྟེན་མགོན་པོའི་གཟུགས་བྱེད་པ། །བྲན་དུ་མི་སྐྱེ་མངག་གཞུག་སྐྱེས་མི་འགྱུར། །དབུལ་པོར་མི་འགྱུར་རིགས་དམན་མི་འགྱུར་ཞིང་། །དབང་པོ་རྣམས་ཀྱང་ཉམས་པར་ཡོངས་མི་འགྱུར། །ཞེས་དང་། དྲི་མ་མེད་པས་ཞུས་པའི་མདོ་ལས། སངས་རྒྱས་མཆོག་གཟུགས་པདྨ་མཆོག་བཞུགས་བྱེད་དུ་འཇུག །ཆུ་སྐྱེས་མེ་ཏོག་ལག་པས་བཀང་སྟེ་འབུལ་བར་བྱེད། །ཕ་རོལ་དག་ལ་དགའ་བ་སྐྱེད་པའི་ཚིག་ཀྱང་སྨྲ། །དགའ་བར་བྱེད་ལ་མངོན་པར་བརྩོན་པའི་སྐྱོན་མི་འཛིན། །སེམས་ཅན་ཀུན་ལ་ཕན་ཕྱིར་བསོད་ནམས་ཡོངས་སུ་བསྔོ། །ཐུབ་མཆོག་རྣམས་ཀྱི་སངས་རྒྱས་བྱང་ཆུབ་སྒྲུབ་པ་ཤེས། །སངས་རྒྱས་གསུངས་པའི་ཡོན་ཏན་འདི་བཞི་བསྟེན་ན་ནི། །རྒྱལ་བ་མཆོག་རྣམས་དྲུང་དུ་རྫུས་ཏེ་སྐྱེ་བར་འགྱུར། །ཞེས་དང་། དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་བསྟན་པ་ལས་ཕན་ཡོན་ཆེན་པོ་ལྔ་གསུངས་པ། གཞལ་ཡས་ཁང་གནས་གྲགས་བཟང་སྤྲོ་བ་མང་། །ཚེ་རིང་གྲགས་ལྡན་བདེ་མང་དང་པོའོ། །ཕྱུག་ཅིང་ནོར་མང་ཡོ་བྱེད་ལོངས་སྤྱོད་ཆེ། །འབྲུ་ནོར་གཉེན་ཕྱུགས་བྲན་མང་གཉིས་པའོ། །གཟུགས་བཟང་མདོག་མཛེས་རྒྱན་ལྡན་གསུམ་པ་སྟེ། །འཁོར་ལོས་སྒྱུར་རྒྱལ་ཉིད་འགྱུར་བཞི་པའོ། །ལྷ་རྒྱལ་ཁྱད་པར་ཅན་དུ་སྐྱེས་ནས་ཀྱང་། །ཚེ་སོགས་གནས་བཅུར་དབང་བྱེད་ལྔ་པའོ། །ཞེས་དམ་པ་སྔ་མ་རྣམས་ཀྱིས་བསྡོམས་སུ་བསྡུས་པ་དང་། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་སྦྱིན་པ་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ་བུ་མོ་གཞན་གང་ལ་ལ་ཞིག་སངས་རྒྱས་ཀྱི་སྐུ་གཟུགས་གཅིག་རི་མོར་བྲིས་པ་འདི་ནི་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །ཞེས་དང་། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་མཐུ་བོ་ཆེའི་ལུས་ཀུན་ནས་མཛེས་པ་འདི་ནི་སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང་། མཆོག་རྟེན་ཞིག་པ་བཅོས་པ་དང་། གཞན་འཇིགས་པ་ལས་དབུགས་དབྱུང་བ་དང་། སེམས་ཅན་མི་འདུམ་པའི་སྡུམ་པ་བྱས་པས་གྲུབ་སྟེ། ཞེས་འབྱུང་བ་དང་། ཚོང་དཔོན་སྤོབས་པའི་བློ་གྲོས་ཀྱིས་ཞུས་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ་དང་། མདོའི་དོན་འཆད་ཉན་བགྱིད་པ་དང་། བྱམས་པ་སྒོམ་པ་དང་། མཁན་སློབ་ལ་གུས་ཤིང་རིམ་གྲོ་བྱེད་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་ལ་རང་ཉིད་བརྩོན་ཞིང་གཞན་དག་དེ་ལ་བཀོད་པའི་ཆོས་ལྔ་པོ་དང་ལྡན་ན་ཚེ་རབས་ཀུནཏུ་མཆོག་གསུམ་དང་མི་འབྲལ་ཞིང་། སངས་རྒྱས་རྣམས་མཇལ་ཞིང་དམ་པའི་ཆོས་ཐོས་པ་དང་། ཅི་འདོད་པའི་ཕུན་སུམ་ཚོགས་པ་ཐོབ་ཅིང་མཐར་གྱིས་བྱང་ཆུབ་བརྙེས་པར་འགྱུར་བར་གསུངས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆེ་བ་ལས། སངས་རྒྱས་མཐོང་བ་དང་མི་འབྲལ་བའི་ཆོས་བརྒྱད་གྱི་ཡ་གྱལ་གཅིག་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པ་ལ་བཤད་པ་དང་། དཀོན་མཆོག་ཏ་ལའི་མདོ་ལས། སྐུ་གཟུགས་མཆོད་རྟེན་བྱས་པ་དང་། དེ་མཐོང་བ་དང་། དེ་ལ་མར་མེ་སོགས་ཀྱིས་མཆོད་པས་འོད་ཟེར་གྱི་ཁྱད་པར་མཐའ་ཡས་པ་འགྲུབ་པའི་རྒྱུར་གསུངས་པ་དང་། འཕགས་པ་དོན་དམ་རྣམ་པར་ངེས་པའི་མདོ་ལས། དེ་བཞིན་གཤེགས་པའི་སྐུ་སྲེད་མེད་ཀྱི་བུ་ལྟ་བུར་ཀུན་ནས་མཛེས་པ་འདི་ནི། སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་དང་། མཆོད་རྟེན་ཞིག་པ་བཅོས་པ་དང་། གཞན་དག་འཇིགས་པ་དག་ལས་དབུགས་དབྱུང་བར་བྱས་པས་མངོན་པར་གྲུབ་བོ། །ཞེས་གསུངས་པ་སོགས་ཤིན་ཏུ་མང་ཞིང་། སློབ་དཔོན་དཔའ་བོས་མཛད་པའི་སྐུ་གཟུགས་ཀྱི་གཏམ་ལས། སངས་རྒྱས་སྐུ་གཟུགས་བཞེངས་གསོལ་བ། །དང་པོར་མྱ་ངན་སེལ་བར་བྱེད། །རྩོད་པ་ཀུནསྤངས་མཐོང་ན་དགའ། །སྐལ་ལྡན་གཏེར་ཚོགས་དཔལ་དང་ལྡན། །ལུས་སྟོབས་ལྡན་ཞིང་སྙན་པར་སྨྲ། །གཟི་བརྗིད་ལྡན་ཞིང་གཟུགས་མཛེས་ལ། །གསུང་རབ་ཀུན་ལ་མཁས་འགྱུར་ཞིང་། །དབང་པོའི་རྟ་ནི་ཐམས་ཅད་ཐུལ། །བློ་ལྡན་གཏོང་དང་ལྡན་པར་འགྱུར། །བཅོམ་ལྡན་སྐུ་གཟུགས་མཆོད་རྟེན་ལ། །ཕྲ་རབ་རྡུལ་ནི་ཇི་སྙེད་སོང་། །དེ་སྙེད་ས་འོག་ས་སྟེང་འདིར། །དེ་སྙེད་རྒྱལ་པོར་ངེས་པར་འགྱུར། །གཟུགས་དང་གཟུགས་མེད་ཏིང་འཛིན་འགྲུབ། །ཐམས་ཅད་བདེ་བ་མ་ལུས་སྤྱོད། །ཐ་མར་སྐྱེ་དགུའི་རྒུད་སངས་ནས། །དེ་དག་བྱང་ཆུབ་གོ་འཕང་ཐོབ། །བདེ་གཤེགས་སྐུ་གཟུགས་བཞེངས་གསོལ་བ། །མཚན་བཟང་གིས་མཚན་འཁོར་ལོས་སྒྱུར། །སུམ་ཅུ་རྩ་གཉིས་ལུས་མཛེས་ཐོབ། །ངེས་པར་དགྲ་འཇོམས་རྒྱལ་བར་འགྱུར། །དབང་པོ་རྣམས་ནི་མ་ཚང་མེད། །དཔལ་ལྡན་ངན་འགྲོ་རྣམས་ལས་རིང་། །མི་ཡི་རིགས་སུ་སྐྱེ་འགྱུར་ཞིང་། །ངག་ནི་བཙན་པ་ཉིད་དུ་འགྱུར། །སྐྱེ་བར་ཐོས་དང་དྲན་ལྡན་བརྟན། །མངོན་པར་འདོད་སར་འབྱུང་འགྱུར་ཞིང་། །གནས་ལ་མངོན་པར་དད་པ་དང་། །འདོད་ཆགས་སོགས་ཀྱིས་གནོད་པ་མེད། །འདི་རྒྱལ་རྫོགས་པའི་བྱང་ཆུབ་ཀྱི། །ཁྱད་ལེགས་པ་ཡི་གཞུང་ལ་བརྟེན། །གང་འདི་རྒྱལ་བའི་སྐུ་གཟུགས་བཞེངས། །སངས་རྒྱས་སྐུའམ་མཆོད་རྟེན་ནམ། །བཞེངས་བྱེད་སྲོག་དང་ལྡན་པ་དེ། །བྲན་དང་དབུལ་པོར་མི་སྐྱེ་ཞིང་། །མངག་གཞུག་པར་མིན་རིགས་དམན་མིན། །ཞེས་དང་། གཞན་ཡང་སེམས་ཅན་རྣམས་ལ་ཉིན་རེ་བཞིན། །བསྐལ་པ་གདྒཱའི་བྱེ་མ་སྙེད། །ལྷ་ཡི་ཞལ་ཟས་བྱིན་པ་བས། །དགེ་བསྙེན་གཅིག་ལ་ཟས་གཅིག་བྱིན། །དེ་བས་བསོད་ནམས་གྲངས་མེད་སྐྱེད། །དགེ་སློང་དད་པའི་རྗེས་འབྲང་དང་། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་། །དགྲ་བཅོམ་རང་རྒྱལ་བརདུ་སྦྱར། །ལ་ལས་ཕྱོགས་བཅུའི་རྡུལ་སྙེད་ཀྱི། །རང་རྒྱལ་རྣམས་ལ་ཉིན་རེ་བཞིན། །བསྐལ་པ་གདྒཱའི་བྱེ་མ་སྙེད། །ལྷ་ཡི་ཟས་གོས་བྱིན་པ་བས། །གང་གིས་སངས་རྒྱས་སྒྲ་ཐོས་སམ། །སངས་རྒྱས་སྐུ་གཟུགས་བྲིས་པའམ། །འཇིམ་པ་ལས་བྱས་མཐོང་བ་ཡང་། །དེ་བས་བསོད་ནམས་ཆེས་ལྷག་ན། །སྐུ་མཐོང་ཐལ་མོ་སྦྱར་བའམ། །བསྔགས་པ་ཚིག་གཅིག་ཙམ་བརྗོད་དམ། །མཆོད་པ་བྱེད་པ་ལྟ་ཅི་སྨྲོས། །ཞེས་གསུང་པ་དང་། བསླབ་བཏུས་ལས་ཀྱང་། མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་འདོད་ཡོན་ལྔའི་སྦྱིན་པ་བྱིན་པ་བས། དགེ་བསྙེན་རྣམ་དག་གཅིག་ལ་བསྙེན་བཀུར་བ་བསོད་ནམས་ཆེས་ཁྱད་པར་དུ་འཕགས་སོ། །དེ་ཐམས་ཅད་ལས་ནི་དགེ་ཚུལ་གཅིག་ལའོ། །དེ་ཐམས་ཅད་ལས་ནི་དགེ་སློང་གཅིག་ལའོ། །དེ་ཐམས་ཅད་ལས་རྡོ་རྗེ་འཛིན་པ་གཅིག་ལའོ། །དེ་ཐམས་ཅད་བསྙེན་བཀུར་བ་ལས་ནི་སྐུ་གཟུགས་མཚན་ཉིད་དང་ལྡན་པ་ཚོན་གང་བ་ཞིག་བཞེངས་པ་བསོད་ནམས་ཆེས་ཁྱད་པར་འཕགས་སོ། །ཞེས་གསུངས་པ་སོགས་ལུང་མཐའ་ཡས་ཏེ་ཞིབ་པར་མདོ་དང་བསླབ་བཏུས་སོགས་ལས་ཤེས་པར་བྱའོ། །

གསུམ་པ་ཐུགས་རྟེན་དུ་བདེ་བར་གཤེགས་པའི་རིང་བསྲེལ་ཅན་གྱི་མཆོད་རྟེན་བཞེངས་པའི་ཕན་ཡོན་བསྟན་པ།

གསུམ་པ་ཐུགས་རྟེན་དུ་བདེ་བར་གཤེགས་པའི་རིང་བསྲེལ་ཅན་གྱི་མཆོད་རྟེན་བཞེངས་པའི་ཕན་ཡོན་བསྟན་པ་ནི། འཕགས་པ་རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ལས། ཀུན་དགའ་བོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་གྱི་བུའམ་རིགས་གྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ་རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལསསྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ། ཁབ་ཙམ་གྱིས་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱིས་གདུགས་བྱས་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུང་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན། དེ་ནི་དེ་བས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་དཔག་ཏུ་མེད་པ། དེ་བཞིན་དུ་སྦྱར་ཏེ། །ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཚད་མེད་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་དྲན་པ་ཉེ་བར་བཞག་པ་མ་འདྲེས་པ་གསུམ་དང་སྙིང་རྗེ་ཆེན་པོས་དཔག་ཏུ་མེད་པ་སྟེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཞེས་དང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཕྱོགས་བཞིའི་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་དང་གནས་ཁང་བརྩིགས་པ་དང་། དགྲ་བཅོམ་པ་རྣམ་ཐར་བརྒྱད་དང་ལྡན་པསསྟོང་གསུམ་གྱི་སྟོང་ཆེན་པོ་འདི་འདམ་བུའི་ཚལ་ལྟར་གང་བ་དེ་དག་བཅིངས་པ་ལྔས་བཅིངས་པ་ལ། མཐུ་ཆེན་པོ་དང་ལྡན་པའི་གང་ཟག་ཞིག་གིས་བཅིངས་པ་བཀྲོོལ་ནས་ལོ་བརྒྱ་སྟོང་གི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད། དེ་དག་མྱ་ངན་ལས་འདས་པའི་རིང་བསྲེལ་ལ་ལྷ་ཡི་ཡོ་བྱད་སྣ་ཚོགས་ཀྱིས་རབ་ཏུ་མཆོད་པའི་བསོད་ནམས་ཀྱིས་ཀྱང་། སངས་རྒྱས་ཀྱི་རིང་བསྲེལ་གྱི་ཕྱིར་མཆོད་རྟེན་བརྩིགས་པའི་བསོད་ནམས་ཀྱི་ཕུང་པོ་ལ་བྱེ་བ་བརྒྱསྟོང་དཔེ་དང་རྒྱུའི་ཆར་ཡང་མི་འགྲོ་བར་གསུངས་པ་དང་། དམ་ཆོས་པད་དཀར་ལས། རྒྱལ་བ་མྱ་ངན་འདས་པ་དེ་དག་གི། །རྒྱལ་བའི་རིང་བསྲེལ་དག་ལ་སུས་མཆོད་ཅིང་། །རིན་ཆེན་མཆོད་རྟེན་སྟོང་ཕྲག་དུ་མ་དག །གསེར་དང་དངུལ་དང་འོན་ཏེ་ཤེལ་གྱིའམ། །རྡོ་ཡི་སྙིང་པོའི་མཆོད་རྟེན་གང་གིས་བྱས། །བཻཌཱུཪྱ་མཆོག་དེ་བཞིན་ཨནྡ་སྙིལ། །ལ་ལས་མུ་ཏིག་ཀེ་ཀེ་རུ་ལས་བྱས། །དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང་། །དེ་བཞིན་ཨ་ག་རུ་དང་ཙནྡན་ནམ། །གང་གིས་ཐང་ཤིང་མཆོད་རྟེན་བྱས་པ་དང་། །ལ་ལས་ཤིང་མང་གཞན་ལས་བྱས་པ་དང་། ས་དང་སོགས་ཕག་ལས་ནི་བརྩེགས་པ་ཡི། །རྒྱལ་བའི་མཆོད་རྟེན་དགའ་ཞིང་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངན་དགོན་པ་དག་ཏུ་བྱས་པ་དང་། །བྱིས་པ་རྩེད་མོར་དེ་དང་དེ་དག་ཏུ། །གང་ཕྱིར་རྒྱལ་བ་དེ་དག་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོ་བྱས་ན་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། ཐུབ་དབང་མཆོད་རྟེན་བྱེད་པའི་མི་རྣམས་ནི། །མྱ་ངན་ཡོངས་མེད་ལུས་ཀུན་བརྟན་པ་དང་། །ལོངས་སྤྱོད་མཆོག་ལྡན་རིན་ཆེན་མཛོད་མང་ལྡན། །དགྲ་ཡི་ཚོགས་རྣམས་ཀྱང་ནི་ཐུབ་པར་གྱུར། །རྒྱལ་བའི་མཆོད་རྟེན་སྲོག་ཤིང་ཕུལ་བ་ཡིས། །ཆོས་དང་རྗེས་མཐུན་ཆོས་ལ་སྒྲུབ་པ་དང་། །ཚུལ་ཁྲིམས་ཐོས་དང་བཟོད་པའི་མཆོག་དང་ལྡན། །འཇིག་རྟེན་དག་ན་དོན་ཀུནགྲུབ་པར་འགྱུར། །མཆོད་རྟེན་མཆོག་ལ་གདུགས་བརྩེགས་ཕུལ་བ་ཡིས། །ལྷ་དང་མི་ཡི་ནང་ན་སྐྱེ་བ་དང་། །སྲེད་མེད་བུ་ཡི་ལུས་འདྲ་ལུས་ཀུན་བརྟན། །བཀུར་སྟི་བྱ་བའི་ཡོན་ཏན་ལྡན་པར་འགྱུར། །གསེར་དངུལ་སྤ་བའི་གླེགས་མོས་གཡོགས་པ་ཡི། །ཐུབ་པའི་དབང་པོའི་མཆོད་རྟེན་བྱས་པ་ཡིས། །མི་རྣམས་སྲིད་པའི་ཁྱད་པར་གཞན་དག་ཏུ། །ལུས་མཁྲེགས་འོད་ཀྱང་འབར་ཞིང་མཛེས་པར་འགྱུར། །ཞེས་སོགས་ཕན་ཡོན་ཚད་མེད་པར་གསུངས་པ་དང་། མདོ་སྡེ་ལས་རྣམ་འབྱེད་ལས། རྒྱལ་པོའི་ཁྱིམ་དུ་སྐྱེ་བ་དང་། གཟུགས་བཟང་བ་དང་། མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་ནས། ནོར་མང་བ་དང་། ཚེ་རིང་བ་དང་། ལུས་རྡོ་རྗེ་ལྟར་སྲ་བ་དང་། མཚན་དཔེས་བརྒྱན་པ་དང་། མཐོ་རིས་སུ་སྐྱེ་བ་དང་། མྱུར་དུ་མྱ་ངན་ལས་འདའ་བར་འགྱུར་བའི་བར་གྱི་མཆོད་རྟེན་བཞེངས་པའི་ཕན་ཡོན་བཅོ་བརྒྱད་གསལ་བར་གསུངས་པ་དང་། གསང་བ་རིང་བསྲེལ་ཟ་མ་ཏོག་གི་གཟུངས་ལས། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཞགས་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྙིང་པོ་རིང་བསྲེལ་གྱི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཀྱི་སྙིང་པོ་གསང་བས་བྱིན་གྱིས་བརླབས་པའི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཏིལ་གྱི་གོང་བུ་སྙེད་དགུ་བཅུ་རྩ་དགུའི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་དང་། སྤྱན་གྱི་མཆོད་རྟེན་དུ་བྱིན་གྱིས་བརླབ་པར་འགྱུར་རོ། །ཞེས་སོགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། ཆོས་ཀྱི་རྣམ་གྲངས་འདིའི་མཐུ་དང་། བྱིན་གྱིས་བརླབས་དང་། བདེན་པ་དང་། དམ་ཚིག་གིས་བྱངཆུབ་ཀྱི་སྙིང་པོར་ཐུག་གི་བར་བྱིན་གྱིས་བརླབ་པར་འགྱུར་རོ། །སེམས་ཅན་གང་གིས་མཆོད་རྟེན་དེ་ལ་ཕུ་དུད་དང་བསྟི་བསྟང་བྱེད་པ་དེ་དག་ངེས་པར་ཕྱིར་མི་ལྡོག་པར་འགྱུར་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཕྱག་འཚལ་བ་གཅིག་དང་། སྐོར་བ་བྱེད་{པ་ཞུ་མཆན}གཅིག་གིས་མནར་མེད་པར་ཐུག་པ་ལ་སོགས་པ་རྣམས་ལས་ཡོངས་སུ་ཐར་བར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གནས་གང་ན་མཆོད་རྟེན་ནམ་གཟུགས་བརྙན་འདི་ལྟ་བུ་གནས་པའི་ས་ཕྱོགས་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་རོ། །ཞེས་དང་། མཆོད་རྟེན་བཞུགས་པའི་ཕྱོགས་དེར་རྒྱལ་ཆེན་སྡེ་བཞི་སོགས་ལྷ་དང་གནོད་སྦྱིན་ཐམས་ཅད་ཀྱིས་སྲུང་བ་དང་། ནད་རིམས་འཁྲུགས་རྩོད་སད་སེར་དུས་མིན་འཆི་བ་སོགས་གནོད་པ་གང་ཡང་མི་འབྱུང་བ་དང་། མཆོད་རྟེན་དངསྐུ་གཟུགས། ས་རྡོ་ཤིང་དང་གསེར་དངུལ་གང་ལ་བྱེད་ཀྱང་གཟུངས་འདི་བཞག་མ་ཐགཏུ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱིན་གྱིས་བརླབས་ཤིང་ཕྱོགས་ཀུན་ན་དེ་བཞིན་གཤེགས་པའི་གཟུགས་བརྙན་གནས་པར་འགྱུར་བ་སོགས་གསུངས། བྱང་ཆུབ་སྙིང་པོ་རྒྱན་འབུམ་གྱི་ཆོ་ག་ཞིབ་མོ་ལས། གང་ལ་ལ་ཞིག་གིས་བྱང་ཆུབ་སྙིང་པོ་རྒྱན་འབུམ་གྱི་གཟུངས་འདི་གྲོ་ག་ལ་བྲིས་ཏེ། ཕྱག་མཚན་གྱི་རྡོ་རྗེའི་ནང་དུ་བཅུག་པའམ། སྐུ་གཟུགས་ཀྱི་ནང་དུ་བཅུག་པའམ། ཁོག་པར་བྲིས་པའམ། ལྷ་ཁང་གི་གནྡྷོ་ལའི་ནང་དུ་བཅུག་པའམ། མཆོད་རྟེན་གྱི་ནང་དུ་བཅུག་ན། དེས་མཆོད་རྟེན་གཅིག་བྱས་པས་འབུམ་བྱས་པར་འགྱུར་རོ། །མཆོད་རྟེན་དེ་སྙེད་བཞེངས་པའི་བསོད་ནམས་ཐོབ་པར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ངས་སྔར་དཔེ་དྲངས་ཏེ་བསྟན་པ་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཆོས་ཀྱི་སྐུའི་རིང་བསྲེལ་དང་། ཆོས་ཀྱི་དབྱིངས་ཀྱི་རིང་བསྲེལ་དང་། རུས་པའི་རིང་བསྲེལ་དང་། ཤ་ཡི་རིང་བསྲེལ། དེ་དག་ཐམས་ཅད་ལ་མཆོད་རྟེན་བྱས་པའི་བསོད་ནམས་འཐོབ་པར་འགྱུར་རོ། །ཞེས་སོགས་དང་། གསེར་དངུལ་ཟངས་ལྕགས་ས་རྡོ་ཤིང་དང་སྨན་འདམ་སོགས་མཆོད་རྟེན་སྐུ་གཟུགས་བྱས་པའམ། རི་མོར་བྲིས་པ་ལའང་གཟུངས་འདི་དར་རས་ཤོག་བུ་ལ་བྲིས་ཏེ་ནང་དུ་བཅུག་ནས། ཕྱག་མཆོད་བཀུར་སྟི་རིམ་གྲོ་བྱས་ན། སངས་རྒྱས་ཀྱི་མཁྱེན་པ་དང་འོད་ཟེར་གྱི་གཞལ་བ་དང་། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་རིང་བསྲེལ་གྲངས་ཇི་སྙེད་པ་དང་། རྒྱ་མཚོ་ཆེན་པོའི་ཆུ་ཐིགས་ཀྱི་གྲངས་དང་མཉམ་པའི་མཆོད་རྟེན་དང་སྐུ་གཟུགས་བྱས་པར་འགྱུར་བ་དང་། དེ་སྙེད་ལ་ཕྱག་མཆོད་སྲི་ཞུ་བྱས་པའི་བསོད་ནམས་ཀྱི་འབྲས་བུ་ཐོབ་པར་གསུངས། འོད་ཟེར་དྲི་མེད་ཀྱི་གཟུངས་ལས། ཡང་གང་ལ་ལ་ཞིག་གིས་གསང་སྔགས་ཡི་གེར་བྲི་བ་གཞན་གྱི་མིང་ནས་སྨྲོས་ཏེ། མཆོད་རྟེན་གྱི་ནང་དུ་བཅུག་ལ་ནན་ཏན་དུ་མཆོད་པར་བྱས་ན་ཤི་བ་གང་ཡིན་པ་དེ་ངན་སོང་གི་གནས་ནས་ཐར་ཏེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ཡང་ན་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཆོད་རྟེན་དེ་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ་མཆོད་པ་ཕུལ་ཡང་རུང་སྟེ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་མ་ལུས་པར་འབྱང་བར་འགྱུར་རོ། །ཐ་ན་བྱ་དང་རི་དྭགས་ལ་སོགས་ཏེ་གང་དག་ལ་མཆོད་རྟེན་དེས་གྲིབ་མ་ཕོག་པ་དེ་དག་ཀྱང་ནམ་ཡངདུད་འགྲོ་ལ་སོགས་པ་ངན་སོང་གི་གནས་སུ་སྐྱེ་བར་མི་འགྱུར་རོ། །གང་ལ་ལས་མཚམས་མེད་པ་ལྔའི་སྡིག་པ་ཆེན་པོ་དང་ལྡན་པ་ཡང་མཆོད་རྟེན་དེ་ལ་རེག་གམ། དེའི་གྲིབ་མ་ཕོག་ཀྱང་རུང་སྟེ། དེའི་སྡིག་པ་ཐམས་ཅད་བྱང་ཞིང་ཟད་པར་འགྱུར་རོ། །ཞེས་སོགས་དང་། འཇིགས་པ་གནོད་པ་ལྟས་ངན་བཀྲ་མི་ཤིས་པ་ཐམས་ཅད་ཞི་ཞིང་ཕྱིར་ལྡོག་པའི་ཚུལ་རྒྱ་ཆེར་གསུངས་ལ་སྲོག་ཤིང་གི་གསང་སྔགས་དགུ་བཅུ་རྩ་དགུ་གཞུག་པའི་ཡོན་ཏན་ཡང་། གང་ལ་ལ་ཞིག་གིས་འཇིམ་པ་ལས་མཆོད་རྟེན་ཆུང་ངུ་ཞིག་བྱས་ཏེ། དེའི་ནང་དུ་གསང་སྔགས་འདི་དག་བཅུག་ན་ཡང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དགུ་ཁྲི་དགུ་སྟོང་བརྩིགས་པ་དང་འདྲའོ། །ཞེས་དང་། ཐ་ན་བྱ་དང་སྦྲང་མ་ལ་སོགས་པ་མཆོད་རྟེན་དེས་གྲིབ་མས་ཕོག་ན་ཡང་དེ་བཞིན་གཤེགས་པས་མཁྱེན་ཅིང་རྗེས་སུ་དགོངས་པར་མཛད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཅིང་ཕྱིར་མི་ལྡོག་པའི་ས་ལ་གནས་པར་ཡང་འགྱུར་རོ། །ཡང་གང་ལ་ལ་ཞིག་གིས་མཆོད་རྟེན་འདི་ལྟ་བུ་རྨི་ལམ་དུ་རྨིས་སམ། རྒྱང་ནས་མཐོང་ངམ། དྲིལ་བུའི་སྒྲ་ཐོས་སམ། མཆོད་རྟེན་བཞེངས་པ་རྣ་བར་གཏམ་ཐོས་པ་དེ་དག་ཀྱང་མཚམས་མེད་པ་ལྔ་སོགས་ཏེ། སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་སྟེ། རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྲུང་བ་དང་། རྗེས་སུ་དགོངས་པར་མཛད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །ཞེས་དང་། སྒྲིབ་སེལ་གཟུངས་སོགས་ལས་དེ་མཚུངས་གསུངས་ཤིང་། འདིའི་སྲོག་ཤིང་བཙུགས་པའི་ཆོ་ག་ཚུལ་བཞིན་བྱས་པའི་ཕན་ཡོན་ཀྱང་ངོ་མཚར་ཆེ་ཞིང་ཚད་མེད་པ་རྒྱས་པར་གསུངས་ནས། དེ་ལྟར་སེམས་ཐག་པ་ནས་ཆོ་ག་ཚུལ་བཞིན་དུ་བྱས་ན་ཡོན་ཏན་དེ་དག་དང་། གཞན་ཡང་མཆོད་རྟེན་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་བྱས་པའི་བསོད་ནམས་ཐོབ་པར་འགྱུར་ཏེ། རིན་པོ་ཆེའི་རྣམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལས་མཆོད་རྟེན་བྱས་པ་དང་འདྲ་བར་འགྱུར་ཏེ། དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ལྡན་ཞིང་ལུས་རྣམ་པར་དག་ལ་ཚེ་རིང་ཞིང་ནད་མེད་པ་དང་། བགེགས་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གང་གཞན་ལ་ལ་ཞིག་གིས་མཆོད་རྟེན་འདི་མཐོང་ངམ། མཆོད་རྟེན་དེའི་དྲིལ་བུའི་སྒྲ་ཐོས་ན་ཡང་ལས་ཀྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་བྱང་བར་འགྱུར་ཏེ། མཚམས་མེད་པ་ལྔ་བྱས་པ་ཡང་ཡོངས་སུ་བྱང་ནས་འཆི་བའི་དུས་བྱས་པའི་འོག་ཏུ་བདེ་བ་ཅན་གྱི་འཇིག་རྟེན་དུ་སྐྱེའོ། །གང་ལ་ལ་ཞིག་གིས་མཆོད་རྟེན་དེའི་མིང་ཙམ་ཐོས་པ་ཡང་འཆི་བའི་དུས་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར། ཐ་ན་བྱ་དང་། རི་དྭགས་ལ་སོགས་པ་སེམས་ཅན་གང་གིས་མཐོང་བ་དེ་ཡང་ཚེ་འཕོས་ནས་དུད་འགྲོའི་སྐྱེ་གནས་སྤངས་ཏེ། བསོད་ནམས་དང་ལྡན་པའི་ལུས་ཐོབ་པར་འགྱུར་རོ། །ཞེས་སོགས་མཐའ་ཡས་པར་གསུངས། རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་ལས། སྤྱན་རས་གཟིགས་དབང་ཕྱུག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་མི་གནས་པའི་ས་ཕྱོགས་སུ་མཆོད་རྟེན་ནི་སྐྱུ་རུ་རའི་འབྲུ་ཙམ། སྲོག་ཤིང་མོ་ཁབ་ཙམ། གདུགས་ནི་བ་ཀུ་ལའི་མེ་ཏོག་ཙམ་ཞིག་བྱས་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་ཆོས་ཀྱི་དབྱིངས་ཀྱི་ཚིགས་སུ་བཅད་པ་ནང་དུ་བཅུག་ན། དེས་ཚངས་པའི་བསོད་ནམས་བསྐྱེད་པར་འགྱུར་ཏེ། འདི་ནས་ཤི་འཕོས་ཤིང་འཆི་བའི་དུས་བྱས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས། གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ལས། གཟུངས་དེ་ཉིད་ཡི་གེར་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོ། རི་མཐོན་པོ། ཁང་སྟེང་དང་མཆོད་རྟེན་གྱི་ནང་དུ་བཞག་པས། དེ་མཐོང་ངམ། དེ་དང་ཉེ་བར་གནས་སམ། ཐ་ན་དེའི་གྲིབ་མས་ཕོག་གམ། དེའི་རྡུལ་རླུང་གིས་བཏབ་པ་ཕོག་ནའང་། སྡིག་པ་ཐམས་ཅད་བྱང་ཞིང་ངན་འགྲོར་འགྲོ་བའི་འཇིགས་པ་མི་འབྱུང་། ངན་སོང་གསུམ་དང་ལྷ་མ་ཡིན་གྱི་རིས་སུ་མི་སྐྱེ། །སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོགཐ་ན་མཆོད་རྟེན་སོགས་ཀྱི་ཤིང་བཟོ་བྱེད་པ་ལའང་ཕན་ཡོན་ཆེན་པོར་འགྱུར་ན་ཕྱག་བསྐོར་མཆོད་པ་བགྱིད་པ་ལྟ་ཅི་སྨྲོས་ཤིང་། ལམ་གྱི་གཞི་མདོར་གཟུངས་འདི་བཞག་པའི་མཆོད་རྟེན་བཞེངས་ཏེ་ཕྱག་བསྐོར་སོགས་བྱས་པའི་ཕན་ཡོན་ནི་ཚད་མེད་པར་གསུངས། གཙུག་ཏོར་དྲི་མེད་ཀྱི་གཟུངས་ལས། མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པ་ལ་རིགས་སྔགས་ཀྱི་སྙིང་པོ་འདི་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ནས་དཀྱིལ་འཁོར་གྱི་སྟེང་དུ་བཞག་ན་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གདུང་དང་རིང་བསྲེལ་མཆོད་རྟེན་རེ་རེའི་ནང་དུ་བཅུག་པར་འགྱུར་རོ། །རིང་བསྲེལ་གྱི་སྙིང་པོར་ཡང་འགྱུར་རོ། །ཞེས་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་ལ་གུས་པར་བྱས་ཏེ་མཆོད་རྟེན་གྱི་ལས་བྱས་ན་ཚེ་ཟད་པ་ལས་སླར་ནུར་ཏེ་ཚེ་རིང་པོར་སྤྱོད་པར་བྱེད་དོ། །གལ་ཏེ་ཤི་འཕོས་ན་ཡང་སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་ཀྱང་། སྐལ་བ་མཉམ་པར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །འཆི་བའི་སྡུག་བསྔལ་མྱོང་བར་མི་འགྱུར་རོ། །ཕྱིན་ཆད་ནམ་ཡང་འཆི་བའི་ཚོར་བ་མྱོང་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དང་། ངན་འགྲོར་འགྲོ་ཞིང་སྐྱེ་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བ་པའི་སྒྲ་རྣ་ལམ་དུ་ཡང་གྲགས་པར་མི་འགྱུར་ན། འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལྟ་ཅི་སྨྲོས་ཏེ་དེ་ནི་གནས་མེད་དོ། །ཞེས་དང་། འདིའི་ཆོ་གའི་ཚུལ་ཡང་གསལ་བར་བསྟན་ནས། དེས་ནི་གདྒཱའི་ཀླུང་གི་བྱེ་མ་སྙེད་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ། །མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་ཡོངས་སུ་བྱང་བར་འགྱུར་རོ། །སེམས་ཅན་དམྱལ་པ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་རྣམས་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཚེ་རིང་པོར་འགྱུར་རོ། །སྦྲུལ་གྱི་པགས་པ་བརྗེས་པ་བཞིནདུ་ལུས་བོར་ནས་སྐལ་བ་མཉམ་པའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །ཕྱིན་ཆད་མངལ་གྱི་གནས་ཀྱི་དྲི་མས་མི་གོས་པར་འགྱུར་རོ། །གང་དང་གངདུ་སྐྱེ་བ་དེ་དང་དེར་བརྫུས་ཏེ་སྐྱེ་ཞིང་པདྨ་ལས་སྐྱེ་བར་འགྱུར་རོ། །ཚེ་རབས་ཐམས་ཅདདུ་ཚེ་རབས་དྲན་པར་འགྱུར་རོ། །རྟག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་བལྟ་འདོད་པར་འགྱུར་རོ། །བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །

བཞི་པ་གསུང་རྟེན་དམ་པའི་ཆོས་གླེགས་བམ་བཞེངས་པའི་ཕན་ཡོན།

བཞི་པ་གསུང་རྟེན་དམ་པའི་ཆོས་གླེགས་བམ་བཞེངས་པའི་ཕན་ཡོན་ནི། དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པའོ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམསཕུང་པོ་དཔག་ཏུ་མེད། །ཅེས་ཆོས་སྤྱོད་བཅུའི་ཕན་ཡོན་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། སྟོང་གསུམ་རིན་པོ་ཆེས་བཀང་ནས་དེ་བཞིན་གཤེགས་པ་ལ་ཕུལ་བ་བས་བསྟན་པའི་མཇུག་དེང་སང་ལྟ་བུར་ཆོས་ཚིགས་བཞི་པའི་ཚིགསསུ་བཅད་པ་གཅིག་འདྲི་བ་དང་། ཀློག་པ་དང་། གཞན་ལ་འཆད་པ་སོགས་ཕན་ཡོན་ཆེ་བར་གསུངས་པ་དང་། འཕགས་པ་སངས་རྒྱས་ཀྱི་སྟོབས་སྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་བ་བསྟན་པའི་མདོ་ལས། འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པས་གང་བར་བགྱིས་ཏེ་ལོ་འབུམ་དུ་ལྷས་ཡོ་བྱད་སྣ་ཚོགས་པས་མཆོད་པ་དང་། འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པ་ལ་བཞག་ཅིང་། དེ་དག་ལ་ལོ་སྟོང་དུ་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་བར་མཆོད་པ་ལས་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་པ་གཅིག་འབྲི་འཆད་ཉན་ཀློག་གི་ཕན་ཡོན་ཆེ་བར་གསུངས། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དེ་ཉིད་འཆད་ཉན་འདྲི་འཆང་བྱས་མ་ཐག་ཏུ་བྱེད་པ་པོ་དེས་བྱང་ཆུབ་ཐོབ་བོ་སྙམ་དུ་འདུ་ཤེས་སྐྱེད་ཆོག་ཅིང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་འོས་སུ་གསུངས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་གང་གིས་བསྐལ་པ་འབུམ་གྱི་བར་དུ་ཐབས་ལ་མཁས་པ་མེད་པར་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱད་པ་བས། ཆོས་ཀྱི་རྣམ་གྲངས་འདི་སོམ་ཉི་དང་བཅས་ཐོས་པས་བསོད་ནམས་ཆེ་བར་གསུངས་པ་སོགས་མདོ་རྒྱུད་སོ་སོ་ལས་སོ་སོའི་འབྲི་ཀློག་འཆང་སོགས་ཀྱི་ཕན་ཡོན་ཚད་མེད་པར་གསུངས་ཤིང་། ཕྱོགས་ཙམ་མཚོན་ན། སྡུད་པ་ཚིགས་སུ་བཅད་པ་ལས་ཀྱང་། ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། །མཆོད་རྟེན་རིན་ཆེན་བདུན་ལས་བྱས་ཤིང་མཆོད་བྱེད་ལ། བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གངྒཱ་ཡི། །བྱེ་མ་སྙེད་ཀྱི་བྱེ་བ་ཕྲག་སྟོང་ཞིང་བཀང་སྟེ། །ཡོངས་སུ་བརྟག་བཟུང་ཞིང་རྣམས་བྱེ་བ་མཐའ་ཡས་ན། །སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། །ལས་གཞན་མི་བྱེད་ལྷ་ཡི་མེ་ཏོག་སྤོས་རབ་དང་། །བྱུག་པས་དུས་གསུམ་བསྐལ་པའམ་དེ་བས་ལྷག་མཆོད་ན། །གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། །བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་བསྟི་སྟང་བྱེད་གྱུར་ན། །མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །ཅེས་དང་། ལ་ལས་གང་གཱའིཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོར་ཀུན་དགྲ་བཅོམ་ཉིད་བརྟུལ་བས། །གང་གི་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཅི་ཕྱིར་ཞེ་ན་སྨྲ་མཆོག་དེ་དག་འདིར་བསླབས་ནས། །ཆོས་རྣམས་མཐའ་དག་སྟོང་པ་ཉིད་དུ་འདིར་སྟོན་བྱེད། །དེ་ཐོས་ཉན་ཐོས་མྱུར་ལམ་རྣམ་པར་གྲོལ་ལ་རེག །རང་རྒྱལ་བྱང་ཆུབ་དང་ནི་སངས་རྒྱས་བྱང་ཆུབ་རེག །ཅེས་གསུངས། མདོར་ན་སྐུ་གཟུགས་མཚན་ཉིད་དང་ལྡན་པ་འཇིག་རྟེན་གྱི་ཁམས་གང་བ་བཞེངས་ཤིང་མཆོད་པ་བགྱིས་པ་ལས་མཆོད་རྟེན་ཆུང་ངུ་ཙམ་བཞེངས་པ་ཕན་ཡོན་ཆེ་ཞིང་། མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་འཇིག་རྟེན་གྱི་ཁམས་གང་བར་བཞེངས་ནས་ཉིན་རེ་བཞིན་དུ་ལྷ་རྫས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་མཆོད་པ་ལས་ཀྱང་དམ་པའི་ཆོས་ཚིགས་བཞི་པ་ཞིག་འབྲི་ཀློག་བགྱིས་པའི་ཕན་ཡོན་ཆེ་བར་གསུངས། དེ་བཞིན་དུ་ཟབ་མོའི་ཆོས་ཀྱི་ཚུལ་སྣ་གཅིག་ཙམ་ཡང་ཐོས་པ་དང་འཆད་པ་དང་འཛིན་པའི་ཕན་ཡོན་ཁོ་ནའང་མཐའ་གཟུང་བར་མི་ནུས་པའི་ཚུལ་ཞིབ་པར་འོག་ཏུ་འཆད་མོད་འདིར་ས་ཁོངས་འཛིན་བྱེད་ཙམ་སྨོས་ན། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། སྟོང་ཆེན་པོ་ཡི་འཇིག་རྟེན་ཁམས་འདི་ནི། །གསེར་གྱིས་བཀང་སྟེ་བདེ་གཤེགས་ཕུལ་བ་བས། །གང་གི་ཆོས་ཀྱི་མཛོད་འདི་ཐོས་ནས་ནི། །མོས་པའི་བསོད་ནམས་འདི་ནི་ཁྱད་པར་འཕགས། །གང་གིས་འཇིག་རྟེན་ཁམས་ཁྲི་རིན་ཆེན་བཀང་། །དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་བས། །གང་གིས་མདོ་སྡེ་འདི་ལ་འཇུག་བྱས་པ། །བསོད་ནམས་དེ་ལ་སྔ་མས་བསྐྱེད་དུ་མེད། །གང་གིས་འཇིག་རྟེན་ཁམས་ནི་སྟོང་ཕྲག་བཅུ། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པ་བས། །གང་གིས་མདོ་འདི་བཏོན་ནས་སྟོན་པ་ཡི། །བསོད་ནམས་དེ་ཡི་ཆ་ནི་སྔ་མ་མིན། །ཞིང་ནི་བྱེ་བ་ཁྲག་ཁྲིག་སྟོང་གི་ཁམས། །རིན་ཆེན་བཀང་སྟེ་འཇིག་རྟེན་སློབ་དཔོན་སྐྱོབ། །སངས་རྒྱས་རྣམས་ལ་དབུལ་བར་ཕུལ་བ་བས། །གང་འདིར་ཚུལ་འདིར་རབ་ཏུ་སྦྱོར་བ་དང་། །ཕྱོགས་བཅུ་རྣམས་སུ་གང་གཱའི་བྱེ་སྙེད་ཞིང་། །རིན་ཆེན་བཀང་སྟེ་རྒྱལ་ལ་ཕུལ་བ་བས། །ཇི་ལྟར་བསྟན་པ་བཞིན་དུ་གང་གནས་པའི། །བསོད་ནམས་དེ་ལ་མཉམ་པ་ཡོད་མ་ཡིན། །རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་རྗེ་བ། །ཆོས་བཞི་འདི་དག་བསོད་ནམས་མཐའ་ཡས་སྟེ། །དེ་དག་མཐའ་ནི་བདེ་གཤེགས་མི་གསུང་ངོ་། །ཞེས་གསུངས་ཤིང་། བྱེ་བྲག་བཤད་པ་པོས་ཐོབ་པའི་ཕན་ཡོན། སྡུད་པ་ལས། །བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་བསྒོམས་ཏེ། །དེ་ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད་ཅིང་། །དེ་ཡང་འགྲོ་བའི་དོན་དུ་བྱུང་ཆུབ་རྒྱུར་བསྔོ་ན། །དགེ་བ་དེ་དང་མཉམ་པ་འཇིག་རྟེན་གསུམ་ན་མེད། །ཅེས་གསུངས། ཉན་པའི་ཕན་ཡོན། མདོ་སྡེ་ལས། མིག་ལྡན་སྣང་བ་ཡོད་གྱུར་ན། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དངསྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་གསུངས། གཉིས་ཀས་བསྒྲུབ་པའི་ཕན་ཡོན། མངོན་རྟོགས་རྒྱན་ལས། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་པ་ལྟར་ཐེག་ཆེན་གྱི་སྒྲུབ་པ་བླ་ན་མེད་པར་འགྱུར་བ་དང་། མདོ་ལས། གང་ཆོས་ཉན་པའི་རྒྱུའམ་ཆོས་འཆད་པའི་རྒྱུར་ཐ་ན་གོམ་པ་གཅིག་འདོར་རམ། ཐ་ན་དབུགས་གཅིག་འབྱིན་ནམ་རྔུབ་ཀྱང་རུང་སྟེ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །ཞེས་གསུངས་ཤིང་། ལྷག་པར་བསྟན་པ་འཇིག་པར་ཉེ་བ་ན་དམ་ཆོས་བཟུང་བའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །མཐུ་དང་སྟོབས་དང་ལྡན་ཞིང་བརྩོན་འགྲུས་ལྡན། །མི་དམན་པ་རྣམས་ཀུན་ཏུ་རྣམ་པར་རྒྱུ། །སངས་རྒྱས་བརྒྱ་སྟོང་དག་ལ་བསྙེན་བཀུར་བྱེད། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །མཆོག་ཏུ་རབ་མཛེས་གཟུགས་ལྡན་ཤེས་རབ་ལྡན། །མི་ཡི་འཇིག་རྟེན་མཆོག་ཏུ་བསྙེན་བཀུར་བྱེད། །རྒྱལ་པོ་མཁས་པ་མཛངས་པ་རྣམས་ཀྱིས་བསྔགས། །ཞེས་དང་། གང་གིས་སངས་རྒྱས་སྟོང་རྣམས་དང་། །བརྒྱ་དང་བྱེ་བ་བགྲང་དག་ལ། །བསྐལ་པ་གདྒཱའི་བྱེ་མ་སྙེད། །དེ་སྙེད་བསྐལ་པར་བཀུར་བ་ལས། །འཇིག་རྟེན་མགོན་གྱིས་གསུངས་པ་ཡི། །དམ་ཆོས་འཇིག་ཚེ་གང་ཞིག་གིས། །ཉིན་དང་མཚན་དུ་འཛིན་བྱེད་པ། །དེ་ནི་བསོད་ནམས་ཁྱད་པར་འཕགས། །ཆོས་འཇིག་དུས་སུ་ཆོས་འཛིན་པ། །སྔོན་གྱི་སངས་རྒྱས་ཐམས་ཅད་དང་། །སངས་རྒྱས་ཡེ་ཤེས་རབ་གནས་པ། །ང་ལ་དེས་ནི་མཆོད་པ་བྱེད། །དམ་པའི་ཆོས་ནི་འཇིག་པའི་ཚེ། །སྟོན་པའི་བསྟན་པ་སྲུང་བྱེད་པ། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །དེ་ནི་ནམ་ཡང་རྒུད་མི་འགྱུར། །ལུས་ཀྱི་བདེ་བ་མྱོང་འགྱུར་ཞིང་། །དེ་ནི་ནད་ཀྱིས་བཏབ་མི་འགྱུར། །དེ་ནི་ཡིད་དུ་མི་འོང་བས། ནམ་ཡང་འཕྲོག་པར་མི་འགྱུར་རོ། །སྟོན་པའི་བསྟན་པ་བསྲུངས་བྱས་ན། །བཟོད་པ་ཕུན་སུམ་ཚོགས་པ་དང་། །དེས་དང་གསལ་དང་མཉེན་པ་དང་། །སེམས་ཅན་རྣམས་ལ་བྱམས་སེམས་འགྱུར། །ཞེས་དང་། མདོ་རྒྱ་ཆེ་རོལ་པ་ལས། སངས་རྒྱས་གཟིགས་པས་སེམས་ཅན་གང་དག་ངས་མཐོང་བ། །དེ་དག་ཤཱ་རིའི་བུ་འདྲར་དགྲ་བཅོམ་པར་གྱུར་ལ། །གལ་ཏེ་ལ་ལས་གངྒཱའི་ཀླུང་གི་བྱེ་སྙེད་ཀྱིས། །བསྐལ་པ་བྱེ་བར་དེ་དག་རྣམས་ལ་མཆོད་བྱེད་ལ། །གང་ཞིག་ཉིན་ཞག་གཅིགཏུ་རབ་ཏུ་དགའ་བ་ཡིས། །རང་སངས་རྒྱས་རྣམས་ལ་ནི་ཕྲེང་བ་དེ་བཞིན་དུ། །གཞན་ཡང་རྣམ་པ་མཆོག་རྣམས་ཀྱིས་ནི་མཆོད་བྱེད་ན། །དེ་བས་བསོད་ནམས་བྱས་པ་འདི་ནི་ཁྱད་པར་འཕགས། །གལ་ཏེ་སེམས་ཅན་ཐམས་ཅད་རང་རྒྱལ་ཐོབ་གྱུར་ལ། །དེ་དག་རྣམས་ལ་གང་ཞིག་འདིར་ནི་བག་ཡོད་པར། །བསྐལ་པ་དུ་མར་ཟས་དང་སྐོམ་དང་བགོ་བ་དང་། །མེ་ཏོག་སྤོས་དང་བྱུག་པ་རྣམས་ཀྱིས་མཆོད་བྱེད་ལ། །གང་ཞིག་གིས་ནི་དེ་བཞིན་གཤེགས་པ་གཅིག་ཅིག་ལ། །ལན་ཅིག་ཕྱག་འཚལ་བྱེད་ཅིང་དྭངས་པའི་སེམས་ཀྱིས་ནི། །དགྲ་བཅོམ་པ་ལ་ཕྱག་འཚལ་ལོ་ཞེས་ཚིག་བརྗོད་ན། །དེ་བས་བསོད་ནམས་འདི་ནི་ཤིན་ཏུ་ཆེས་མཆོག་གོ །གལ་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་གྱུར་ལ། །དེ་དག་རྣམས་ལ་གང་ཞིག་སྔར་བཞིན་མཆོད་བྱེད་ཅིང་། །ལྷ་ཡི་མེ་ཏོག་རྣམས་དང་མི་ཡི་མཆོག་རྣམས་དང་། །རྣམ་པ་མང་པོས་བསྐལ་པ་དུ་མར་མཆོད་བྱེད་ལ། །གང་ཞིག་དམ་པའི་ཆོས་ནི་རྣམ་པར་འཇིག་པའི་ཚེ། །རང་གི་ལུས་དང་དེ་བཞིན་སྲོག་ཀྱང་བཏང་ནས་ནི། །ཞག་གཅིག་བར་དུ་མདོ་སྡེ་འདི་ནི་འཛིན་བྱེད་ན། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས་པར་འགྱུར། །གང་ཞིག་རྣམ་པར་འདྲེན་པ་རྣམས་དང་རང་རྒྱལ་དང་། །དེ་བཞིན་ཉན་ཐོས་རྣམས་ལ་མཆོད་པ་བྱེད་འདོད་པ། །དེ་ཡིས་བྱང་ཆུབ་སེམས་ནི་བརྟན་པོར་བསྐྱེད་བྱས་ཏེ། །མདོ་སྡེ་འདི་ནི་རྟག་ཏུ་རབ་ཏུ་བཟུང་བར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་མངོན་བྱུང་གང་ཡིན་པ། །འདི་ནི་ལེགས་པར་བཤད་པ་ཀུན་གྱི་རྒྱལ་པོ་ཡིན། །མདོ་སྡེ་དཀོན་མཆོག་འདི་ནི་གང་ལ་གནསགྱུར་པ། །དེ་ཡི་ཁྱིམ་དུ་དེ་བཞིན་གཤེགས་པ་རྟག་ཏུ་གནས། །གང་གིས་མདོ་འདི་ཕ་རོལ་དག་ལ་བྱིན་པ་དང་། །ཚིག་གཅིག་བརྗོད་པ་དེ་ཡང་བསྐལ་པ་བྱེ་བར་ནི། །ཚིག་འབྲུ་རྣམས་ལས་མི་ཉམས་དོན་ལས་ཉམས་མི་འགྱུར། །སྤོབས་པ་དགེ་བ་མཐའ་ཡས་པ་དག་འཐོབ་པར་འགྱུར། །གང་ཞིག་ཆོས་འདི་ཐོས་ནས་རབ་ཏུ་སྒྲུབ་བྱེད་པ། །དེ་ནི་མི་ཡི་འདྲེན་པ་མ་གཏོགས་འོག་ཏུ་ནི། །དེ་འདྲ་བ་ཡི་སེམས་ཅན་གང་ཡང་ཡོད་མ་ཡིན། །དེ་ནི་རྒྱ་མཚོ་ལྟ་བུར་ཟད་མི་ཤེས་པར་འགྱུར། །ཞེས་སོགས་མདོ་སྡེ་རིན་པོ་ཆེ་རྣམས་ནས་རྒྱ་ཆེར་གསུངས་པ་དང་། ཁྱད་པར་ཇོ་ནང་རྗེ་བཙུན་ཆེན་པོས། ཆགས་བྲལ་གྱི་སྐུ་གཟུགས་བརྒྱ་བཞེངས་པ་བས། སྔགས་སྐུ་གཅིག་བཞེངས་པ་བསོད་ནམས་ཆེ་བར་གསུངས་པ་བཞིན་མདོ་འདུལ་སོགས་ཐུན་མོང་གི་ཐེག་པར་བཤད་པའི་རྟེན་གསུམ་ལས་རྡོ་རྗེ་ཐེག་པ་ཐུན་མིན་ནས་བཤད་པའི་རྟེན་གསུམ་ཕན་ཡོན་ལྷག་པར་ཆེ་སྟེ། དེའི་རྒྱུ་མཚན་ཡང་། ར་ལི་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། ཉན་ཐོས་ལ་སོགས་ཐེག་ཆུང་ལ། །མན་ངག་ཡོད་པ་མ་ཡིན་ཏེ། །ལྟ་བསྤྱོད་པ་སེམས་བཟུང་དང་། །རྒྱུ་དང་ལམ་དང་འབྲས་བུ་ས། །དུས་དང་ལོངས་སྤྱོད་རྣལ་འབྱོར་དང་། །བདག་གཞན་དོན་དང་དགོས་པ་དང་། །ངལ་དུབ་མཐའ་སྤངས་ཚེགས་ཆུང་དང་། །ཚོགས་བསགས་པ་ཡི་ཁྱད་པར་དག །ཁྱད་པར་རྣམ་པ་བཅོ་ལྔ་ཡིས། །རིག་འཛིན་ཐེག་པ་ཁྱད་པར་འཕགས། །ཞེས་དང་། རྣམ་སྣང་མངོན་བྱང་ལས། རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དང་། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །ཞེས་དང་། སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུསྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འདས་དང་ད་ལྟར་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །བསྙེན་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་གསུངས། དེའི་ཕྱིར་སྤྱི་མདོ་དགོངས་འདུས་ལས། དབུ་མ་རྣམ་ཐར་གསུམ་སྒོར་དཀར་སྤྱད་ཀྱང་། །དེ་ལ་རྒྱལ་བས་མི་དགོངས་བཀུར་མི་མཛད། །སྙིང་པོའི་དོན་རིག་སྐད་ཅིག་ཙམ་གྱིས་ཀྱང་། །བྱིན་རླབས་ཡོན་ཏན་རྒྱལ་བས་བཤད་མི་རྫོགས། །དཀར་པོ་མཐར་ཐུག་བསོད་ནམས་ཀུན། །སེན་མོ་ཐོག་གི་ས་རྡུལ་འདྲ། །རྡོ་རྗེ་སྙིང་པོར་གཅིག་བསྐྱེད་པས། །ས་ཡི་དཀྱིལ་འཁོར་ཆེན་པོ་ཙམ། །དཀར་པོ་ཕྱོགས་ཀྱི་མཐར་ཐུག་པ། །དེ་ནི་མུན་ཁང་སྒྲོན་མེ་ཙམ། །རྡོ་རྗེ་སྙིང་པོར་གཅིག་རིག་པ། །དུས་མཐའི་བསྐལ་པའི་མེ་ཆེན་འདྲ། །དབུ་མར་སྣང་བའི་ནམ་མཁའ་ནི། །གང་གི་གསེང་ཁུང་ནམ་མཁའོ། །རྡོ་རྗེ་གསང་བའི་ནམ་མཁའ་ནི། །འབྱུང་ཆེན་གཏོས་ཀྱི་ནམ་མཁའ་འདྲ། །ཞེས་དང་། བྱེ་བྲག་དཀྱིལ་འཁོར་བྲིས་པའི་ཕན་ཡོན་ཡང་། ཡེ་ཤེས་རྒྱས་པ་ལས། གང་གིས་རྒྱལ་བའི་དཀྱིལ་འཁོར་མཆོག །ཐིག་དང་ཚོན་གྱིས་འདྲི་བྱེད་ན། །ཕྱོགས་བཅུའི་སངས་རྒྱས་ཞིང་ཁམས་ཀུན། །རིན་ཆེན་བདུན་བྱིན་བསོད་ནམས་ལས། །དེ་ཡི་ཕུང་པོ་དཔག་ཏུ་མེད། །ལས་རྣམས་འགྲུབ་ཅིང་རྒྱལ་བས་དགོངས། །དཀྱིལ་འཁོར་བསམ་ཡས་ཐོབ་པར་འགྱུར། །ཞེས་གསུངས། བྲིས་སྐུ་བཞེངས་པའི་ཕན་ཡོན་ཡང་། སྡོམ་འབྱུང་ལས། སྔགས་པ་ལས་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་སྒྲུབ་ན་མྱུར་དུ་ནི། །དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། བསྐལ་པ་བྱེ་བར་བསགས་པའི་སྡིག །ཤིན་ཏུ་མི་བཟད་གང་ཡིན་པ། །ས་སྟེང་རི་མོ་མཐོང་བ་ཡིས། །དེ་ཡི་མོད་ལ་བྱང་བར་བྱེད། །ཅེས་སོགས་རྒྱ་ཆེར་གསུངས་སོ། །གླེགས་བམ་བཞེངས་པའི་ཕན་ཡོན་ཡང་རིན་ཆེན་སྤུངས་པའི་རྒྱུད་ལས། འདི་ཉིད་སུ་ཡིས་བྲིས་པའི་མི། །སངས་རྒྱས་ཀུན་གྱི་གསུང་ལ་རོལ། །ཞེས་དང་། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། རིན་ཆེན་སྣ་བདུན་ལ་སོགས་ལ། །རྒྱལ་བ་ཀུན་གྱི་རང་བཞིན་གྱིས། །མ་ལུས་བསྡུས་པའི་ངོ་བོ་ཉིད། །སྐུ་གསུང་ཐུགས་ཉིད་བྲིས་པ་ཡིན། །དེ་བས་རྒྱལ་བ་ཀུན་བྲིས་པའི། །ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །ཅེས་དང་། མཆོད་ཅིང་བཟུང་བའི་ཕན་ཡོན་ཡང་། དེ་ཉིད་ལས། གྲོ་ག་ཤིང་ཤུན་ལ་སོགས་ལ། །གསང་བའི་རྒྱུད་འདི་རབ་བྲིས་ནས། །རིན་ཆེན་ཁྲི་ལ་ལེགས་བཞག་སྟེ། །གུས་པས་མཆོད་ཅིང་རབ་བཟུང་ན། །ཇི་སྲིད་གནས་པར་བསམ་པ་ཡིས། །དགའ་བའི་བསམ་པས་འཛིན་བྱེད་པར། །སངས་རྒྱས་ཐམས་ཅད་བཟུང་བ་ཡིན། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། འདི་ཉིད་གང་གིས་བཟུང་བ་དེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་དང་། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་པ་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །ཞེས་དང་། བཅངས་ཤིང་བཀླགས་པའི་ཕན་ཡོན་ཡང་། དེ་ཉིད་ལས། འདི་ཉིད་བཅངས་པ་ཙམ་གྱིས་ནི། །ལུང་དང་མན་ངག་འཛིན་པར་འགྱུར། །ཞེས་དང་། རིན་ཆེན་སྤུངས་པའི་རྒྱུད་ལས། དེ་ཡི་ཕྱིར་ན་གསང་བའི་རྒྱུད། །འདི་ཉིད་འཛིན་པའི་སྐྱེས་བུ་ནི། །རང་རིག་རྣམས་ཀྱི་དབང་ཐོབ་སྟེ། །རྒྱུད་འདི་བཅངས་པ་ཙམ་གྱིས་ནི། །རྡོ་རྗེ་འཆང་གི་སྤྲུལ་པར་འགྱུར། །རྒྱུད་འདི་སུ་ཡིས་བཀླགས་པའི་མི། །ལྟ་བའི་དོན་ཀུན་སེམས་ལ་འཆར། །ཞེས་གསུངས་ཤིང་ཞིབ་པར་འོག་ཏུ་འཆད་དོ། །

ལྔ་པ་རྟེན་གསུམ་ཡོངས་རྫོགས་བཞེངས་པའི་ཕན་ཡོན་གྱི་ཁྱད་པར།

ལྔ་པ་རྟེན་གསུམ་ཡོངས་རྫོགས་བཞེངས་པའི་ཕན་ཡོན་གྱི་ཁྱད་པར་ཡང་། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་ནས། རྟེན་གསུམ་བཞེངས་དང་སྲོག་འདོན་ཟམ་པ་འཛུགས། །མཆོད་སྦྱིན་ཁྲུས་དང་བསྐོར་བ་ཚུལ་ཁྲིམས་རྣམས། །འགྲོ་བའི་དོན་དུ་བརྩོན་པ་ང་ཡི་སྲས། །ལུས་དེ་བོར་ནས་བདེ་བ་ཅན་དུ་འགྲོ། །ཞེས་དང་། མདོ་དྲན་པ་ཉེར་བཞག་ལས། རྟེན་དང་བརྟེན་པ་ལེགས་བསྐྲུན་དང་། །དགེ་འདུན་གནས་མལ་བཅའ་ལ་སོགས། །དགེ་ནས་དགེ་བར་རྟག་ཏུ་འགྱུར། །བསྐལ་པ་བྱེ་བ་སྟོང་དུ་ཡང་། །དགེ་བ་ཡོངས་སུ་ཆུད་མི་འཛའ། །ཞེས་དང་། བཀའ་བརྒྱད་ཡོངས་རྫོགས་ཀྱི་རྒྱུད་ཆེན་གསང་བ་འདུས་པ་ལས། སྐུ་གསུམ་རྒྱལ་བ་ཞི་དང་ཁྲོ༔ གསང་བ་ཡོངས་རྫོགས་བདེ་གཤེགས་ཀྱི༔ རྟེན་གསུམ་ཡོངས་རྫོགས་ངོ་མཚར་ཆེ༔ རྟེན་འདི་ཇི་སྲིད་གནས་ཀྱི་བར༔ དེ་སྲིད་སངས་རྒྱས་བསྟན་པ་རྒྱས༔ འགྲོ་བ་ཀུན་འདུལ་ལས་སྒྲིབ་སྦྱོང༔ བསོད་ནམས་ཕུན་ཚོགས་ཡོངས་རྫོགས་ཤིང༔ རྒྱུ་སྦྱོར་བཞེངས་མཁན་མ་ལུས་ཀུན༔ ཚེ་འདིར་བཀྲ་ཤིས་ཚེ་རིང་འཕེལ༔ ཕྱི་མ་ཞིང་ཁམས་རྣམ་དག་འཐོབ༔ ཡུལ་ཕྱོགས་རྒྱལ་ཁམས་བཀྲ་ཤིས་འབྱུང༔ ཐབས་མཆོག་ཡོངས་རྫོགས་རྨད་བྱུང་པའོ༔ བསྟན་པའི་རིམ་གྲོ་དེ་ཁོ་ན༔ དང་དུ་ལོངས་ཤིག་བསམ་པ་འགྲུབ༔ ཅེས་དང་། བྱང་གཏེར་རབ་གནས་བསེ་སྒྲོམ་མ་ལས། སེམས་ཅན་བདེ་སྐྱིད་རྟེན་ལ་ཡོད༔ ཅེས་གསུངས་པས་གནས་སྐབས་ཀྱི་བདེ་སྐྱིད་ཀྱང་རྟེན་གསུམ་ཚད་ལྡན་བཞུགས་པ་ལ་རག་ལས་ཤིང་། ཁྱད་པར་དེང་སང་ལྟ་བུའི་སྐལ་ངན་དུས་ཀྱི་ཁུག་པ་བཟློག་པའ་རིམ་གྲོའི་གཙོ་བོའང་གཙུག་ལག་ཁང་དང་རྟེན་གསུམ་རྙིང་པ་གསོལ་བ་དང་། གསར་དུ་བཞེངས་པ་དང་རབ་གནས་བསྐྱར་བ་དང་མཆོད་པ་དང་སྒྲུབ་མཆོད་འཛུགས་པ་དང་སྡེ་སྣོད་བཤད་པ་སོགས་གལ་ཆེ་བའང་། པདྨའི་ཞལ་ལུང་ལམ་རིམ་ཡེ་ཤེས་སྙིང་པོ་ལས། གཞན་ཡང་བོད་ཁམས་ཐམས་ཅད་ལ༔ བདེ་སྐྱིད་བཀྲ་ཤིས་འབྱུང་འདོད་ན༔ མེས་དབོན་གསུམ་གྱི་བཞེངས་པ་ཡི༔ གཙུག་ལག་ཁང་རྣམས་ཐམས་ཅད་དང༔ སྒྲུབ་པའི་གནས་རྣམས་ཉམས་པ་གསོ༔ དགེ་འདུན་རྣམས་ཀྱི་རྟེན་བཞུགས་དང༔ ནུས་ལྡན་རབ་གནས་ཡང་ཡང་འཐོར༔ ཕྱག་མཆོད་བཀུར་སྟི་རྒྱ་ཆེར་བྱ༔ སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ལ༔ དུས་སྟོན་བཙུགས་ཤིང་སྡེ་སྣོད་བཤད༔ གནས་ཆེན་བྱིན་འབེབས་ཆོ་ག་དང་༔ བདུད་རྩི་སྨན་གྱི་སྒྲུབ་པ་དང་༔ ཚོགས་མཆོད་རྡོ་རྗེའི་གླུ་གར་བྱ༔ ཞེས་དང་། དེ་བཞིན་བསྟན་པའི་འཕེལ་འགྲིབ་འབྱུང་བའི་རྐྱེན༔ རབ་ཏུ་བྱུང་དང་སྔགས་པའི་སྡེ་གཉིས་ཀྱི༔ སྤྱོད་པ་བཟང་ངན་ཅི་བྱེད་དེ་ལ་རག༔ དེ་ཕྱིར་མཁན་སློབ་གཉིས་ཀྱི་བསླབ་བྱ་ལྟར༔ སྤང་བླང་ཚུལ་བཞིན་བགྱིས་ན་བསྟན་པ་འཕེལ༔ ཞེས་གསུངས། མདོར་ན་ཀུན་མཁྱེན་ཆོས་རྗེས། རྟེན་གསུམ་ངོ་མཚར་ཅན་བཞེངས་པ་ལས་བསོད་ནམས་དཔགཏུ་མེད་པ་ཐོབ་སྟེ། འདི་ལྟར་བརྩམས་པ་ཐམས་ཅད་དགེ་བས། དེའི་ཕྱོགས་ལ་གཏོགས་པ་ཐམས་ཅད་དགེ་བ་ལ་བཀོད་པ་དང་། རྒྱུན་རིང་བས་དུས་ཕྱི་མའི་མཐར་ཀུན་གྱི་དགེ་བའི་རྟེན་བྱེད་པས་ཕྱག་འཚལ་བ་དང་། མཆོད་པ་དང་། སྐོར་བ་བྱེད་པ་ལ་སོགས་པའི་བསོད་ནམས་ཐམས་ཅད་བཞེངས་པ་ལས་བྱུང་བས། བཞེངས་པ་པོས་དེ་དག་གི་བསོད་ནམས་གྱི་ཤས་ཐོབ་ཅིང་། གཞན་བསྐུལ་བའི་དགེ་བ་ཐོབ་པས། འདིར་ཡང་ཚེ་རིང་བ་དང་། ནད་མེད་པ་དང་། ཆབ་སྲིད་མངའ་ཐང་ཆེ་བ་ལ་སོགས་པ་ཐོབ་ལ། ཕྱི་མར་མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །ཇི་ལྟར་སྟོན་གནམ་དྭངས་པའི་ཟླ་གཞོན་མཆོག །རྙོག་བྲལ་མཚོ་སྔོན་ནང་དུ་ཤར་བ་བཞིན། །འགྲོ་སེམས་བསོད་ནམས་བསགས་པའི་ཞིང་ས་ལ། །ངོ་མཚར་རྒྱལ་བའི་རྟེན་གསུམ་རྣམ་པར་བཀྲ། །དོན་དམ་གཤིས་ལ་མཚན་མར་མ་གྲུབ་མཉམ། །ཀུན་རྫོབ་གདུལ་བྱའི་བློ་ངོར་སྣང་བ་མཉམ། །མཐར་ཐུག་རྣམ་གྲོལ་སྦྱིན་ལ་མཛད་པ་མཉམ། །དེ་སླད་དམན་མཆོག་འཛིན་པ་བྱིས་བློའི་སྐྱོན། །རྟོག་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །སྐྱེ་རྒུར་ཕན་བདེའི་འདོད་སྟེར་མཐོན་ཀའི་དཔལ། །དད་བསོད་རྒྱལ་མཚན་རྩེ་མོར་མཆོད་རྣམས་ལ། །སྲིད་ཞིའི་དབུལ་བས་མི་བརྫི་དངོས་པོའི་གཤིས། །རིན་ཆེན་རྣམ་གསུམ་མཚན་སྙན་དབྱིག་གི་མཆོག །བསྐལ་མང་བསོད་ནམས་ཟོང་གིས་ཁུག་མིན་ན། །མངོན་སུམ་བསོད་ནམས་འགྲོནདུ་འཐོབ་པ་འདི། །དཔག་ཡས་སྔོན་གོམས་དགེ་བའི་མཐུ་ལས་ཅི། །དེ་བས་གྲོགས་དག་འདིར་སྣང་འཆིང་བུའི་རྡོ། །མ་བརྟགས་རིན་ཆེན་རེ་བའི་བྱི་དོར་གྱིས། །དོན་ཆེན་གཏན་འདུནསྒྲུབ་ལས་གཡེལ་མིན་པར། །དལ་བའི་རྟེན་ལ་སྙིང་པོ་ལོན་པར་མཛོད། །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་དངོས་གཞིའི་ས་ཁོངས་དང་པོ་སྨོས་ཟིན་ཏོ། །གཉིས་པ་བསམ་སྦྱོར་དག་པའི་ཁྱད་པར་བྱེ་བྲག་ཏུ་བཤད་པ་ལའང་། བསམ་པ་དང་། དངོས་པོ་དང་། སྦྱོར་བ་དག་པའི་ཁྱད་པར་གསུམ་ལས། དང་པོ་བསམ་པ་དག་པ་ནི། ཞིང་དག་པ་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པ་སོགས་ཀྱིས་མཚོན། སྦྱིན་པ་དང་། ཚུལ་ཁྲིམས་དང་། བསྒོམ་པ་ལས་བྱུང་བའི་ལེགས་སྤྱད་དགེ་བའི་དངོས་པོ་ཆེ་ཕྲ་གང་དང་ཅི་སྒྲུབ་ཀྱང་ཐོག་མར་བསམ་པ་རྒྱུའི་ཀུན་སློང་ཉིད་གཙོ་སྟེ། །ཆེད་དུ་བརྗོད་པའི་ཚོམ་ལས། ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ། །ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན། །ཇི་ལྟར་ཡིད་རབ་གདུག་པ་ཡིས། །སྨྲས་སམ་ཡང་ན་བྱས་ཀྱང་རུང་། །དེ་ཡིས་དེ་ཡི་སྡུག་བསྔལ་འཐོབ། །འཁོར་ལོས་མགོ་བོ་བཅད་པ་བཞིན། །ཇི་ལྟར་ཡིད་རབ་དྭངས་པ་ཡིས། །སྨྲས་སམ་ཡང་ན་བྱས་ཀྱང་རུང་། །དེ་ཡིས་དེ་ནི་བདེ་བ་འཐོབ། །གྲིབ་མ་རྗེས་སུ་འབྲང་བ་བཞིན། །ཞེས་དང་ཡེ་ཤེསགྲུབ་པ་ལས། ལས་གང་བྱ་བ་ཅི་ཡང་རུང་། །ལུས་དང་ངག་དང་ཡིད་ཀྱིས་བྱེད། །བཞི་པ་གཞན་ནི་ཡོད་མིན་པས། །དེ་རྣམས་འདི་ལྟར་དཔྱད་པར་བྱ། །སེམས་མེད་པར་ནི་ལུས་དག་གིས། །ཅི་ཡང་བྱེད་པར་ནུས་མ་ཡིན། །དེ་མེད་པར་ནི་ཚིག་གིས་ཀྱང་། །ནམ་ཡང་ནུས་པར་མི་འགྱུར་རོ། །དེ་བས་ལུས་དང་ངག་རྣམས་ནི། །ཡིད་ཉིད་ལས་ནི་འགྱུར་བ་ཡིན། །འགྲོ་བ་ཐམས་ཅད་སེམས་ཀྱི་ནི། །དགེ་དང་མི་དགེ་གང་བྱེད་པ། །ཕན་དོན་གྱུར་པའི་ལས་རྣམས་ནི། །ཐམས་ཅད་ལེགས་པར་སྤྱད་པར་འགྱུར། །ལོག་པས་བསོད་ནམས་མ་ཡིན་ཞེས། །རྒྱལ་བ་མཆོག་རྣམས་རབ་ཏུ་གསུངས། །དེས་ན་དགེ་དང་མི་དགེ་ཀུན། །སེམས་ཉིད་ཀྱིས་ནི་བྱེད་པ་དང་། །སེམས་ཉིད་ཀྱིས་ནི་འཇིག་འགྱུར་ཞེས། །འགྲོ་བའི་བླ་མས་གསུངས་པ་ཡིན། །ཞེས་གསུངས། དེའི་ཕྱིར་ཡོན་ཏན་རིན་པོ་ཆེའི་མཛོད་ལས་ཀྱང་། རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན། །རྩ་བ་དུག་ཡིན་མྱུ་གུ་སྨོས་ཅི་དགོས། །བསམ་པ་དགེ་དང་མི་དགེའི་འཕེན་བྱེད་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་སོ། །ཀུན་སློང་དེ་ལའང་དབྱེ་ན་ཇོ་བོའི་བྱང་ཆུབ་ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་གང་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་སྐྱེས་བུ་གསུམ་གྱི་བློ་སྐྱེ་ཚུལ་གསུངས་པ་ལས། འདིར་གང་བཟུང་སྙམ་ན་ཕྱི་མ་ཉིད་བཟུང་དགོས་ཏེ། མགོན་པོ་བྱམས་པས། སྐྱེས་བུ་རྨོངས་པ་རང་གི་བདེ་དོན་བརྩོན། །རྟག་ཏུ་དེ་མ་ཐོབ་པར་སྡུག་བསྔལ་འགྱུར། །བརྟན་པ་རྟག་ཏུ་གཞན་ཕན་བརྩོན་ལྡན་པས། །གཉིས་ཀའི་དོན་བྱས་མྱ་ངན་འདའ་བར་འགྱུར། །ཞེས་གསུངས་ཏེ། དེའི་རྒྱུ་མཚན་ཡང་། སྐྱེས་བུ་ཆུང་ངུའི་དོན་དུ་གཉེར་བྱ་འཁོར་བའི་བདེ་བ་ནི་ཇི་ཙམ་དུ་མྱོང་ཡང་རྟག་མི་ཐུབ་ཅིང་མཐར་སྡུག་བསྔལ་གྱི་རྒྱུ་ལས་མ་འདས་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། སྲིད་པ་འདི་ནི་འགྱུར་བ། སྲིད་པ་འདི་ནི་མི་རྟག་པ། སྲིད་པ་འདི་ནི་སྡུག་བསྔལ་བའོ། །ཞེས་དང་། བཤེས་སྤྲིང་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྟུང་། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །མཐོ་རིས་བུ་མོའི་ནུ་མ་སྐེད་པ་ལ། །རེག་པའི་བདེ་བ་ཡུན་རིང་མྱོང་ནས་སླར། །དམྱལ་བར་འཐག་གཅོད་དབང་པའི་འཁྲུལ་འཁོར་གྱིས། །རེག་པ་ཤིན་ཏུ་མི་བཟད་བརྟེན་འཚལ་ལོ། །རྐང་པའི་རེག་པ་ནེམ་པར་བདེར་བཟོད་པ། །ལྷུན་པོའི་སྤོ་ལ་ཡུན་རིང་གནས་ནས་ནི། །སླར་ཡང་མེ་མུར་རོ་མྱགསརྒྱུ་བ་ཡི། །སྡུག་བསྔལ་མི་བཟད་ཕོག་སྙམ་བགྱིད་འཚལ་ལོ། །མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང་། །རྣམ་པར་མཛེས་ཚལ་སོན་པར་རྩེས་ནས་སླར། །འདབ་མ་རལ་གྲི་འདྲ་ཚལ་ནགས་རྣམས་ཀྱིས། རྐང་ལག་རྣ་བ་སྣ་གཅོད་འཐོབ་པར་འགྱུར། །དལ་གྱིས་འབབ་པ་ལྷ་ཡི་བུ་མོ་ནི། །གདོང་མཛེས་གསེར་གྱི་པདྨ་ལྡན་ཞུགས་ནས། །སླར་ཡང་དམྱལ་བའི་ཆུ་བོ་རབ་མེད་པར། །ཚ་སྒོ་བཟོད་བརླག་ཆུ་ཚན་འཇུག་འཚལ་ལོ། །ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བརྟེན་འཚལ་ལོ། །ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱང་པའང་མཐོང་མི་འགྱུར། །ཞེས་དང་། སློབ་སྤྲིང་ལས། འགྲོ་བར་ལན་བརྒྱར་མ་སོང་འགྲོ་དེ་གང་ཞིག་ཡོད། །སྔོན་ཆད་ལན་མང་མ་མྱོང་བདེ་བ་དེ་གང་ཞིག །རྔ་ཡབ་དཀར་མཛེས་ལྟ་བུའི་དཔལ་གང་མ་ཐོབ་པ། །དེ་ཡང་གང་ཞིག་ཡོད་ན་འོན་ཀྱང་འདོད་ཆགས་འཕེལ། །གང་གི་གླིང་བར་མ་གནས་ཆུ་བོ་དེ་ཡོད་མིན། །ཡུལ་ཕྱོགས་གང་དུ་གནས་མ་བཅས་པའི་གནས་དེ་མེད། །གང་དུ་མ་སོན་ནམ་མཁའི་ཕྱོགས་དེའང་ཡོད་མིན་ན། འོན་ཀྱང་འདོད་ཆགས་དགང་དཀའ་འཕེལ་བར་འགྱུར་བ་ཉིད། །སྔོན་ཆད་ལན་མང་མ་མྱོང་སྡུག་བསྔལ་དེ་ཡོད་མིན། །འགྲོ་བ་གང་གིས་ཚིམ་གྱུར་འདོད་པ་དེ་དག་མེད། །གང་གི་ལྟོར་མ་ཉལ་བའི་སེམས་ཅན་དེ་མེད་ན། །འོན་ཀྱང་ཇི་ལྟར་འཁོར་བ་ཅན་ན་ཆགས་བྲལ་མེད། །ཅེས་དང། མྱ་ངན་བསལ་བ་ལས། གང་ཁྱོད་འདི་ལྟར་འཁོར་གྱུར་ཏེ། །མགོལ་ལན་གྲངས་བརྒྱར་བརྗེད་པ། །དེ་ཉིད་བྲན་གྱུར་ཁྱོད་ཡིན་ཏེ། །རྡོག་པས་ལན་གྲངས་བརྒྱར་ཡང་བཏགས། །འགྲོ་བ་རྒྱུ་ཡི་དངོས་པོ་ཡིས། །སྔོན་ཆད་གཞན་དུ་སྣང་གྱུར་པ། །གཞན་ན་ཡོངས་སུ་འགྱུར་བ་སྟེ། །སྨེ་བདུན་དྲང་སྲོང་བདུན་ཚོགས་བཞིན། ཞེས་གསུངས་པ་ལྟར་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་རྟག་ཐུབ་པ་ནི་གཅིག་ཀྱང་མེད་ལ། ཚེ་འདིའི་རིགས་གཟུགས་དཔལ་འབྱོར་སོགས་ཇི་ཙམ་དུ་ཆེ་ཞིང་འབྱོར་ཡང་རང་ཉིད་འཆི་བའི་ཚེ་ན་ཕན་པ་ཅུང་ཟད་ཀྱང་མེད་དེ། །སྤྱོད་འཇུག་ལས། རྙེད་པ་མང་པོ་ཐོབ་གྱུར་ཅིང་། །ཡུན་རིང་དུས་སུ་བདེ་སྤྱད་ཀྱང་། །ཆོམ་པོས་འཕྲོག་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ། །ཞེས་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་འཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་སོ། །མདོར་ན་མགོན་པོ་བྱམས་པས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ལ་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་དང་། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བར་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས། དེས་ན་བཤེས་སྤྲིང་ལས། འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང་། །དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་མཁྱེན་པར་མཛོད། །ཅེས་གསུངས་པས་སྲིད་པ་དང་སྲིད་པའི་ཕུན་ཚོགས་ཀུན་ལ་མ་ཆགས་པར་ཐར་འདོད་ཀྱི་བློ་བཅོས་མིན་རེ་བསྐྱེད་པ་ཅིས་ཀྱང་གལ་ཆེ་ཞིང་། དེར་མ་ཟད་སྐྱེས་བུ་འབྲིང་གི་དོན་དུ་གཉེར་བྱ་རང་ཉིད་ཞི་བདེ་ཙམ་དོན་དུ་གཉེར་བའང་སྨད་པར་བྱ་བའི་གནས་ཏེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ནང་དུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྟུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །བྱིས་པ་པང་ན་བཙའ་བ་ཅི་ཡང་མི་ནུས་པ། །གང་གི་ནུ་ཞོ་བྱམས་པའི་ཤུགས་གྱིས་གཟག་འཐུངས་ཤིང་། ངལ་བ་མང་བསྟེན་ཤིནཏུ་བྱམས་ལྡན་རྟེན་མ་འདི། །ཤིན་ཏུ་མ་རབས་ཤིག་ནའང་སྤང་བར་སུ་ཞིག་སྤྲོ། །ཞེས་གསུངས། འཐོབ་བྱའི་འབྲས་བུ་རང་གི་ངོས་ནས་ཀྱང་། ཐེག་ཆེན་ལ་ལྟོས་ན་རང་དོན་དུ་སྤངས་རྟོགས་ཀྱི་ཡོན་ཏན་མ་རྫོགས་ཤིང་། གཞན་དོན་གདུལ་བྱ་འདུལ་བ་ལ་བརྩོན་འགྲུས་རྒྱ་ཆུང་བ་དང་། མཐར་འབྲས་རྫོགས་པའི་བྱང་ཆུབ་ལ་བསྐལ་ཆེན་བརྒྱད་ཁྲིས་རིང་བ་སོགསསྐྱོན་མང་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། རང་དོན་ལ་གཞོལ་འདི་དག་ནི། །སྙིང་རྗེ་ཆེན་པོ་དང་བྲལ་བས། །རང་རྒྱལ་རྒྱལ་བའི་གསུང་ལས་སྐྱེས། །ཐེག་པ་ཆེན་པོས་མི་བསྔགས་སོ། །རྒྱལ་བའི་ཡོན་ཏན་མཐའ་ཡས་པ། །ཐེག་པ་ཆེ་ལས་གསུངས་པ་དང་། །བྱང་ཆུབ་སེམས་དཔའི་མཐུ་ཐོས་ནས། །དེ་ནི་སྣོད་ཉིད་གྱུར་པ་ཡིན། །དེས་ནི་ཐེག་པ་ཆེན་པོའི་ཤིང་། །མ་ལུས་རང་གི་ལམ་གྱིས་བསྲེགས། །བྱང་ཆུབ་སེམས་དཔའི་ནང་དུ་ནི། །སྐྱེས་བུ་དབུལ་པོ་ལྟ་བུར་གནས། །འདི་དག་སྲིད་པས་སྐྲག་པ་ཡི། །ཡོད་ཀྱིས་བྱང་ཆུབ་གཉིས་ཐོབ་པ། །ཚེ་ཟད་པར་ནི་དགར་འགྱུར་ཞིང་། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དེ་ལ་མྱ་ངན་འདས་ཡོད་མིན། །ཞེས་དང་། རྣམ་སྣང་མངོན་བྱང་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་གྱིས་བླ་ན་མེད་པའི་འབྲས་བུ་ལ་བསྐལ་པ་ཆེན་པོ་བརྒྱད་ཁྲིས་རིང་སྟེ་ཞེས་གསུངས་པ་སོགས་ཀྱིས་མཚོན་ལ། ཁྱད་པར་ཐེག་ཆེན་ལ་ཞུགས་ཟིན་པ་རྣམས་ཀྱིས་ནི་སེམས་བསྐྱེད་གཏོང་བའི་རྒྱུའི་གཙོ་བོ་འདི་ཉིད་ཡིན་པས་རྟག་པར་གཟབ་དགོས་ཏེ། མདོ་རྒྱན་ལས། ཇི་ལྟར་བདག་ལ་ཕན་འདོད་དུག་དང་མཚོན་དང་ནི། །གནམ་ལྕགས་ལྕེ་དང་དགྲ་ལས་རང་གི་ལུས་བཟློག་པ། །དེ་བཞིན་རྒྱལ་སྲས་ཐེག་པ་དམན་པ་རྣམ་གཉིས་ལས། །ལས་རྣམ་གསུམ་གྱིས་བདག་ཉིད་ཟློག་པར་བྱེད་པ་ཡིན། །ཞེས་དང་། སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་དང་། སྤྱོད་འཇུག་ལས། དེ་ནི་བྱང་ཆུབ་སེམས་དཔའ་ལ། །ལྟུང་བའི་ནང་ནས་ལྕི་བ་སྟེ། །འདི་ལྟར་དེ་ནི་བྱུང་གྱུར་ན། །སེམས་ཅན་ཀུན་གྱི་དོན་ལ་དམན། །གང་གཞན་སྐད་ཅིག་ཙམ་ཡང་འདིའི་། །བསོད་ནམས་བར་ཆད་གེགས་བྱེད་པ། །སེམས་ཅན་དོན་ལས་དམན་གྱུར་པས། །དེ་ཡི་ངན་འགྲོ་མུ་མཐའ་མེད། །སེམས་ཅན་གཅིག་གི་བདེ་བ་ཡང་། །བཤིག་ན་བདག་ཉིད་ཉམས་གྱུར་ན། །ནམ་མཁའ་མ་ལུས་མཐའ་ཀླས་པའི། །ལུས་ཅན་བདེ་བཤིག་སྨོས་ཅི་དགོས། །དེ་ལྟར་ལྟུང་བ་སྟོབས་ལྡན་དང་། །བྱང་ཆུབ་སེམས་སྟོབས་ལྡན་པ་དག །འཁོར་བར་རེས་ཀྱི་འདྲེ་བྱེད་ན། །ས་ཐོབ་པ་ལ་ཡུན་རིང་འཐོག །ཅེས་གསུངས་པ་བཞིན་ནོ། །གང་སྐྱེས་བུ་ཆེན་པོའི་དོན་དུ་གཉེར་བྱ་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ནི་དེ་ལས་ལྡོག་སྟེ། རང་དོན་དུ་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིར། གཞན་དོན་དུ་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་མུ་མེད་པའི་འགྲོ་བ་མཐའ་དག་སྐྱོབ་པའི་མགོན་དང་དཔུང་གཉེན་གཅིག་པུར་གྱུར་པ་སྟེ། དེ་ནི་སྐྱེས་བུ་དམ་པ་རྣམས་ཀྱི་དོན་དུ་གཉེར་བྱའི་མཆོག་དང་ཐོབ་བྱའི་འབྲས་བུ་བླ་ན་མེད་པ་ཉིད་ཡིན་ཏེ། མགོན་པོ་བྱམས་པས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་ནས། །སེམས་ཅན་སྲེད་ཕྱིར་བློ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་བརྩེ་བྱངཆུབ་སེམས་བརྟན་ན། །འཕགས་པ་འཁོར་བའམ་མྱ་ངན་འདའ་མི་འགྱུར། །ཞེས་དང་། ཞི་བ་ལྷས། འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས། །སྔོན་གྱི་སྡིག་པ་ཟད་བྱེད་ཅིང་། །བསོད་ནམས་རྒྱ་མཚོ་སྡུད་བྱའི་ཕྱིར། །ཉན་ཐོས་རྣམས་ལས་མཆོག་ཏུ་བཤད། །ཅེས་གསུངས། གཞན་ཡང་སྡོང་པོ་བཀོད་པ་ལས། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་ཡོད་པ་བྱང་ཆུབ་སེམས་ཀྱི་ཡོན་ཏན་དང་ཕན་ཡོན་ཀྱང་དེ་སྙེད་དོ། །དེ་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་འདི་ལས་འབྱུངསྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདི་ལས་སྐྱེས་སོ། །ཞེས་གསུངས་པས་མཚོན་ཕན་ཡོན་གྱི་བསྔགས་པ་བསམ་ཀྱིས་མི་ཁྱབ་མོད། འདི་དག་གི་རྣམ་གཞག་རྒྱས་པ་ནི་གཞན་དུ་འབྲི་བར་བྱ་བ་ལས་འདིར་ཡི་གེས་འཇིགས་ནས་མ་སྨོས་ལ། དོན་གྱི་གནད་ནི། དགེ་བའི་རྩ་བ་རྒྱ་ཆེ་ཆུང་གང་སྒྲུབ་ཀྱང་ཐོག་མར་རང་གི་རྒྱུད་ལ་བརྟགས་ཏེ། གཞན་ལ་འགྲན་སེམས་དང་ཆོས་བརྒྱད་ཀྱི་རྟོག་པ་སོགས་བསམ་པ་ངན་པ་དང་རང་དོན་ཡིད་བྱེད་སོགས་ཀྱི་དྲིས་མ་སྦགས་པར། གཞན་ཕན་ལྷག་པའི་བསམ་པ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་སྟེ་ཡང་ཡང་ཐེག་པ་ཆེན་པོའི་ལམདུ་བློ་བཅོས་པ་འདི་གལ་ཅིས་ཀྱང་ཆེ་སྟེ། འཕགས་པ་གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས་རིགས་ཀྱི་བུ། དེ་ལ་རང་དོན་དུ་དགེ་བའི་རྩ་བ་བསྒྲུབས་པ་དེ་དག་ནི་སྲིན་བུ་མེ་ཁྱེར་ལྟ་བུའོ། །གཞན་དོན་དུ་དགེ་བའི་རྩ་བ་སྒྲུབ་པ་ནི་ཉི་མའི་དཀྱིལ་འཁོར་ལྟ་བུའོ། །ཞེས་དང་། རྒྱ་མཚོས་ཞུས་པ་ལས། འདི་ལྟར་དགེ་བའི་རྩ་བ་རྣམས། །རང་དོན་ཉིད་དང་གཞན་དོན་དུ། །མངོན་པར་བསྒྲུབས་པའི་བསོད་ནམས་གང་། །རྒྱ་མཚོ་བ་ལང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་དེ་དང་མཚུངས། །ཞེས་དང་། སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པས་རང་དོན་བྱས་པ་དང་། ཐུབ་པས་གཞན་དོན་མཛད་པ་ཡི། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་གསུངས། བྱེ་བྲག་ཏུ་འཕགས་པ་ལག་བཟང་གིས་ཞུས་པའི་མདོ་ལས། ལག་བཟང་བྱང་ཆུབ་སེམས་དཔའ་ཆེན་པོ་ཇི་ལྟར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། ལག་བཟང་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཀྱིས་ལོངས་སྤྱོད་རྣམས་ཡོངས་སུ་ཚོལ་གྱིས་ཆོས་མ་ཡིན་པས་ནི་མ་ཡིན་ནོ། །མཉམ་པས་ཡིན་གྱི་མི་མཉམ་པས་མ་ཡིན་ནོ། །དེ་སྲོག་ཆགས་གཞན་དག་དང་། སེམས་ཅན་གཞན་རྣམས་ལ་གནོད་པ་མི་བྱེད། ཉམ་ང་བ་མི་བྱེད་པར་སྦྱིན་པ་སྦྱིན་ཏེ། བརྗེད་པ་དང་། སྒྲ་དང་། ཚིགས་སུ་བཅད་པའི་ཕྱིར་མ་ཡིན་འཛེམས་པའི་ཕྱིར་མ་ཡིན། འཇིགས་པའི་ཕྱིར་མ་ཡིན། ལན་དུ་ཕན་འདོགས་སུ་རེ་བའི་ཕྱིར་མ་ཡིན། མཐོ་རིས་ཀྱི་ཕྱིར་མ་ཡིན། ཚུལ་འཆོས་པ་མ་ཡིན། ཁ་གསག་བྱེད་པ་མ་ཡིན་བརྙས་པ་མ་ཡིན་པའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། བྱང་ཆུབ་སེམས་དཔའི་ས་ལས་བྱང་ཆུབ་སེམས་དཔའ་ནི་གྲགས་པ་དང་ཚིགས་སུ་བཅད་པའི་ཕྱིར་སྦྱིན་པར་མི་བྱེད། གཞན་དང་འགྲན་པའི་ཕྱིར་ཡང་སྦྱིན་པར་མི་བྱེད། དབུལ་པོར་འགྱུར་དུ་དོགས་པའི་འཇིགས་པས་སྦྱིན་པར་མི་བྱེད། བརྒྱ་བྱིན་ཉིད་དང་། འཁོར་ལོས་སྒྱུར་བ་ཉིད་དང་། དབང་ཕྱུག་ལ་བརྟེན་ཞིང་སྦྱིན་པར་མི་བྱེད། འབྲས་བུ་ལ་ལྟ་ཞིང་སྦྱིན་པར་མི་བྱེད་དོ། སྦྱིན་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་ཀྱི་ཕྱིརསྦྱིན་ཞིང་བསྔོ་བར་བྱེད་དོ། །ཞེས་གསུངས་པས་འདི་ལྟར་ངེས་པར་བྱ་སྟེ། འཕགས་པ་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་ལེའུ་ཉེར་བཞི་པ་ཉེ་བར་འཁོར་གྱིས་ཞུས་པ་ལས། ཇི་ལྟར་སྒྱུ་མ་མཁན་གྱིས་འཇིག་རྟེན་ན། །སེམས་ཅན་བརྒྱ་ཕྲག་མང་པོ་སྤྲུལ་བྱས་ཏེ། །སྤྲུལ་པ་དེ་དག་ཐམས་ཅད་བསད་གྱུར་ཀྱང་། །སྒྱུ་མ་དེ་དག་བསད་པ་ཡོད་མིན་ལྟར། །འགྲོ་བ་འདི་ཀུན་སྒྱུ་མའི་རང་བཞིན་ཏེ། །འདི་ལ་མཐའ་ནི་ནམ་ཡང་དམིགས་སུ་མེད། །ཅེས་དང་། འགྲོ་དོན་བྱང་ཆུབ་ཕྱིར་ནི་སེམས་བསྐྱེད་ཅེས། །སྤྱོད་མཆོག་ཁྱད་པར་འཕགས་པ་བསྟན་བྱས་ཀྱང་། །བྱང་ཆུབ་ནམ་ཡང་དམིགས་སུ་ཡོད་མིན་ཏེ། །འདོད་པ་གང་ཡིན་དེ་ཡང་ཡོད་མ་ཡིན། །ཞེས་དང་། སྦྱིན་པའི་བསྔགས་པ་འཇིག་རྟེན་ངས་བརྗོད་ཀྱང་། །སེར་སྣའི་ཆོས་དེའང་དམིགས་སུ་ཡོད་མ་ཡིན། །དེ་ལྟར་རྒྱལ་བའི་ཆོས་རྣམས་བསམ་ཡས་ཏེ། །དེ་ཡང་དམིགས་མེད་དེ་ཡང་མཐོང་བ་མེད། །ཅེས་དང་། ཏིང་འཛིན་རྒྱལ་པོ་ལས། ཡིད་ཀྱི་འདུ་ཤེས་དང་ནི་འཛིན་པ་ཡིས། །བདེ་གཤེགས་མཐོང་མཆོད་སངས་རྒྱས་མཉེས་བྱས་སྙམ། །སྐྱེས་པ་མེད་ཅིང་མཆོད་པ་བྱས་པའང་མེད། །མི་དག་བདག་གི་ཁྱིམ་ན་རྨི་ལམ་བཞིན། །ཞེས་དང་། མ་དྲོས་པས་ཞུས་པའི་མདོ་ལས། རྐྱེན་ལས་སྐྱེས་པ་གང་ཡིན་དེ་མ་སྐྱེས། །དེ་ལ་སྐྱེ་བ་ངོ་བོ་ཉིད་ཀྱིས་མེད། །རྐྱེན་ལ་རག་ལས་གང་ཡིན་སྟོང་པར་གསུངས། །སྟོང་ཉིད་གང་ཤེས་དེ་ནི་བག་ཡོད་པའོ། །ཞེས་གསུངས་པ་ལྟར། ཤེས་བྱའི་ཆོས་ཐམས་ཅད་བདེན་པས་སྟོང་ཞིང་དོན་དམ་པར་ཡོད་མེད་ལ་སོགས་པའི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་རང་བཞིན་མཉམ་པ་ཆེན་པོ་ལ་ཀུན་རྫོབ་ཏུ་ཡང་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་དང་རྨི་ལམ་ལྟ་བུར་ཤེས་པའི་ངང་། གང་ལའང་ཞེན་པ་དང་འཛིན་པ་མེད་པས། དེ་ལྟར་མ་རྟོགས་པའི་སེམས་ཅན་སྣང་བ་ལ་མངོན་པར་ཞེན་པའི་དབང་གིས་སྐྱེ་ཤིའི་ཁ་བརྒྱུད་དེ་སྲིད་པའི་གནས་སུ་སྡུག་བསྔལ་མུ་མཐའ་མེད་པ་ལ་སྤྱོད་པ་འདི་རྣམས་སྙིང་རེ་རྗེ། འདི་ཐམས་ཅད་འཁོར་བ་ཐོག་མ་མེད་པ་ནས་ལན་གྲངས་དཔག་ཏུ་མེད་པར་ཕ་མ་བྱས་པའི་དྲིན་ཆེན་ཤ་སྟག་ཡིན་པས་འདི་རྣམས་ཡལ་བར་འདོར་མི་རིགས་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། བདག་དང་སེམས་ཅན་ཐམས་ཅད་བདེ་སྡུག་མཚུངས། །བདེ་སྡུག་མཚུངས་པ་ཅན་ནི་གཉེན་ཡིན་ན། །བདག་གིས་དེ་དག་རབ་ཏུ་སྤངས་ནས་ཀྱང་། །མྱ་ངན་འདས་པར་འཇུག་པར་མི་རིགས་སོ། །ཞེས་གསུངས། དེས་ན་ད་ལྟ་བདག་ལ་འགྲོ་བ་སྒྲོལ་བའི་ནུས་པ་མིི་འདུག་པས་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ཅིས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་བསོད་ནམས་དང་ཡེ་ཤེས་ཀྱིས་བསྡུས་པའི་དགེ་བའི་རྩ་བ་འདི་དང་འདི་ལྟ་བུ་སྒྲུབ་པར་བགྱིའོ་སྙམ་དུ་བསམ་པ་སྟེ། མགོན་པོ་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུང་། དེས་ན་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་དང་། སེམས་ཅན་རྣམས་ཕན་བདེ་ལ་འགོད་འདོད་ཀྱི་བརྩེ་བ་དང་། དེའི་ཆེད་དུ་རྫོགས་བྱང་དོན་གཉེར་གྱི་འདུན་པ་སྟེ་དེ་གསུམ་དང་མ་འབྲལ་བའི་ངང་ནས་སྦྱོར་རྗེས་ཀྱི་ཡན་ལག་གཞན་རྣམས་ཀྱང་ཚང་བར་བྱ་དགོས་སོ། །དེ་ལྟར་བགྱིས་ན་ནམ་བྱང་ཆུབ་སྙིང་པོ་ལ་ཐུག་གི་བར་དུ་བར་མ་དོར་ཆུད་མི་འཛའ་ཞིང་གོང་དུ་འཕེལ་བ་དང་། དེར་ཡང་དོར་བ་མེད་པའི་སྟོང་པ་ཉིད་དང་དབྱེར་མེད་རོ་མཉམ་པར་གྱུར་ཏེ། ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡང་འཛད་པར་མི་འགྱུར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་ཏེ། འཕགས་པ་བརྒྱད་སྟོང་པ་ལས། བཙུན་པ་ཤཱ་རིའི་བུ། དགེ་བའི་རྩ་བ་གང་རུང་གིས་ལྷ་དང་མིའི་ནང་དུ་ཕྱིན་ནས་བླ་ན་མེད་པ་སངས་རྒྱས་སུ་འགྱུར་བ་ཡོད་དེ། གང་ཞེ་ན། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གཅིག་དང་ལྡན་པའི་དགེ་བ་བཅུ་དང་། གསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ཕ་རོལདུ་ཕྱིན་པ་དྲུག་སྟེ་བར་མ་དོར་ཟད་ཅིང་མེད་པར་མི་འགྱུར་རོ། །ཞེས་དང་། བྱམས་པས་ཞུས་པའི་མདོ་ལས། དཔེར་ན་རྒྱ་མཚོ་ཆེན་པོར་ཆུ་གང་ཇི་སྙེད་གཅིག་འབབ་པ་དེ་དག་བསྐལ་པའི་བར་དུ་ཟད་པར་མི་འགྱུར་རོ། །བྱམས་པ་དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཟིན་པའི་དགེ་བ་ཡང་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་ཟད་པར་མི་འགྱུར་རོ། །བྱམས་པ་ཡང་འདི་ལྟ་སྟེ། དཔེར་ན་འབྱུང་ཁུངས་བཟང་པོར་གང་ཅི་ཡང་རུང་བའི་ས་བོན་ཐམས་ཅད་རྒྱས་ཤིང་འཕེལ་བ་དེ་བཞིན་དུ། བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་བའང་རྒྱ་ཆེར་འཕེལ་བར་འགྱུར་རོ། །ཞེས་དང་། ཟ་མ་ཏོག་བཀོད་པ་ལས་ཀྱང་། འཇམ་དཔལ་འདི་ལྟ་སྟེ་ཤིང་ལྗོན་པ་སྣ་ཚོགས་པ་ནི་ཁམས་བཞིས་བཟུང་ན་རྣམ་པར་འཕེལ་ལོ། །འཇམ་དཔལ་དེ་བཞིན་དུ་དགེ་བའི་རྩ་བ་ཡང་བྱང་ཆུབ་སེམས་ཀྱིས་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པར་བསྔོས་ན་རྣམ་པར་འཕེལ་ལོ། །ཞེས་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་སྨིན་པས་ལན་དུ་མར་ལྷ་ཡི་ནང་དུ་སྐྱེས། ལན་དུ་མར་མིའི་ནང་དུ་སྐྱེས་ཏེ། ལྷ་དང་མིར་སྐྱེས་པ་ཐམས་ཅད་དུའང་དབང་པོ་བྱེད་པར་གྱུར་ཀྱང་། ད་དུང་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དགེ་བའི་རྩ་བའི་ལས་ལ་བྲི་བའམ་གང་བ་མི་མངོན་ནོ། །ཞེས་དང་། འཕགས་པ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གང་དང་ལྡན་པ་དེའི་ལུས་དང་ངག་དང་སེམས་ཀྱི་རྩོམ་པ་ཐམས་ཅད་དོན་ཡོད་པ་སྟེ་རྟག་ཏུ་རོ་གཅིག་ཏུ་འགྱུར་རོ། །ཞེས་དང་། འཕགས་པ་བྱམས་པ་འཇུག་པའི་མདོ་ལས། གལ་ཏེ་སེམས་ཅན་མཐའ་དག་སངས་རྒྱས་ཏེ། །སྤོབས་པ་མཐའ་ཡས་ལྡན་པ་ཉིད་གྱུར་ལ། །ཇི་ལྟར་སྔོན་གྱི་འཁོར་བའི་བསྐལ་པའི་བར། །སེམས་ཅན་གཅིག་པུས་མཆོད་པ་བྱས་པ་བས། །མཁས་པའི་མི་ནི་གང་ཡང་རུང་བ་ཡིས། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་ནས་ཀྱང་། །མེ་ཏོག་གཅིག་པུ་ཕུལ་བའི་བསོད་ནམས་འདིས། །དེ་བས་ཁྱད་པར་འཕགས་པར་འགྱུར་བ་ཡིན། །བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་ནི། །བསོད་ནམས་དེ་ཡི་བཤད་པ་བརྩམས་བྱས་ཀྱང་། བསོད་ནམས་འབྲས་བུ་དེ་ཡི་བཤད་པ་ནི། །ནམ་ཡང་ཟད་པར་འགྱུར་བ་མ་ཡིན་ནོ། །ཞེས་དང་། རིན་ཆེན་ཕུང་པོའི་མདོར། སྲིད་པ་གསུམ་གྱི་སེམས་ཅན་དེ་དག་རེ་རེས་མཆོད་རྟེན་རི་རབ་ཙམ་རེ་རེ་བྱེད་ལ། སོ་སོ་ནས་བསྐལ་པ་གདྒཱའི་ཀླུང་གི་བྱེ་སྙེད་དུ་བསྟི་སྟང་བྱེད་པ་བས། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་མེ་ཏོག་གཅིག་འཐོར་ན་སྔ་མ་ལས་བསོད་ནམས་ཆེས་མང་དུ་བསྐྱེད་པར་གསུང་བས་མཚོན་ལུང་མཐའ་ཡས་ཤིང་། དེ་ལྟར་འབྱུང་བའི་འཐད་པའང་རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་པ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་དང་། སྤྱོད་བཇུག་ལས། །སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་བསམ་ན་ཡང་། །ཕན་འདོད་བསམ་པ་དང་ལྡན་ཞིང་། །བསོད་ནམས་དཔག་མེད་འབྱུང་འགྱུར་ན། །སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཅིང་། །རེ་རེའང་ཡོན་ཏན་དཔག་མེདདུ། །སྒྲུབ་པར་འདོད་པ་སྨོས་ཅི་དགོས། །ཞེས་དང་། ཕན་པར་བསམ་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་དཔག་ཏུ་མེད་པ་ཡིས། །བདེ་དོན་བཙོན་པ་སྨོས་ཅི་དགོས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་དངོས་པོ་རྣམ་པར་དག་པ་ནི། གོང་དུ་སྨོས་མ་ཐག་པ་བཞིན་ཞིང་དང་བསམ་པ་རྣམ་པར་དག་པས་དགེ་བའི་རྩ་བ་ཆེ་ཕྲ་གང་སྒྲུབ་ཀྱང་དངོས་པོ་རྣམ་པར་དག་པ་ཁ་ན་མ་ཐོ་བའི་དྲིས་མ་གོས་པ་ཤིན་ཏུ་གལ་ཆེ་སྟེ། མདོ་ལས། དངོས་པོ་རྐུ་འཕྲོག་དཀོར་ཟས་དང་། །གཞན་ལ་གནོད་པ་མ་ཡིན་པ། །རབ་ཏུ་གཅེས་དང་ཡིད་འོང་རྫས། །མཁོ་བར་གྱུར་ན་མཆོག་ཡིན་ནོ། །ཞེས་དང་། དངོས་པོ་གང་ཞིག་སྡིག་དང་མ་འདྲེས་ཤིང་། །དགེ་འདུན་ལ་སོགས་ཕན་བདེ་སྐྱེད་པས་ཏེ། །ཞེས་དང་། མདོ་རྒྱན་ལས། རྒྱལ་སྲས་རྣམས་ཀྱི་བརྩེ་བས་སྦྱིན་པ་ནི། །ཁ་ན་མ་ཐོ་མེད་ཅིང་དག་པའི་གཞི། །བདེ་བ་འདྲེན་པ་བྱེད་པ་ཉིད་དང་ནི། །རྗེས་སུ་སྲུང་བཅས་ཚོལ་དང་གོས་པ་མེད། །ཅེས་དང་། ཀུན་འདུས་ལས། ཁ་ན་མ་ཐོར་བཅས་པ་དང་། །ཉམས་པ་ལས་བྱུང་ཉེས་དང་བཅས། །མ་དག་པ་ཡི་ཡོ་བྱད་རྣམས། །གདུག་ཅན་འཕང་དུ་འོང་བ་ལྟར། །ཝ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །བསྐལ་པར་བཤུགས་ཏེ་སྤང་བར་བྱ། །ཞེས་གསུངས་ཤིང་། དེ་ཡང་རིན་ཆེན་ཕྲེང་བ་ལས། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་བསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །གཞོག་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པའོ། །རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་པ་ལ་སྔག་བྱེད་པའོ། །ཞེས་ལོག་འཚོ་ལྔ་སྤྱིར་བསྟན་པ་དང་། བྱེ་བྲགགསོད་པར་ཕྱུགས་མ་སྟེར་བ་དང་། །མཆོག་གི་ནོར་ནི་མཆོག་མིན་ལ། །སྟེར་སོགས་མདོ་ལས་བཀག་པས་ན། །མ་དག་པ་ཡི་སྦྱིན་པ་ཡིན། །ཞེས་དང་། དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས། ཞིང་བསམ་སྦྱོར་དངོས་ཅི་རིགས་པས་མ་དག་པའི་སྦྱིན་པར་འགྱུར་བ་སུམ་ཅུ་རྩ་གཉིས་གསུངས་པ། ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པས་སྡོམ་དུ་མཛད་པ། དྲང་སྲོང་རྒྱས་པ་ཞུས་མདོ་ལས། མ་དག་སྦྱིན་པར་གསུངས་པ་ནི། ༡། ཕྱིན་ཅི་ལོག་ལྟས་མོས་མེད་དང་། ༢། དད་པ་མེད་པར་སྦྱིན་པ་གཏོང་། །༣སྔར་ཕན་ལན་དུ་སླར་བྱིན་དང་། ༤། འདོད་པས་མེ་ལ་སྦྱིན་པ་དང་། ༥། དེ་བཞིན་ཆུ་ལ་སྟེར་བ་དང་། ༦། བདག་ཉིད་ཤེས་ཕྱིར་རྒྱལ་པོར་སྟེར། ༧། འཇིགས་ནས་རྐུན་པོ་རྣམས་ལ་སྟེར། ༨། དུག་རྣམས་སྟེར་བར་བྱེད་པ་དང་། ༩། དེ་བཞིན་མཚོན་ཆ་སྦྱིན་པ་དང་། ༡༠། སྲོག་ཆགས་བསད་དེ་ཤ་སྦྱིན་དང་། ༡༡། བག་མེད་རྣམས་ལ་ཆང་སྟེར་དང་། ༡༢། འཁོར་དུ་བསྡུ་ཕྱིར་སྦྱིན་པ་དང་། ༡༣། རང་ལ་བསྟོད་ཕྱིར་སྦྱིན་པ་དང་། ༡༤། རྩེ་ཕྱིར་རོལ་མོ་མཁན་ལ་སྦྱིན། ༡༥། མཚན་མ་ལྟ་ཕྱིར་སྐར་མཁན་སྟེར། ༡༦། གཞན་ནོར་མཛའ་ལ་སྟེར་བ་དང་། ༡༧། གཞན་འབྲུ་དུད་འགྲོས་ཟོས་ལ་དགའ། ༡༨། བཟོ་ཕྱིར་བཟོ་བོ་རྣམས་ལ་སྟེར། ༡༩། ནད་ཀྱིས་འཇིགས་ཕྱིར་སྨན་པར་སྟེར། ༢༠། སློང་བ་རྣམས་ལ་སྤྱོས་ནས་སྟེར། ༢༡། རྣམ་སྨིན་ཐེ་ཚོམ་ཟ་བཞིན་སྟེར། ༢༢། བྱིན་རྗེས་འགྱོད་པས་གདུང་བ་དང་། ༢༣། ཕྱི་མར་སླར་སྦྱིན་འོང་སྙམ་དང་། ༢༤། རྣམ་སྨིན་རང་གཅིག་སྤྱོད་སྙམ་དང་། ༢༥། ལང་ཚོར་བབ་པས་སྦྱིན་པར་དང་། ༢༦། ནད་སོགས་ཚེན་བསྐུལ་ནས་མཆོད། ༢༧། ཡུལ་གཞན་དག་ཏུ་གྲགས་ཕྱིར་དང་། ༢༨། གཏོང་བའི་ཕོད་པ་བསྟན་ཕྱིར་དང་། ༢༩། བུད་མེད་འདོད་ཕྱིར་སྦྱིན་པ་དང་། ༣༠། བུ་མེད་སྙམ་ནས་གང་དགར་སྟེར། ༣༡། གང་བྱིན་ཕྱི་མར་རྙེད་སྙམ་དང་། ༣༢། དབུལ་བོ་དོར་ནས་ཕྱུག་པོརསྟེར། །འདི་རྣམས་མ་དག་སྦྱིན་པ་སྟེ། །གྲངས་ནི་སུམ་ཅུ་རྩ་གཉིས་གསུངས། །འདི་འདྲའིསྦྱིན་པ་གང་ཕུལ་བ་། །རྣམ་སྨིན་མེད་པ་མ་ཡིན་ཀྱང་། །ཚ་སྒོ་ཅན་ལ་ས་བོན་དག །ངན་པ་བཞིན་དུ་འབྲས་བུའི་ཆ། །གྲུང་པོ་ཉིད་དུ་འགྱུར་མ་ཡིན། །དེ་སྤངས་ནས་ནི་བསམ་སྦྱོར་དང་། །དངོས་པོ་སྐྱོན་མེད་ཕུན་ཚོགས་པ། །ཞིང་གསུམ་ལ་ནི་གང་ཕུལ་བ། །ཤིན་ཏུ་ཡིད་འོང་འབྲས་བཅས་འགྱུར། །མདོ་ཡི་དོན་བཞིན་ཚིགས་བཅད་དུ། །མི་ཕམ་པ་ཡིས་བསྡེབས་པ་དགེ། །ཞེས་སོ། །ཁྱད་པར་རྐུ་འཕྲོག་དང་སྲོག་གཅོད་ཀྱི་ཉོ་ཚོང་སོགས་སེམས་ཅན་ལ་གནོད་པའི་རྒྱུར་གྱུར་པས་ནི། ཇི་ཙམ་དུ་འབད་ཀྱང་རྒྱལ་བ་དགྱེས་པའི་ཐབས་སུ་མི་འགྱུར་ཏེ། སྤྱོད་འཇུག་ལས། གང་དག་བདེ་བས་ཐུབ་རྣམས་དགྱེས་འགྱུར་ཞིང་། །གང་དག་གནོད་ན་མི་དགྱེས་འབྱུང་འགྱུར་བ། །དེ་དག་དགའ་བས་ཐུབ་པ་ཀུན་དགྱེས་ཤིང་། །དེ་ལ་གནོད་བྱས་ཐུབ་ལ་གནོད་པ་བྱས། །ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་བ། །དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང་། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །ཞེས་གསུངས་ཤིང་། གཞན་ཡང་། འཕགས་པ་ལངྐར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ། ང་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་བཞིན་གྱི་འདུ་ཤེས་དང་ལྡན་པ་ཡིན་ན་ཇི་ལྟར་བདག་གི་བུའི་ཤ་བཟའ་བར་ཉན་ཐོས་རྣམས་ལ་གནང་བར་བྱ། རང་གིས་བཟའ་བ་ལྟ་ཅི་སྨོས་ཏེ། ངས་ཉན་ཐོས་རྣམས་ལ་གནང་བ་དང་། བདག་ཉིད་ཀྱི་ཟོས་སོ་ཞེས་བྱ་བ་འདི་ནི་བློ་གྲོས་ཆེན་པོ་གནས་མེད་དོ། །ཞེས་དང་། དྲི་ང་འཕགས་པ་མིན་པས་བསྙེན། །མི་སྙན་པར་ཡང་བྱེད་པ་སྟེ། །ཤ་ནི་གཅན་གཟན་རྣམས་ཀྱི་ཟས། །བཟར་མི་རུང་བར་ཐུབ་ཆེན་གསུངས། །ཟོས་ན་ཉེས་པ་གང་ཡིན་དང་། །མ་ཟོས་པ་ཡི་ཡོན་ཏན་དག །ཤ་ཟ་དེ་ལ་གང་ཡོད་པ། །བློ་གྲོས་ཆེན་པོས་ཤེས་པར་གྱིས། །འཁྲུལ་པ་དང་ནི་གཉེན་བཤེས་དང་། །ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། །འབྱུང་པོ་རྣམས་ནི་དངངས་འགྱུར་བས། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །ཞེས་དང་། ཁེ་ཡི་ཕྱིར་དུ་སེམས་ཅན་གསོད། །ཤ་ཡི་ཆེད་དུ་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་པ་ཅན། །འོ་དོད་འབོད་ལ་སོགས་པར་བཙོ། །གང་གིས་ཐུབ་པའི་ཚིག་འདས་ཏེ། །བསམ་པ་ངན་པས་ཤ་བཟའ་ན། །འཇིག་རྟེན་གཉིས་ནི་གཞིག་པའི་ཕྱིར། །ཤཱཀྱའི་བསྟན་ལས་བརྟུལ་ཞུགས་ཉམས། །ཤིན་ཏུ་མི་བཟད་དམྱལ་བར་ཡང་། །སྡིག་པའི་ལས་ཅན་དེ་དག་འདོང་། །མ་རུང་འོ་དོད་འབོད་སོགསསུ། །ཤ་ཟ་དེ་དག་བཙོ་བར་འགྱུར། །རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བསླངས་དང་། མ་བསྐུལ་བ་ཡང་ཡོད་མིན་པས། །དེ་བས་ཤ་ནི་མི་བཟའ་འོ། །རྣལ་འབྱོར་ཅན་གྱིས་ཤ་མི་ཟ། །ང་དང་སངས་རྒྱས་དག་གིས་བཤད། །སེམས་ཅན་གཅིག་ལ་གཅིག་ཟ་བ། །ཤ་ཟན་དག་གི་རིགས་སུ་སྐྱེས། །དྲི་མི་ཞིམ་དང་སྨད་པ་དང་། །སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར། །གདོལ་པ་སྨེ་ཤ་ཅན་རིགས་དང་། །བཙོ་བླག་མཁན་དུ་ཡང་ཡང་སྐྱེ། །ཕྲ་མེན་རིགས་ཀྱི་སྐྱེ་གནས་དང་། །ཤ་ཟའི་རིགས་སུ་སྐྱེ་བར་འགྱུར། །མི་ཡི་ཐ་མ་དེ་དག་ནི། །སྲིན་དང་བྱི་ལའི་མངལ་དུ་སྐྱེ། །གླང་པོ་རྩ་དང་སྤྲིན་ཆེན་དང་། །མྱ་ངན་འདས་དང་སོར་ཕྲེང་དང་། ལངྐར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་ཡང་རྣམ་པར་སྨད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉམ་ཐོས་རྣམས་ཀྱིས་སྨད་པ་ལ། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་སྨྱོན་པར་སྐྱེ་བར་འགྱུར། །ཤ་ལ་སོགས་པ་སྤང་བའི་ཕྱིར། །བྲམ་ཟེའི་རིགས་སམ་རྣལ་འབྱོར་ཅན། །ཤེས་རབ་ཅན་དང་ནོར་ལྡན་པར། །དེ་དག་རྣམས་ནི་སྐྱེ་བར་འགྱུར། །མཐོང་དང་ཐོས་དང་དོགས་པ་ཡི། །ཤ་རྣམས་ཐམས་ཅད་རྣམ་པར་སྨད། །ཤ་ཟན་རིགས་སུ་སྐྱེས་པ་ཡི། །རྟོག་གེ་པ་རྣམས་མི་ཤེས་སོ། །ཇི་ལྟར་འདོད་ཆགས་ཐར་པ་ལ། །བར་ཆོད་བྱེད་པར་འགྱུར་བ་བཞིན། །དེ་བཞིན་ཤ་དང་ཆང་ལ་སོགས། །བར་ཆད་བྱེད་པར་འགྱུར་བའོ། །མ་འོངས་པ་ཡི་དུས་ན་ནི། །ཤ་ཟ་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་བའོ་ཞེས། །སངས་རྒྱས་ཀྱིས་ནི་བཤད་ཅེས་ཟེར། །ཟས་ལ་སྨན་དང་འདྲ་བ་དང་། །བུ་ཡི་ཤ་དང་མཚུངས་པ་ཡང་། །རན་པར་དང་ནི་མི་འཕྲོད་པར། །རྣལ་འབྱོར་ཅན་གྱིས་ཟས་ལ་སྤྱོད། །སེང་གེ་དང་ནི་སྟག་རྣམས་དང་། །ཝ་ལ་སོགས་དང་འགྲོགས་བྱ་བ། །ངས་ནི་བྱམས་པས་གནས་པ་ལ། །རྟག་པར་རྣམ་པར་ཀུན་ཏུ་སྨད། །ཐར་པའི་ཆོས་དང་འགལ་བའི་ཕྱིར། །མི་རྣམས་དངང་བར་འགྱུར་བའི་ཤ། དེ་ཕྱིར་བཟའ་བར་མི་བྱ་སྟེ། །འདི་ནི་འཕགས་པའི་རྒྱལ་མཚན་ནོ། །ཞེས་དང་། གལ་ཏེ་ཤ་རྣམས་ཟ་བྱེད་ན། །སེམས་ཅན་དག་ནི་སྐྲག་འགྱུར་ལ། །དེ་ཕྱིར་རྣལ་འབྱོར་པ་དག་གིས། །སྙིང་རྗེའི་སེམས་ཀྱིས་ཤ་མི་བཟའ། །ཤ་ཟ་སྙིང་རྗེ་ཤེས་རབ་མེད། །རྣམ་པར་གྲོལ་ལ་རྒྱབ་ཀྱིས་ཕྱོགས། །འཕགས་པའི་རྒྱལ་མཚན་དག་དང་འགལ། །དེ་ཡི་ཕྱིར་ན་བཟའ་མི་རིགས། །ཞེས་དང་། འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་ལས། །རྫས་ཐོབ་དོན་དུ་སྲོག་གཅོད་དང་། །བཟའ་བའི་དོན་དུ་རིན་འཇལ་བ། །གཉིས་པོ་དག་ཀྱང་གསོད་པ་སྟེ། །ངུ་འབོད་ལ་སོགས་རྣམས་སུ་འཚེ། །གང་ཕྱིར་རྫས་ཀྱི་ཤ་ཉོས་པ། །ཁྱིམ་པ་རྣམས་ལ་སྡིག་མེད་ན། །དེ་བཞིན་སྐུ་གཟུགས་ལ་སོགས་པ། བྱས་ནའང་ཇི་ལྟར་བསོད་ནམས་འགྱུར། །གསོད་པོ་ནོར་ལ་སྲེད་པ་དག །བསྐལ་པ་འབུམ་དུ་འཚེད་པའོ། །ཟ་བོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་འཚེད་པའོ། །ཤ་བཟའ་བ་ཡི་མི་གང་ཞིག །དང་པོ་ཡིདྭགས་འགྲོ་བ་སྟེ། །ཕྱི་མ་ངུ་འབོད་འགྲོ་བའོ། །ཞེས་དང་། གཞན་གྱིས་བསད་པ་བརྒྱ་ལས་ནི། །རང་གིས་བསད་དང་གསོད་བཅུག་པའི། །ཤ་ནི་ཉེས་པ་བརྒྱ་འགྱུར་ལྕི། །ཞེས་དང་། སྔ་འགྱུར་གཏོར་མའི་རྒྱུད་ལས། བརྩེ་བ་མེད་པར་སེམས་ཅན་གྱི་སྲོག་གཅོད་པ་དང་། སྲེད་པས་ཤ་ཁྲག་ལ་ཟ་བ་དག་བར་གྱི་བསྐལ་པ་ལྔ་བརྒྱར་ཚ་བའི་དམྱལ་བར་གནས་པར་གསུངས་པས་མཚོན་ཉེས་པ་མཐའ་ཡས་པ་གསུངས་ཤིང་། དེར་མ་ཟད་དེང་སང་གི་དུས་ན་རྟེན་བཞེངས་དང་སྒྲུབ་མཆོད་ཆོས་སྟོན་གཤིན་གསོན་གྱི་དགེ་སྒྲུབ་སོགས་ཀྱི་ཆེད་སེམས་ཅན་བསད་ན་རྣམ་སྨིན་སྡིག་པར་མི་འགྱུར་ཞིང་སེམས་ཅན་དེའང་འཚེང་སྙམ་པ་མང་དག་ཀྱང་སྣང་མོད། དེ་དག་གང་ཟག་འཕགས་པའི་རིགས་ཅན་ཐབས་དེས་གཞན་དོན་དུ་འགྱུར་བ་དང་། འགྱུར་བར་ཤེས་པ་དང་། རང་གི་དགེ་ཚོགས་མི་འགྲིབ་པ་སྟེ་རྒྱུ་མཚན་གསུམ་ཚང་ངེས་ཡིན་ན་དེ་ལ་ལུས་ངག་གི་སྤང་བདུན་གནང་བའི་སྐབས་ཡོད་པའི་ཕྱིར་དང་། ཁྱད་པར་ལྟ་དགོངས་ཚད་དུ་ཕྱིན་པས་རྟོགས་པས་བདག་དང་། ཐུགས་རྗེས་གཞན་སྒྲོལ་ནུས་པའི་མངོན་རྟགས་བསད་པ་གསོ་ནུས་པ་སོགས་སྔོན་ཟུར་པ་ཡབ་སྲས་དང་ཆོས་རྗེ་ཀཿཐོག་པ་ལྟ་བུ་ཡིན་ན་ཤིན་ཏུ་ངོ་མཚར་ཆེ་མོད། དེ་ལྟ་བུའི་རྒྱུ་མཚན་གང་ཡང་མེད་པར་སྐྱེས་བོས་རང་གར་སྤྱད་པ་ཡིན་ན་ནི་དེ་ལ་འདི་སྐད་ཅེས་འདྲི་བར་བྱ་སྟེ། ཀྭ་ཡེ་གྲོགས་པོ་དག་ཤེས་པར་གྱིས་ཤིགཁྱེད་ཀྱི་ངལ་བ་འདི་ཅིའི་སླད་དུ་སྒྲུབ། ཐབས་འདི་རྒྱལ་བ་དགྱེས་པའི་རྒྱུར་འདོད་པ་ཡིན་ནམ་མ་ཡིན། རྣམ་སྨིན་གྱི་འབྲས་བུ་ཡིད་འོང་འཐོབ་པའི་ཕྱིར་ཡིན་ནམ་མ་ཡིན། སྐྱེ་བོ་ཡ་རབས་ཀྱི་རྗེས་སུ་སློབ་པར་འདོད་པ་ཡིན་ནམ་མ་ཡིན། ཚུལ་འདི་ནང་པ་སངས་རྒྱས་པའི་ལུགས་དང་འབྲེལ་བ་ཡིན་ནམ་མ་ཡིན། དེ་བཞི་གང་ཡང་མ་ཡིན་ན་ཁྱེད་ཅག་ཅི་དགར་བྱོས་དང་ཁོ་བོ་ལ་གཉེར་མེད་དོ། །གལ་ཏེ་རྒྱལ་བ་དགྱེས་པའི་ཕྱིར་ཡིན་ན་ནི། བ་ཚྭའི་ཆུ་ཀླུང་གི་མདོ་ལས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཁོལ་དུ་ཕྱུང་བ། སེམས་ཅན་དོན་ཉིད་ང་ལ་གུས་ཡིན་གཞན་ལ་གུས་པས་མིན། །གུས་པའི་འང་ང་ཡི་དེ་ལ་སྙིང་རྗེ་མི་སྤོང་བ་ཡིན་ཏེ། །སྙིང་རྗེ་སྤངས་པའི་སྤྱོད་པས་དམན་པར་གྱུར་པ་གང་ཡིན་ལ། །སྙིང་རྗེ་ཉིད་ཀྱིས་དེ་ལ་གནོད་པར་རིགས་ཀྱི་གཞན་གྱིས་མིན། །གང་ཞིག་སེམས་ཅན་རྣམས་ལ་སྙིང་རྗེ་ལྡན་པས་རབ་འཇུག་ན། །དེས་ནི་ང་ལ་མཆོད་ཅིང་བསྟན་པ་གཅེས་པར་རབ་ཏུ་བཟུང་། །གང་ལ་ཚུལ་ཁྲིམས་ཐོས་དང་སྙིང་རྗེ་བློ་གྲོས་གསལ་ཡོད་པ། །དེ་ལྟར་དེས་ནི་བདེ་བར་གཤེགས་པ་རྟག་ཏུ་མཆོད་པར་འགྱུར་བ་ཡིན། །སེམས་ཅན་ཕན་པའི་དབང་དུ་བྱས་ནས་ངས་འདི་བསྒྲུབས་པ་སྟེ། །སྐུ་འདི་སེམས་ཅན་དོན་ཉིད་ཁོ་ནར་ཀུན་ནས་བསྐྱེད་པ་ལ། །གང་གིས་ཡིད་ཀྱིས་ཀྱང་ནི་སེམས་ཅན་དག་ལ་གནོད་བྱེད་པ། །དེ་ནི་ཇི་ལྟར་ང་ལ་བརྟེན་ཏེ་ང་ལ་ལྟོས་བྲལ་ཡིན། །གང་གིས་ཡིད་ལ་དགའ་བ་བསྐྱེད་ན་མཆོད་པ་ཡིན་པས་ན། །སེམས་ཅན་དག་ལ་ཕན་ན་དེ་ནི་ཆུང་ཡང་མཆོད་པ་ཡིན། །འཚེ་བའི་བདག་ཉིད་ཅན་དང་གཞན་ལ་གནོད་པ་འབྱུང་བ་ཡི། །མཆོད་པ་ལེགས་པར་སྦྱར་བ་ཡིན་ཡང་མཆོད་པར་འགྱུར་བ་མིན། །ཆུང་མ་རྣམས་དང་བུ་དང་དབང་ཕྱུག་རྒྱལ་སྲིད་ཆེན་པོ་དང་། །ཤ་རྣམས་དང་ནི་ཁྲག་དང་ཚིལ་དང་ལུས་རྣམས་དང་ནི་མིག །གང་རྣམས་ཁོ་ན་དགའ་བའི་དབང་བྱས་པ་ཡིས་བཏང་བ་སྟེ། །གང་ཞིག་དེ་ལ་འཚེ་ན་དེ་ནི་ང་ལ་གནོད་པ་ཡིན། །སེམས་ཅན་རྣམས་ལ་མཆོག་ཏུ་ཕན་ན་ང་ལ་མཆོད་མཆོག་ཡིན། །སེམས་ཅན་རྣམས་ལ་གནོད་པའི་མཆོག་ནི་ང་ལ་གནོད་མཆོག་ཡིན། །ང་དང་སེམས་ཅན་དག་ནི་བདེ་དང་སྡུག་བསྔལ་མཚུངས་འདོད་པས། །གང་ཞིག་སེམས་ཅན་གནོད་བྱེད་དེ་དག་ང་ལ་ཇི་ལྟར་མོས། །སེམས་ཅན་བརྟེན་ནས་ང་ཡིས་སྐྱོབ་པ་མཉེས་དང་དགེ་བ་བྱས། །སེམས་ཅན་དག་ལ་བརྟེན་ནས་དོན་བསྒྲུབས་ཕ་རོལ་ཕྱིན་པའང་འཐོབ། །སེམས་ཅན་དོན་ལ་ཡིད་ནི་བརྩོན་པ་བསྐྱེད་ནས་བདུད་བརྟུལ་ཏེ། །དེ་བཞིན་སེམས་ཅན་དེ་ཉིད་སྤྱོད་གང་ཡིན་པས་ང་སངས་རྒྱས། །གལ་ཏེ་སྐྱེ་དང་སྐྱེ་བར་སྲོག་ཆགས་དགའ་བའི་གྲོགས་མིན་ན། །གང་འདི་བྱམས་དང་སྙིང་རྗེ་སུ་ལ་དམིགས་པའི་གཞི་ལས་སྐྱེ། །རྣམ་ཐར་དགའ་སོགས་སུ་ལ་ལྟོས་ཤིང་ཡུལ་དང་གཞི་གང་ཡིན། །སུ་ཡི་དོན་དུ་རིང་ནས་ང་ཡི་ཡིད་ཀྱིས་སྙིང་རྗེ་བསྒོམ། །ངས་ནི་སྲོག་ཆགས་ཉིད་དེ་གླང་སོགས་དངོསགྱུར་དུ་མ་བྱིན། །སེམས་ཅན་ཉིད་ནི་སྣོད་དུ་གྱུར་པས་ང་ཡིས་སྦྱིན་པ་བླངས། །སེམས་ཅན་སྣ་ཚོགས་རྒུད་གྱུར་པ་ལས་ང་ཡི་སྙིང་རྗེ་འཕེལ། །གལ་ཏེ་སེམས་ཅན་མི་སྐྱོང་སུ་ཡི་དོནདུ་བསྒྲུབ་པར་བྱ། །གལ་ཏེ་སྲོག་ཆགས་འཁོར་བར་སྡུག་བསྔལ་དུ་མས་བཅོམ་མིན་ན། །སྐྱེ་བ་ལེན་ཅིང་སྡུག་བསྔལ་ཉམས་མེད་སུ་ཕྱིར་བདག་གིར་བྱེད། །བདག་ཉིད་ཆེན་པོ་འཁོར་བའི་རྒྱན་གྱི་བདེ་བར་གཤེགས་པ་འདི། །གལ་ཏེ་སེམས་ཅན་དགའ་ཕྱིར་མིན་ན་ངལ་འདིསུ་ཡི་ཕྱིར་དུ་བསྒྲུབས། །ང་ཡི་བསྟན་པ་ཇི་སྲིད་འགྲོ་བ་འདི་ན་གསལ་སྣང་བ། །དེ་སྲིད་གཞན་ལ་མཆོག་ཕན་བདག་གཞན་མཉམ་པར་གནས་པར་གྱིས། །ང་ཡི་སེམས་ཅན་དོན་དུ་རབ་མཉམ་སྐྱོ་མེད་སྦྱོར་རྣམས་ལ། །སྐྱོ་བར་བྱེད་པ་ལུས་འདི་ཟད་ཀྱིས་གསོས་པའི་སྙིང་པོ་མེད། །ཅེས་གསུངས་པ་དང་དངོས་སུ་འགལ་བར་མ་བྱེད་ཅིགཡང་རྣམ་སྨིན་གྱི་འབྲསབུ་བདེ་བ་དོན་དུ་གཉེར་བ་ཡིན་ན་ནི། དཀོན་མཆོག་བརྩེགས་པ་ལས། ཅི་འདྲ་བ་ཡི་ལས་བྱས་ན། །རྣམ་པར་སྨིན་པ་དེ་འདྲར་འགྱུར། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །དེ་ནི་ཅུང་ཟད་འགྱུར་བ་མེད། །ཅེས་དང་། འཇམ་དཔལ་རྩ་རྒྱུད་ལས། ལས་རྣམས་སྣ་ཚོགས་བདག་ཉིད་ཆེ། །རྟག་ཏུ་དཀར་ལ་དཀར་བ་འབྱུང་། །ནག་ལ་ནག་པའི་ལས་རྣམས་ནི། །ནག་པོ་ཉིད་དུ་སོ་སོར་སྨིན། །འདྲེས་མ་འདྲེས་མའི་ལས་རྣམས་ནི། །འདྲེས་མ་ཉིད་དུ་སོ་སོར་སྨིན། །ཞེས་དང་། རིན་ཆེན་ཕྲེང་བ་ལས། དགེ་བ་ལས་ནི་བདེ་བ་དང་། །དེ་བཞིན་འགྲོ་བ་འདི་དག་གོ །མི་དགེ་བ་ལས་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དེ། །ཞེས་དང་། རྨི་ལམ་ཡིད་བཞིན་ནོར་བུ་ལས། འདི་ལྟར་ཕན་དང་གནོད་པ་བྱས་པ་ལས། །བདེ་བ་དང་ནི་སྡུག་བསྔལ་ཚད་མེད་པ། །གཉིས་ཀའི་རྒྱུ་རུ་འགྱུར་བ་དེ་ཡི་ཕྱིར། །སེམས་ཅན་རྣམས་ནི་བདག་གི་བླ་མ་ཡིན། །འདི་ཉིད་ལ་ནི་གསོད་དང་འཆིང་བ་དང་། །བརྡེགས་དང་བསྡིགས་སོགས་སྡུག་བསྔལ་མྱོང་བ་གང་། དེ་ནི་སེམས་ཅན་འཚེ་བའི་འབྲས་བུ་ཞེས། །བདེ་བར་གཤེགས་པ་རྣམས་ཀྱིས་བཀའ་སྩལ་ཏོ། །གཟུགས་དང་ནད་མང་དག་གིས་གནོད་པ་དང་། །ཕོངས་དང་རིགས་ངན་ཚེ་ནི་ཐུང་བ་དང་། །ཆུང་མ་ཤི་དང་ལོང་བར་གྱུར་པ་ཉིད། །སེམས་ཅན་གནོད་པ་བྱས་པའི་འབྲས་བུ་ཡིན། །མནར་མེད་པ་ཡི་བར་གྱི་ངན་སོང་གི། །གནསསུ་སྡུག་བསྔལ་སྣ་ཚོགས་མྱོང་བ་གང་། །དེ་དག་ཐམས་ཅད་རང་གི་ཉེས་པ་ཡིས། །སེམས་ཅན་རྣམས་ལ་གནོད་པ་བྱས་པས་ཡིན། །ཞེས་དང་། སྦྱིན་པའི་ཕར་ཕྱིན་བསྟན་པའི་མདོ་ལས། མངལ་ན་གནས་པ་ཡན་ཆད་ཀྱང་། །ཀུན་ལ་སྲོག་ནི་སྡུག་པའི་ཕྱིར། །བདག་གི་སྲོག་ཕངས་གང་ཡིན་པ། །དེ་ནི་སྲོག་ཆགས་གསོད་མི་བྱེད། །ཅེས་དང་། ཚེ་མཐའི་མདོ་ལས། བ་གླང་མ་ཧེ་ར་ལུག་དང་། །རི་དྭགས་བྱ་གག་ཕག་རྣམས་དང་། །དེ་བཞིན་སྲོག་ཆགས་གཞན་གསོད་པ། །བསྡུས་འཇོམས་དག་ཏུ་སྐྱེ་བར་འགྱུར། །ཞེས་དང་། དྲན་པ་ཉེར་བཞག་ལས། སེམས་ཅན་གཅིག་གི་སྲོག་བཅད་ན་བར་གྱི་བསྐལ་པ་གཅིག་ཏུ་སེམས་ཅན་ཉི་ཚེ་བའི་དམྱལ་བར་གནས་པ་དང་། ཕྱུགས་བསད་པའི་མཆོད་སྦྱིན་བྱས་ན་མུན་པ་ཆེན་པོའི་དམྱལ་བར་སྐྱེ་བར་གསུངས་པ་དང་། རྟ་དབྱངས་ཀྱིས། ཟས་ཀྱི་ཆེད་དུ་བརྩེ་མེད་པར། །སྲོག་ཆགས་གསོད་ཅིང་སྦྱིན་བྱེད་གང་། །དེ་དག་ཤི་ནས་ངེས་པར་ནི། །སྲིན་པོའི་བཟའ་དང་བཅའ་བར་འགྱུར། །ཞེས་སོགས་ལུང་མཐའ་ཡས་ལ། མདོར་ན་སྐྱེས་རབས་ལས། བདག་གི་ཕྱིར་དང་གཞན་གྱི་ཕྱིར་དག་ཏུ། །བདེ་བ་འདོད་ན་སྡིག་པ་མི་བྱ་སྟེ། །བྱིས་པ་བདེ་འདོད་གང་ཞིག་སྡིག་བྱེད་ན། །དེ་ཡི་འབྲས་བུ་སོ་སོར་མྱོང་བར་འགྱུར། །ཞེས་དང་། མ་མཐོང་བར་ནི་སྡིག་པ་བགྱིས་པ་དག །དུག་ཟོས་བཞིན་དུ་བདེ་བར་ག་ལ་འགྱུར། །ལྷ་དང་རྣལ་འབྱོར་ཅན་གྱི་མི་དག་གིས། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་དང་། ཆེད་དུ་བརྗོད་བའི་ཚོམ་ལས། གང་ཞིག་བདེ་བ་འདོད་པའི་ཕྱིར། །རྒོད་བཞིན་སྡིག་པའི་ལས་བྱས་པའི། །སྡིག་པའི་ལས་དེའི་རྣམ་སྨིན་དག །ངུ་བཞིན་ཉམས་སུ་མྱོང་བར་འགྱུར། །ཞེས་གསུངས་ན་བདེ་བ་དང་དངོས་སུ་འགལ་བའི་རྒྱུ་ལ་ཅིའི་ཕྱིར་འབད། དེས་ན་བཤེས་སྤྲིང་ལས། ཁྱོད་ཀྱིས་དགེ་སྦྱོང་ལྷ་དང་བྲམ་ཟེ་དང་། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱི་སྟེ། །དམྱལ་བའི་སྡུག་བསྔལ་སྐལ་ནོད་འགའ་མ་མཆིས། །སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང་། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལགས་མངོན་དུ་འགྱུར། །ཞེས་གསུངས། དེ་བས་ན་གང་སྐྱེས་བུ་རྣམས་ཀྱི་དོན་དུ་གཉེར་བྱ་ནི་མཐོ་རིས་ཀྱི་ཡོན་ཏན་བདུན་པོ་འདི་དག་ཡིན་ཏེ། དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་དག་ལས་གསུངས། །ཞེས་དང་། དེ་རྣམས་འགྲུབ་བྱེད་ཀྱི་རྒྱུའང་། གསོད་སར་ཚུད་པ་ལེགས་བཏང་དང་། །དེ་བཞིན་སྲོག་གིས་ཕན་བཏགས་ཤིང་། །སྲོག་ཆགས་འཚེ་བ་ལས་ལྡོག་པས། །ཚེ་རིང་བ་དག་ཐོབ་པར་འགྱུར། །ནད་པའི་བསྙེན་བཀུར་བྱས་སྨན་པ། །སྨན་ནི་རབ་ཏུ་ཕྱིན་པ་དང་། སྲོག་ཆགས་བོང་བ་དབྱིག་སོགས་ཀྱིས། །འཚེ་བ་མེད་པས་ནད་མེད་ཡིན། །ཁྲོ་བ་མེད་ལ་བརྟེན་པ་དང་། །རྒྱན་བྱིན་པ་ལས་གཟུགས་བཟང་ཉིད། །ཕྲག་དོག་མེད་པའི་འབྲས་བུ་ཉིད། །སྐལ་བ་བཟང་པོར་ཡོངས་སུ་བཤད། །དམ་པ་མཆོད་ཅིང་བསྙེན་བཀུར་བྱས། །ང་རྒྱལ་སྤངས་པས་རིགས་མཐོར་འགྱུར། །སྦྱིན་བྱེད་རྐུ་བ་ལས་ལྡོག་པས། །ལོངསསྤྱོད་ཕུན་སུམ་ཚོགས་འཐོབ་འགྱུར། །དགེ་དང་སྡིག་པ་གང་ཡིན་ཞེས། །ཡང་དག་འདྲི་ལ་བརྩོན་པ་དང་། །ཆོས་ཀྱི་བསྟན་བཅོས་བྱིན་པ་ཡིས། །བློ་གྲོས་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་གསུངས། གཞན་ཡང་འཕགས་པ་རྒྱལ་བའི་བློ་གྲོས་ཀྱི་མདོ་ལས་གསུངས་པའི་དོན་ཚིགས་བཅད་དུ་སྡེབ་པ། བསོད་ནམས་འདོད་པས་དེ་བཞིན་གཤེགས་མཆོད་བྱ། །ཤེས་རབ་འདོད་པས་ཐོས་ལ་བརྩོན་པར་བྱ། །མཐོ་རིས་འདོད་པས་ཚུལ་ཁྲིམས་བསྲུང་བར་བྱ། །ལོངས་སྤྱོད་འདོད་པས་གཏོང་བ་སྤེལ་བར་བྱ། །གཟུགས་བཟང་འདོད་པས་བཟོད་པ་བསྒོམ་པར་བྱ། །སྤོབས་པ་འདོད་པས་བླ་མ་ལ་གུས་བྱ། །གཟུངས་ཐོབ་འདོད་པས་ང་རྒྱལ་མེད་པར་བྱ། །ཡེ་ཤེས་འདོད་པས་ཚུལ་བཞིན་ཡིད་བྱེད་བྱ། །ཐར་པ་འདོད་པས་སྡིག་རྣམས་སྤང་བར་བྱ། །འགྲོ་ཀུན་བདེ་འདོད་བྱང་ཆུབ་སེམས་བསྐྱེད་བྱ། །སྐད་སྙན་འདོད་པས་བདེན་པར་སྨྲ་བར་བྱ། །ཡོན་ཏན་འདོད་པས་དབེན་པར་དགའ་བར་བྱ། །ཆོས་འདོད་དགེ་བའི་བཤེས་ལ་བསྟེན་པར་བྱ། །ཞི་གནས་འདོད་པས་འདུ་འཛི་མེད་པར་བྱ། །ལྷག་མཐོང་འདོད་པས་ཆོས་ཀུན་སྟོང་པར་བརྟག །ཚངས་གནས་འདོད་པས་བྱམས་སོགས་བསྒོམ་པར་བྱ། །ལྷ་མིའི་དཔའ་འདོད་དགེ་བཅུའི་ལས་ལམ་བླང་། །མྱ་ངན་འདའ་འདོད་ཆོས་ལ་མངོན་དགའ་བྱ། །ཡོན་ཏན་ཐོབ་འདོད་དཀོན་མཆོག་མཆོད་པར་བྱ། །དེ་སྐད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པས། །རང་གཞན་གནས་སྐབས་མཐར་ཐུག་བདེ་བའི་རྒྱུ། །དོན་དུ་གཉེར་རྣམས་འདི་ལ་འབད་པར་མཛོད། །ཡང་སྐྱེ་བོ་ཡ་རབས་ཀྱི་རྗེས་སུ་སློབ་པར་འདོད་པ་ཡིན་ན་ནི། ལུགས་ཀྱི་བསྟན་བཅོས་དམ་པའི་རྒྱན་ལས། བཀུར་བར་འོས་པ་ལེགས་ཁུར་ཞིང་། །མགོན་མེད་པ་ལ་ལྷག་པར་བྱམས། །བྱས་ལ་དྲིན་ལན་མི་བརྗེད་པ། །དམ་པ་རྣམས་ཀྱི་མཛད་སྤྱོད་ཡིན། །ངོ་ཚ་དོར་བའི་འཚོ་བ་དང་། །སྡིག་དང་འབྲེལ་བའི་ལོངས་སྤྱོད་དང་། །མཛའ་བོ་བསླུ་བའི་མངའ་ཐང་ལས། །དམ་པ་རང་ཉིད་འཆི་བ་འདམ། །ཞེས་དང་། སྐྱེ་བོ་ངན་པ་སྡིག་ལ་དགའ། །བྱས་ལ་དྲིན་དུ་མི་གཟོ་དང་། །ངོ་ཚ་དགྲ་བོ་བཞིན་དུ་འདོར། །རང་དོན་འགྲུབ་ན་ཅིར་ཡང་བྱེད། །ཅེས་དང་། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་བཅད་ལས། རྒྱ་མཚོ་དང་ནི་རི་རབ་དང་། །ས་རྣམས་བདག་གི་ཁུར་མིན་གྱི། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །མི་གང་སེམས་ནི་མི་རྒོད་ཅིང་། །བྱས་པ་གཟོ་དང་བྱས་པ་ཚོར། །བྱས་པ་ཆུད་གཟོན་མི་བྱེད་པ། །དེ་དག་མཁས་པས་རབ་ཏུ་བསྔགས། །གང་ཞིག་རྒན་དང་བྱིས་པ་ནད་པ་དང་། །ཉམ་ཆུང་ཐབས་སྟོར་དེ་བཞིན་དམན་པ་དང་། །རྒྱལ་པོསསྤངས་དང་སྐྱབས་མེད་པ་དག་ལ། །སྙིང་བརྩེ་མེད་པ་དེ་དག་མིར་མི་རུང་། །ཞེས་དང་། ཆེད་དུ་བརྗོད་པའི་ཚོམ་ལས། བག་ཡོད་འཆི་མེད་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། །བག་ཡོད་འཆི་བར་མི་འགྱུར་ཏེ། །བག་མེད་པ་ནི་རྟག་ཏུ་འཆི། །དེ་ཡི་ཁྱད་པར་འདི་རིག་པས། །མཁས་པ་རྣམས་ནི་བདག་དང་བཅས། །བག་ཡོད་པ་ལ་རབ་དགའ་བ། །འཕགས་པའི་སྤྱོད་ཡུལ་དགའ་བ་ཡིན། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །བག་མེད་པ་ལ་སྦྱོར་བྱེད་པ། །སྐྱེ་བོ་བྱིས་པ་བསམ་བརླག་ཡིན། །ཚོང་དཔོན་ནོར་རྣམས་བསྲུང་བ་ལྟར། །མཁས་པ་བག་དང་ལྡན་པར་བྱ། །བག་མེད་ཕ་རོལ་བུད་མེད་བསྟེན་བྱེད་པའི། །མི་གང་ཡིན་ལ་གནས་སྐབས་འདི་བཞི་འབྱུང་། །བསོད་ནམས་མི་འཐོབ་བདེ་བར་མི་ཉལ་དང་། །གསུམ་པ་སྨད་གྱུར་བཞི་པ་དམྱལ་བར་འགྱུར། །བསོད་ནམས་མ་ཐོབ་སྡིག་པའི་འགྲོ་བ་དང་། །འཇིགས་དང་བག་ཚ་ལྷན་ཅིག་བདེ་བ་ཆུང་། །རྒྱལ་པོའི་ཆད་པ་ཆེན་པོས་གཅོད་འགྱུར་ཞིང་། །ལུས་ཞིག་སེམས་ཅན་དམྱལ་བ་རྣམས་སུ་འཚེད། །ཚེ་འདིའི་དོན་ནི་གང་ཡིན་དང་། །ཕྱི་མའི་དོན་ནི་གང་ཡིན་པ། །དེ་དག་བརྟན་པས་རྟོགས་པས་ན། །མཁས་པ་ཞེས་ནི་བརྗོད་པ་ཡིན། །ཕྱོགས་རྣམས་གང་དུ་སེམས་ཀྱིས་རྣམ་བརྟགས་ཀྱང་། །བདག་ལས་ཆེས་སྡུག་འགའ་ཡང་མ་མཐོང་བ། །དེ་ལྟར་སོ་སོར་གཞན་ལའང་རབ་སྡུག་པས། །དེ་ཕྱིར་བདག་དགས་གཞན་ལ་གནོད་མི་བྱ། །ཐམས་ཅད་ལ་ཡང་སྲོག་འདི་སྡུག །ཐམས་ཅད་ཆད་པས་འཇིགས་པས་ན། །རང་གི་ཉམས་ལ་དཔག་གྱིས་ཏེ། །བརྡེག་པར་མི་བྱ་གསད་མི་བྱ། །གང་དག་དོན་ནི་མི་ལྡན་ཚིག །ཚིགས་བཅད་བརྒྱ་དག་སྨྲ་བ་བས། །གང་དག་ཉེ་བར་ཞི་གྱུར་པའི། །དོན་ལྡན་ཚིག་གཅིག་ཐོས་པ་རུང་། །ཚུལ་འཆལ་མཉམ་པར་མ་བཞག་པར། །ལོ་བརྒྱར་གསོན་པ་གང་ཡིན་ལས། །ཚུལ་ཁྲིམས་ལྡན་ཞིང་མཉམ་བཞག་པ། །ཉིན་ཞག་འགའ་ཞིག་གསོན་པ་རུང་། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །མཁས་དང་འདྲི་དང་བྱིས་པའི་སྐྱེ་བོ་དང་། །ལྷན་ཅིག་སྤྱོད་དང་གཅིག་པུར་གནས་ཀྱང་རུང་། །ངང་པས་ཆུ་ལས་འོ་མ་འཐུང་བ་ལྟར། །མཁས་པས་སྡིག་པ་ཅན་རྣམས་རབ་ཏུ་སྤང་། འཇིག་རྟེན་ཉེས་དམིགས་མཐོང་བ་དང་། །འགོག་པར་འགྱུར་བའི་ཆོས་མཐོང་བས། །འཕགས་པ་སྡིག་ལ་དགའ་མི་བྱེད། །སྡིག་ཅན་དགེ་ལ་དགའ་མི་འགྱུར། །གནས་མིན་བཟློག་དང་ལེགས་སྨྲ་དང་། ཉེས་དམིགས་སྟོན་པར་བྱེད་པ་དང་། །མཁས་པས་ཚར་གཅོད་སྨྲ་བྱེད་པ། །དེ་ལྟའི་སྐྱེ་དགུ་བརྟེན་པར་བྱ། །དེ་ལྟ་བུ་དག་བརྟེན་བྱས་ན། །སྡིག་པར་མི་འགྱུར་ལེགས་པར་འགྱུར། །ཉེ་བར་ཞི་ཞིང་རབ་ཞི་ལ། །དལ་བུས་སྨྲ་ཞིང་ཁེངས་མེད་པ། །སྡིག་པའི་ཆོས་རྣམས་སྤྲུག་བྱེད་དེ། །རླུང་གིས་ལྗོན་ཤིང་ལོ་མ་བཞིན། །གང་ཞིག་སྐྱེས་བུ་དག་ཅིང་ཉོན་མོངས་མེད། །རབ་ཏུ་སྡང་མེད་མི་ལ་ཁྲོ་བྱེད་པའི། །བྱིས་པ་དེ་ལ་སྡིག་པ་ཕྱིར་འགོག་སྟེ། །རྫི་ཕྱོགས་སུ་ནིརྡུལ་རྣམས་གཏོང་བ་བཞིན། །དགེ་བ་བྱེད་པས་དགེ་བ་དང་། །སྡིག་པ་བྱེད་པས་སྡིག་པསྟེ། །མི་ཡིས་གང་དང་གང་བྱས་པ། །དེ་དེ་རང་གིས་མཐོང་བར་འགྱུར། །བདག་གིས་སྡིག་པ་བྱས་ན་ནི། །དེ་བདག་ཁོ་ན་ཀུན་ཉོན་མོངས། །བདག་གིས་སྡིག་པ་མ་བྱས་ན། །བདག་ཉིད་ཁོ་ན་རྣམ་པར་དག །གཞན་གྱི་གཞན་སྤྱོད་མི་བྱེད་ཀྱི། །དག་དང་མ་དག་རང་རང་བྱེད། །བདག་ཉིད་ཀྱིས་ནི་སྡིག་པ་དག །བྱས་ཤིང་ཉེ་བར་བསགས་པ་ཡིས། །བསམ་བརླག་མངོན་པར་འཇོམས་པར་བྱེད། །རྡོ་རྗེས་ནོར་བུ་འབིགས་པ་བཞིན། །མིག་ལྡན་འགྲོ་བར་བྱེད་པ་ཡིས། །ཉམ་ངའི་ལམ་དག་ཇི་ལྟ་བར། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤང་། །ནོར་ཆེན་གྱིས་ནི་གྲོགས་ཉུང་དང་། །ཚོང་པས་འཇིགས་བཅས་ལམ་དང་ནི། །གསོན་པར་འདོད་པས་དུག་ལྟ་བུར། །མཁས་པས་སྡིག་ཅན་ཡོངས་སུ་སྤང་། །གལ་ཏེ་ལག་མཐིལ་རྨ་མེད་ན། །ལག་པས་དུག་ནི་བཟུང་བྱས་ཀྱང་། །རྨ་མེད་དུག་ནི་མི་འཛིན་ལྟར། །མ་བྱས་པ་ལ་སྡིག་པ་མེད། །བདག་ལ་མི་ཕན་བྱ་བ་དང་། །ལེགས་པ་མ་ཡིན་བྱ་བར་སླ། །གང་དག་ཕན་ཞིང་བདེར་འགྱུར་བ། །དེ་ནི་མཆོག་ཏུ་བྱ་བར་དཀའ། །དམ་པས་ལེགས་པ་བྱ་སླ་ཡི། །དམ་པས་སྡིག་པ་བྱ་བར་དཀའ། །ངན་པས་སྡིག་པ་བྱ་སླ་ཡི། །འཕགས་པས་སྡིག་པ་བྱ་བར་དཀའ། །ཇི་སྲིད་སྡིག་པ་མ་སྨིན་པ། །དེ་སྲིད་བྱིས་པ་མངར་བར་སེམས། །གང་ཚེ་སྡིག་པ་སྨིན་གྱུར་པ། །དེ་ཚེ་དེ་ནི་ཚ་བར་སེམས། །ཇི་སྲིད་སྡིག་པ་མ་སྨིན་པ། །དེ་སྲིད་སྡིག་པ་རུང་བར་ལྟ། །གང་ཚེ་སྡིག་པ་སྨིན་གྱུར་པ། །དེ་ཚེ་སྡིག་པ་མཐོང་བར་འགྱུར། །ཇི་སྲིད་བཟང་པོ་མ་སྨིན་པ། །དེ་སྲིད་བཟང་པོ་སྡིག་པར་མཐོང་། །གང་ཚེ་བཟང་པོ་སྨིན་གྱུར་པ། །དེ་ཚེ་བཟང་པོ་མཐོང་བར་འགྱུར། །སྡིག་པ་སྡུག་བསྔལ་སོགས་པས་ན། །དེ་ལ་དགའ་བར་མི་བྱའོ། །བརྒྱ་ལ་སྡིག་པར་བྱས་ན་ཡང་། །ཡང་དང་ཡང་དུ་དེ་མི་བྱ། །བསོད་ནམས་བདེ་བ་སོགས་པས་ན། །དེ་ཉིད་ལ་ནི་དགའ་བར་བྱ། །གལ་ཏེ་བསོད་ནམས་བྱས་ན་ཡང་། །དེ་ནི་ཡང་དང་ཡང་དུ་བྱ། །སྡིག་ལ་ཡིད་ནི་མངོན་དགའ་བ། །བསོད་ནམས་དལ་བུས་བྱེད་འགྱུར་བས། །སྡིག་པ་ལས་ནི་སེམས་བཟློག་སྟེ། །བསོད་ནམས་མངོན་པར་བསྒྱུར་ཏེ་བྱ། །སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་བར་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་སུམ་འབྱོར་པ་བཞིན། །གང་ཞིག་ཉེས་མེད་ཆད་པས་གཅོད། །སྡང་བ་མིན་ལ་རབ་སྡང་བ། །གནས་གཞན་གང་ཡང་རུང་བ་བཅུ། །མྱུར་དུ་ཐོབ་པ་ཁོ་ནར་འགྱུར། །ཚོར་བ་མི་བཟད་པ་དག་གམ། །ཡང་ན་ལུས་ནི་འདྲལ་བའོ། །གནོད་པའི་ཚོར་བ་ཚ་བའང་རུང་། །ཡང་ན་སེམས་འཁྲུགས་ཐོབ་པར་འགྱུར། །གཉེན་འདུན་རྣམས་དང་བྲལ་བའམ། །ལོངསསྤྱོད་ཟད་པར་འགྱུར་བའམ། །རྒྱལ་པོའི་གནོད་པ་འགྱུར་བའམ། །མི་སྙན་ཤིན་ཏུ་མི་བཟད་དམ། །ཡང་ན་ཁྱིམ་ནི་མེ་ཆེན་པོས། །ངེས་པར་སྲེག་པར་བྱེད་པར་འགྱུར། །ཤེས་རབ་འཆལ་བས་ལུས་ཞིག་ནས། །བཅུ་པ་ངན་འགྲོར་འགྲོ་བར་འགྱུར། །སྡིག་པ་བྱས་པས་བག་དབབ་མི་བྱ་སྟེ། །རིང་བྱས་རྒྱང་མར་བྱས་ཀྱང་བག་མི་དབབ། །དབེན་པར་བྱས་ཀྱང་བག་དབབ་མི་བྱ་སྟེ། །དེ་ཡི་རྣམ་སྨིན་ཡོད་པས་བག་མི་དབབ། །བདག་ཉིད་ནག་པོའི་ཆོས་དང་ལྡན་མཐོང་ནས། །འདིར་ཡང་མྱ་ངན་གཞན་དུའང་མྱ་ངན་བྱེད། །སྡིག་པ་བྱས་པས་གཉིས་ཀར་མྱ་ངན་བྱེད། །དེ་ནི་མྱ་ངན་དེ་རབ་མྱ་ངན་མེད། །སྡིག་པ་བྱས་ཤིང་བསོད་ནམས་མ་བྱེད་ལ། །ཆོས་དང་གོལ་ཞིང་ཆོས་མིན་ཐོབ་པའི་མོད། །སྡིག་པའི་ལས་ཅན་འཆི་བས་འཇིགས་འགྱུར་ཏེ། །ཆུ་ཆེན་ནང་དུ་གྲུ་ངན་ཞིག་པ་བཞིན། །གཞན་ལ་སྡུག་བསྔལ་བསྐྱེད་པ་ཡིས། །གང་ཞིག་བདག་ནི་བདེ་འདོད་པ། །དགྲ་དང་མི་འབྲལ་འགྲོགས་པ་དང་། །དེ་ནི་སྡུག་བསྔལ་ལས་མི་འགྲོལ། །བདེ་{བ་ཞུ་མཆན།} འདོད་ཕྱིར་འབྱུང་པོ་ལ། །གང་ཞིག་འཚེ་ཞིང་ཆད་པས་གཅོད། །བདག་གི་བདེ་བ་འདོད་པ་དེ། །ཕ་རོལ་དུ་ཡང་བདེ་མི་འགྱུར། །གང་ཞིག་བདེ་བ་འདོད་པ་དང་། །འབྱུང་པོ་ལ་ནི་མི་འཚེ་ཞིང་། །ཆད་པས་མི་གཅོད་བདེ་འདོད་པ། །དེ་དག་ཕ་རོལ་བདེ་བ་འཐོབ། །ཆོས་སྤྱོད་ལེགས་པར་སྤྱད་བྱ་ཞིང་། །ཉེས་པར་སྤྱད་པ་དེ་མི་སྤྱད། །ཞེས་སོགས་རྒྱ་ཆེར་གསུངས་ཏེ། འདི་ལ་འབྱུང་པོ་ནི་སྲོག་ཆགས་སྤྱི་ལ་འཇུག་པའི་མིང་ངོ་། །མདོར་ན་རྨི་ལམ་ཡིད་བཞིན་ནོར་བུ་ལས། །གང་གི་མངལ་དུ་ལན་གཅིག་མིན་པར་བདག །མ་གནས་པའམ་གང་ལ་བདག་མ་གནས། །སེམས་ཅན་དེ་ནི་འདི་ན་གང་ཡང་མེད། །དེ་ཕྱིར་ཐམས་ཅད་གཉེན་དུ་གྱུར་པ་ཡིན། །ཞེས་གསུངས་པས། དེ་དག་བསད་ནས། ཤ་ཁྲག་གིསྟོན་མོ་འགྱེད་པ་དམ་པའི་ངང་ཚུལ་དང་ཡ་རབས་ཀྱི་སྤྱོད་པར་ཇི་ལྟར་འགྱུར། དེ་བས་ན་འཇིག་རྟེན་ཕ་རོལ་ཡོད་པ་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་ལྡན་པས། སྤྱོད་པ་མི་དགེ་བཅུ་སྤང་གི་དགེ་བཅུའི་ལམ་ཡང་དག་པ་དང་། འབྱེད་པའི་ལེའུ་ཆུང་བ་ལས། དཀོན་མཆོག་ལ་དད་པ་སྐྱོ་ངལ་མེད་པར་བྱེད་པ་དང་། དོན་དམ་པར་དམ་པའི་ཆོས་བཙལ་བ་དང་། གཙུག་ལག་བཟང་པོ་ལ་མཁས་པར་སློབ་པ་དང་། ཅི་ལའང་རན་ཞིང་ཚོད་ཟིན་པར་བྱ་བ་དང་། མ་བཅོས་པའི་ལས་ལ་གཏོགས་འདོད་མི་བྱེད་པ་དང་། མིག་མཐོ་སར་བལྟ་ཞིང་གོང་མ་རྣམས་ཀྱི་རྗེས་སུ་སྙེག་པ་དང་། དུས་གསུམ་གྱི་ཕ་མ་ལ་དྲིན་ལན་བསླན་པ་དང་། ཕུ་ནུ་དང་ཕ་ཚན་གྱི་ནང་དུ་ཤོང་ཡངས་ཆེ་བ་དང་། རིམ་པས་རྒན་པ་ལ་བཀུར་སྟི་བྱ་བ་དང་། ཁྱིམ་མཚེས་ལ་བྱམས་པར་བྱ་བ་དང་། གཉེན་གྲོགས་ཀྱི་དགེ་བཤེས་ལ་དཀའ་ལས་ཀྱིས་ཕན་འདོགས་པ་དང་། སྲིད་ཀྱིས་འབྲེལ་བའི་ཉེ་རིང་ལ་ཆབ་གང་མཐར་དབྱུང་བ་དང་རིག་བྱེད་བཟོ་ལ་མཁས་པས་གཞན་ལ་ཕན་པ་དང་། ལྟོས་པའི་མི་དྲིན་གྱིས་སྐྱབས་འོག་ཏུ་གཞུག་པ་དང་། ངན་བྱེད་ཀྱི་གྲོས་བཀག་ནས་རྒྱལ་ཁམས་བདེ་ཡངས་ཀྱི་གྲོས་གཞི་འདིང་བ་དང་། ལས་མཐའ་ཆོས་ལ་གཏད་དེ་ཕྱི་མར་བུ་སྨད་ཀྱིས་བྱང་ཆུབ་ཀྱི་གཞི་ཐོབ་པར་བྱའོ། །ཞེས་གསུངས་པ་ལྟར་མི་ཆོས་གཙང་མ་བཅུ་དྲུག་ལ་ཚུལ་བཞིན་དུ་སྤྱོད་ན་སྐྱེ་བོ་དམ་པའི་གྲངས་སུ་འགྲོ་ཞིང་། དངོས་སུ་མཐོ་རིས་དང་། བརྒྱུད་ནས་ཐར་པ་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། ཀླུ་སྒྲུབ་ཀྱི་ཤེས་རབ་བརྒྱ་བ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཞེས་གསུངས་པས་ཚུལ་དེ་ལ་སྤྱོད་ཅིགཡང་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་འབྲེལ་བར་འདོད་པ་ཡིན་ན་ནི། ཇི་སྐད་དུ། སངས་རྒྱས་འཇིག་རྟེན་ཕན་བརྩོན་པའི། །ཆོས་ནི་འཚེ་བ་མེད་པ་ཡིན། །དེ་ལ་ཡིད་བརྟན་དེ་རྗེས་ཞུགས། །དེ་ཡང་འཚེ་བ་མེད་པར་བརྗོད། །ཡུན་རིང་ཕན་པའི་བྱ་བ་མཛད། །དེ་ལས་བྱང་ཆུབ་ཐོབ་གྱུར་ན། །རྟག་ཏུ་འཚེ་མེད་ཕན་པར་སྤྱོད། །འཁོར་ལའང་ཕན་པ་བརྩོན་པར་འདོམས། །བྲམ་ཟེའམ་ཡང་ན་དགེ་སྦྱོང་ནི། །གཞན་གྱི་ཐོས་པའི་ཚིག་ལ་ཡང་། །འདིས་གནོད་བྱས་པའི་ཚུལ་ཡོན་མིན། །ཀུན་ཏུ་དགེ་བའི་ངང་ཚུལ་འདིའོ། །ཞེས་དང་། ཁྱད་པར་འཕགས་བསྟོད་ལས། ལྷ་རྟེན་དང་ནི་མཆོད་སྦྱིིན་ལ། །སེམས་ཅན་གསོད་པར་བྱེད་པ་གང་། །འཇིག་རྟེན་པ་ཡི་ཆོས་སུ་འཚལ། །ཁྱོད་ཀྱིས་བསྟན་ལ་འདི་དག་སྨད། །གང་ཞིག་སྲོག་ཆགས་ལ་རྟག་གནོད། །དེ་ལ་ཆོས་ཉིད་ག་ལ་ཡོད། །གཙོ་བོ་ཁྱོད་ཀྱིས་རང་ཉིད་ཀྱི། །སྲོག་གིས་སེམས་ཅན་ལེགས་པར་བསྲུང་། །ཞེས་དང་། མཆོད་སྦྱིིན་ལ་ནི་ཕྱུགས་འགུམ་པ། །དྲང་སྲོང་རྣམས་ནི་སྨྲ་ཞེས་གྲགས། །སྡིག་མེད་ཁྱོད་ཀྱིས་གྲོག་མ་ལའང་། །གནོད་པ་བགྱིད་པ་རྗེས་མ་གནང་། །ཞེས་མ་གསུངས་སམ། གཞན་ཡང་། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པས་རྣམ་གྲོལ་གྱི་ཡོན་ཏན་བསྐྱེད་པའི་གཞིའམ་རྩ་བར་གྱུར་བ་ནི་སྐྱབས་སུ་འགྲོ་བའི་སྡོམ་པ་ཉིད་ཡིན་ན། དེའི་བསླབ་བྱར། ཤིན་ཏུ་རྒྱས་པའི་མདོ་ལས། དམ་པའི་ཆོས་ལ་སྐྱབས་གསོལ་ན། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །ཞེས་དང་། སོ་སོར་ཐར་པ་ལས་ཀྱང་། རབ་ཏུ་བྱུང་བ་གཞན་ལ་འཚེ་བ་དང་། །གཞན་ལ་གནོད་པ་དགེསྦྱོང་མ་ཡིན་ནོ། །ཞེས་པ་དང་། བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་ཡང་ཅིའི་ཕྱིར་མི་འགལ། ཡང་སེམས་ཅན་དེའི་ཤ་ཁྲག་གི་འབྲེལ་བས་ཆོག་སྙམ་ན། སྐྱེས་རབས་ལས། ལོག་པར་སྤྱད་པའི་ཡིད་ནི་མ་ལོག་ཅིང་། །དགེ་བའི་ལས་ལམ་ངེས་པར་མ་བྱས་པའི། །ཕྱུགས་རྣམས་མཆོད་སྦྱིན་ལ་ནི་བསད་གྱུར་ན། །བདག་ཅག་གཞི་མེད་ཇི་ལྟར་མཐོ་རིས་འགྲོ། །མཆོད་སྦྱིན་ལ་བསད་མཐོ་རིས་འགྲོ་ན་ནི། །བྲམ་ཟེ་རང་ཉིད་ཕྱུགས་ལ་བསྒྱུར་ལ་རག །ཞེས་མ་གསུངས་སམ། དེ་ཕྱི་རོལ་བའི་མཆོད་སྦྱིན་ལ་དགོངས་སྙམ་ན། བྱང་ཆུབ་སེམས་དཔའི་སྐྱེས་རབས་ཇི་སྙེད་པར་ཐབས་མཁས་ཀྱི་མཛད་པས་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་མཛད་པ་ལ་དེ་ལྟར་མཛད་པའི་རྣམ་ཐར་གང་ནས་བསྟན། དེར་མ་ཟད་ཉན་ཐོས་མཽང་གལ་བུ་ལྟ་བུས་ས་ཆེན་པོ་འདམ་བུའི་ཚལ་བཞིན་གང་ཡང་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་གི་སྟོབས་དང་རྫུ་འཕྲུལ་ལ་དཔེ་གྲངས་རྒྱུར་ཡང་མི་འགྲོ་ན་ཐབས་དེ་ཆེས་སླ་བའི་ཕྱིར་ཚུལ་དེས་སེམས་ཅན་ཅན་རྣམས་དྲངས་ཟིན་ནས་ད་ལྟ་སུ་ཡང་འཁོར་བ་ན་གནས་པའི་མི་རིགས་སོ། །ཡང་འཕགས་པའི་དགེ་འདུན་དང་གཟུངས་སྔགས་སོགས་ཀྱི་ནུས་པའི་མཐུ་བསམ་གྱིས་མི་ཁྱབ་སྙམ་ན། དེ་དེ་ལྟར་ལགས་མོད་སེམས་ཅན་གྱི་ལསཚུལ་འདི་ཡང་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་ཤཱཀྱ་ཐུབ་པའི་ཕྱག་གིས་ཀྱང་མ་ཁེགས་འདུག་པའི་ཕྱིར། ཇི་སྐད་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ལ། །འགྲོ་བའི་སྡུག་བསྔལ་ཕྱག་གིས་སེལ་མིན་ཞིང་། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཡང་། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་འགྱུར། །ཞེས་དང་། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་དང་། མངོན་རྟོགས་རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམ་ནི་བྱོན་གྱུར་ཀྱང་། །བསྐལ་པ་མེད་པས་བཟང་མི་མྱོང། །ཞེས་དང་། སྤྱོད་འཇུག་ལས། སེམས་ཅན་ཐམས་ཅད་ཕན་མཛད་པའི། །སངས་རྒྱས་གྲངས་མེད་བྱོན་གྱུར་ཀྱང་། །བདག་ནི་རང་གི་ཉེས་པ་ཡིས། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ད་དུང་དེ་བཞིན་བདག་བྱེད་ན། །ཡང་དང་ཡང་དུའང་དེ་བཞིན་ཏེ། །ངན་འགྲོར་ན་དང་འཆིང་བ་དང་། །བཅད་དང་གཤགས་སོགས་མྱོང་བར་འགྱུར། །ཞེས་གསུངས་མདོར་ན། བཤེས་སྤྲིང་ལས། ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱི་གྲོགས་བགྱིར་ཅི་ཡང་མ་མཆིས་པས། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །ཅེས་སོ། །གལ་ཏེ་སྔགས་ལ་ཁུངས་འཆོལ་སྙམ་ན། གསང་བ་འདུས་པའི་ཆོ་ག་ཀླུ་སྒྲུབ་ཀྱིས་མཛད་པ་དང་རྒྱུད་རྡོ་རྗེ་རྩེ་མོས་ལས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །བྱང་ཆུབ་སེམས་ཆེན་བསྐྱེད་བྱས་ནས། །སྡོམ་པ་སྦྱིན་པར་བྱ་བ་ཡང་། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །འདོད་པས་ལོག་པར་གཡེམ་མི་བྱ། །ཉེས་པ་ཀུན་གྱི་རྩ་བ་ནི། །ཆང་དག་བཏུང་བ་སྤང་བར་བྱ། །ཞེས་པ་ནས། ལུས་ངག་ཡིད་ཀྱི་མི་དགེ་བཅུ། །ཅི་ནུས་པར་ནི་བསྲུང་བར་བྱ། །ཞེས་འཇུག་སྒོ་དབང་གི་སྐབས་སུ་དམ་བསྒྲགས་ཤིང་། རང་གིས་ཀྱང་། དེང་ནས་སྲོག་གཅོད་མི་བྱ་ཞིང་། །སོགས་ཀྱིས་ཁས་མ་བླངས་སམ། གཞན་ཡང་དུས་འཁོར་གྱི་བརྟུལ་ཞུགས་ཉེར་ལྔ་སོགས་སྔགས་གཞུང་རྣམས་ནས་གསལ་བར་བསྟན་པས་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་ཅིའི་ཕྱིར་མི་ཕོགམདོར་ན་དོན་དམ་བསྙེན་པ་ལས། ཐམས་ཅད་མཁྱེན་པ་ཉིད་ཀྱི་གཞུངཀུན་རྣམས་ལས་ནི། །སྲོག་གཅོད་ཀྱིས་ནི་གྲོལ་བ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །དེ་ནས་རྡོ་རྗེེ་རྩེ་མོ་ལས། བརྟན་པ་མ་ཐོབ་བར་དུ་ནི། །ཁ་ན་མ་ཐོ་རྡུལ་མེད་ཅིང་། །སྡོམ་པ་གསུམ་ལ་གནས་པར་བྱ། །ཞེས་གསུངས། ཚུལ་དེ་ལ་དགོངས་ནས། ཨོ་རྒྱན་དུས་གསུམ་མཁྱེན་པས་ཀྱང་། ཁ་ཅིག་གསང་སྔགས་ཡིན་པར་གསོལ་ནས་སྤྱོད་པ་རྩིང་པོར་བྱེད་པ་འདི་གསང་སྔགས་མིན། ཐེག་པ་ཆེན་པོ་བྱ་བ་སེམས་ཅན་ལ་གཅེས་པར་འཛིན་པ། སྙིང་རྗེ་ཕྱོགས་རིས་མེད་པ་ལ་ཟེར་བ་ཡིན། གསང་སྔགས་པར་ཁས་བླངས་ནས་མི་དགེ་བར་མི་འཛེམས་པ་འདིས་མི་བཏུབ་པས། གསང་སྔགས་པ་ལ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྤྱོད་པ་གལ་ཆེ། སྙིང་རྗེ་རྒྱུད་ལ་མ་སྐྱེས་ན། གསང་སྔགས་པར་ཁ་བླངས་ཀྱང་མུ་སྟེགས་ལོག་ལྟར་འགྲོ་གསུངས། ལྟ་དགོངས་ཚད་དུ་ཕྱིན་པའི་གང་ཟག་ཅིག་ཡིན་ཀྱང་ཕྱི་ཚུལ་ཀུན་སྤྱོད་མདོ་སྡེའི་ལུགས་ལྟར་བགྱིས་ན་དགག་བྱ་ཆུང་ལ་དགོས་པ་ཆེ་བར་དགོངས་ནས་སྔོན་གྱི་ཆོས་རྒྱལ་དང་། ལོ་པཎ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དེ་ལྟར་བཀས་མ་བཅད་དམ། གཞན་ཡང་འོད་སྲུང་གིས་ཞུས་པའི་མདོ་ལས། བདག་མེད་བཟོད་པས་མཉམ་པ་ཉིད་གནས་ཀྱང་། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད། །ཡོངས་སྨིན་བྱ་ཕྱིར་སྦྱིན་པ་སྦྱིན་བྱེད་ཀྱང་། །ལས་ཀྱི་རྣམ་པར་སྨིན་ལ་རེ་བ་མེད། །བསམ་པས་རྟག་ཏུ་མྱ་ངན་འདས་ལ་གནས། །དེ་ཡི་སྦྱོར་བ་འཁོར་བར་གནས་པ་ཡིན། །ཆོས་རྣམས་སྟོང་པ་ཉིད་དུ་རྟོགས་མོད་ཀྱང་། །ལས་ཀྱི་རྣམ་པར་སྨོན་ལ་ཡིད་ཆེས་སོ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་ཉིད་ཤེས་ནས། །དགེ་བའི་ལས་འབྲས་རྟེན་བྱེད་པ། །ངོ་མཚར་བས་ཀྱང་ངོ་མཚར་ཞིང་། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་གསུངས་པ་དང་། གཞན་ཡང་། སོ་སོར་ཐར་པའི་མདོ་ལས། ང་ནི་མྱ་ངན་འདས་གྱུར་ནས། །འདི་ནི་ཁྱོད་ཀྱི་སྟོན་པའོ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །ཅེས་དང་། འདུལ་བ་ལ་ནི་ཉེ་བར་གནས། །ཚུལ་ཁྲིམས་བསླབ་པར་རང་ཡིད་ཆེས། །མི་དེ་ཉི་མ་གཅིག་ལ་ཡང་། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །བསོག་ཅིང་སངས་རྒྱས་འབྲས་བུ་འགྲུབ། །ཅེས་དང་། རྒྱན་ལས། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟས་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་དཔའ་ལས་ཁྱད་འཕགས། །ཞེས་དང་། དུས་འཁོར་ལས་རྡོ་རྗེ་འཛིན་པའི་རབ་འབྲིང་ཐ་གསུམ་དུ་དབྱེ་བ་དང་། ས་ཐོབ་མ་གཏོགས་ཁྱིམ་པའི་རྟགས་ཅན་གྱིས་རྒྱལ་པོའི་མཆོད་གནས་སོགས་མི་བྱ་བར་གསུངས་པའི་དོན་སོགས་ཀྱང་དྲན་པར་བྱའོ། །དེ་བཞིན་དུ་ཆང་གི་ཉེས་པའང་། བདེ་མཆོག་སྡོམ་པ་འབྱུང་པའི་རྒྱུད་ལས། སུ་ཞིག་ཆང་གིས་མྱོས་གྱུར་པ། །དེ་ལ་བགེགས་ནི་མང་པོ་འབྱུང་། །སྔགས་པ་ཆང་གིས་མྱོས་གྱུར་པས། །འདོད་ལ་དགའ་ཞིང་འཁྲིག་པར་སྲེད། །རྒོད་ཅིང་གླུ་ནི་རྣམ་པར་ལེན། །འཐབ་མོ་ལ་དགའ་རྣམ་པར་འཁྲུལ་། །སྨོད་ཅིང་ཉམས་པར་བྱེད་པ་སྟེ། །ངུ་འབོད་གནས་སུ་སྐྱེ་བར་འགྱུར། །རྣལ་འབྱོར་མ་རྣམས་ཁྲོས་ནས་ནི། །དེ་ལ་ནད་དང་མྱ་ངན་འཇིགས། །འཇིག་པར་བྱེད་པས་རྣམས་གཙེས་ནས། །སྡིག་ཅན་དམྱལ་བར་འཁྲིད་པར་འགྱུར། །བདུད་རྩི་དེ་ཉིད་དུག་དེ་ཉིད། །དངོས་གྲུབ་སྒྲུབ་པ་འབྲས་བུ་མེད་། །སྔགས་པས་འདི་དག་སྤང་བར་ནི། །སྔོན་གྱི་སངས་རྒྱས་ཀུན་གྱིས་བཤད། །ཅེས་དང་། དྲན་པ་ཉེར་བཞག་ལས། ཆང་ལ་བརྟེན་པའི་མི་དག་ནི། །ཆོས་རྣམས་ཀུན་གྱི་སྟྭ་གྲི་ཡིན། །ངོ་ཚ་མེད་པར་བྱེད་པའི་མཆོག །ཕང་པ་དག་ཏུ་ཉེ་བར་གནས། །བློ་ནི་ཤིན་ཏུ་རྨོངས་བསྐྱེད་ཅིང་། །འཇིག་རྟེན་གཉིས་ནི་རྣམ་འཇིག་བྱེད། །ཐར་པའི་ཆོས་ལ་མེ་ལྟ་བུར། །སྲེག་བྱེད་ཉིད་ནི་ཆང་ཡིན་ནོ། །ཞེས་དང་། ཆང་འཐུང་བ་ལ་རྟག་ཏུ་ནི། །ཉེས་དམིགས་སུམ་ཅུ་རྩ་གཉིས་ཡོད། །དེ་བས་ཉེས་དམིགས་ཤེས་པ་གང་། །དེ་ཡིས་ཆང་ནི་རྟག་ཏུ་སྤོངས། །རིགས་བཙུན་མཁས་པ་དག་ལ་ནི། །དྲི་མ་ཆེན་པོ་བྱེད་པ་ཡིན། །སྐྱེ་བོ་སོས་ཀའི་མེ་ཏོག་ལྟར། །སྤངས་པ་ཁོ་ནར་བྱེད་པ་ཡིན། །ཞེས་གསུངས། ཉེས་དམིགས་སུམ་ཅུ་རྩ་གཉིས་ནི་དགའ་བ་ཅན་གྱིསཞུས་པའི་མདོ་སོགས་ལས་གསལ་བ་བཞིན་ལ། གཞན་ཡང་དགེ་སྡིག་རྣམ་པར་འབྱེད་པའི་མདོ་ལས། ཚེ་འདི་ལ་ཆང་འཐུང་ཞིང་མྱོས་པ་ནི་ཟངས་ཁུ་འཐུང་བའི་དམྱལ་བར་ལྟུང་ངོ་། །ཞེས་དང་། སེང་གེས་ཞུས་པ་ལས། གཞན་ལ་ཆང་སྦྱིན་ན་སྐྱེ་བ་ལྔ་བརྒྱར་ལག་རྡུམདུ་སྐྱེའོ། །ཞེས་དང་། སྐྱེས་རབས་ལས། གང་ཞིག་འཐུང་ན་ར་རོ་སློང་ནས་གོམ་པའང་དབང་མེད་འདོར་ཞིང་འགྲོ། །ཡུལ་ཕྱོགས་མ་འདྲིས་པར་ཡང་འཁྱམས་ཤིང་རྡེག་ཆོས་དྲན་པ་ཉམས་པར་འགྱུར། །བཟའ་དང་མི་བཟའ་དཔྱད་པ་མེད་པར་དེ་དག་ཟར་འགྱུར་བ། །དེ་དང་དེ་ཡིས་གང་བའི་བུམ་པ་ཐ་ཤལ་འདི་ཉོས་ཤིག །གང་གིས་བདག་གི་སེམས་ལ་དབང་མེད་བློ་ཉམས་རྣམ་པར་འཁྱམས། །ཕྱུགས་དང་འདྲ་བར་བླུན་ཞིང་དགྲ་བོས་འཕྱས་ཀྱང་བྱམས་པར་འགྱུར། །གང་གི་འདུན་སར་གར་བྱེད་འགྱུར་ཞིང་རང་གི་མཁར་རྔ་བརྡུང་། །དགེ་བ་མེད་པ་བུམ་པའི་ཆང་འདི་ཁྱོད་ཀྱིས་ཉོ་བར་རིགས། །འཐུངས་ན་གང་གིས་བདག་གི་ངོ་ཚ་འོས་པ་འདོར། །གོས་དང་བྲལ་ཞིང་གཅེར་བུར་བྱུང་ཡང་མི་དགའ་མེད། །གྲོང་ཁྱེར་སྐྱེ་བོ་མང་པོའི་ལམ་དུ་ཡིད་རྟོན་འགྲོ། །བུམ་པ་འདིར་ནི་བཙོང་བར་འོས་པ་དེ་བླུགས་སོ། །གང་འཐུངས་ན་ནི་བསྐྱུགས་པའི་ཟས་ཀྱིས་གོས་འགྱུར་ཞིང་། །ཁྱི་ཡིས་ཁ་ཡང་དོགས་པ་མེད་པར་ལྡག་པར་འགྱུར། །དྲན་པ་མེད་པར་ལམ་པོ་ཆེ་ནའང་ཉལ་འགྱུར་བ། །བཙོངས་ན་བྲིམ་པ་དེ་ནི་བུམ་པ་འདིར་བླུགས་སོ། །གང་ཞིག་འཐུངས་ན་མྱོས་ཏེ་དབང་མེད་པར། །ཕ་མ་དག་ཀྱང་ཤིང་ལ་འཆིང་བར་བྱེད། །ནོར་གྱི་བདག་པོ་དག་ཀྱང་ཁྱད་དུ་གསོད། །ཕན་བརླག་དེ་ནི་བུམ་བ་འདིར་བླུགས་སོ། །ཞེས་དང་། གང་ལ་ཆགས་ན་དཔལ་གྱི་གཞིར་འགྱུར་རིགས། །ཇེ་མཐོ་ཇེ་མཐོར་འགྱུར་བའང་བརླག་པར་འགྱུར། །ནོར་གྱི་དབྱིག་ལྡན་རིགས་ཀྱང་ཕུང་གྱུར་པ། །བཙོང་རྒྱུ་དེ་ནི་བུམ་པ་འདི་ན་འདུག །གློ་བུར་ངུ་ཞིང་འདུག་ལ་དགོད་ཅིང་མ་ངེས་སྨྲ། །གདོན་གྱིས་ཟིན་པ་བཞིན་དུ་མིག་ནི་མཆི་མས་གང་། །སྨད་ཅིང་བརྙས་པར་འགྱུར་བའི་གནས་སུ་ངེས་འགྱུར་བ། །བློ་ཉམས་འགྱུར་བ་འདི་ནི་བུམ་པ་འདི་ན་ཡོད། །རྒས་པར་གྱུར་ཀྱང་གང་གི་སེམས་ཉམས་ཤིང་། །བདག་ལ་ཕན་པའི་ལམ་དུ་མི་འཇུག་ལ། །མ་བརྟགས་མང་དུ་སྨྲ་བར་ངེས་འགྱུར་བ། །ཞེས་པ་ནས། མི་བདེན་པའང་བདེན་པ་བཞིནདུ་ངོ་མཐོན་སྨྲ། །མི་བྱ་བའང་བྱ་བ་བཞིན་དུ་དགའ་བཞིན་བྱེད། །གང་གིས་ལན་གྱིས་ཡོད་མེད་ཕྱིན་ཅི་ལོག་ཏུ་ཤེས། །དེ་ནི་སྨོད་པའི་ལུས་བཞིན་བུམ་པ་འདི་ན་འདུག །མྱོས་འགྱུར་རིགས་སྔགས་སྡུག་བསྔལ་རྒྱུར་འགྱུར་བ། །སྡིག་པའི་མ་མོ་བྱུར་ངན་མངོན་སུམ་བཞིན། །རྩོད་པའི་ལམ་དང་ཐ་དད་མ་ཡིན་པས། །སྙིང་གི་བུམ་པ་མི་བཟད་དེ་ཉོས་ཤིག །གང་གི་བློ་ནི་རབ་ཏུ་ཉམས་གྱུར་ནས། །ཕ་མ་ཉེས་པ་མེད་པའང་གསོད་འགྱུར་ཞིང་། །བདེ་ལ་མ་ཆགས་དཀའ་ཐུབ་ཅན་ཡང་གསོད། །བཙོང་ན་ཆོ་ག་རྒྱལ་ལ་ཕུལ་བ་བཞེས། །མི་ཡི་བདག་པོ་ཆང་ནི་དེ་འདྲ་ཡང་། །འཇིག་རྟེན་འདི་ན་ལྷ་ཞེས་རབ་ཏུ་གྲགས། །ཡོན་ཏན་ལ་ནི་གང་དག་མི་དགའ་བ། །དེ་དག་ཆང་འདི་ཉོ་ལ་འབད་བར་གྱིས། །གང་ཞིག་བརྟེན་ན་ངན་པསྤྱོད་པར་འགྱུར། །རབ་ཏུ་འཇིགས་པའི་སེམས་ཅན་དམྱལ་བར་ལྷུང་། །དུད་འགྲོའི་གནས་དང་ཡི་དྭགས་དབུལ་འགྱུར་བ། །མཐོང་བར་འདོད་པ་དེ་ནི་སུ་ཞིག་ཡོད། །ཆང་དེ་ཉུང་ངུར་འཐུངས་ཀྱང་རྣམ་པར་སྨིན་པ་ནི། །མི་ཡི་གནས་སུ་སྐྱེས་ཀྱང་ཚུལ་ཁྲིམས་ལྟ་བ་ཉམས། །གང་གི་ཕྱིས་ཀྱང་མནར་མེད་འབར་བས་བསྲེགས་པར་འགྲོ། །ཡི་དྭགས་ཡུལ་དང་དུད་འགྲོ་དམན་པར་གནས་པར་འགྱུར། །ཚུལ་ཁྲིམས་ཉམས་པར་འགྱུར་ཞིང་གཏམ་ངན་མངོན་དུ་འབྱུང་། །ངོ་ཚ་མེད་ཅིང་བློ་གྲོས་དྲི་མ་ཅན་དུ་འགྱུར། །གང་ཞིག་འཐུངས་ན་ཡོན་ཏན་དེ་དང་དེ་དག་ཉམས། །དེ་བས་རྒྱལ་པོ་ཁྱོད་ཀྱིས་ཆང་འཐུང་ག་ལ་རིགས། །ཞེས་གསུངས་པས་མཚོན་མཐའ་ཡས་ལ། ཁྱད་པར་དུའང་། འདུལ་བ་ལུང་ལས། ང་ལ་སྟོན་པར་ཁས་འཆེ་བའི་དགེ་བསྙེན་ཡན་ཆོད་ཀྱིས་ཆང་མི་བཙོ། མི་བླུད། མི་བཏུང་། དེ་ལྟར་མི་བྱེད་ན། དེ་ཡང་ངའི་འཁོར་མིན་ལ། ང་ཡང་དེའི་སྟོན་པ་མིན་ནོ། །ཞེས་གསུངས་པས། དེང་དུས་རབ་བྱུང་གི་རྟགས་འཆང་ཞིང་མྱོས་འགྱུར་གྱི་བཏུང་བ་བག་མེད་དུ་སྤྱོད་པ་དང་། ངན་པ་ཁ་ཅིག་གིས་གཞན་ངོར་འཕྱོར་ཟས་ལྟ་བུ་བྱེད་པར་སྣང་བ་འདི་ནི། རང་ཉིད་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་མ་ཡིན་པའི་ནང་ཆ་ཟང་མ་ངོམས་པ་སྟེ། ཚེ་འདིར་ལྷ་དང་བཅས་པའི་སྐྱེ་བོ་རྣམས་ཀྱིས་ཁྲེལ་ཞིང་སྨོད་པའི་གནས་དང་། ཕྱི་མར་ངན་སོང་དམྱལ་བ་ཆེན་པོ་ཉམས་སུ་མྱོང་ཞིང་། གལ་ཏེ་མིར་སྐྱེས་ཀྱང་ཚེ་རབས་སུ་སྨྱོན་པ་འབའ་ཞིག་གི་སྐྱེ་བ་བརྒྱུད་མར་ལེན་པར་གདོན་མི་ཟ་ཞིང་། དེར་མ་ཟད་གནས་སྐབས་དེར་ཡང་ཀུན་མཁྱེན་ཆོས་རྗེས། གང་ཞིག་འཐུངས་ནས་ཁོང་དུ་སོང་མ་ཐག །འཁྲུག་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །འཐབ་རྩོད་འཁྲུགས་ལོང་ཕུང་ཁྲོལ་བཅོམ་རླག་བྱེད། །མྱོས་བྱེད་ཆང་འདི་དེང་ནས་སྤང་བར་མཛོད། །ཅེས་དང་། འཆགས་བྱེད་གདོན་དེ་སྙིང་ལ་ཞུགས་གྱུར་པས། །བཟོ་རིགས་ཡོན་ཏན་འཇིག་རྟེན་བྱ་བ་འཆགས། །ཅེས་དང་། གང་གིས་མྱོས་པས་དད་དང་ངེས་འབྱུང་འགྲིབ། །ཁྲོ་དང་ཚིག་རྩུབ་ཁོང་ངན་ཟུག་རྔུ་འཕེལ། །འཐབ་ཅིང་རྩོད་པས་དམ་ཚིག་ཉམས་པའི་རྒྱུ། །མྱོས་བྱེད་ཆང་ནི་རབ་ཏུ་སྤང་བར་མཛོད། །ཅེས་གསུངས་པ་ལྟར་བཟོ་ཁྱད་ཀྱི་ལེགས་ཆ་ཉམས་པ་དང་། འཁོན་འཛིང་སོགས་ཀྱིས་དགེ་ལས་སྡིག་པར་བསྒྱུར་བའང་མངོནསུམ་གྱིས་གྲུབ་པའི་ཕྱིར་དང་། ཐ་མ་ཁ་ནི། སྔོན་སངས་རྒྱས་འཇིག་རྟེན་དུ་བཞུགས་དུས་མ་བྱུང་ལ། དེའི་རྗེས་སུ་བྱུང་བས་བཅས་པ་དངོས་ཀྱིས་མ་ཕོག་ཀྱང་། འདུལ་བ་མདོར་བསྟན་པར། ངས་འདུལ་བ་རྒྱ་ཆེར་ནི་བཤད་ན། མདོར་བསྡུས་པ་ནི་སྔོན་ཆད་མ་བཤད་པས། དེང་ཕྱིན་ཁྱེད་རྣམས་ཀྱིས། གང་རུང་བ་དང་ཉེ་ཞིང་མི་རུང་བ་ལས་ལྡོག་པ་ནི་ཀུན་ཏུ་སྤྱོད་ཅིགགང་མི་རུང་བ་དང་ཉེ་ཞིང་རུང་བ་ལས་ལྡོག་པ་ནི་ཀུན་ཏུ་སྤོངས་ཤིགཅེས་གསུངས་པ་བཞིན་ཕྱོགས་མཐུན་བརྩིས་ན། མདོ་རྩ་བར། རྩ་བ་དང་། སྡོང་པོ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་མྱོས་པར་འགྱུར་བ་རྣམས་ཀྱང་ངོ་། །ཞེས་གསུངས་པའི་བྱེ་བྲག་སྡོང་པོ་དང་འདབ་མ་དང་འབྲས་བུ་ཅི་རིགས་པ་ལས་བྱུང་བའི་མྱོས་འགྱུར་གྱི་རྫས་ཏེ། དེ་ལ་བརྟེན་ནས་ཉོན་མོངས་འཕེལ་བར་འགྱུར་པའི་ཕྱིར་དང་། བསླབ་པ་གཞན་ལའང་གནོད་པའི་ཕྱིར་ཏེ། དེ་ཉིད་ཀྱི་དྲི་རོ་ལ་སྲེད་པ་དང་། དེའི་ཉེས་པ་ལ་རྨོངས་པའི་གཏི་མུག་དང་། ཕ་རོལ་པོ་ལ་འགྲན་སེམས་དང་ཁེངས་སེམས་ཀྱིས་ཀྱང་རུང་སྟེ་ཚུལ་དེ་ལ་འཇུག་པ་དང་། དེའི་ཆེད་དུ་རྫུན་དང་། རློམ་སེམས་དང་། འཆབ་སེམས་དང་། རྐུ་ཐབས་ཀྱི་སྦྱོར་བ་སོགས་ཉེས་པ་དུ་མ་བསྐྱེད་པ་མངོན་སུམ་གྱིས་མཐོང་བས་སོ། །དེས་ན་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཉིས་ཀ་ཡིན་ཞིང་། འདིའི་ཁུངས་དང་ཉེས་པ་སོགས་རྒྱས་པར་གུ་རུའི་གཏེར་ལུང་རྣམས་ལས་འབྱུང་བ་ཡིན་ཏེ། གཏེར་ཆེན་རཏྣ་གླིང་པའི་གཏེར་ལུང་ལས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ དམ་སྲི་སྤུན་དགུ་དམ་ལ་བཞག་པའི་དུས༔ སློབ་དཔོན་ཉིད་ཀྱིས་རྫུ་འཕྲུལ་ཆེན་པོ་ཡིསཿཔདྨ་དྲག་པོ་ཉིད་ཀྱི་དཀྱིལ་འཁོར་དུཿསྐད་ཅིག་ཉིད་དུ་བཀུག་ནས་མནན་པ་མཛད༔ དམ་སྲི་སྤུན་དགུ་མྱ་ངན་ཟིལ་གྱིས་ནོནཿདེ་ཚེ་སྤུན་དགུའི་ཐ་ཆུང་འདི་སྐད་ཟེར༔ སྤུན་རྣམས་མྱ་ངན་མ་བྱེད་ང་ལ་ཉོན༔ ང་ནི་ཐ་མ་ཁ་ཞེསདུག་ཏུ་སྤྲུལ༔ བོད་ཀྱི་མཐའ་སྐོར་རྣམས་སུ་སྐྱེ་ནས་སྡོད༔ མཐའ་མི་རྣམས་ཀྱི་དབུས་སུ་ཁྱེར་ནས་འོང༔ བོད་འབངས་བདེ་བའི་ལོངས་སྤྱོད་དེ་ལ་བྱེད༔ དེ་ཡི་སྟོབས་ཀྱིས་དུག་ལྔ་རགས་ཤིང་རྒྱས༔ དགེ་བཅུ་སྤངས་ནས་མི་དགེ་བཅུ་ལ་སྤྱོད༔ བོད་འབངས་མུ་གེ་ལོ་གསུམ་ཙམ་ཞིག་འབྱུང༔ མི་རྣམས་སུམ་གཅིག་མུ་གེས་འཆི་བར་བྱེད༔ འཁྲུག་རྩོད་མཚོན་གྱི་བསྐལ་པ་ཆ་གཅིག་འབྱུང༔ བསྟན་འཛིན་སྐུ་ཚེ་མི་བརྟན་ཞིང་དུ་གཤེགས༔ དུག་གི་དུད་པ་ས་ཡི་འོག་ཏུ་སོང༔ ཀླུ་ཡི་གྲོང་ཁྱེར་ཆེན་པོ་འབུམ་ཚོ་འཇོམས༔ དེ་ཡི་སྟོབས་ཀྱིས་གནམ་ལ་སྤྲིན་མི་འདུ༔ ཆར་ཆུ་མི་འབེབས་ལོ་ཕྱུགས་རྟག་མི་ལེགས༔ དུག་གི་དུད་པ་ནམ་མཁའི་མཐོངསསུ་སོང༔ དེ་ཡི་ནུས་པས་ལྷ་ཡི་གཟི་བྱིན་ཉམས༔ འདི་འཐུང་ཉེས་པས་ངན་སོང་གསུམ་དུ་སྐྱེ༔ འདོད་ཆགས་ཆུ་དུག་ཞེ་སྡང་མེ་དུག་དང༔ ཕྲག་དོག་རླུང་དུག་ང་རྒྱལ་ས་དུག་དང༔ གཏི་མུག་རྨོངས་དུག་དུག་ལྔ་འདི་ལ་ཚང༔ དུག་གི་ཁ་རླངས་ན་བུན་བཞིན་དུ་འཐིབ༔ དུག་གི་ཁ་རླུང་ཧ་ཅང་ཆེ་དྲག་པས༔ གཟའ་འཛིན་དུས་ལོག་སྐར་མ་རྟགས་ཅན་ཤར༔ རང་ལུས་ལྷ་གནས་ཞི་ཁྲོའི་ཕོ་བྲང་འཇིག༔ དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་འབུམ་ཚོ་སྟོང༔ ལུས་ལ་རྒྱུ་བའི་བྱང་ཆུབ་སེམས་རྩ་ཉམས༔ སྲོག་ལ་གདོན་ཞུགས་ཚེ་ཐུང་དབུགས་ཀྱང་ཐུང༔ བཞི་བརྒྱ་རྩ་བཞིའི་ནད་ཀྱང་སློང་བར་བྱེད༔ ལྟོ་ཟས་གོས་ཀྱི་གོ་སོ་མི་ཆོད་ཀྱང༔ དུས་ངན་མི་དང་ཟས་ངན་ལྷན་ཅིག་འཛོམ༔ སྨོན་ལམ་ངན་པས་མི་འཐུང་རང་དབང་མེད༔ འཐུང་བ་ཤི་ཚད་ངན་སོང་གསུམ་བརྒྱུད་ནས༔ ཕྱི་མ་དམ་སྲིའི་འཁོར་དུ་སྐྱེ་བར་འགྱུར༔ སྐུ་གསུངཐུགས་རྟེན་བྱིན་རླབས་ཅན་གྱི་མདུན༔ འདི་ཉིད་འཐུང་བའི་དུད་པའི་ཕོག་ཙམ་གྱིས༔ ཡེ་ཤེས་པ་ནི་སྐད་ཅིག་ཙམ་མི་བཞུགས༔ སྤུན་རྣམས་དེ་འདྲའི་རྣམ་འཕྲུལ་ང་ལ་ཡོད༔ ཞེས་ཟེར་སྤུན་དགུའི་ཐ་ཆུང་དུག་ཏུ་སྤྲུལ༔ བྱང་ཆུབ་ཐར་ལམ་སྒྲིབ་པར་ཁོས་ཁས་བླངས༔ དེ་ཕྱིར་ཉོན་མོངས་ཟས་འདི་སྤོང་བར་མཛོད༔ ཡི་དམ་དྲག་སྒྲུབ་ནང་དུ་གདོན་བཤལ་ཐོངས༔ ཕྱི་ལ་བཟང་དྲུག་སྨན་གྱི་བྱུགས་པ་བྱ༔ ཕྱིན་ཆད་གནོང་འགྱོད་དྲག་པོས་བཤགས་སྡོམ་འབད༔ དེ་ལྟར་བྱས་ན་སྔོན་འཐུང་ཉེས་པ་དག༔ ཅེས་དང་། རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་ལུང་ལས། སོག་པོའི་རྒྱལ་པོ་མི་མ་ཡིན་གྱི་གཟུགས༔ དེ་དང་མཉམ་དུ་དུ་བ་ཞེས་བྱ་བ༔ མ་རུངས་ཟས་ཤིག་བོད་ཡུལ་དབུས་འདིར་འབྱུང༔ ཁ་རུ་འཐུང་བས་ལུས་ཀྱི་ལྷ་རྣམས་བྲོས༔ དེ་ཡི་རྟགས་ལ་མིག་ནས་མཆི་མ་དང༔ ཁ་ནས་ཆུ་འབྱུང་ལུས་ནི་ས་ལ་འགྱེལ༔ ཁ་ཡི་ཅ་ཅོསྨྲ་ཞིང་དྲན་མེད་བརྒྱལ༔ རྩ་སྦུག་འགག་པས་བརྗེད་སླ་མིག་མི་གསལ༔ ཕྱི་མ་ཆོས་མེད་དུ་འགྲོའི་གནས་སུ་སྐྱེ༔ ཞེས་དང་། བདུད་འཇོམས་རྡོ་རྗེའི་གཏེར་ལུང་ལས། དུས་ཀྱི་ཐ་མར་དྲི་རྣམས་ཟ་བའི་ཟས༔ དྲི་ངན་ཧ་སྤྱུགས་ངན་པ་ཟས་སུ་ཟ༔ དྲི་ཚོར་ཙམ་གྱིས་ངན་སོང་གསུམདུ་ལྷུང༔ ཞེས་དང་། རིག་འཛིན་སྟག་ཤམ་རྡོ་རྗེའི་གཏེར་ལུང་ལས། ལྔ་བརྒྱ་ཐ་མ་དུས་ཀྱི་སྙིགས་མའི་མཐར༔ ལོག་འཚོ་ཧ་ལ་ནག་པོ་ཐ་མ་ཁ༔ སེམས་ཅན་བསོད་ནམས་དམན་པའི་དུས་སུ་འོང༔ མ་རིག་འཁྲུལ་བའི་དབང་གིས་དེ་ལ་སྤྱོད༔ འདི་འཐུང་མི་ལ་འཕོ་བའི་སྲང་ལམ་མེད༔ རྩ་གནས་ཐམས་ཅད་དུ་བའི་དྲེག་པས་འགགས༔ དྲི་ཚོར་ཙམ་གྱིས་མནར་མེད་དམྱལ་བར་ལྟུང༔ ཐོས་བསམ་སྒོམ་སོགས་དགེ་བཅུ་ཅི་བསགས་ཀྱང༔ འདི་འཐུང་ཉེས་པས་ཕན་ཐོགས་རྡུལ་ཙམ་མེད༔ འདི་ཡི་དྲི་མས་སྟེང་འོག་ལྷ་ཀླུ་དང༔ གཙུག་ལག་གཏེར་སྲུང་རྣམས་ཀྱང་བརྒྱལ་ཞིང་འཁྲུགས༔ རང་ལུས་དག་པའི་རྩ་ཁམས་དབུ་མ་འགགས༔ ཞི་ཁྲོའི་ལྷ་འཇིག་ཕྱི་ཡི་དབང་པོ་འགྲིབ༔ ཤི་མ་ཐག་ཏུ་མནར་མེད་དམྱལ་བར་སྐྱེ༔ དུད་པས་དབུགས་འཚུབ་ཁྲོ་ཆུ་ཁོལ་མས་འཚིག༔ ཚེ་ལོ་བྱེ་བ་ཁྲག་ཁྲིག་ཐར་སྐབས་མེད༔ ད་དུང་རིམ་བཞིན་སྡུག་བསྔལ་མྱོང་བར་འགྱུར༔ སྐྱེ་བ་མང་པོར་དཀོན་མཆོག་སྒྲ་མི་ཐོས༔ ཚེ་འདིར་དབུལ་ཕོངས་འཇུར་གེགས་ཡི་དྭགས་ལུས༔ དུས་ངན་ནད་ཡམས་དམ་སྲི་བརྫུས་པའི་དུས༔ འདི་ཡི་ཉེས་པ་བརྗོད་ཀྱིས་མི་ལང་བས༔ པདྨ་ང་ཡི་བཀའ་བཞིན་སྤོང་བར་མཛོད༔ ཅེས་སོགས་མིང་དོན་དབྱེ་བ་རྒྱུ་དང་ཉེས་དམིགས་སོགས་རྒྱ་ཆེར་གསུངས་པ་དང་། གཞན་ཡང་སངས་གླིང་། བདུད་འདུལ། ཀློང་གསལ་སོགས་ཀྱི་གཏེར་ལུང་དང་། ཉག་བླ་པདྨ་བདུད་འདུལ་སོགས་ཀྱི་དག་སྣང་དང་། སྐུ་ཞབས་དགེ་མང་རིན་པོ་ཆེ་དང་། ཞབས་དཀར་བ་སོགས་ཀྱིས་མཛད་པའི་ཐ་མ་ཁའི་ཉེས་དམིགས་བསྟན་པ་རྣམས་ནས་ཞིབ་པར་གསུངས་པ་བཞིན་དགེ་འདུན་འདུས་པའི་ཚོགས་གྲལ་དུ་འཐེན་པ་པོ་གཅིག་བྱུང་ན་དེ་འཚོགས་ཀྱི་སྒྲུབ་པའི་འབྲས་བུ་ཆུད་གསོན་པ་དང་། རྟེན་ཁྱད་པར་ཅན་གྱི་སྤྱན་སྔར་འཐེན་ན་ཡེ་ཤེས་པ་སྐད་ཅིག་ཀྱང་མི་བཞུགས་པར་གཤེགས་པར་འགྱུར་བ་དང་། དབང་དང་རབ་གནས་སོགས་ཀྱི་སྐབས་འཐེན་ན་ཡེ་ཤེས་པ་དང་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཕྱོགསསུ་ཉེ་མི་ནུས་ཤིང་ནག་ཕྱོགས་དམ་སྲི་འབྱུང་པོའི་ཚོགས་རྣམས་སྤྲིན་བཞིན་དུ་འདུ་བས་མཐོང་བའི་ཆོས་ཚེ་འདི་ལ་ཡང་ནད་མཚོན་མུ་གེའི་བསྐལ་ངན་དར་བ་སོགས་བཀྲ་མི་ཤིས་ཤིང་། ཕྱི་མར་འཐུང་པ་པོ་རྣམས་བསྐལ་པ་གཅིག་གི་བར་དུ་ཚ་བའི་དམྱལ་བ་མྱོང་དགོས་པ་སོགས་ཉེས་པ་མཐའ་ཡས། དེ་ལྟར་འབྱུང་བའི་རྒྱུ་མཚན་ཡང་། དྲང་སྲོང་གོ་ཏ་མའི་དམོད་པས་བརྒྱ་བྱིན་གྱི་ལུས་ལ་བུད་མེད་ཀྱི་མཚན་མ་སྟོང་ཕྲག་བྱུང་བ་དང་། དྲང་སྲོང་གནས་ངན་ལེན་གྱི་དམོད་པའི་སྟོབས་ལས་ཁྱབ་འཇུག་གི་རིགས་མ་ལུས་པ་རླག་པར་བྱེད་པའི་ལྕགས་ཀྱི་གཏུན་བུ་སྐྱེས་པ་སོགས་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པར་བཤད་པ་བཞིན། བདུད་དང་དམ་སྲིའི་ཚོགས་ཀྱིས་ལོག་པའི་སྨོན་ལམ་བཏབ་པ་དུས་སུ་སྨིན་པའི་འབྲས་བུར་རིགས་པར་བྱ་ཞིང་། འཕོ་བའི་གསེང་ལམ་འགགས་པའང་སྒྲིབ་པ་ཚན་ཆེ་བའི་དབང་གིས་ཏེ། དཔེར་ན་མཚམས་མེད་བྱས་པའི་སྒྲིབ་པས་ཚེ་འདིར་མཐོང་ལམ་སྐྱེ་བའི་གེགས་བྱེད་པ་དང་འདྲའོ། །དེས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་བག་ཡོད་པར་མཛོད་ཅིག་ཅེས་འཕྲོས་དོནཅུང་ཟད་བརྗོད་ནས་སྐབས་དོན་ལ། རྟེན་གསུམ་སོགས་གང་ལ་ཡང་བཞེངས་པ་པོ་རང་གི་འབྱོར་འཁོས་དང་བསྟུན་ཏེ། སེར་སྣ་ལ་སོགས་པའི་ཀུན་སློང་ངན་པའི་དྲིས་མ་སྦགས་ཤིང་། གཞན་ལ་གནོད་པ་སོགས་སྡིག་དང་མ་འདྲེས་པའི་ཡོ་བྱད་གང་འཛོམས་ཀྱིས་ཚུལ་བཞིནསྒྲུབ་ན་རྒྱལ་བ་དགྱེས་པའི་ཐབས་སུ་དེ་རང་ཆེ་བ་ལགས་སོ། །གསུམ་པ་སྦྱོར་བ་རྣམ་པར་དག་པ་ལས། ཐོག་མར་ཡོན་བདག་གི་མཚན་ཉིད། པྲ¡yཛྙཱ་མ་དཔེ་མི་གསལ། ¡zས། སྡིག་ལ་མི་འཛེམ་དད་འདུན་ཆུང་། །ཕན་ཡོན་མ་མཐོང་ཡིད་མ་ཆེས། །སྒྲུབ་བློོ་མེད་པའམ་ཡོད་ན་ཡང་། །ཚེ་འདིའི་ལོ་འདོད་གྲགས་འདོད་ཕྱིར། །རྐྱེན་དང་མི་འཚམ་བློ་རྒྱ་བསྐྱེད། །ངང་ཐུང་བློ་དོག་བཟོད་བསྲན་ཆུང་། །ལྷ་དང་བཟོ་བོ་སྨོད་བྱེད་ཅིང་། །འགྱོད་པ་སྐྱེས་ནས་འཕྲོ་འཇོག་པའོ། །ཞེས་སྐྱོན་དང་། ཕན་ཡོན་མཐོང་བའི་ཤེས་རབ་ཅན། །རྩེ་གཅིག་སེམས་པའི་བསམ་གཏན་ཅན། །བརྟན་ཞིང་སྤྲོ་བའི་བརྩོན་འགྲུས་ཅན། །དཀའ་སྤྱད་མི་སྐྱོ་བཟོད་བསྲན་ཅན། །ངང་རིང་ཚིག་འཇམ་ཚུལ་ཁྲིམས་ཅན། །གཡོ་མེད་གཏོང་ཕོད་སྦྱིན་པར་ལྡན། །ལྷ་དང་བཟོ་བོར་དད་གུས་ལྡན། །རིམ་གྱི་དགའ་སྤྲོ་སྒོམ་པའོ། །ཞེས་ཡོན་ཏན་དང་། བཟོ་བོའི་མཚན་ཉིད་ཀྱང་། ཡོན་ཏན་མི་མཁས་ང་རྒྱལ་ཆེ། །འགྲོགས་པ་མི་བདེ་བཀུར་སྟི་འདོད། །འཕྲལ་དུ་ཚིག་རྩུབ་ཕུག་འདོད་ཆེ། །ཡོན་རྒྱགས་གླ་ཐང་ཚད་མེད་འབེབས། །དེས་ཀྱང་མི་ཚིམ་རྒྱུ་རྩ་རྐུ། །ཅུང་ཟད་ཙམ་ལ་བཟོ་འཕྲོ་འཇོག །འགྲོ་སྡིགས་བྱེད་ཅིང་ཆང་ནག་འཚོལ། །དགེ་ལས་སྡིག་པར་སྒྱུར་མཁན་ཡིན། །ཞེས་སྐྱོན་དང་། འདོད་པ་ཆུང་ཞིང་བཀུར་སྟི་སླ། །མཁས་ཤིང་ཁེངས་མེད་ཁ་ལ་ཉན། །ལྷ་ལ་གུས་ཤིང་སྤྱོད་ལེགས་པའོ། །ཞེས་ཡོན་ཏན་སྤྱི་དང་། ཁྱད་པར་རྒྱུད་ཀྱི་བྲིས་སྐུ་སོགས་ཚད་ལྡན་བཞེངས་ན། ཀླུ་སྒྲུབ་ཀྱིས། སེམས་སྐྱེད་སྡོམ་ལྡན་དམ་ཚིག་གཙང་། །དད་ལྡན་དབང་ཐོབ་ཤེས་རྒྱུད་འབྱོངས། །ལག་གི་འདུ་བྱེད་མཁས་པ་སྟེ། །དེ་བདུན་ལྡན་པས་སྐུ་གཟུགས་བཞེངས། །ཞེས་དང་། སམ་བུ་ཊི་ལས། དུལ་ཞིང་དད་ལྡན་ལང་ཚོར་བབས། །དབང་པོ་རྣམ་གསལ་རྣམ་རྟོག་མེད། །ཁྲོ་མེད་ལྐོག་འཕྱས་མི་བྱེད་ཅིང་། །ཤིན་ཏུ་མཁས་ལ་སྤྲོ་བ་ཆེ། །བཟོད་ལྡན་སྙིང་རྗེ་ཆེན་པོ་ཅན། །ཞེས་གསུངས། དེ་ལྟ་བུ་སྐྱོན་རྣམས་སྤངས་ཤིང་ཡོན་ཏན་གྱི་ཚུལ་ལ་གནས་པའི་ཡོན་མཆོད་གཉིས་ཀྱིས་ཇི་ལྟར་བཞེངས་པའི་ཚུལ་ཡང་། གསང་བ་སྤྱིི་རྒྱུད་སོགས་ནས་བསྟན་པའི་དུས་ཚེས་གཟའ་སྐར་སྦྱོར་བྱེད་དགེ་བར་གནས་གཙང་མར། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་སྐུ་གཟུགས་ཀྱི་རྒྱུ་དང་བཟོ་བོ་བསང་སྦྱང་སྟོང་པའི་ངང་ལས་ཧཱུྃ་ལས་མི་བསྐྱོད་པ་དང་། ཤོག་བུ་དང་ཡིག་མཁན་ཧྲཱིཿལས་འོད་དཔག་མེད། མཆོད་རྟེན་གྱི་རྒྱུ་དང་བཟོ་བོ་ༀ་ལས་རྣམ་སྣང་དུ་བསྐྱེད་ནས་ཡེ་ཤེས་པ་དགུག་བསྟིམ་རྒྱས་གདབ། དབང་བསྐུར་ནས་མཆོད་བསྟོད་བྱས་ལ་སྙིང་པོ་བཟླ། རང་གི་ལྕེ་བྱིན་གྱིས་བརླབས་ནས་སྙན་གསན་དབབ་པའི་བར་བྱས་རྗེས་སྔགས་ཀྱིས་བརྟན་པར་བྱས་མཐར་རྒྱུ་དང་བཟོ་བོའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་དེ་ཉིད་དུ་གྱུར་པར་མོས། སླར་ཡང་བཟོ་བོའི་ཡན་ལག་དང་ཉིང་ལག་གནས་གསུམ་བྱིན་གྱིས་བརླབས་པ་བཅས་དང་། ཤོག་བུ་རྣམས་ཧྲཱིཿཡིག་ཏུ་གྱུར་པ་ལས་བྱུང་པའི་འོད་ཟེར་གྱིས་གསུང་རྡོ་རྗེ་ཡི་གེའི་རྣམ་པར་སྤྱན་དྲངས་ནས་ཤོག་བུ་ལ་ཐིམ་པར་བསམ། པིར་དངསྙུ་གུ་ཚོན་རྩི་སྣག་ཚ་སོགས། འཁོར་ལོས་སྒྱུར་བའི་སྔགས་དང་ལས་ཐམས་ཅད་པ་བཟླས་པས། པིར་སོགས་ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད་ཚོན་སྣག་སོགས་རྡོ་རྗེའི་རྡུལ་ཕྲ་རབ་ཡོངས་སུ་གྱུར་པའི་ཡེ་ཤེས་ཀྱི་བདུད་རྩིར་བསམ་ལ་སྔགས་ཀྱིས་བརྟན་པར་བྱ་བ་སྔོན་དུ་འགྲོ་དགོས་པ་དང་། ཡང་རྙིང་པ་གསོ་བ་དང་ཡུལ་བཟང་པོར་སྤོ་བ་སོགས་ལ་ཨརྒྷའི་ཆོ་ག་ཚུལ་བཞིན་བྱས་མཐར། འདྲེ་ཅན་སོགས་མ་ཡིན་པ་རྟེན་གསར་པའི་རྒྱུར་བསྲེ་རུང་བ་རྣམས་དེ་ལྟར་བྱ་ཞིང་། གཞན་རྣམས་བཀུར་སྟི་དང་བཅས་ཏེ་ཆུ་བོ་ཆེན་པོར་གཤེགས་པའམ། སྦྱིིན་སྲེག་གིས་སྦྱང་བ་སོགས་ཇི་ལྟར་འོས་པ་དེ་ལྟར་བྱ་ཞིང་གལ་ཏེ་རྟེན་དེ་རང་ལ་མི་མཁོ་བའམ། རྒྱུ་དང་ནང་གཞུག་སོགས་ལ་རྔམས་ནས་ནི་ཨརྒྷའི་ཆོ་ག་བྱར་མི་རུང་སྟེ་ཉེ་བའི་མཚམས་མེད་དུ་འགྱུར་བར་གསུངས་སོ། །གང་ལྟར་ཡང་ནུས་ན་བཟོ་བོ་རྣམས་ལྷ་ཡི་ང་རྒྱལ་ལ་གནས་པ་དང་། མི་ནུས་ཀྱང་བསྙེན་གནས་ཀྱི་སྡོམ་པ་ལེན་པའམ་ཁྲུས་དང་གཙངསྦྲ་སོགས་རང་གཞུང་ནས་ཇི་ལྟར་བཤད་པ་བཞིན་གྱིས་ཆ་ཚད་སོགས་མ་འཁྲུལ་བར་ལེགས་པར་གཏན་ལ་དབབ་ན་ཕན་ཡོན་སོགས་ཀྱང་རྒྱུད་གཞུང་སོགས་ལས་ཇི་སྐད་གསུངས་པ་རྣམས་གདོན་མི་ཟ་བར་འབྱུང་ངེས་ལ། གལ་ཏེ་གང་བྱུང་དེས་ཆོག་སོགས་ཀྱིས་ནི་བྱས་ལ་མ་བསགས་པའི་ལས་སུ་འགྱུར་ཉེན་ཆེ་བར་མ་ཟད་འདི་ཕྱིར་འཕྲལ་གྱི་རྐྱེན་དང་། ཡུན་གྱི་སྒྲིབ་པར་འགྱུར་བའང་སྲིད་པས། རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་མི་བསླུ་བར་ཡིད་རྟོན་པ་གཅེས་སོ། །གཞན་ཡང་སྙིང་ལ་བཅང་བྱ། ཨོ་རྒྱན་དུས་གསུམ་མཁྱེན་པས། ཡོན་བདག་ཁེ་གྲགས་མེད་པ་ཡིས། །མཆོད་གནས་ཡོན་གྱིས་མཉེས་པར་གྱིས། །དད་པའི་སེམས་ཀྱིས་ཡོན་ཕུལ་ལ། །ཞེ་འདོད་མེད་པར་བཞེས་ནས་ནི། །རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུར། །ཡོན་མཆོད་ཐུན་མོང་བསྔོ་བྱས་ན། །གཉིས་ཀ་བསོད་ནམས་རྫོགས་པར་འགྱུར། །ཡོན་བདག་བསམ་པ་མ་དག་ཅིང་། །མཆོད་གནས་འདོད་པ་མ་བསྐངས་ན། །དགེ་རྩར་བྱས་ཀྱངསྡིག་པར་འགྲོ། །ཞེས་གསུངས་ཤིང་། ཁྱད་པར་དམ་ཚིག་གི་གཙོ་བོ། མི་གཡོ་བའི་རྒྱུད་ལས། བྲིས་སྐུ་ཚད་དང་ལྡན་པ་ཡོངས་སུ་ཟིན་པ་དང་། འབྲི་མཁན་ཁོ་རང་ཇི་ལྟར་འདོད་པའི་ཡོན་ཕབ་སྟེ་སྦྱིན་པར་བྱའོ། །ཞེས་དང་། རབ་གནས་ཀྱི་རྒྱུད་ལས་བཟོ་བོ་མ་མཉེས་པའི་ལྷ་ལ་ནི་ཡེ་ཤེས་པ་མི་འཇུག་སྟེ། རབ་གནས་ཀྱི་ཐོག་མར་བཟོ་བོ་མཉེས་པར་བྱའོ། །ཞེས་དང་། གླང་པོ་དང་ནི་ཤིང་རྟ་ནོར། །ཡོན་གྱི་དམ་པ་དབུལ་བར་བྱ། །དེ་བས་དེ་ལ་ནན་ཏན་གྱིས། །ལོངས་སྤྱོད་གསོ་བ་དབུལ་བར་བྱ། །གལ་ཏེ་ལྷ་ཉིད་དགྱེས་འདོད་ན། །བླ་མ་གུས་པས་དགྱེས་བྱ་ཞིང་། །ཞེས་སོགས་དང་། རྒྱུད་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནས་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་གསུངས་པས། རབ་ཏུ་གནས་པའི་སློབ་དཔོན་དང་། དེའི་རྗེས་སུ་འབྲང་བ་རྣམས་དང་། བཟོ་བོ་གྲོགས་དན་དང་བཅས་པ་ཅི་འབྱོར་པས་མཆོད་པས་མཉེས་པར་བྱ་བ་གལ་ཆེ་ཞིང་། དེ་ཡང་དུས་གཞན་དུ་བྱིན་པ་བས་རབ་གནས་དང་དབང་བསྐུར་སོགས་ཀྱི་དུས་བྱིན་ན་བརྒྱ་འགྱུར་གྱི་འཕེལ་ཆེ། དེ་ལས་གཞན་དུའང་རུང་སྟེ། འཕགས་པ་སྦྱིིན་པའི་ཕན་ཡོན་བསྟན་པའི་མདོ་ལས། སེར་སྣ་རྣམ་པར་སྤང་བའི་ཕྱིར་དད་པས་སྦྱིན་པ་སྦྱིན་ནོ། །དུས་སུ་སྦྱིན་ནོ། །དེ་བཞིན་གཤེགས་པས་གནང་བའི་རུང་བ་དངོས་པོ་གསུམ་ཡོངས་སུ་དག་པར་སྦྱིན་པ་སྦྱིན་ནོ། །སེམས་ཀྱི་འཁྲུགས་པའི་སྐྱོན་ཐམས་ཅད་སྤོང་བའི་ཕྱིར་བསྟིསྟང་དུ་བྱས་ཏེ་སྦྱིན་པ་སྦྱིིན་ནོ། །སྙིང་པོ་མེད་པའི་ལུས་ལ་སྙིང་པོ་བླང་བའི་ཕྱིར་རང་གི་ལག་ནས་སྦྱིན་པ་སྦྱིིན་ནོ། །གཞན་ལ་མི་གནོད་པ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་གཏོང་བ་ཆེན་པོ་རབ་ཏུ་འཐོབ་པར་འགྱུར་རོ། །ཁ་དོག་ཕུན་སུམ་ཚོགས་པ་སྦྱིིན་པ་བྱིན་ན་རྣམ་པར་སྨིན་པ་ཁ་དོག་མཛེས་པ་རབ་ཏུ་འཐོབ་པར་འགྱུར་རོ། །དེ་བཞིན་དུ་སྤོས་བྱིན་ན་གྲགས་པའི་སྤོས་འཐོབ་པ་དང་། རོ་བྲོ་བས་རོ་བྲོ་བ་མཆོག་གི་དཔེ་བྱད་བཟང་པོ་དང་། གྱ་ནོམ་པས་ལོངསསྤྱོད་གྱ་ནོམ་པ་དང་། རྒྱ་ཆེན་པོས་ལོངས་སྤྱོད་རྒྱ་ཆེན་པོ་དང་། བཟའ་བས་ཚེ་རབས་ཐམས་ཅད་དུ་བཀྲེས་པ་རྣམ་པར་གཅོད་པ་དང་། བཏུང་བས་ཚེ་རབས་ཐམས་ཅད་དུ་སྐོམ་པ་རྣམ་པར་གཅོད་པ་དང་། བགོ་བས་གོས་ཀྱི་ལོངས་སྤྱོད་སྣ་ཚོགས་པ་དང་། གནས་ཀྱི་པུ་ཤུ་དང་ཁང་པ་བརྩེགས་པ་དང་ཁྱམས་དང་ཁང་པར་དང་གཞལ་མེད་ཁང་དང་། སྐྱེད་མོས་ཚལ་དངཀུན་དགའ་ར་བ་དང་ཡུལ་འཐོབ་པ་དང་། མལ་ཆས་རིགས་མཐོ་བ་དང་། བཞོན་པས་རྫུ་འཕྲུལ་གྱི་རྐང་པ་བཞི་དང་། སྨན་གྱིས་རྒ་ཤི་མེད་ཅིང་མྱ་ངན་དང་ཀུན་ཉོན་འགོག་པའི་མྱང་འདས་དང་། ཆོས་ཀྱིས་སྐྱེ་བ་དྲན་པ་དང་། མེ་ཏོག་གིས་བྱང་ཆུབ་ཡན་ལག་གི་མེ་ཏོག་དང་། ཕྲེང་བས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དྲི་མ་རྣམ་པར་དག་པ་དང་། བདུག་པས་ཉོན་མོངས་པའི་དྲི་ང་བ་ཐམས་ཅད་མེད་པར། གདུགས་ཀྱིས་ཆོས་ལ་དབང་བའི་དབང་ཕྱུག་དང་། དྲིལ་བུས་སྒྲ་དབྱངས་ཡིད་དུ་འོང་བ་དང་། སིལ་སྙན་གྱིས་ཚངས་པའི་སྒྲ་དབྱངས་ལྟ་བུ་དང་། མར་མེས་ལྷ་ཡི་མིག་དྲི་མ་མེད་ཅིང་རྣམ་པར་དག་པ་དང་། དར་གྱིས་ལྷ་དང་མིའི་ནང་ན་རྣམ་པར་གྲོལ་བའི་དར་གྱིས་བཅིངས་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་འབྲི་མར་དྲི་ཞིམ་པོ་ཕུལ་ལམ། སྤོས་ཀྱི་ཁྲུས་ཆུ་དབུལ་བ་ཕུལ་ན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་འཐོབ་པ་དང་། ཁྲུས་ཀྱིས་ཡོ་བྱད་ཀྱིས་ཚེ་རབས་ཐམས་ཅད་དུ་ནད་ཉུང་བ་དང་རིགས་ཀྱིས་མཆོག་ཏུ་སྐྱེ་ཞིང་ཀུན་ཏུ་མཛེས་པ་དང་། སྙིང་པོ་ལྔས་ཚེ་རབས་ཐམས་ཅདདུ་མཐུ་ཆེ་ཞིང་སྤྲོ་བ་ཆེན་པོ་གཞན་གྱིས་མི་ཐུལ་བ་དང་། བྱམས་པ་ལ་གནས་ཏེ་བྱིན་ན་གནོད་སེམས་མེད་པ་དང་། སྙིང་རྗེ་ལ་གནས་ཏེ་སྦྱིན་པ་བྱིན་ན་འཚེ་བ་མེད་པ་དང་། དགའ་བ་ལ་གནས་ཏེ་སྦྱིན་པ་བྱིན་ན་མི་འཇིགས་པ་སྦྱིན་པ་འཐོབ་པ་དང་། བཏང་སྙོམས་ལ་གནས་ཏེ་བྱིན་ན་མི་དགའ་བ་སྤོང་བ་དང་། རྣམ་པ་སྣ་ཚོགས་ཀྱི་སྦྱིན་པ་བྱིན་ན་ལོངས་སྤྱོད་པ་སྣ་ཚོགས་པ་འཐོབ་པ་དང་། ལན་ལ་མི་རེ་བ་ལ་གནས་ཏེ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཏུ་འཐོབ་པར་འགྱུར་ཏེ། དགེ་སློང་དག་མཁས་པ་རྣམས་ཀྱིས་རྣམ་པ་སུམ་ཅུ་རྩ་བདུན་པོ་དེ་དག་སྦྱིན་པ་སྦྱིིན་ནོ། །ཞེས་དང་། འཕགས་པ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། ཁ་དོག་ཕུན་སུམ་ཚོགས་པ་བྱིན་པས་ནི་ཁ་དོག་དང་ལྡན་པར་འགྱུར་གྱིས་བདག་གིས་ཁ་དོག་ཕུན་སུམ་ཚོགས་པ་སྦྱིན་པར་བྱ་བ་གོར་མ་ཆག་སྙམ་དུ་སེམས་ཤིང་། དྲི་ཕུན་སུམ་ཚོགས་པ་བྱིན་པས་ནི་གྲགས་པའི་དྲི་དང་ལྡན་པར་འགྱུར། རོ་བྲོ་བ་ཕུན་སུམ་ཚོགས་པ་བྱིན་པས་ནི་ཡོ་བྱད་གྱ་ནོམ་པ་འཐོབ་བར་འགྱུར། རེག་པ་ཕུན་སུམ་ཚོགས་པ་བྱིན་པས་ནི་རྐང་ལག་འཇམ་ལ་གཞོན་ཤ་ཆགས་པར་འགྱུར། རང་གི་ལག་ནས་བྱིན་པས་ནི་བསྙེན་བཀུར་བྱེད་པ་འཐོབ་བར་འགྱུར། གུས་པར་བྱས་ཏེ་བྱིན་པས་ནི་གཉེན་ལ་སོགས་པའི་ནང་དུ་གཞན་གྱིས་བཀུརསྟི་བྱ་བར་འགྱུར། དུས་སུ་བྱིན་པས་ནི་ནོར་རྣམས་དུས་སུ་འགྲུབ་ཅིང་རྒྱས་པར་འགྱུར། མཐུན་པ་དང་ཡིད་དུ་འོང་བ་བྱིན་པས་ནི་མལ་དང་གོས་ལ་སོགས་པ་ལོངས་སྤྱོད་ཡིད་དུ་འོངས་པ་རྣམས་ལ་སེམས་འཇུག་པར་འགྱུར། གཞན་ལ་མི་གནོད་པར་བྱིན་པར་ནི་ལོངསསྤྱོད་བརྟན་པ་དག་འཐོབ་པར་འགྱུར་རོ། །མི་དགའ་བ་དང་དུ་ལེན་པའི་སྦྱིན་པས་ནི་འཁོར་སྙིང་ཉེ་བར་འགྱུར་རོ། །ཟས་བྱིན་པས་ནི་སྟོབས་དང་ལྡན་པར་འགྱུར། སྐོམ་བྱིན་པས་ནི་སྐོམ་པ་མེད་པར་འགྱུར། གོས་བྱིན་པས་ནི་ཁ་དོག་དང་ལྡན་པར་འགྱུར། མར་མེ་བྱིན་པས་མིག་དང་ལྡན་པར་འགྱུར། རོལ་མོའི་སྒྲ་བྱིན་པས་རྣ་བ་ཉམས་པ་མེད་པར་འགྱུར། བཞོན་པ་བྱིན་པས་བདེ་བ་དང་ལྡན་པར་འགྱུར། སྨན་བྱིན་པས་ནི་ནད་ཉུང་བར་འགྱུར། མེ་ཏོག་བྱིན་པས་ནི་གཞན་གྱིས་མཆོད་པར་འགྱུར། མེ་ཏོག་ཕྲེང་བ་བྱིན་པས་ནི་གཞན་གྱིས་རིམ་གྲོ་བྱེད་པར་འགྱུར། བསྟོད་པ་བྱིན་པས་ནི་ཚངས་པའི་དབྱངས་དང་ལྡན་པར་འགྱུར། སྟན་བྱིན་པས་ནི་བླ་མའི་གནས་ཐོབ་པར་འགྱུར། བཞོན་པ་བྱིན་པས་ནི་རྫུ་འཕྲུལ་དང་ལྡན་པར་འགྱུར། བྱུག་པ་བྱིན་པས་ནི་རྨ་མེད་པར་འགྱུར། ཕྱག་དར་བྱ་བ་བྱིན་པས་ནི་རྡུལ་དང་བྲལ་བར་འགྱུར། དྲིལ་བུ་བྱིན་པས་ནི་ཚེ་རབས་དྲན་པར་འགྱུར། གནས་བྱིན་པས་ནི་ཐམས་ཅད་བྱིན་པར་འགྱུར། ཆོས་བྱིན་པས་ནི་བདུད་རྩི་བྱིན་པར་འགྱུར་གྱིས་བདག་གིས་ཆོསསྦྱིན་པ་སྦྱིན་པར་གོར་མ་ཆག་སྙམ་མོ། །སྦྱིན་པ་དེ་ལྟ་བུ་སྦྱིན་པ་ནི་ཆགས་པས་སྦྱིན་པར་མི་བྱེད། སྡང་བས་སྦྱིན་པར་མི་བྱེད། ཚིག་པ་ཟ་ཞིང་སྦྱིིན་པར་མི་བྱེད། བརྙས་བཞིན་དུསྦྱིན་པར་མི་བྱེད། རྡེག་ཅིང་སྦྱིན་པར་མི་བྱེད། ཚར་བཅད་དེ་སྦྱིན་པར་མི་བྱེད། ཁྱད་དུ་གསོད་ཅིང་སྦྱིིན་པར་མི་བྱེད། སྨད་དེ་སྦྱིན་པར་མི་བྱེད། ང་རྒྱལ་གྱིས་ཁེངས་བཞིན་དུ་སྦྱིན་པར་མི་བྱེད། འགྱིང་བཞིན་དུ་སྦྱིན་པར་མི་བྱེད། ལྷག་མར་གྱུར་པ་སྦྱིིན་པར་མི་བྱེད། རུལ་ཞིང་མྱགས་པ་སྦྱིན་པར་མི་བྱེད་ཀྱི་སྦྱིིན་པ་གང་དང་གང་སྦྱིན་པ་དེ་གུས་པར་བྱས་ཏེ་སྦྱིན་པར་བྱེད། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཤིང་རྗེད་ནས་སྦྱིན་པར་བྱེད། མང་དུསྦྱིན་པར་བྱེད། བཟང་པོ་སྦྱིན་པར་བྱེད། རབ་ཏུ་དགའ་བས་སྦྱིན་པར་བྱེད། དགའ་ཞིང་མགུ་བས་སྦྱིན་པར་བྱེད། གཙང་བ་དང་རྒྱ་ཆེར་སྦྱིན་པར་བྱེད། རང་གི་ལག་པས་སྦྱིན་པར་བྱེད། གུས་པ་དང་བཅས་པ་དང་ཞེ་ས་དང་བཅས་པས་སྦྱིན་པར་བྱེད། བསམ་པ་དག་ཅིག་བཟང་ལ་དགེ་བས་སྦྱིན་པར་བྱེད། སེར་སྣ་མེད་པར་སྦྱིན་པར་བྱེད། བརྐམ་{བསྐམ}པ་མེད་པར་སྦྱིན་པར་བྱེད། ཞུམ་པ་མེད་པར་སྦྱིན་པར་བྱེད། འཇིགས་པ་མེད་པར་སྦྱིན་པར་བྱེད། རྒྱ་ཆེ་ཞིང་ཡངས་པར་སྦྱིན་པར་བྱེད་དོ། །ཞེས་དང་། བྱེ་བྲག་ཁ་ཟས་བྱིན་པའི་ཕན་ཡོན་ཀྱང་། ཁ་ཟས་སྦྱིན་པ་བྱིན་ན་ནི། །དེས་ནི་ཚེ་དང་ཁ་དོག་དང་། །སྟོབས་དང་བདེ་བ་ལྔ་པ་སྤོབས། །ཤེས་རབ་ཅན་གྱིས་བྱིན་པ་ཡིན། །ཁ་ཟས་བྱིན་པས་དགའ་བ་དང་། །ཚེ་རིང་བདེ་སྐྱིད་སྟོབས་ལྡན་འགྱུར། །སྐྱིད་ཅིང་བརྟན་པ་དེ་དག་ནི། །ཐོགས་མེད་སྤོབས་པ་ལྡན་པར་འགྱུར། །ཕྱུག་ཅིང་ནོར་མང་དཔལ་དང་ལྡན། །མི་ནི་དེས་ཤིང་བློ་ལྡན་ལ། །བསོད་ནམས་ལྡན་ཞིང་མཁས་ལ་ཞི། །ཁ་ཟས་བྱིན་པས་དེ་ལྟར་འགྱུར། །ཞེས་དང་། དེ་བཞིན་དུ། སྐོམ་བྱིན་ན། སྐོམ་བྱིན་པས་ནི་མཁས་པ་དེ། །ཀུན་ཏུ་འབར་ཞིང་རབ་འབར་བའི། །ཡི་དྭགས་ཉམས་པར་མི་སྐྱེ་ཞིང་། །སྐོམ་པའི་གནོད་པ་འབྱུང་མི་འགྱུར། །ཞེས་དང་། བཞོན་པ་བྱིན་ན། བཞོན་པ་སྦྱིན་པ་དྲང་སྲོང་ཆེ། །སངས་རྒྱས་ཞིང་ནས་ཞིང་དག་ཏུ། །བློ་ལྡན་བྱ་ཡི་ཤུགས་འདྲ་བར། །རྫུ་འཕྲུལ་གྱིས་ནི་མཁའ་ལ་འགྲོ། །ཞེས་དང་། གོས་བྱིན་ན། གོས་སྦྱིན་ཤིན་ཏུ་དཔལ་དང་ལྡན། །རྟག་ཏུ་རིགས་ལྡན་གཟུགས་བཟང་ཞིང་། །མི་དེ་ངོ་ཚ་ཤེས་པར་འགྱུར། །མི་ནི་གྲགས་ལྡན་སྐལ་དང་ལྡན། །ཞེས་དང་། རྒྱན་བྱིན་ན། ནོར་བུ་མུ་ཏིག་སྦྱིན་པས་ནི། །གང་དང་གང་དུ་དེ་སྐྱེ་བ། །སྐྱེ་གནས་དེ་དང་དེ་དག་ཏུ། །རིན་ཆེན་ཆར་ནི་འབབ་པར་འགྱུར། །ཞེས་དང་། མར་མེ་བྱིན་ན། མི་དེ་མར་མེ་སྦྱིན་པ་ཡིས། །འཇིག་རྟེན་དག་ན་དུས་ཀུན་ཏུ། །སངས་རྒྱས་རྣམས་ཀྱི་སྤྱན་ལྔ་དང་། །རིམ་གྱིས་སུ་ནི་ལྡན་པར་འགྱུར། །ཞེས་དང་། རོལ་མོའི་སྒྲ་བྱིན་ན། རོལ་མོའི་སྒྲ་ནི་བྱིན་པས་ན། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །དཔའ་བོ་རྣམས་ཀྱི་ལྷ་ཡི་སྙན། །གང་དུ་སྐྱེས་པ་དེ་ཡིས་འཐོབ། །ཅེས་དང་། སྤོས་བྱིན་ན། སྤོས་དང་ཕྱེ་མ་བྱིན་པ་དང་། །བྱུག་པ་བྱིན་པས་སྐྱོབ་རྣམས་ཀྱི། །ལྷ་ཡི་ཤངས་དང་ལྷ་ཡི་སྐུ། །སྐྱོན་མེད་དེ་ཡིས་འཐོབ་པར་འགྱུར། །ཞེས་དང་། མེ་ཏོག་བྱིན་ན། མེ་ཏོག་མེ་ཏོག་ཕྲེང་བྱིན་པར། །གང་དང་གང་དུ་སྐྱེས་པ་དེར། །རྒྱལ་པོ་བློན་པོ་ཞང་བློན་གྱིས། །རྟག་ཏུ་མཆོད་ཅིང་རིམ་གྲོ་བྱེད། །ཅེས་དང་། རོ་བྲོ་བ་བྱིན་ན། རོ་ཡི་སྦྱིན་པས་ཡིད་གཞུངས་ཤིང་། །དྲན་ལྡན་བློ་གྲོས་རྒྱ་མཚོ་བཞིན། །དེས་ནི་རོ་ཡིི་རྣམ་གྲངས་འཐོབ། །ལྷུན་གྱིས་གྲུབ་པར་ལོངས་སྤྱོད་ལྡན། །ཞེས་དང་། གནས་བྱིན་ན། གཞལ་མེད་ཁང་གནས་སྦྱིན་པ་ཡིས། །གང་དང་གང་དུ་སྐྱེས་པ་ན། །ཁྱིམ་དང་གནས་དང་ཡུལ་འཁོར་གྱི། །བདག་པོ་དག་ནི་གཙོ་བོར་འགྱུར། །ཞེས་དང། སྔས་མལ་བྱིན་ན། མལ་དང་སྔས་རྣམས་སྦྱིན་པར་བྱེད་པའི་མི། །བསྟན་བཅོས་དག་ལ་མཁས་པར་སྐྱེ་བར་འགྱུར། །ཞི་གནས་འཐོབ་ཅིང་རྒྱ་ཆེར་སྦྱིན་པ་དང་། །པདྨ་ལསབྱུང་གཟི་ཅན་གཞོན་ནུར་འགྱུར། །ཞེས་དང་། སྟན་བྱིན་ན། སྣ་ཚོགས་རིན་ཆེན་བདུན་ལས་བྱས། །འཕང་དུ་དཔག་ཚད་གཉིས་ཡོད་པ། །ཁོ་ར་ཁོར་ཡུག་དཔག་ཚད་གཅིག །རི་རབ་བཞིན་དུ་སྤ་བ་དང་། །རིན་ཆེན་ལྗོན་ཤིང་བརྒྱས་བསྐོར་ཅིང་། །གཞལ་མེད་ཁང་གིས་ལེགས་པར་བརྒྱན། །དྲིལ་བུ་གཡེར་ཁའི་དྲྭ་བས་བཀབ། །ནོར་བུ་རིན་ཆེན་སྤྲས་གསལ་བ། །ཚངས་པ་མཚུངས་པར་སྤྱོད་རྣམས་ལ། །ཁྲིའུ་སྟན་དང་སྟེགས་བྱིན་པས། །འཁོར་བ་དག་ན་འཁོར་བའི་ཚེ། །དེ་འདྲའི་སྟན་ནི་འཐོབ་པར་འགྱུར། །ཞེས་དང་། མཁོ་བའི་ཡོ་བྱད་བྱིན་ན། ཡོ་བྱད་རབ་ཏུ་བྱིན་པ་ཡིས། །གང་དང་གང་དུ་སྐྱེས་པ་དེར། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཡན་ལག་ཐམས་ཅད་རྫོགས་པར་འགྱུར། །ཞེས་དང་། སྨན་བྱིན་ན། རྩི་དང་སྨན་གྱི་སྦྱིན་པ་ཡིས། །ཟླ་བ་ཉ་ལྟར་ནད་མེད་ཅིང་། །གནོད་ཆུང་སྐྱིད་ཅིང་བདེ་བར་གནས། །མི་རྣམས་ཚེ་ནི་རིང་བར་འགྱུར། །ཞེས་དང་། གསེར་དངུལ་སོགས་རིན་པོ་ཆེ་བྱིན་ན། རིན་ཆེན་སྣ་ཚོགས་བྱིན་པ་ཡིས། །ངེས་པར་གང་དང་གར་སྐྱེས་པ། །འཇིག་རྟེན་མཚམས་མེད་ཡན་ཆད་དུ། །དེས་ནི་འོད་ཟེར་སྣང་བར་བྱེད། །ཅེས་དང་། རྟ་སོགས་བྱིན་ན། གླང་ཆེན་བྱིན་ཞིང་རྟ་བྱིན་པས། །གསལ་ཞིང་མཁས་ལ་ཤེས་ཉེན་ཅན། །ཐེག་པ་ཆེ་ལ་མོས་པ་དང་། །མི་དེ་སྐལ་བ་ཅན་དུ་འགྱུར། །ཞེས་དང་། སྐྱེད་ཚལ་དང་། གཙུག་ལག་ཁང་སོགས་བྱིན་ན། ལྷ་ཁང་སྐྱེད་མོས་ཚལ་བྱིན་པས། །རྣལ་འབྱོར་ཅན་གྱི་མི་དེ་ནི། །བསམ་གཏན་ཡན་ལག་ཡོངས་རྫོགས་ཤིང་། །རྣལ་འབྱོར་སྤྱོད་པ་དཀའ་ཐུབ་ཆེ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་ལྟར་ཞིང་དང་བསམ་པ་དང་དངོས་པོ་དང་སྦྱོར་བ་རྣམ་པར་དག་པ་བཞི་ཡི་སྒོ་ནས་བསྐྲུན་པའི་རྟེན་གྱི་དངོས་པོ་ཆེ་ཕྲ་གང་ཡང་རུང་། ལྷ་དང་བཅས་པའི་འགྲོ་བ་རྣམས་ཀྱི་ཕྱག་མཆོད་དད་པའི་ཡུལ་ཁྱད་པར་དུ་འཕགས་པར་བསྒྲུབ་པ་ནི། རྟེན་དེ་ཉིད་རིང་བསྲེལ་གྱི་སྙིང་པོར་བསྐྲུན་པ་དང་། དེ་ལ་ཡེ་ཤེས་དབབ་བའམ་རབ་གནས་ཀྱི་ཆོ་ག་གཉིས་ལ་རག་ལས་པར་གསུངས་ཏེ། དེའི་དང་པོ་གཟུངས་འབུལ་གྱི་ཁུངས་ནི། མདོ་ལས། རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་སྐྱུ་རུ་རའི་འབྲུ་ཙམ་གྱི་ནང་དུ་བཅུག་སྟེ་སྲོག་ཤིང་ཁབ་ཙམ་གཟུག་ཅིང་གདུགས་རྒྱ་ཤུག་གི་ལོ་མ་ཙམ་གྱིས་འགེབས་པའི་དཔེས་མཚོན་པ་དང་། སྔགས་རྒྱུད་ལས། རིང་བསྲེལ་ཅན་གྱི་མཆོད་རྟེན་དྲུང་། །བདེ་བར་གཤེགས་པའི་བསྔགས་པས་འགྲུབ། །ཅེས་སོགས་མང་དུ་འབྱུང་བ་དང་། དཔུང་བཟང་གིས་ཞུས་པའི་མདོ་ལས། བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་བའི་ཕྱིར་ནི་རྟག་ཏུ་གདབ། །རིང་བསྲེལ་ཅན་གྱི་གཟུགས་སམ་མཆོད་རྟེན་ལ། །བསྟོད་ཅིང་ཕྲེང་བ་དྲི་དང་མར་མེ་འབུལ། །ཞེས་སོགས་གསུངས་ཏེ། དེ་ལ་མཆོད་རྟེན་ནི་མཆོད་པར་འོས་པའི་རྟེན་ཞེས་སམ། ཡང་ན། ཙཻ་ཏྱ་ཞེས་པའི་སྒྲ་ལས་དྲངས་ན་གསག་བྱའམ་དྲན་བྱ་ལ་འཇུག་པས་དཀོན་མཆོག་གི་སྤྱི་ལའང་འཇུག་ཏུ་རུང་སྟེ། ཇི་སྐད་དུ། དཀར་པོའི་ཆོས་རྣམས་བསགས་པ་དང་། །སྡིག་པ་མ་ལུས་སྤང་བའི་ཕྱིར། །སངས་རྒྱས་བཅོམ་ལྡན་འདས་ལ་ནི། །མཆོད་རྟེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས། རིང་བསྲེལ་ནི། གཟུངས་སྔགས་རྣམས་ཆོས་སྐུའི་རིང་བསྲེལ། གདུང་རུས་སོགས་སྐུ་གདུང་གི་རིང་འསྲེལ། དབུ་ལོ་ཕྱག་སེན་སོགས་སྐུ་བལ་གྱི་རིང་བསྲེལ། ཤ་རི་རམ་སོགས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་བཅས་བཞི་པོ་ཡོངས་གྲགས་དང་། རྒྱ་ནག་ནས་གསར་འགྱུར་གྱི་བྱང་ཆུབ་སྙིང་པོ་རྒྱན་གྱི་གཟུངས་ཀྱི་ཆོ་ག་ཞིབ་མོ་ལས། ཆོས་སྐུའི་རིང་བསྲེལ། སྐུ་གདུང་གི་རིང་བསྲེལ། སྐུ་བལ་གྱི་རིང་བསྲེལ། ཆོས་ཀྱི་རིང་བསྲེལ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དང་ལྔར་བཤད་པ་སོགས་དབྱེ་བསྡུ་དང་ངོས་འཛིན་གྱི་ཁྱད་པར་ཅུང་ཟད་འདྲ་མིན་འབྱུང་ན་ཡང་། དེ་དག་ལས། སངས་རྒྱས་གཙོ་བོར་གྱུར་པའི་གདུང་ཤ་རི་རམ་འཕེལ་གདུང་དུ་གྲགས་པ་ཡུངས་འབྲུ་ལྟ་བུ་དང་། གཟུངས་ཆེན་སྡེ་ལྔ་གཙོ་བོར་གྱུར་པའི་གཟུངས་ཆོས་ཀྱི་རིང་བསྲེལ་གཉིས་གཙོ་བོ་ལ། དེ་གཉིས་ཀའམ་གང་རུང་རེ་མེད་དུ་མི་རུང་ཞིང་གཞན་རྣམས་གང་འབྱོར་བྱ་ཆོག་པར་གསུངས། འབུལ་ཚུལ་ཡང་། རྗེ་གཏེར་ཆེན་བླ་མས། གཙུག་ཏོར་དང་དབུའི་ནང་དུ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་སོགས་བྱིན་རྟེན་དང་བླ་བརྒྱུད་ཀྱི་མཚན་སྔགས་དང་སྐུ་གཟུགས་ཨུཥྞིཥའི་གཟུངས་རྣམས་བཞུགས། མགུལ་དུ་རྟེན་འབྲེལ་སྙིང་པོ་དང་དབྱངས་གསལ་སོགས་བྱིན་རླབས་ཀྱི་ཚོགས། སྐུའི་སྟོད་ཟོམ་ལ་རྣལ་འབྱོར་ཆེན་པོའི་སྡེ་གསུམ་གྱི་གཟུངས་རྣམས་དང་། དེ་དག་གི་སྐུ་གཟུངས་བཞི་རྣམས། ཐུགས་ཀར་རིག་པ་ཕུག་རོན་ཁྱད་པར་ལྷ་གང་ཡིན་གྱི་རྩ་སྔགས། འཁོར་ལོ་སོགས། དེའི་འོག་ཏུ་ཡོ་ག་དང་། སྐེད་པར་སྤྱོད་རྒྱུད། ལྟེ་བར་བྱ་རྒྱུད་ཀྱི་གཟུངས་རྣམས་དང་དེ་དག་གི་སྐུ་རྟེན། སྨད་དུ་སངས་རྒྱས་རབ་བདུན་གྱི་གསོ་སྦྱོང་སོགས་མདོ་སྡེའི་གཟུངས་རྣམས་གཞུག་ཅིང་གཞན་ཡང་གནས་ཡིག་དང་སྐྱེ་མཆེད་བྱིན་རླབས་རྣམས་སོ་སོའི་གཞུང་བཞིན་དགོད། མ་ཁེངས་ན་སྐུའི་སྟོད་སྨད་ཐམས་ཅད་སྔར་གྱི་རིམ་པ་བཞིན་མ་ནོར་བར་མདོ་རྒྱུད་ཀྱི་གླེགས་བམ་སོགས་གཞུགཔད་གདན་ལ་ཆོས་སྐྱོང་ནོར་ལྷའི་སྔགས་དང་སྲོག་འཁོར་བླ་རྡོ། ཁྱད་པར་ཚུལ་བཞིན་བསྒྲུབས་པའི་གནོད་སྦྱིན་འཁོར་ལོ་རིན་ཆེན་འབྲུསྨན་དར་ཟབ་དྲི་བཟང་སོགས་ཡོ་བྱད་ཇི་སྙེད་པ་དང་བཅས་གཞུགརིག་པ་ཕུག་རོན་དང་རྟེན་འབྲེལ་སྙིང་པོ་ནི་སྟོད་སྨད་ཐམས་ཅད་དུ་གཞུག་ཅིང་འབུལ་བའི་ཚེ་ངག་ཏུའང་བཟླའོ། །མཆོད་རྟེན་གྱི་ཚེ་དབུའི་རྣམས་འཁོར་ལོ་དང་བྲེ་ཡན། སྐུ་ངོ་བོའི་རྣམས་བུམ་པ་ནས་བང་རིམ་འོག་མ་ཡན་དང་། པདྨའི་རྣམས་གདན་ཁྲིར་གཞུག་པར་གསུངས་ཤིང་། བྲིས་སྐུ་ལ་ནི། ཧེ་རུ་ཀ་གལ་པོ་ལས། ཐང་སྐུའི་རྒྱབ་ཏུ་སྐུ་གསུམ་གྱིས། །བྱིན་རླབས་སྔགས་ཀྱང་བྲི་བར་བྱ། །ཞེས་གསུངས་པ་བཞིན། རྒྱབ་ཏུ་སྐུ་གཟུགས་ཀྱི་གནས་གསུམ་སོ་སོའི་ཐད་དུ་འབྲུ་གསུམ་དང་། རྒྱུད་གལ་པོ་ནས་གསུངས་པའི་ཆོས་སྐུར་བྱིན་གྱིས་བརླབས་པའི་སྔགས་རྣམསསྤྱི་བོའི་ༀ་ཡིག་གི་གཤམ་དང་། དེ་བཞིན་ལོངས་སྐུར་བྱིན་རླབས་སྔགས་མགྲིན་པར་ཨཱཿཡི་འོག་དང་། སྤྲུལ་སྐུར་བྱིན་རླབས་ཐུགས་ཀར་ཧཱུྃ་གི་འོག་ཏུ་འབྲི། སྤྲོ་ན་སྐྱེ་མཆེད་བྱིན་རླབས་དང་། ལྷ་སོ་སོའི་མཚན་སྔགས་དང་གཟུངས་སྔགས། སརྦ་བིདྱཱ། བཛྲ་ཨ་ཡུ་ཥེ། རྟེན་སྙིང་། གསོ་སྦྱོང་། ཤིས་བརྗོད་སོགས་ཇི་ལྟར་རིགས་པ་བྲི། གསུང་རྟེན་གླེགས་བམ་ལ་ནི་དེ་ཉིད་ཀྱི་གཤམ་དུ་བྲི་བར་ཀུན་མཁྱེན་དྷརྨ་ཤྲཱིས་གསུངས། དེ་ལྟར་བགྱིས་པའི་ཕན་ཡོན་ཡང་། མཁས་མཆོག་དཔའ་བོས། སྐྱེ་བོ་གང་ཞིག་སྐུ་བཞེངས་པའི། །ནང་དུ་རིང་བསྲེལ་བཅུག་བྱས་ན། །ཀུན་ནས་བརྒྱ་བྱིན་ལས་འཕགས་པའི། །མི་དབང་གླིང་བཞི་རྣམས་སུ་ནི། །དཔལ་དང་ལྡན་པར་ལོངས་སྤྱོད་ནས། །མཐའ་རུ་རྣམ་དག་གོ་འཕང་འཐོབ། །ཅེས་སོགས་རྒྱ་ཆེར་གསུངས་པ་བཞིན་ཏེ་ཞིབ་པར། གང་ལ་བྱ་བའི་རྟེན། གང་གིས་བྱེད་པའི་མཁན་པོ། གང་ལས་བཤད་པའི་ཁུངས། ཇི་ལྟར་བྱ་བའི་ཚུལ། དེ་ལྟར་བྱས་པའི་ཕན་ཡོན་བཅས། རྗེ་བླ་མའི་ཞལ་སྔ་ནས་བསྩལ་པའི་གཟུངས་འབུལ་གྱི་ལག་ལེན་སོགས་ལས་ཤེས་པར་བྱའོ། །གཉིས་པ་རབ་གནས་ནི། ངོ་བོ། རྟེན་གང་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྣམས་བསྡུས་ནས་དགེ་ཞིག་བཀྲ་ཤིས་པའི་དོན་ཅན་དུ་བྱེད་པ་ཡིན་ཏེ། ཁྲོ་གཉེར་ཅན་གྱི་རྟོག་པ་ལས། རྒྱལ་བའི་སྐུ་གཟུགས་བཞེངས་ནས་ནི། །གུས་པར་རྒྱལ་བ་ལྟར་མཆོད་བྱ། །ཐུབ་པས་དེ་ལྟར་གཟིགས་ནས་ནི། །ཡིད་ཅན་རྣམས་ལ་སྐྱོབ་པར་མཛད། །ཅེས་དང་། གལ་པོར། སྐུ་གསུངཐུགས་ཀྱི་རྟེན་རྣམས་ལ། །ཡེ་ཤེས་གཞུག་པའི་བྱིན་རླབས་ཅན། །འཁོར་བ་འབྱུང་བ་ལྔ་ཡི་གནས། །སྐུ་དང་གསུང་དང་ཐུགས་ཉིད་ཡིན། །ཞེས་གསུངས། ངེས་ཚིག་གམ་སྒྲ་དོན། སུ་པྲ་ཏིཥྛ་བི་དྷི་ཞེས་པའི་སྒྲ་ལས་བཟང་པོར་བསྒྲུབས་པ་དང་ཡུན་རིང་དུ་གནས་པར་བྱེད་པའི་ཆོ་ག་སྟེ། རྟེན་ཡེ་ཤེེས་སེམས་དཔའི་ངོ་བོ་ཉིད་དུ་བསྒྲུབས་པས་བཟང་པོ་དང་འཁོར་ཇི་སྲིདདུ་གནས་པར་བྱེད་པས་ཡུན་རིང་བའོ། །དེ་གཉིས་ཀྱང་ཡེ་ཤེས་དགུག་གཞུག་དང་བརྟན་བཞུགས་དང་འབྲེལ་བའི་ཕྱིར་རབ་གནས་ཀྱི་ཆོ་ག་ཞེས་བྱ། ཡང་། སུ་ར་བ། པྲ་ཏི་སོ་སོ། ཥྛ་གནས་པ་སྟེ་རྟེན་སོ་སོའི་བདག་ཉིད་དུ་གནས་པ་ལ་ཡང་བགྲང་དུ་རུང་ངོ་། །དབྱེ་ན་བདུན་ལས། རབ་གནས་ཀྱི་རང་བཞིན་ནི། སློབ་དཔོན་ཆེན་པོ་བདེ་འདུས་རབ་གནས་སུ་བྱ་དགོས་མི་དགོས་གཉིས་སུ་བརྟགཅེས་པ་ལྟར། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་མཆོག་ཏུ་མི་འགྱུར་བའི་ཆོས་ཉིད་ནམ་མཁའ་ལྟར་ཀུན་ཁྱབ་ཏུ་བཞུགས་པའི་གནས་ལུགས་རྟོགས་པ་ཤེས་རབ་ཅན་གྱི་དབང་དུ་བྱས་ན། སྔ་མ་ལས། ཆོས་ཉིད་སྟོང་པའི་དོན་རྟོགས་ན། །གང་ཞིག་གང་གིས་གང་དུ་བརླབ། །གདོད་ནས་མ་སྐྱེས་སྐྱེ་མེད་ལ། །ཅི་འདྲ་ཅི་འདྲར་རབ་ཏུ་གནས། །ཆོས་རྣམས་འོད་གསལ་སྐྱེ་མེད་དུ། །རྟོགས་པར་ལྡན་པས་མཆོད་གནས་རྣམས། །རབ་ཏུ་གནས་པ་མི་དགོས་སོ། །ཞེས་དང་། ཡང་སྐུ་གཟུགས་ཀྱི་རྟེན་སོགས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་རྣམ་རོལ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སྤྲུལ་པའོ་སྙམ་པའི་དད་པ་ཅན་གྱི་དབང་དུ་བྱས་ནའང་སྔ་མ་ལས། ཡང་ན་སྟོང་ཉིད་མ་རྟོགས་ཀྱང་། །སྐུ་གཟུགས་གླེགས་བམ་མཆོད་རྟེན་སོགས། །སངས་རྒྱས་རྣམ་སྤྲུལ་བྱིན་རླབས་ལས། །བྱུང་སྟེ་མིན་ན་མི་འབྱུང་བར། །རྟོགས་ཏེ་ཤིན་ཏུ་དད་ལྡན་ལ། །རབ་ཏུ་གནས་པ་མི་དགོས་སོ། །ཞེས་གསུངས། དེ་ལྟ་བུའི་དོན་གཉིས་པོ་ཁོང་དུ་མ་ཆུད་པའི་གདུལ་བྱ་ཐུན་མོང་བ་རྣམས་ཚོགས་གཉིས་ཀྱི་གནས་ལ་འགོད་པའི་ཆེད་དུ་རབ་གནས་དགོས་པར་བསྟན་པ་ནི། འཇིག་རྟེན་ཐ་སྙད་ལ་གནས་ཏེ། །ཀུན་རྫོབ་དོན་དུ་བསྟན་པ་ཡིན། །ཞེས་དྲངས་ངེས་ཀྱི་དབྱེ་བས་གསུངས་པ་བཞིན་རབ་གནས་ཀྱི་རྟོག་པ་ལས་ཀྱང་། སངས་རྒྱས་ཀུན་ན་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ཡང་མེད། །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བརྟགས། །ཞེས་དང་། རྡོ་རྗེ་བཀོད་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ། །མཐའ་ཡས་གྲོལ་བའི་རྒྱུ་ཡི་ཕྱིར། །རྒྱལ་བ་དགུག་དང་གཞུག་པར་བྱ། །ཞེས་གསུངས། གང་ལ་གནས་བྱའི་རྟེན་ནི། རྟོག་པ་ལས། བརྡུང་བ་དང་། བྲིས་པ་དང་། འབུར་དུ་བྱས་པ་ལ་སོགས་ཀྱིས་མཚོན་པའི། གཟུགས་སྐུའི་རྟེན་དེ་བཞིན་གཤེགས་པ་ཞི་ཁྲོའི་སྣང་བརྙན་དང་། གསུང་གི་རྟེན་རྫོགས་པའི་སངས་རྒྱས་དང་འཕགས་པ་རྣམས་ཀྱི་གསུང་རབ་གླེགས་བམ། ཐུགས་རྟེན་ནི་ཆོས་སྐུའི་རྟེན་སྤྱི་མིང་བྱེ་བྲག་ཏུ་བཏགས་པ་མཆོད་རྟེན་བརྒྱད་ལ་སོགས་པ་རྣམས་དང་། གཞན་ཡང་གཙུག་ལག་ཁང་དང་། རྒྱན་དང་ཕྱག་མཚན་ལ་སོགས་པ་ཇི་སྙེད་པ་རྣམས་སོ། །དེ་དག་ཀྱང་དབྱིབས་དང་རྒྱན་ལ་སོགས་པ་སོ་སོའི་མཚན་ཉིད་དང་ལྡན་པར་ཚད་ལ་ཕེབས་པར་བྱ་དགོས་པ་ནི། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་ཉམས་དང་ལྡན། །ཚད་ཀྱིས་ཚད་ལ་ཕབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པར་བྱ། །ཞེས་གསུངས། དགོས་པ་ལ་སྐྱོན་ཡོན་གྱི་ཆ་གཉིས་ལས། དང་པོ་ནི། རྟེན་དེ་ཡང་རབ་གནས་མ་བྱས་པ་དང་། ཆོ་ག་དམན་པས་བྱས་ནའང་མི་ཤིས་པ་དང་བསོད་ནམས་ཀྱི་ཞིང་དུ་མི་འགྱུར་ཏེ། རྔམ་གློག་ལས། དཀྱིལ་འཁོར་ལ་སོགས་གང་བྱས་ཀྱང་། །རབ་གནས་ཡེ་ཤེས་མི་ལྡན་ན། །ཚོགས་དང་དབྲི་བའི་ནུས་པ་མེད། །ཅེས་དང་། སྔ་མ་ལས། གང་དུ་སྐུ་གཟུགས་རབ་རྫོགས་པ། །བྱིན་མ་བརླབས་པར་རིང་བྱས་ན། །དེ་ལ་བཀྲ་མི་ཤིས་པ་འབྱུང། །དེ་སྲིད་མཆོད་པ་དེ་མི་འོས། །ཞེས་དང་། ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །ཞེས་སོ། །གཉིས་པ་ནི། སྔར་བཤད་པའི་སྐྱོན་རྣམས་མི་འབྱུང་བ་དང་། རྟེན་དེ་ཉིད་མཆོད་པ་ལས་བསོད་ནམས་འཕེལ་ཞིང་རྒྱུད་བྱིན་གྱིས་བརླབ་པ་སོགས་དོན་ཆེན་པོར་འགྱུར་བ་ཡིན་ཏེ། དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཆོ་ག་བདག་ཉིད་ནུས་པ་ཡིས། །བརྟག་པ་ལས་བྱུང་ཚུལ་ལེགས་པས། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་རྣམས་སུ་སྐྱེ། །སྐུ་གཟུགས་སྔགས་ཀྱི་མཚན་ཉིད་ཀྱིས། །དེ་ལ་བྱིན་རླབས་འཇུག་པར་འགྱུར། །ཞེས་དང་། པདྨ་དབང་ཆེན་གྱི་རྒྱུད་ལས། སྐུ་གསུངཐུགས་རྟེན་ཁྱད་པར་ཕྱིར། །རབ་གནས་བཟང་པོའི་ཆོ་ག་བྱ། །ཞེས་དང་། ཕྱག་རྡོར་དབང་བསྐུར་ལས། དཔེར་ན་གཙུབ་སྟན་རྟེན་ནས་སུ། །གཙུབ་ཤིང་གཙུབས་པར་བྱས་པ་ཡིས། །མེ་ཡི་རྩོལ་བ་བྱས་རྒྱུ་ལས། །སྟོབས་དང་ལྡན་པའི་མེ་འབྱུང་ངོ་། །དེ་བཞིན་སྔགས་དང་ཕྱག་རྒྱ་ལྷ། །གསུམ་ནི་འདུས་པར་གྱུར་པ་ལས། །ཆེན་པོ་དག་ནི་འབྱུང་འགྱུར་ཏེ། །བྱུང་ནས་ཡིད་ལ་གང་འདོད་པའི། །དགོས་པ་ཐམས་ཅད་བྱེད་པར་འགྱུར། །ཞེས་དང་། གསང་སྙིང་ལས། ས་ལ་སོགས་པ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་དང་། རྒྱལ་བཟང་གིས། ཡེ་ཤེས་དག་པའི་བྱིན་རླབས་དང་། །རྣལ་འབྱོར་ཏིང་འཛིན་མཐུ་བྱིན་དང་། །རྒྱལ་བ་བཞུགས་པའི་ནུས་མཐུ་ཡིས། །སྒྲིབ་པ་དག་ཅིང་ཚོགས་གཉིས་རྫོགས། །གང་འདོད་དེ་ཡི་དངོས་གྲུབ་ཐོབ། །ཅེས་གསུངས་པ་བཞིན་ནོ། །གནས་བྱེད་ཀྱི་སློབ་དཔོན་ནི། ཐེག་པ་གསུམ་གྱི་བསླབ་པས་རྒྱུད་སྦྱངས་ཤིང་། ཁྱད་པར་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་དབང་གིས་སྨིན་ཅིང་དམ་ཚིག་དག་པ། ཕྱི་ནང་གི་དེ་ཉིད་བཅུ་སོགས་སློབ་དཔོན་གྱི་ལས་རབ་འབྱམས་ལ་དབང་འབྱོར་པ། རབ་གནས་ཀྱི་ཆོ་ག་ལ་མཐོང་བརྒྱུད་ཕྱིན་ཆད་ཀྱིས་མཁས་པས་དོན་མཐུན་ལག་ཏུ་ལོངས་པ་དགེ་སློང་དགེ་ཚུལ་ཁྱིམ་ན་གནས་པ་རྣམས་རིམ་བཞིན་རབ་འབྲིང་ཐ་མར་བྱས་པས་ཏེ། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པའོ། །ཞེས་དང་། དུས་འཁོར་ལས། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །དགེ་ཚུལ་ཞེས་བྱ་དེ་ཉིད་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་གསུངས། གང་དུ་བྱ་བའི་གནས་ནི། ཕྱོགས་དང་ཁ་དོག་ལ་སོགས་བའི་སྒོ་ནས་ཞི་རྒྱས་ཀྱི་གནས་སུ་བསྔགས་པ་དང་། ཁྱད་པར་བཀྲ་ཤིས་ཤིང་ཉམས་དགའ་བའི་གནས་ཏེ། ཡང་ཐོག་མཆོད་རྟེན་ལ་སོགས་དང་། །ཁྱིམ་དང་ལྷ་ཡི་གནས་རྣམས་སུ། །སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཞེས་དང་། གལ་པོར། བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་ཉམས་ནི་རྣམ་པར་དགའ། །ཞེས་སོགས་ཀྱིས་མཚོན་ཏེ་དཀྱིལ་འཁོར་གྱི་ཆོ་ག་རྣམས་ལས་བཤད་པ་བཞིན་ནོ། །གང་གི་ཚེ་བྱ་བའི་དུས་ནི། ཟླ་བ་དྲུག་དང་གཟའ་བཞི་དང་། །རྒྱུ་སྐར་བཅུ་བཞི་གང་ཡིན་དང་། །ཚེས་གྲངས་བདུན་གྱི་བདག་ཉིད་ལ། །རྒྱལ་བས་རབ་གནས་ལ་སོགས་བསྔགས། །ཞེས་པ་ལྟར་དགུན་ཟླ་ཐ་ཆུང་ནས་དབྱར་ཟླ་འབྲིང་པོའི་བར་ཉི་མ་བྱང་བགྲོད་ཀྱི་དཀར་ཕྱོགས་གཟའ་སྐར་འཕྲོད་སྦྱོར་བཟང་ཞིང་བཀྲ་ཤིས་པ་ལ་བྱ་སྟེ། སྒྱུ་འཕྲུལ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པས། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པ་བླང་བར་བྱ། །ཞེས་དང་། རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །སྦྱོར་དང་དུས་ཚེས་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱི། །བརྟགས་ན་བཀྲ་ཤིས་མཚན་མ་འབྱུང་། །ཞེས་དང་། གཞན་ཡང་། དཀྱིལ་འཁོར་དང་ནི་རབ་གནས་པ། །ཡར་གྱི་ངོ་ལ་བརྟག་པར་བྱ། །ཞེས་པའང་གཙོ་ཆེ་བའི་དབང་དུ་དགོངས་ཀྱི་གཞན་དུ་ན། གཟའ་དང་སྐར་མ་འཛོམས་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་གསུངས་པས་མཚོན་ནོ། །གང་ཞིག་བྱ་བའི་ཆོ་ག་ནི། རྟེན་འབྲེལ་རབ་གནས་སུ་གྲགས་པ་དང་། བསླབ་བཏུས་ལས། སངས་རྒྱས་སྲས་དང་བཅས་པ་དད་པས་སྤྱན་དྲངས་ནས་རྟེན་ལ་བཞུགས་སུ་གསོལ་ཏེ། ཕྱག་མཆོད་དང་ཤིས་བརྗོད་བྱེད་པ་མདོ་ལུགས་སུ་གྲགས་པ་དང་། གསང་སྔགས་ཀྱི་རྒྱུད་སྡེ་ཐ་དད་ནས་གསུངས་པ་རྣམས་དང་། ཁྱད་པར་རྣལ་འབྱོར་ཆེན་པོའི་རྒྱུད་མདོ་སྒྱུ་སྒྲུབ་སྡེ་རྣམས་སུ་གསུངས་པའི་དོན་པཎ་གྲུབ་ཤིང་རྟ་ཆེན་པོར་གྲུབ་པ་རྣམས་ཀྱིས་ཇི་ལྟར་བཀྲལ་པ་བཞིན་སྙིང་པོར་དྲིལ་བའི་ཆོ་ག་རྣམ་པར་དག་པ་ཉིད་ཀྱིས་བྱ་དགོས་ཏེ། སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཞེས་གསུངས་པས་སྦྱོར་དངོས་རྗེས་གསུམ་ཚང་བའི། ཆོ་ག་དངོས་ནི་གསར་རྙིང་གི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱིས་མཛད་པ་སྤྱི་དང་། ཁྱད་པར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་གཏེར་ཆེན་བླ་མ་རིག་འཛིན་འགྱུར་མེད་རྡོ་རྗེའི་ཞལ་སྔ་ནས་སྩལ་པའི་རབ་གནས་ཀྱི་ཆོག་དགེ་ལེགས་འདོད་འཇོ་རྩ་བ་ཡན་ལག་དང་བཅས་པ་ལས་ཤེས་པར་བྱའོ། །ལེགས་བྱས་བྱེ་བའི་ཆུ་གཏེར་བསྲུབས་པ་ལས། །ཉེར་ཐོན་མངོན་མཐོའི་རྟེན་གྱི་འོད་དཀར་ཅན། །ཡོན་ཏན་དཀྱིལ་འཁོར་རྒྱས་པའི་དཔལ་ཐོབ་ཚེ། །བག་མེད་སྒྲ་གཅན་གནས་ལས་བྱོལ་བར་འོས། །མཐོ་རིས་ཡོན་ཏན་བདུན་གྱི་འབྲས་བཟང་ཕུལ། །སྔོན་བསགས་རྣམ་དཀར་རྩ་བ་བརྟན་པའི་མཐུར། །ལེགས་པར་ཤེས་ནས་ཚོགས་གཉིས་ས་བོན་འབུམ། །ཀུན་གཞིའི་ཞིང་སར་འདེབས་རྣམས་འདུན་མ་བཟང་། །གཞན་དུ་ཉེས་སྤྱོད་གདུག་པའི་མེ་ཆེན་གྱིས། །རང་གཞན་དགེ་བའི་བུད་ཤིང་སྲེག་བྱེད་པའི། །མི་བསྲུན་སྦྲུལ་ནག་ཁྲོས་འདྲའི་ངང་ཚུལ་ཅན། །དེ་དག་སྟོབས་འབྱོར་དྲེགས་ཀྱང་སུ་ཞིག་སྨོན། །རྒྱལ་བའི་རིང་ལུགས་ཐོག་མཐའ་བར་དགེའི་ཆོས། །ཞི་བསིལ་ཡན་ལག་བརྒྱད་ལྡན་ལྷ་ཆུའི་རྒྱུན། །གུས་པའི་སྙིམ་པས་འཐུང་བར་མི་བྱེད་ན། །སྲིད་པའི་སྐོམ་པ་ནམ་ཞིག་སེལ་བར་འགྱུར། །ཆོས་བརྒྱུདདུག་ཅན་སྦྲུལ་གྱིས་ཉེར་བརྟེན་ཅིང་། །སྙིགས་སྤྱོོད་ལས་འབྲས་འཆོལ་བའི་བ་ཚྭའི་རོས། །ལེགས་བྱས་སྤྲིན་བཅུད་བསིལ་པོའི་དྲི་རོ་ཡང་། །མ་རུངས་བྱེད་འདི་ཀྱེ་མ་རང་བློའི་སྐྱོན། །དེ་སླད་སྐལ་བ་བཟང་ལྡན་དོན་མཐུན་གྲོགས། །བསམ་སྦྱོར་རྣམ་པར་དག་པའི་སྨན་ཤིང་སོན། །དད་པའི་ཞིང་སར་ཚུལ་བཞིན་འདེབས་མཁས་ན། །རིང་མིན་རྒྱལ་བ་དགྱེས་པའི་བཅུད་ལེན་རྩིས། །རྣམ་གྲོལ་སྲོག་ཟུང་བརྟས་ལ་དཀའ་བ་ཅི། །ཡང་ཡང་དཀོན་མཆོག་མཚན་ཙམ་ཐོས་དཀའ་ཞིང་། །ཡང་ཡང་འདི་འདྲིའི་འབྱོར་པ་རྙེད་དཀའི་ཚུལ། །ཡང་ཡང་སྙིང་ལ་བརྣག་ནས་བསོད་ནམས་དཔུང་། །ཡང་ཡང་གསོག་པའི་སྙིང་སྟོབས་ལྷོད་མེད་མཛོད། །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་ས་ཁོངས་གཉིས་པ་སྨོས་ཟིན་ཏོ། །


previousགཉིས་པ་བར་དུ་དགེ་བ་གཞུང་གི་དོན་དངོས་བཤད་པ། next