Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
  collapse section
   
   
གཉིས་པ་གསུང་རབ་དམ་པའི་ཆོས་ལ་བཀུར་སྟི་སོགས་བགྱིས་པའི་ཕན་ཡོན་བྱེ་བྲགཏུ་བཤད་པ།
   
   
   
   


 
previousགཉིས་པ་གསུང་རབ་དམ་པའི་ཆོས་ལ་བཀུར་སྟི་སོགས་བགྱིས་པའི་ཕན་ཡོན་བྱེ་བྲགཏུ་བཤད་པ། next

གཉིས་པ་གསུང་རབ་དམ་པའི་ཆོས་ལ་བཀུར་སྟི་སོགས་བགྱིས་པའི་ཕན་ཡོན་བྱེ་བྲགཏུ་བཤད་པ།

གཉིས་པ་གསུང་རབ་དམ་པའི་ཆོས་ལ་བཀུར་སྟི་སོགས་བགྱིས་པའི་ཕན་ཡོན་བྱེ་བྲགཏུ་བཤད་པ་ལ། སྤྱི་དང་། བྱེ་བྲག་གཉིས་ལས། དང་པོ་ནི། ཁྱད་པར་དུའང་གསུང་རབ་དམ་པའི་ཆོས་ལ་བསྙེན་བཀུར་བགྱིས་ན་བསོད་ནམས་ཚད་མེད་པ་འབྱུང་སྟེ། སྤྱིར་དམ་པའི་ཆོས་གླེགས་བམ་དང་དེ་འཛིན་པ་པོ་བཞུགས་པའི་ས་ཕྱོགས་དེར་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགོངས་ཤིང་བྱིན་གྱིས་བརླབ་པར་འགྱུར་བ་དང་། ལྷ་དང་གནོད་སྦྱིན་ལ་སོགས་པ་ཆོས་སྐྱོང་བའི་སྲུང་མ་མཐུ་བོ་ཆེ་རྣམས་ཀྱིས་རྟག་ཏུ་མི་གཡེལ་བར་སྲུང་ཞིང་འཇིགས་པ་དང་གནོད་པ་ལས་སྐྱོབ་པར་དམ་བཅས་པ་ཡིན་པས་ཆོས་འཛིན་པ་པོ་དང་། ཆོས་ལ་བཀུར་སྟི་ཚད་ལྡན་ཡོད་ན་གནས་སྐབས་ཀྱི་རྐྱེན་སེལ་ལ་ཡང་སྲུང་བཟློག་གསོལ་མཆོད་བརྒྱ་སྟོང་མང་པོས་དོ་ཟླ་མིན་ཏེ། ཕྱོགས་ཙམ་མཚོན་ན། བྱང་ཆུབ་སེམས་དཔའ་བྱམས་པས་འདི་ལྟར་དམ་བཅས་སོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་འཇིག་པའི་དུས་ལ་བབ་ཅིང་། སངས་རྒྱས་ཀྱི་བྱང་ཆུབ་འཇིག་པར་འགྱུར་བ་འཇིག་པ་ཆེན་པོས་འཇིག་པའི་དུས་ན་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་སྐྱེས་བུ་དམ་པ་དེ་དག་ལ་རབ་ཏུ་བསྟན་པར་འགྱིའོ། །དེ་དག་ལ་གཟི་བྱིན་བསྩལ་བར་བགྱིའོ། །ཡུལ་གང་ན་མདོ་སྡེ་འཛིན་པ་དེ་ལྟ་བུ་དག་གནས་པའི་ཡུལ་དེར་བདག་གིས་དུས་མ་ལགས་བའི་སེར་བ་དང་། དགུན་ཆར་དང་། མུ་གེ་དང་། བྲོ་ནད་ཡ་ང་བ་དང་། མི་ངས་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། འཁྲུགས་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །ཡུལ་གང་ན་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། གླེགས་བམདུ་བགྱིས་པའམ། རྒྱལ་མཚན་གྱི་རྩེ་མོར་བཏགས་ལ་མཆོད་པ་བགྱིད་པའི་ཡུལ་དེར་བདག་གིས་བྱིན་གྱིས་བརླབས་ཀྱིས་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་དང་། ཆོམ་རྐུན་དང་། སྲིན་པོ་དང་། མཁའ་འགྲོ་མའི་ཡ་ང་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གང་དག་ན་ཆོས་སྨྲ་བ་འདི་ལྟ་བུ་དག་དང་། མདོ་སྡེ་འདི་འཆད་པའི་ཡུལ་དེར་བདག་གིས་ལོ་ཏོག་དང་། ནོར་དང་། འབྲུ་དང་། མེ་ཏོག་དང་། ལོ་མ་དང་། འབྲས་བུ་ཐམས་ཅད་ཕུན་སུམ་ཚོགས་པ་དང་། བདེ་བ་ཐམས་ཅད་འབྱུང་བར་བྱིན་གྱིས་བརླབ་པར་བགྱིའོ། །ཞེས་དང་། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། བཙུན་པ་བཅོམ་ལྡན་འདས་ནམ་མིའི་རྒྱལ་པོས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་དེ་ཐོས་ནས། མདོ་སྡེའི་དབང་པོ་འདི་འཛིན་པའི་དགེ་སློང་དེ་དག་ཕྱིར་རྒོལ་བ་ཐམས་ཅད་ལ་ཀུན་ཏུ་སྲུང་བར་བགྱིད། ཡོངས་སུ་སྐྱོབ་པ་དང་། ཡོངས་སུ་འཛིན་པ་དང་། ཡོངས་སུ་སྐྱོང་བར་བགྱིད་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས། མིའི་རྒྱལ་པོ་དེའི་ཡུལ་ཐམས་ཅད་ནི་གནས་པའི་སེམས་ཅན་རྣམས་ཀུན་ཏུ་བསྲུང་བར་བགྱིད། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །ཞེས་དང་། སྡུད་པ་ལས། ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་མགོན་སྤྱོད་པ། །འདི་དག་གང་ཞིག་གུས་བྱས་འཛིན་དང་ཆུབ་བྱེད་པ། །དེ་ལ་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས། །བདུད་དང་བདུད་ཀྱི་ཕྱོགས་ཀྱིས་གླགས་ཀྱང་རྙེད་མི་འགྱུར། །ཞེས་གསུངས། གཞན་ཡང་ཡུམ་གྱི་འགྲེལ་པར། གཙོ་བོར་ཆོས་སྐུའི་དེ་བཞིན་གཤེགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་ཡིན་ནོ། །དེ་བས་ན་དེ་སྟོན་པར་བྱེད་པའི་རྒྱལ་བའི་ཡུམ་ལ་མཆོད་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཀྱི་སྐུ་ལ་མཆོད་པའི་ཕྱིར་བསོད་ནམས་མང་དུ་སྐྱེ་བ་ཡིན་ནོ། །ཞེས་དང་། སྡུད་པ་ཚིགས་སུ་བཅད་པ་ལས། རྒྱལ་བས་བརྒྱ་བྱིན་དྲི་བ་ཡོངས་དྲིས་ལན་གསོལ་བ། །གལ་ཏེ་གདྒཱའི་བྱེ་སྙེད་སངས་རྒྱས་ཞིང་གྱུར་པ། །དེ་ཀུན་རྒྱལ་བའི་རིང་བསྲེལ་ཕྱུར་བུར་གཏམས་གྱུར་ཀྱང་། །བདག་ནི་ཤེས་རབ་ཕ་རོལ་ཕྱིན་པ་འདི་ཉིད་ལེན། །ཅི་སླད་ཅེ་ན་སྐུ་གདུང་མི་གུས་བདག་མ་ལགས། །འོན་ཀྱང་ཤེས་རབ་ཡོངས་སུ་བསྒོས་པས་མཆོད་པར་བགྱིད། །དཔེར་ན་རྒྱལ་པོ་བརྟེན་མི་རིམ་གྲོ་ཐོབ་པ་ལྟར། །སངས་རྒྱས་རིང་བསྲེལ་ཤེས་རབ་ཕ་རོལ་ཕྱིན་ལ་བརྟེན། །ནོར་བུ་རིན་ཆེན་ཡོན་ཏན་ཀུན་ལྡན་རིན་ཐང་མེད། །གབ་ཚེ་གང་དུ་སྩལ་པ་དེ་ནི་ཕྱག་བགྱི་འོས། །དེ་ཕྱུང་གྱུར་ཀྱང་གབ་ཚེ་ལ་ནི་དགའ་བར་བགྱིད། །ཡོན་ཏན་དེ་དག་ནོར་བུ་རིན་ཆེན་དེ་ཡིས་ལགས། །དེ་བཞིན་ཤེས་རབ་ཕ་རོལ་ཕྱིན་མཆོག་ཡོན་ཏན་གྱིས། །རྒྱལ་བ་མྱ་ངན་འདས་ཀྱང་རིང་བསྲེལ་མཆོད་པ་བརྙེས། །དེ་ལྟའི་གང་ཞིག་རྒྱལ་བའི་ཡོན་ཏན་འཛིན་འཚལ་དེས། །ཤེས་རབ་ཕ་རོལ་ཕྱིན་བླང་འདི་ནི་ཐར་པ་ལགས། །ཞེས་དང་། སངས་རྒྱས་ཕལ་པོ་ཆེའི་བཟང་པོ་དཔལ་གྱི་ལེའུ་ལས། རྣམ་ཐར་དམ་པ་འདི་དག་སུས་ཐོས་ནས། །ཡིད་ཆེས་འཛིན་ཅིང་རྗེས་སུ་སྒྲོགས་བྱེད་པ། །དེ་དག་ངོ་མཚར་རྨད་བྱུང་ཆོས་ལྡན་ཏེ། །དེ་དག་དགའ་བྱེད་མི་ཡི་འཇིག་རྟེན་ན། །འདི་འདྲའི་ཆོས་དེར་གང་དག་དད་གྱུར་པ། །སེམས་ཅན་སོ་སོ་སྐྱེ་བོའི་ཚོགས་ན་དཀོན། །གང་དག་དགེ་བསགས་བསོད་ནམས་བྱས་གྱུར་པ། །དེ་དག་རྒྱུ་ཡི་སྟོབས་ཀྱིས་འདི་ལ་དད། །གང་དག་ཉན་ཐོས་ཐེག་པའང་ཡིད་ཆེས་པའི། །མི་དག་མི་ཡི་འཇིག་རྟེན་རྣམས་ན་ཉུང་། །དེ་བས་རྐྱེན་གྱི་ཐེག་པར་རབ་ཏུ་ཉུང་། །ཐེག་པ་ཆེན་པོར་དེ་དག་དེ་བས་ཉུང་། །ཐེག་པ་ཆེ་ལ་ཞུགས་པ་དེ་དཀོན་ཏེ། །གང་དག་ཆོས་འདིར་དད་པའང་རབ་དཀོན་ན། །འཇུག་ཅིང་འཛིན་པ་སྨོས་ཀྱང་ཅི་དགོས་ཏེ། །གང་དག་དེ་བཞིན་སྒྲུབ་པ་སྨོས་ཅི་དགོས། །གང་དགསྟོང་གསུམ་རི་དང་རྒྱ་མཚོར་བཅས། །ཕྱི་མའི་བསྐལ་པར་མགོ་བོས་འདེགས་བྱེད་ཀྱང་། །ཆོས་འདིར་དད་པའི་བྱ་དཀའ་ཅི་འདྲ་བ། །དེ་འདྲ་དེ་ནི་དེ་ལ་ཡོད་མ་ཡིན། །ལ་ལས་སྟོང་གསུམ་རྡུལ་སྙེད་སེམས་ཅན་ལ། །བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་ཀྱང་། །ཆོས་འདིར་དད་པའི་བསོད་ནམས་ཅི་འདྲ་བ། །བསོད་ནམས་ཁྱད་པར་དེ་འདྲ་དེ་ལ་མེད། །ལ་ལས་ཞིང་བཅུ་རི་དང་རྒྱ་མཚོར་བཅས། །ལག་པའི་མཐིལ་དུ་བསྐལ་པར་མཁར་འཛིན་ཀྱང་། །ཆོས་འདིར་དད་པའི་བྱ་དཀའ་ཅི་འདྲ་བ། །དེ་འདྲ་དེ་ནི་དེ་ལ་ཡོད་མ་ཡིན། །ལ་ལས་ཞིང་བཅུའི་རྡུལ་སྙེད་སེམས་ཅན་ལ། །དགེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་ཀྱང་། །ཆོས་འདིར་དད་པའི་བསོད་ནམས་ཅི་འདྲ་བ། །བསོད་ནམས་ཁྱད་པར་དེ་འདྲ་དེ་ལ་མེད། །ལ་ལས་ཞིང་བཅུའི་རྡུལ་སྙེད་སངས་རྒྱས་རྣམས། །བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་བས། །གང་གིས་ཆོས་ཀྱི་ལེའུ་འདི་བཟུང་བྱས་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་དང་། སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པའི་མདོ་ལས། སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་ལ། །གང་གིས་ཁམས་གསུམ་སྦྱིན་པ་བྱིན་པ་བས། །མདོ་སྡེ་འདི་ལ་མཆོད་པ་བྱས་ན་ནི། །སྦྱིན་པ་དེ་ཡི་དཔེར་ཡང་མི་ཕོད་དོ། །གང་གིས་སངས་རྒྱས་ལ་ནི་དད་བྱས་ཏེ། །ཚད་མེད་གཙུག་ལག་ཁང་ནི་བརྩེགས་པ་བས། །གང་ཞིག་མདོ་འདི་འཛིན་པ་གང་ཡིན་པ། །དེ་ནི་དེ་བས་བསོད་ནམས་མང་པོར་འགྱུར། །གང་ཞིག་མེ་ཏོག་གཅིག་ཙམ་འཐོར་བྱེད་ཅིང་། །གོས་དང་ཕྲེང་བ་བྱུགས་པ་དེ་བཞིན་ཏེ། །ཏིང་འཛིན་འདི་ལ་བསྙེན་བཀུར་བྱེད་གྱུར་ན། །བསོད་ནམས་མཆོག་ཚད་སྔ་མ་དེ་མི་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པས་མཚོན་ནོ། །གཉིས་པ་བྱེ་བྲག་ཏུ་ལུང་གི་ཆོས་ལ་ཐོས་བསམ་བྱས་པའི་ཕན་ཡོན་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤོང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་ཕྱི་ནང་གི་གྲུབ་མཐའ་ཤེས་པས་བླང་དོར་གྱི་དམིགས་ཕྱེད། ཚུལ་ཁྲིམས་ཀྱི་བསླབ་པ་ཐོས་པས་ཉེས་སྤྱོད་ལས་བཟློགསེམས་ཀྱི་བསླབ་པ་ཐོས་པས་དོན་མེད་པའི་གཡེང་བ་སྤང་། ཤེས་རབ་ཀྱི་བསླབ་པ་ཐོས་པས་ཟག་ཟད་ཀྱི་མྱང་འདས་ཐོབ་པར་བྱེད་པ་སྟེ་བཞིར་གསུངས་པ་དང་། ལུང་རྣམ་འབྱེད་ལས། མང་དུ་ཐོས་པ་ལས་ཕན་ཡོན་ལྔ་ཡོད་དེ། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། དེའི་གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་མ་ལས་པ་ཡིན་ནོ། །ཞེས་དང་། སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་སོགས་ཀྱིས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པའི་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དགྲ་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་དུ་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་བར་ཉི་མའི་འོད་དང་འདྲ། །འགྲན་པ་རྣམས་ཀྱི་གྲགས་དང་དྲེགས་པ་སེལ། །ཞེས་པ་ནས། དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པ་སྐྱེ། །གྲགས་པ་ཆེན་པོ་འཕྲལ་དུ་འབྱུང་བར་བྱེད། །སྨྲ་ལྕེ་བདེ་འགྱུར་ཁྱད་པར་ཅན་གྱི་རྒྱུ། །ཐོས་པའི་དཔལ་གོམས་དོན་གསལ་རྟོགས་པར་འགྱུར། །ཐོས་དང་ལྡན་ན་འགལ་བ་མེད་པ་ཡིན། །སྡེ་གསུམ་ལམ་ལ་རབ་ཏུ་གནས་པར་འགྱུར། །ཞེས་གསུངས། དེས་ན་བློ་གྲོས་དང་ལྡན་པ་རྣམས་ཀྱིས་མང་དུ་ཐོས་པ་འཚོལ་བ་སོགས་ཀྱི་སྒོ་ནས་རང་རྒྱུད་ཡོན་ཏན་གྱིས་འབྱོར་པའི་ཐབས་ལ་འབད་པར་བྱ་སྟེ། །དེ་ཉིད་ལས། ཡོན་ཏན་ཡོད་ན་རྒྱལ་པོའི་གོ་འཕང་དང་། །སྐྱེ་དགུ་མངོན་པར་འདུ་བའང་ཐོབ་པར་འགྱུར། །ལྷ་དབང་དཔལ་ཡང་ཡོན་ཏན་ལ་ལྟོས་ཏེ། །ཡོན་ཏན་ཡོད་ན་ཕ་རོལ་མགུ་བར་འགྱུར། །གྲགས་པ་རྣམས་ཀྱང་ཡོན་ཏན་ཉིད་ལས་འཕྲོ། །བདག་ཉིད་ཆེ་བའང་ཡོན་ཏན་ལྡན་ལས་འབྱུང་། །ཟླ་འོད་ལས་ཀྱང་གསལ་བའི་ཡོན་ཏན་གྱིས། །དགྲ་བོ་མི་ཟད་དྲེགས་ཤིང་སྡང་བ་དང་། །འཁོན་རྙིང་ཡོད་ཅིང་ཕྲག་དོག་ཆེ་བ་ཡང་། །ཡིད་ནི་རབ་ཏུ་དྭངས་ཤིང་མགུ་བྱེད་དོ། །ཞེས་གསུངས། ཁྱད་པར་ཉན་པའི་ཕན་ཡོན། གཎྜིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གཎྜིའི་བརྡུངས་པའི་སྒྲ། །ཐོས་པས་བྱང་ཆུབ་འཐོབ་འགྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་དང་། སློབ་དཔོན་དབྱིག་གཉེན་གྱིས། དད་པས་ཉན་པ་གང་གིས་ནི། །མཐོ་རིས་དགའ་བའི་བསོད་ནམས་དང་། །གང་གིས་མྱ་ངན་འདའ་ཐོབ་པའི། །ཤེས་རབ་ས་བོན་བརྟས་པར་འགྱུར། །ཞེས་དང་། མ་ཐོས་པ་ཐོས་པར་འགྱུར་བ་དང་། ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་དང་། སོམ་ཉི་སྤོང་བ་དང་། ལྟ་བ་དྲང་པོར་བྱེད་པ་དང་། ཤེས་རབ་ཀྱིས་ཚིག་དང་དོན་ཟབ་མོ་རྟོགས་པར་འགྱུར་བ་སོགས་ཕན་ཡོན་ལྔ་ཚན་གསུམ་དཔེ་དང་བཅས་པ་བསྟན་པས་མཚོན་ཤིན་ཏུ་མང་ངོ་། །བཤད་པའི་ཕན་ཡོན་ཀྱང་མདོ་ལས། གང་ལ་ཕན་ཕྱིར་ང་ཡི་ཆོས། །ཚུལ་བཞིན་བསྟན་པས་མཆོད་འགྱུར་ཏེ། །མེ་ཏོག་བྱུགས་པ་མར་མེ་ཡིས། །རྒྱལ་བ་ཡང་དག་མཆོད་མ་ཡིན། །ཞེས་སོགས་བླ་ན་མེད་པའི་མཆོད་པར་འགྱུར་བ་དང་། གསེར་འོད་ལས། སྦྱིན་པ་རྣམས་ཀྱི་ནང་ནས་འདི་ལྟ་སྟེ། །ཆོས་ཀྱི་སྦྱིན་པ་མཆོག་ཅེས་ངས་བཤད་དོ། །ཞེས་དང་། བྱམས་པ་སེངྒེ་སྒྲའི་མདོ་ལས། གང་གིས་གངྒཱའི་བྱེ་སྙེད་སངས་རྒྱས་ཞིང་། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །རབ་དགའི་སེམས་ཀྱིས་རྒྱལ་ལ་འབུལ་བ་དང་། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེེས་སྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན། །གཉིས་དང་གསུམ་ལ་བསམ་དུ་ག་ལ་ཡོད། །ཅེས་དང་། སྟོང་ཆེན་འཇིག་རྟེན་ཁམས་ནི་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པར་བྱེད་པ་ནི། །ཚིགས་བཞིའི་ཚིགས་སུ་བཅད་པ་གཅིག་བརྗོད་པས། །ཇི་ལྟར་ཕན་འདོགས་དེ་ལྟར་འགྱུར་མ་ཡིན། །ཕན་འདོགས་བྱེད་པར་འདོད་པ་གང་ཞིག་གིས། །འཇིག་རྟེན་གསུམ་ན་སེམས་ཅན་ཐམས་ཅད་ཀྱིས། །བདེ་བ་གང་དག་ཡོད་པ་དེ་དག་ཀུན། །སེམས་ཅན་གཅིག་ལ་སྦྱིན་པ་བྱས་པ་བས། །གང་གིས་དེ་ལ་སངས་རྒྱས་ལུགས་ཀྱི་ནི། །ཚིགས་བཞིའི་ཚིགས་སུ་བཅད་པ་གཅིག་བསྒྲགས་ན། །དེ་ནི་ཤིན་ཏུ་ཕན་འདོགས་མཆོག་ཡིན་ཏེ། །དེས་ནི་སྡུག་བསྔལ་དག་ལས་གྲོལ་བར་འགྱུར། །ཞེས་ཟང་ཟིང་གི་སྦྱིན་པ་ལས་མཆོག་ཏུ་གྱུར་ཅིང་ཕན་འདོགས་ཀྱི་མཆོག་ཡིན་པ་དང་། སེངྒེསཞུས་པ་ལས། ཆོས་ཀྱི་སྦྱིན་པ་སྐྱེ་བ་དྲན། །ཞེས་དང་། རྒྱ་མཚོས་ཞུས་པ་ལས། ཆོས་ཀྱི་སྦྱིིན་པས་ནི་ཟག་པ་ཟད་པ་མངོན་པར་ཤེས་པ་རྣམ་པར་དག་པར་འགྱུར་རོ། །ཞེས་དང་གཟུངས་དང་མངོན་ཤེས་ཐོབ་པའི་རྒྱུར་འགྱུར་བ་དང་། ལྷག་བསམ་བསྐུལ་བའི་མདོ་ལས། བྱམས་པ། གང་རྙེད་པ་དང་བཀུར་སྟི་མི་འདོད་པར་ཆོས་ཀྱི་སྦྱིན་པ་བྱིན་ན། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད་པའི་ཕན་ཡོན་ཉི་ཤུ་སྟེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན་པ་ཡིན། བློ་དང་ལྡན་པ་ཡིན། བློ་གྲོས་དང་ལྡན་པ་ཡིན། མོས་པ་དང་ལྡན་པ་ཡིན་ནོ། །ཤེས་རབ་དང་ལྡན་པ་ཡིན། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པར་འགྱུར་བ་ཡིན། འདོད་ཆགས་ཆུང་བ་ཡིན། ཞེ་སྡང་ཆུང་བ་ཡིན། གཏི་མུག་ཆུང་བ་ཡིན། བདུད་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ལ་དགོངས་པ་ཡིན། མི་མ་ཡིན་པ་རྣམས་ཀྱིས་དེ་ལ་བསྲུང་བ་ཡིན། ལྷ་རྣམས་ཀྱིས་དེའི་ལུས་ལ་མདངས་འཇུག་པ་ཡིན། མི་མཛའ་བ་རྣམས་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། དེ་མཛའ་བོ་རྣམས་དང་མི་ཕྱེད་པ་ཡིན། ཚིག་གཟུང་བར་འོས་པ་ཡིན། མི་འཇིགས་པ་ཐོབ་པ་ཡིན། ཡིད་བདེ་བ་མང་བ་ཡིན། མཁས་པས་བསྔགས་པ་ཡིན། དེ་ཆོས་ཀྱི་སྦྱིིན་པ་དེ་རྗེས་སུ་དྲན་པར་འགྱུར་བ་ཡིན་ཏེ། བྱམས་པ། ཕན་ཡོན་ཉི་ཤུ་པོ་དེ་དག་གོ །ཞེས་དང་། བསླབ་བཏུས་ལས། ཆོས་ཀྱི་སྦྱིིན་པ་ཟང་ཟིང་མེད། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །ཞེས་གསུངས་པས་མཚོན་བསོད་ནམས་འཕེལ་བས་བྱང་ཆུབ་འཐོབ་པར་འགྱུར་བའོ། །ཉན་བཤད་གཉིས་ཀས་ཀྱང་ཐེག་པ་གསུམ་གྱི་ཁམས་བརྟས་པ་དང་། མཁས་པར་འགྱུར་བས་ཀུན་གྱིས་བཀུར་བ་དང་། བསྟན་པ་བཟུང་བས་བྱང་ཆུབ་འཐོབ་པར་འགྱུར་བ་སྟེ་དེའི་ཚུལ་སྔར་ཡང་བསྟན་མོད་འོག་ཏུ་ཡངསྟོན་པར་འགྱུར་རོ། །དེ་ལས་ཁྱད་པར་དུ་ཐེག་པ་ཆེན་པོའི་ཆོས་ཉན་བཤད་བྱས་ན་ཕན་ཡོན་ཆེ་སྟེ། གཞི་དུས་སུ་ཐེག་དམན་གྱི་དགེ་བ་ཟིལ་གྱིས་གནོན་པ་ཡང་། ཡུམ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཉིད་དགྲ་བཅོམ་པ་འཐོབ་པར་འགྱུར་ལ། དགྲ་བཅོམ་པ་དེ་དག་གིས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་ལ། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། བསོད་ནམས་ཀྱི་ཕུང་པོ་དེ་མང་བ་ཡིན་ནམ། གསོལ་བ་བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ། དེ་བས་ཀྱང་སུ་ཞིག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ལྡན་པའི་ཆོས་ཐ་ན་ཉིན་གཅིག་བཏོན་ན། དེའི་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་སྐྱེའོ། །ཞེས་པ་ནས། ཀུན་དགའ་བོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཆོས་ཀྱི་སྦྱིན་པ་སྟེ། ཉན་ཐོས་ཀྱི་ཐེག་པ་ཐམས་ཅད་དང་། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཟིལ་གྱིས་གནོན་པའོ། །ཞེས་གསུངས། ལམ་དུས་སུ་སྒྲིབ་པ་མ་ལུས་པ་སྤངས་ནས་བསོད་ནམས་གཞན་ལས་ལྷག་པའང་། རྒྱུད་བླ་མ་ལས། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ལ། །ཁྲིམས་ཀྱིས་མཐོ་རིས་སྒོམ་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་དེ་ཉིད་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཞེས་གསུངས། འབྲསདུས་སུ་རྣམ་པ་ཐམས་ཅད་འཁྱེན་པ་མངོན་དུ་འགྱུར་བའང་། མདོ་སྡེ་རྒྱན་ལས། གང་ཞིག་ཚིག་གི་དོན་བསྒོམས་ནས། །ཚིགས་བཅད་གཉིས་འཛིན་རབ་སྦྱོར་བ། །སེམས་ཅན་བློ་ལྡན་མཆོག་དེ་ཡིས། །ཡོན་ཏན་རྣམ་བཅུ་འཐོབ་འགྱུར་ཏེ། །ཁམས་ནི་ཟད་པར་བརྟས་པ་དང་། འཆི་བའི་ཚེ་ན་རབ་དགའ་ཐོབ། །ཇི་ལྟར་འདོད་པར་སྐྱེ་བ་དང་། །ཀུན་ཏུ་ཚེ་རབས་དྲན་པ་དང་། །སངས་རྒྱས་རྣམས་དང་ཕྲད་པ་དང་། །དེ་ལ་ཐེག་མཆོག་ཐོས་པ་དང་། །མོས་པ་བློ་དང་ལྡན་པ་དང་། །སྒོ་གཉིས་བྱང་ཆུབ་མྱུར་ཐོབ་བོ། །ཞེས་གསུངས། དེ་ལས་ཀྱང་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་སྔགས་བླ་མེད་ཀྱི་ཆོས་རྣམས་ལ་ཉན་བཤད་བསྒོམས་གསུམ་བྱས་ན་སྔ་མ་ལས་ཕན་ཡོན་འགྱུར་ཁྱད་ཆེ་སྟེ། རྡོ་རྗེ་ཐེག་པ་ནི་སངས་རྒྱས་ལས་ཀྱང་འགྱུར་བར་དཀོན་ཅིང་བདག་ཅག་གི་སྟོན་པ་འདིས་རྩོད་ལྡན་གྱི་འགྲོ་བ་མ་དུལ་བ་རྣམས་འདུལ་བའིཐུགས་བསྐྱེད་ཁྱད་པར་དུ་འཕགས་པའི་སྟོབས་ཀྱིས་བསྟན་པ་འདི་ལ་བྱོན་པ་མ་གཏོགས། དུས་གསུམ་སངས་རྒྱས་ཀྱི་བསྟན་པ་ལ་མ་བྱུང་མི་འབྱུང་འབྱུང་བར་མི་འགྱུར་བར་གསུངས་པས་ན་རྒྱུད་སྡེ་ཟབ་མོ་རྣམས་འབྲི་འཆང་ཀློག་ཅིང་དོན་སྒོམ་པར་བྱེད་པ་རྣམས་བྱང་ཆུབ་རྡོ་རྗེ་ཉིད་དུ་བལྟ་བར་བྱ་བ་སོགས་རྒྱུད་སྡེ་རྣམས་ནས་རྒྱ་ཆེར་གསུངས་པ་ཕྱོགས་ཙམ་མཚོན་ན། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རིའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའིཚུལ་འཆང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་ཉམས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པས། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །ཞེས་དང་། སྒྱུ་འཕྲུལ་རྩ་བའི་རྒྱུད་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་དང་། ཡེ་ཤེས་གྲུབ་པ་ལས། སྟོན་པའི་གསང་ནི་རྒྱ་མཚོ་ཀུན། །བསྡུས་ཏེ་སྙིང་པོའི་བཅུད་ཕྱུང་བ། །གསང་ཆེན་ངེས་པ་འདི་ཡིན་ཏེ། །འདི་མ་སྣང་བར་གྲོལ་བ་མེད། །ཅེས་དང་། དགོངས་པ་ལུང་སྟོན་ལས། ཤིན་ཏུ་གྲངས་མེད་བསྐལ་པ་རུ། །སངས་རྒྱས་རྣམས་ཀྱིས་གང་མཁྱེན་པ། །སྔགས་པ་རྣམས་ཀྱིས་དུས་གཅིག་ཏུ། །ཚེ་གཅིག་རྫོགས་པའི་བྱང་ཆུབ་ཐོབ། །ཅེས་གསུངས། བྱེ་བྲག་གཙོ་བོར་རྒྱུད་ཉན་པ་པོས་ཐོབ་པའི་ཕན་ཡོན་ནི། གསང་སྙིང་ལས། གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་དང་། ཀུན་འདུས་རིག་པའི་མདོ་ལས། གསང་སྔགས་ཀྱི་ལྷའི་མཚན་རྣ་བར་ཐོས་པ་ཙམ་གྱིས་བསྐལ་པ་དགུ་བཅུ་རྩ་གསུམ་དུ་བསགས་པའི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་དོ། །ཞེས་གསུངས། རྒྱུད་འཆད་པ་པོས་ཐོབ་པའི་ཕན་ཡོན་ཡང་། སྒྱུ་འཕྲུལ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ནི་ང་ཡིན་དབང་ཡང་རྫོགས། །ཞེས་གོང་དུ་དྲངས་པ་དང་། དེ་ནི་ངེས་པར་ལུང་བསྟན་ཏེ། །སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་གསུངས། གཉིས་ཀས་མཉམ་པོར་ཐོབ་བའི་ཕན་ཡོན་ཡང་། དེ་ལས། རྒྱལ་བའི་རིག་པ་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡི། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །ཅེས་དང་། སྒྱུ་འཕྲུལ་བཤད་རྒྱུད་རྒྱ་མཚོ་ལས། སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ཆེན་འདི། །མོས་དང་མཐོང་དང་བྲིས་པ་དང་། །བཀླགས་པ་ཙམ་གྱིས་འགྲུབ་འགྱུར་ན། །རྟོགས་དང་གོམས་པའི་སྦྱོར་བ་ཡིས། །འབྲས་བུ་ཐོབ་པ་སྨོས་ཅི་དགོས། །ཞེས་དང་། ཧེ་རུ་ཀ་གལ་པོ་ལས། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །རྣལ་འབྱོར་འདིར་གྱུར་ཕྱིན་ཆད་ནི། །ཀློག་གམ་ཡང་ན་སེམས་ཀྱང་རུང་། །དེ་ཡང་རྡོ་རྗེ་འཛིན་འདྲར་འགྱུར། །ཞེས་གསུངས། ཚུལ་བཞིན་ཉམས་སུ་བླངས་པས་བཙོན་འགྲུས་རབ་ཚེ་འདིར་གྲོལ་བར་བྱེད་པའི་ཕན་ཡོན་ཡང་། སམ་བུ་ཊི་ལས། བསྐལ་པ་བྱེ་བ་དུ་མ་རུ། །བསྒྲུབ་པར་དཀའ་བའི་སངས་རྒྱས་ཀྱང་། །ཚེ་འདི་ཉིད་ལ་སྟེར་བས་ན། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས། བསྐལ་པ་བྱེ་བ་གྲངས་མེད་ཀྱིས། །སངས་རྒྱསཀུན་དངོས་མི་ཐོབ་པ། །གསང་སྔགས་ཚེ་འདིའི་ཆོ་ག་ཡིས། །ཚེ་འདི་ཉིད་ལ་འཐོབ་པར་འགྱུར། །ཞེས་དང་། རྡོ་རྗེ་གསང་བའི་རྒྱུད་ལས། ཤིན་ཏུ་བརྩོན་པས་གང་སྒྲུབ་པ། །ཚེ་འདི་ཉིད་ལ་སངས་རྒྱས་ཏེ། །གདུལ་བྱའི་ཞིང་དུ་མཛད་པ་སྟོན། །གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱི། །ཟབ་མོའི་ཉེ་ལམ་མཐར་ཐུག་པའོ། །ཞེས་དང་། ཐུན་མོང་མ་ཡིན་པ་གསང་བ་སྒྲ་རྒྱུད་ལས། དངོས་གྲུབ་མཆོག་རྣམས་མཐར་ཐུག་པ། །འབད་ཅིང་རྩོལ་བས་མ་ཡིན་པར། །གང་དང་སུ་འཕྲད་གྲོལ་བར་ངེས། །དེས་ན་རྫོགས་ཆེན་བྱ་བ་བྲལ། །གཞན་འབད་པ་ལས་འབྱུང་བ་མིན། །ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་རྣོ་དང་རྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ཞེས་དང་། རྒྱུད་ཉི་ཟླ་ཁ་སྦྱོར་ལས། ང་ཡི་རྒྱུད་འདི་སུས་བཟུང་བ། །འཇིག་རྟེན་ཕན་པའི་འབྲསབུ་དང་། །ངེས་པར་སྣང་བའི་ས་ཐོབ་སྟེ། །སྐུ་གསུམ་ལ་ཡང་ལོངས་སྤྱོད་དོ། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །མ་བསྒོམས་བསམ་གཏན་འབབ་པ་དང་། །མ་བསླབས་ཆོས་རྣམས་ཤེས་པ་དང་། །མ་བསྟན་གདམས་ངག་ཉིད་གོམས་དང་། །མ་བཤད་རྒྱུད་རྣམས་རང་ཤེས་དང་། །མ་བསྐྱེད་ལྷ་ཡང་མངོན་དུ་སྣང་། །དེ་ཡི་ཕྱིར་ན་རྒྱུད་འདི་དག །རྣལ་འབྱོར་གང་ཞིག་སྐལ་ཆེ་བས། །འདི་ཉིད་བཅངས་པས་དངོས་གྲུབ་འཐོབ། །སངས་རྒྱས་མཛད་སྤྱོད་དང་དུ་ལོང་། །ངན་སོང་གནས་གསུམ་དོང་སྤྲུགས་ཏེ། །བདེ་བ་ཆེན་པོའི་ལམ་དུ་འཛུད། །རང་སྣང་གོམས་པའི་གདེང་ཐོབ་ནས། །དབྱིངས་སུ་འཕོ་བའི་འཇིགས་མེད་རྙེད། །ཅེས་གསུངས། བརྩོན་པ་འབྲིང་བར་དོར་གྲོལ་བའི་ཕན་ཡོན་ཡང་། རྡོ་རྗེ་གདན་བཞི་ལས། བུ་ག་དགུ་ཡི་སྟེང་ཕྱོགས་ནས། །འཕྲལ་དུ་ཡིད་ཀྱིས་འཕོ་བྱེད་ན། །ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པ། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། གཟུགས་ཅན་ཕུང་པོར་རགས་ལུས་སུ། །ཚེ་འདི་ཉིད་ལ་མ་གྲུབ་ཀྱང་། །ཡིད་ནི་རྡོ་རྗེའི་སྐུ་གྲུབ་ནས། །བར་དོར་ཡང་དག་འགྲུབ་པར་འགྱུར། །ཞེས་དང་། སྒྱུ་འཕྲུལ་ལམ་རིམ་ལས། བརྩོན་པ་འབྲིང་གི་རྣལ་འབྱོར་པ། །རྣམ་སྨིན་འབྱུང་བའི་ལྷག་མ་བཞག །རྡོ་རྗེ་འཆང་སར་རིག་པས་འགྲོ། །རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་དང་། ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་འདི་སྤངས་མ་ཐག །བླ་ན་མེད་པའི་ཡེ་ཤེས་སྐུ། །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །བརྩོན་འགྲུས་ལྡན་རྣམས་སྨོས་ཅི་དགོས། །ཞེས་གསུངས། དབང་པོ་དང་བརྩོན་འགྲུས་ཐ་མ་སྐྱེ་བ་བརྒྱུད་ནས་གྲོལ་བའི་ཕན་ཡོན་གྱི་ཁྱད་པར་ཡང་། སངས་རྒྱས་ཐོད་པའི་རྒྱུད་ལས། དེ་ཕྱིར་རྣལ་འབྱོར་བློ་ལྡན་གྱིས། །ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི། །སྐྱེ་འདིར་དངོས་གྲུབ་མ་ཐོབ་ཀྱང་། །སྐྱེ་གཞན་སྲིད་པར་དངོས་གྲུབ་ཐོབ། །ཅེས་ཐ་མའི་རབ་སྐྱེ་བ་ཕྱི་མ་ཁོ་ནས་དང་། གསང་བ་མཛོད་ལས། དབང་བསྐུར་ཡང་དག་སྦྱིིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ལ་ནི། །མ་བསྒོམས་ཀྱང་ནི་འགྲུབ་པར་འགྱུར། །ཞེས་ཐ་མའི་འབྲིང་དབང་ཐོབ་དམ་ཚིག་མ་ཉམས་ན་སྐྱེ་བ་བདུན་ནས་དང་། རྡོ་རྗེ་རྩེ་མོ་ལས། ཕ་རོལ་ཕྱིན་པའི་ཐེག་པ་ནི། །བསྐལ་པ་གྲངས་མེད་མི་འཐོབ་པ། །གལ་ཏེ་རྣལ་འབྱོར་པ་དེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདའ། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །སོ་སོའི་སྐྱེ་བོ་སངས་རྒྱས་ཉིད། །འགྲུབ་པར་འགྱུར་གྱིས་གཞན་དུ་མིན། །ཞེས་ཐ་མའི་ཐ་མ་དཀྱིལ་འཁོར་དུ་ཞུགས་པ་ཙམ་གྱིས་ཀྱང་སྐྱེ་བ་བཅུ་དྲུག་གིས་གྲོལ་བར་གསུངས་སོ། །བྱེ་བྲག་ཏུ་དཀྱིལ་འཁོར་གྱི་ཞལ་མཐོང་བ་ཙམ་གྱིས་ཀྱང་། མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་སྔོན་དུ་མཐོང་བ་ཡིས། །བསོད་ནམས་བརྟག་པ་གང་ཡིན་པ། །ཕྱིས་བྱས་པའང་དེ་བཞིན་ནོ། །ཞེས་དང་། སྒྱུ་མ་ཆེན་པོ་ལས། མཐོང་བ་དང་ནི་ཞུགས་པ་ཡིས། །དེ་ཀུན་སྡིག་ལས་རྣམས་པར་གྲོལ། །ཞེས་གསུངས། ལམ་གྱི་རྩ་བ་དབང་བསྐུར་ལེགས་པར་ཐོབ་པའི་ཕན་ཡོན་ཡང་། རྔམ་གློག་ལས། གསང་བ་མཆོག་གི་དཀྱིལ་འཁོར་དུ། །འཇུག་དང་དངོས་གྲུབ་གསོལ་བ་དང་། །དབང་བསྐུར་བ་ཡི་ལས་རྣམས་བྱ། །དེས་ནི་ཚེ་འདི་ཉིད་ལ་ཡང་། །སངས་རྒྱས་ཉིད་ཀྱང་འཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་དང་། ཧེ་རུ་ཀ་མངོན་འགྱུར་ལས། དཀྱིལ་འཁོར་བདག་པོ་མཐོང་ནས་ནི། །ཅུང་ཟད་དེ་ནི་མི་འགྲུབ་མེད། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །ཞེས་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། དབང་རྫོགས་སྐུ་གསུམལྷུན་གྱིས་གྲུབ། །ཅེས་དང་། གསང་སྙིང་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་གསུངས་། དབང་སྲོག་དམ་ཚིག་བསྲུང་བའི་ཕན་ཡོན་ཡང་། དམ་ཚིག་མཆོག་གི་རྒྱུད་ལས། འདི་ལས་འགལ་བར་མ་བྱས་ན། །རྡོ་རྗེ་འཛིན་པ་རྫོགས་སངས་རྒྱས། །ཚེ་འདི་ཉིད་ལ་ཐོབ་པར་ངེས། །ཞེས་དང་། རྡོ་རྗེ་སྙིང་པོ་སྲ་བ་འབྱུང་གནས་ཀྱི་རྒྱུད་ལས། དམ་ཚིག་སྡོམ་པ་རྣམ་བཤད་པ། །ཀུན་ཀྱང་རང་གི་སེམས་ལས་སོ། །དེ་ཡི་འཕེན་པ་བླ་མས་ཤེས། །དེ་ཕྱིིར་སེམས་ལ་འདྲིས་པའི་མིས། །སངས་རྒྱས་ཞིང་ཁམས་མཐོང་བ་དང་། །སྐུ་གསུམ་ཚད་དུ་འབྱོང་བ་དང་། །སངས་རྒྱས་ཡོན་ཏན་མངོན་པར་འགྲུབ། །བླ་མ་རྟག་ཏུ་བསྟེན་པའི་མིས། །མཁའ་འགྲོའི་གཟུགས་རྣམས་མཐོང་བ་དང་། །དེ་ཡི་བྱིན་རླབས་འཇུག་པ་དང་། །དུས་གསུམ་ལུང་ཡང་སྟོན་པ་དང་། །སྐྱེ་ཤི་གཉིས་ལ་དབང་འཐོབ་འགྱུར། །གྲོགས་ལ་བརྩེ་གདུང་ལྡན་པའི་མིས། །འགྲོ་བ་ཐམས་ཅད་འདུལ་བ་དང་། །ཀུན་གྱིས་སྙན་པར་གྲགས་པ་དང་། །གཟུགས་ཅན་ཀུན་ཀྱང་བྱམས་པ་དང་། །མཁའ་འགྲོ་མ་རྣམས་འདུ་བ་དང་། །མ་བསྒྲུབས་དངོས་གྲུབ་འབྱུང་བ་དང་། །ངག་ལ་ནུས་པ་འབར་བ་དང་། །དེ་བཞིན་མཆོག་དང་ཐུན་མོང་གི། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །རྟག་ཏུ་དགོན་པར་གནས་པའི་མིས། །རླུང་སེམས་ཚད་རྣམས་ཟིན་པ་དང་། །སྣང་བ་གྲོགས་སུ་འཆར་བ་དང་། རང་གི་སེམས་ལ་དབང་ཐོབ་འགྱུར། །བླ་མ་བསྙེན་བཀུར་བྱས་པའི་མིས། །འགྲོ་བའི་གཙོ་བོར་འགྱུར་བ་དང་། །ཀུན་གྱིས་མཐོང་ན་དགའ་བ་དང་། །ཡེ་ཤེས་མངོན་སུམ་འབྱོངས་པ་དང་། །སངས་རྒྱས་རྣམས་ཀྱིས་བྱིན་བརླབ་འགྱུར། །རྟག་ཏུ་གཏོར་མའི་ལས་བྱེད་པ། །བསོད་ནམས་ཚོགས་ནི་རྫོགས་པ་དང་། །བར་ཆད་མེད་ཅིང་ལས་རྣམས་འགྲུབ། །འདོད་པ་ཕུན་སུམ་ཚོགས་པ་དང་། །མཁའ་འགྲོ་བྲན་བཞིན་འཁོལ་བར་འགྱུར། །ཞེས་དང་། བཀོད་པ་ཆེན་པོ་ལས། རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །དངོས་གྲུབ་ཡ་མཚན་ཆེན་པོ་འགྲུབ། །ཕྲིན་ལས་བཞི་པོ་ཐོགས་མེད་ཅིང་། །རྟོགས་པ་མཆོག་ནི་གོང་དུ་འཕེལ། །ཞེས་དང་། སྒྱུ་འཕྲུལ་ལས། བདེ་གཤེགས་ཉིད་ཀྱི་ཡུལ་བཞུགས་པ། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་གསུངས། དབང་ཐོབ་དམ་ཚིག་ལ་གནས་ཤིང་བསྐྱེད་རྫོགས་ཀྱི་གནད་དང་ལྡན་པས་བསྙེན་སྒྲུབ་སྤྱི་དང་ཁྱད་པར་ཚོགས་སྒྲུབ་བགྱིས་པའི་ཕན་ཡོན་ཡང་། གསང་འདུས་ལས། དད་བརྩོན་དྲག་པོས་སྒྲུབ་གྱུར་ན། །མཚམས་མེད་ལྔ་པོ་སྤྱོད་པས་ཀྱང་། །དངོས་གྲུབ་ཐོབ་པ་གསང་སྔགས་ཁྱད། །དད་ལྡན་རྣམས་ལ་སྨོས་ཅི་དགོས། །ཞེས་དང་། ཞག་བདུན་དང་ནི་ཟླ་ཕྱེད་དང་། །ཟླ་གཅིག་ཟླ་བ་ཕྱེད་དང་གཉིས། །རྡོ་རྗེའི་དམ་ཚིག་སྒྲུབ་ན་སྟེ། །དངོས་གྲུབ་མྱུར་དུ་འཐོབ་འགྱུར་རོ། །ཞེས་དང། གསང་སྙིང་ལས། ཆོ་ག་ལྔ་རྣམས་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པ། །མ་ཉམས་འཇུག་ལ་རབ་བརྩོན་ན། །ཞག་ནིསུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་དང་། ལམ་རིམ་ཡེ་ཤེས་སྙིང་པོ་ལས། དེ་ལྟར་ཟླ་དྲུག་བཅུ་གཉིས་བཅོ་བརྒྱད་ནས༔ ཕྱི་ནང་བསྐྱེད་རྫོགས་སེམས་ལ་དབང་ཐོབ་པས༔ རླུང་རིག་ལས་རུང་འོད་གསལ་མངོན་དུ་འགྱུར༔ རྣམ་སྨིན་ལུས་ལ་སེམས་ཉིད་ལྷ་སྐུར་སྨིན༔ ཟག་པ་གསུམ་ཟད་ཚེ་ལ་དབང་བ་ཐོབ༔ རིགས་ལྔའི་གདུང་འཛིན་ཕྱག་རྒྱ་ཆེན་པོའི་སྐུས༔ རྒྱལ་ཚབ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ༔ ཅེས་ཤེར་བརྩོན་རབ་ཟླ་དྲུགའབྲིང་ལོ་གཅིགཐ་མ་ལོ་གཅིག་དང་ཟླ་བ་གཉིས། ཡང་ཐ་ལོ་གཅིག་དང་ཟླ་བ་བཞི་ནས་རིག་འཛིན་གྱི་གོ་འཕང་བགྲོད་པར་གསུངས་པ་དང་། གཞན་ཡང་རྒྱུད་ལས། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི། །མིང་ཙམ་འཛིན་པར་བྱེད་པ་ཡང་། །གཙུག་གི་ནོར་བུ་འོད་འབར་ལྟར། །གཡོ་སྒྱུ་མེད་ཅིང་གུས་ལྡན་པའི། །སེམས་ཀྱིས་བླངས་ནས་སྤྱི་བོ་ཡིས། །གཙུག་ཏུ་བཞག་སྟེ་བཀུར་བར་བགྱི། །དེ་ཡི་དགོས་པ་ཅི་ཡང་རུང་། །མ་ལུས་རྫོགས་པར་བདག་ཅག་སྒྲུབ། །ཅེས་ལྷ་ཆེན་པོ་སོགས་འཇིག་རྟེན་གྱི་གཙོ་བོ་རྣམས་ཀྱིས་བྲོ་བོར་བ་དང་། ཨོ་རྒྱན་ཆེན་པོས་ཀྱང་། སྒྲུབ་ཆེན་འདི་ཡི་མིང་ཙམ་སུ་གང་འཛིན༔ ཨོ་རྒྱན་ང་དང་སྙིང་ཁྲག་གཅིག་ཏུ་འདྲེས༔ ཞེས་དང་མདོར་ན་ཨོ་རྒྱན་ངས་བསྟན་ཆོས་རྣམས་ལ༔ གཞུང་བཞིན་སུ་དང་སུ་ཡིས་སྐྱོབ་པ་ཀུན༔ ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པར་ངེས༔ མ་འོངས་ཀུན་གྱིས་ཡིད་གཉིས་ཐེ་ཚོམ་སྤོངས༔ གུས་པས་བཀུར་སྟི་ཕུ་དུད་འབྲེལ་བ་ཞོག༔ ཅེས་དང་། མཚོ་རྒྱལ་གྱིས། མ་འོངས་པདྨའི་ཆོས་ལ་མོས་པ་ཀུན༔ དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་བསྒོམ༔ ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན༔ ཞེས་གསུངས། བསྐྱེད་རྫོགས་ཀྱི་གདེང་དང་ལྡན་པས་སྤྲོས་བཅས་ཀྱི་ཡན་ལག་སྔགས་དང་ཕྱག་རྒྱའི་ཡོ་བྱད་ལ་སྤྱད་ན། རྒྱུད་ལས། དོན་གྲུབ་དངོས་གྲུབ་ཐོབ་པ་ནི། །སྔགས་ཀྱི་བཟླས་པས་འགྲུབ་པ་ཡིན། །ཞེས་དང་། རིན་ཆེན་ཕྲེང་བ་ལས། ལན་གཅིག་ཙམ་ཡང་སྔགས་བརྗོད་ན༔ འདས་དང་འབྱུང་དང་འབྱུང་གང་ཡིན༔ གང་གིས་ལྕེ་ལ་སྨྲ་གྱུར་བ༔ དེ་དག་བདེན་པ་ཐོབ་པར་འགྱུར༔ ཞེས་དང་། གསལ་བཀྲ་ལས། རང་གི་སྒོ་གསུམ་ཡི་དམ་གྱི། །སྐུ་གསུང་ཐུགས་སུ་མངོན་སྦྱང་ལ། །རྟག་ཏུ་བཟླས་པ་བྱེད་པ་ནི། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །ཞེས་དང་། གསང་སྙིང་ལས། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོ་འབྱུང་། །ཞེས་གསུངས་པས་མཚོན་གསང་རྒྱུད་རྣམས་ནས་རྒྱ་ཆེར་གསུངས་པ་བཞིན་གསང་སྔགས་ཡིག་འབྲུ་གཅིག་ཙམ་བཟླས་པའི་ཕན་ཡོན་ཡང་ཚད་གཟུང་བར་མི་ནུས་སོ། །དེ་བཞིན་དུ་ལྷ་ཡི་སྟངས་སྟབས་སོགས་བྲོ་གར་འདུ་འཕྲོའི་ཡོ་བྱད་ལ་སྤྱད་ན། གསང་སྙིང་ལས། སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། །བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། །འཛུལ་ལམ་ནམ་མཁའ་འགྲོ་བར་འགྱུར། །ཞེས་གནས་སྐབས་སུ་ལུས་ཀྱི་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་ཤིང་མཐར་ཐུག་སངས་རྒྱས་དོན་ཡོད་གྲུབ་པ་འགྲུབ་པར་གསུངས་པ་དང་། དབྱངས་རོལ་སོགས་གླུ་ཚིག་སྒྲ་ཡི་ཡོ་བྱད་ལ་བརྩོན་ན། གླུ་ཚིག་སྒྲ་ཡི་ཡོ་བྱད་ཀྱིས། །ཆོས་ཀྱི་དངོས་གྲུབ་འཐོབ་པར་འགྱུར། །ཞེས་གནས་སྐབས་སུ་གདུལ་བྱའི་བློ་དང་འཚམ་པར་ཆོས་སྟོན་ནུས་ཤིང་མཐརཐུག་གསུང་སྣང་མཐའ་འགྲུབ་པར་གསུང་པ་དང་། དེ་གཉིས་ཐུན་མོང་དུ། ཁྲག་འཐུང་ཆེན་པོ་ལ་སོགས་པའི། །བྲོོ་གར་གླུ་ཚིག་ཆེན་པོས་ནི། །ཐམས་ཅད་ཐམས་ཅད་ཅི་འདོད་པར། །ཐམས་ཅད་ཐམས་ཅད་བྱེད་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ཞི་བ་དང་ཁྲོ་བོའི་ཆས་སོགས་རྒྱན་དང་བགོ་བའི་ཡོ་བྱད་ལ་སྤྱད་ན། རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །ཅེས་ལུས་གཟི་བྱིན་འབར་ཞིང་ཕ་རོལ་གྱི་དཔུང་གིས་མི་བརྫི་བ་དང་རྣམ་སྣང་འགྲུབ་པར་གསུངས་པ་དང་། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས་ཀྱང་། མ་འོངས་དུས་ན་སྐྱེས་བུ་དག །དུས་གསུམ་སངས་རྒྱས་ཀུན་ངོ་བོ། །སྐུ་གསུམ་ཕྲིན་ལས་ཆེ་བའི་མཆོག །ཀུན་ཏུ་བཟང་པོ་ཀུན་གྱི་བདག །ཧེ་རུ་ཀ་ཡིཚུལ་འཆང་བ། །བརྟུལ་ཞུགས་བཟང་པོ་དེ་ལ་ནི། །མ་རིག་ལོག་པར་ལྟ་བའི་ཚོགས། །བདུད་བཞིའི་ཕྱོགས་སུ་གཏོགས་རྣམས་ཀྱིས། །འཚེ་ཞིང་བར་དུ་གཅོད་པ་ཡང་། །གདུག་ཅིང་འདའ་བར་ནུས་མ་ཡིན། །ཞེས་གསུངས། ཤ་ལྔ་བདུད་རྩི་ལྔ་སོགས་བཟའ་བཏུང་གི་ཡོ་བྱད་ལ་སྦྱར་ན། གསང་སྙིང་ལས། བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཅེས་ལུས་མདངས་དང་ལྡན་ཞིང་། ཟས་བདུད་རྩིའི་བཅུད་དང་ལྡན་པས་འཛད་པ་མེད་པ་དང་། རིན་འབྱུང་འགྲུབ་པར་གསུངས། བརྟུལ་ཞུགས་ཀྱི་ནུས་པ་ཁྱད་པར་བ་དང་ལྡན་པས་ཨཱ་ལི་ཀཱ་ལིའི་ཡོ་བྱད་ལ་སྤྱད་ན། ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཐོབ་པར་གསུངས་པ་དང་། ཚོགས་ཀྱི་མཆོད་པ་སོགས་ཕུལ་བའི་ཕན་ཡོན་ཀྱང་། རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་འཐོབ་པར་འགྱུར། །ཞེས་གསུངས། མདོར་ན་ལམ་རིམ་ཡེ་ཤེས་སྙིང་པོ་ལས། མདོར་ན་རིམ་པས་སྨིན་ཅིང་དམ་ཚིག་ལྡན༔ ལྟ་བས་རྒྱུད་སྦྱངས་ཏིང་འཛིན་རྩེ་གཅིག་བརྟན༔ དཀྱིལ་འཁོར་ལེགས་བཀོད་སྒྲུབ་པའི་རྣལ་འབྱོར་པས༔ སྔགས་དང་ཕྱག་རྒྱ་མཆོད་པའི་དཔུང་བསྐྱེད་དེ༔ སྤྱོད་པས་མཚམས་སྦྱར་དངོས་གྲུབ་མཐུ་ཐོབ་ནས༔ མཆོག་དང་ཐུན་མོང་ཕྲིན་ལས་འབད་མེད་འགྲུབ༔ ཅེས་དང་༔ རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པ་བཞིན་ནོ། །ཁྱད་པར་རྩོདདུས་ཀྱི་འགྲོ་བ་སྙིགས་མའི་མཐའ་ལ་ཐུགས་པས་ཚེ་ཐུང་ཞིང་རྐྱེན་མང་བ་དང་ཉོན་མོངས་པ་ཤུགས་དྲག་པས་རྩོལ་བཅས་ཀྱི་ལམ་གྱིས་གདུལ་བའི་སྣོད་དུ་མ་གྱུར་པ་རྣམས་ལ་ལྷག་པར་དགོངས་ནས། སྒོམ་མི་དགོས་པར་གྲོལ་བའི་གདམས་ཟབ་མཐའ་ཡས་པ་ཞིག་སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་ལས་རང་ཤར་བའི་ཚུལ་གྱིས་སྣང་བར་མཛད་པ་སྟེ། དེའངཐུན་མོང་བ། སོར་འབྲང་མའི་འཁོར་ལོ་དང་ཇོ་བོའི་གྲོང་ཁྱེར་སྒྲོལ་འཁོར་སོགས་བཏགས་གྲོལ། བྲིས་སྐུ་མཐོང་བ་དོན་ལྡན་སོགས་བྲིས་སྐུའི་ཆོ་ག་རབ་འབྱམས་དང་དྲི་མེད་དང་ཇོ་བོའི་དབུ་ཞྭའི་མཆོད་རྟེན་མི་འཁྲུགས་པའི་གཟུངས་རྣམས་ཀྱི་མཐོང་གྲོལ། གཟུངས་སྔགས་ཟབ་མོ་དུ་མའི་སྒྲ་ཐོས་པ་དང་པདྨ་གཙུག་ཏོར་གྱི་སྔགས་དུང་ལ་བཟླས་པའི་ཐོས་གྲོལ། དེ་ཉིད་ཀྱི་བདུག་སྤོས་ཚོར་གྲོལ། བདུད་རྩི་རིལ་བུ་དང་གཟུངས་སྒྲུབ་ཀྱི་བུམ་ཆུའི་མྱོང་གྲོལ། བྱེ་མ་ལ་གཟུངས་བཟླས་པ་དང་། ཞལ་བཅུ་གཅིག་པའི་སྔགས་བཟླས་པ་པོའི་རྫི་ཕྱོགས་ཕོག་པའང་སྡིག་པ་ལས་གྲོལ་བར་གསུངས་པའི་རེག་གྲོལ་སོགས་སྔགས་གསར་མའི་གཞུང་ལས་ཀྱང་ཆ་མཐུན་ཅི་རིགས་པར་འབྱུང་བ་དང་། ཁྱད་པར་སྔ་འགྱུར་གྱི་རྒྱུད་གཞུང་རྣམས་ལས་ཐུན་མོང་མ་ཡིན་པ། མཐོང་གྲོལ་འཁོར་ལོ་དང་འོད་གསལ་ངོ་སྤྲོད། བཏགས་གྲོལ་གླེགས་བམ་དང་ཙཀྲ། མྱོང་གྲོལ་སྐྱེ་བདུན་གྱི་དམ་རྫས། ཐོས་གྲོལ་བར་དོ་དྲུག་གི་ངོ་སྤྲོད། ཚོར་གྲོལ་བདུག་སྤོས་ལ་འདེབས་པའི་སྔགས། རེག་གྲོལ་པདྨ་ཅན་གྱི་མྱུར་ལམ་སོགས་མཐའ་ཡས་པར་བྱོན་པ་རྣམས་ནི་ངོ་མཚར་རྨད་དུ་བྱུང་བའི་སངས་རྒྱས་ཀྱི་ཕྲིན་ལས་རླབས་པོ་ཆེ་སྟེ། དམན་པ་དུད་འགྲོ་ཡན་ཆོད་ཀྱི་རྒྱུད་ལ་ཐར་པའི་ས་བོན་འཇོག་ཅིང་། གང་ཟག་གི་རྒྱུད་ཚོད་དང་བསྟུན་ནས་དབང་པོ་རབ་འབྲིང་སོགས་སྐུ་གསུམ་གྱི་ཞིང་ཁམས་སོ་སོར་གྲོལ་བ་དང་། ཡང་ཐའང་ངན་འགྲོའི་སྐྱེ་སྒོ་ལས་ཐར་ཞིང་བྱང་ཆུབ་ཀྱི་མྱུ་གུ་གསོས་ཐེབས་པས་རིམ་གྱིས་གྲོལ་བར་མཛད་པ་ནི་རྒྱལ་བ་རྡོ་རྗེ་འཆང་གི་གསུངས་ལ་ནམ་ཡང་བསླུ་བ་མི་སྲིད་པས་ཡིད་ཆེས་ཀྱི་དད་པ་བརྟན་པོས་ལག་ལེན་དུ་ཅི་ཐེབས་ལ་བརྩོན་པ་གལ་ཆེ་ཞིང་། དེ་དག་སོ་སོའི་ཕན་ཡོན་རང་གཞུང་ལས་བསྟན་པ་བཞིན་ཞིབ་པར་འགོད་རིགས་ཀྱང་ཧ་ཅང་རྒྱ་ཆེ་བའི་ཕྱིར་འདིར་ཡི་གེས་འཇིགས་ལ་དོགས་སེལ་དང་རྩོད་སྤོང་སོགས་ཞིབ་པར་མཁས་མཆོག་སོག་བཟློག་པའི་གསུང་སོགས་ལས་ཤེས་པར་བྱ་བ་གལ་ཆེའོ། །དེ་ལས་གལ་ཆེ་བ་བཏགས་གྲོལ་དང་མྱོང་གྲོལ་གྱི་ཕན་ཡོན་ཅུང་ཟད་སྨོས་ན། བཏགས་གྲོལ་ཐུན་མོང་བ། སོ་སོར་འབྲང་མ་ལས། བྲམ་ཟེ་ཆེན་པོ་གང་ལ་ལ་ཞིག་གིས་རིག་པའི་རྒྱལ་མོ་སོ་སོར་འབྲང་མ་ཆེན་པོ་འདི་ཆོ་ག་བཞིན་དུ་བྲིས་ཏེ། ལག་པའམ་མགུལ་དུ་བཏགས་ན། དེ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱིས་བརླབས་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་དུ་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཡིན་པར་རིག་པར་བྱའོ། །དེ་རྡོ་རྗེ་ཆེན་པོའི་ལུས་སུ་རིག་པར་བྱའོ། །དེ་འབར་བ་འོད་འཕྲོ་བའི་ལུས་དང་ལྡན་པར་རིག་པར་བྱའོ། །དེ་མི་ཤིགས་པའི་གོ་ཆ་ཅན་དུ་རིག་པར་བྱའོ། །དེ་དགྲ་ཐམས་ཅད་རབ་ཏུ་འཇོམས་པར་རིག་པར་བྱའོ། །སྒྲིབ་པ་ཐམས་ཅད་རབ་ཏུ་འཇོམས་པར་རིག་པར་བྱའོ། །དེ་སེམས་ཅན་དམྱལ་བའི་འགྲོ་བ་པ་རྣམ་པར་སྦྱོང་བར་རིག་པར་བྱའོ། །ཞེས་སོགས་བཏགས་པས་གྲོལ་བའི་ཚུལ་དང་ཇི་ལྟར་གྲོལ་བའི་ལོ་རྒྱུས་བཅས་རྒྱས་པར་གསུངས་པ་དང་། དེར་མ་ཟད་པདྨོཥྞིཥའི་གཟུངས་ཀྱི་འོག་ཏུ་ལན་གཅིག་འཛུལ་བས་ཚེ་རབས་འབུམ་དུ་བསགས་པའི་ལས་སྒྲིབ་འབྱང་བར་གསུངས་པ་དང་། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་བྲིས་ཏེ་རྒྱལ་མཚན་གྱི་རྩེར་བཏགས་ན་དེ་མཐོང་བའམ། དེ་དང་ཉེ་བར་གྱུར་ཏམ། ཐ་ན་དེའི་གྲིབ་མ་ཕོག་པའམ། དེའི་རྡུལ་རླུང་གིས་ཁྱེར་བ་ཕོག་ནའང་། ངན་སོང་གསུམ་དང་ལྷ་མ་ཡིན་གྱི་རིགས་སུ་མི་སྐྱེ་ཞིང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་སྟོན་ཅིང་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གསུངས་པ་དང་། ཇོ་བོ་རྗེའི་ལུགས་གྲོང་ཁྱེར་སྒྲོལ་འཁོར་ཞེས་དེ་ཉིད་གྲོང་ཁྱེར་གཅིག་ལ་ཡོད་ན་དེར་གནས་པའི་འགྲོ་བ་ཐམས་ཅད་འཁོར་བ་ལས་བསྒྲལ་ནས་ཐར་པ་ཐོབ་པར་གསུངས་པ་སོགས་ཅི་རིགས་པར་འབྱུང་བ་ནི་མིང་གི་ཁྱད་པར་ཙམ་ལས་དོན་དུ་བཏགས་གྲོལ་ལས་མ་འདས་ཤིང་། ལྷག་པར་ཐུན་མོང་མ་ཡིན་པ་བཏགས་གྲོལ་སྙིང་པོའི་རྒྱུད་ལས། ཨེ་མ་འདི་ནི་ཁྱད་པར་འཕགས། །དབང་པོ་རྣམ་ལྔ་འོན་གྱུར་ཅིང་། །རྒན་གཞོན་ཕོ་མོ་དགེ་སྡིག་མེད། །བག་ཆགས་བཟང་ངན་མེད་པ་རུ། །འདི་ཉིད་བཅངས་པས་འཚང་རྒྱའོ། །ཐ་མ་དབུགས་ལ་སླེབས་ཀྱང་གྲོལ། །སངས་རྒྱས་གདུང་འཛིན་སྲས་གཅིག་ཡིན། །ཞེས་དང་། རྡོ་རྗེ་འཆང་གིསདུས་གནད་ངེས་པ་ལས། འདི་ཉིད་བཅངས་པ་ཙམ་གྱིས་ཀྱང་། །སངས་རྒྱས་ཉིད་དུ་འགྱུར་བ་ལ། །ཐེ་ཚོམ་བྱ་བར་ཅི་ཞིག་དགོས། །གལ་ཏེ་བྱོལ་སོང་མགུལ་དུ་འདི། །བཏགས་པ་ཙམ་གྱིས་དེ་གྲོལ་ན། །འགྲོ་བ་མི་རྣམས་སྨོས་ཅི་དགོས། །ཨེ་མ་རང་བྱུང་ཡི་གེ་འདིས། །སེམས་ཅན་རྣམས་ཀྱི་དོན་བྱེད་ན། །ཚེ་འདས་དེ་ཡི་སྤྱི་བོའམ། །མགུལ་དུ་འདི་བཏགས་བསྲེགས་ན་ནི། །འདི་ཉིད་གྲོལ་བར་སྨོས་ཅི་འཚལ། །མཚམས་མེད་ལྔ་པོ་སྤྱད་པ་ཡང་། །ཉན་ཐོས་རྣམས་དང་སྐལ་བ་མཉམ། །ལུང་དུ་མ་བསྟན་སྐྱེ་བོ་རྣམས། །བྱང་ཆུབ་སེམས་དཔའི་ས་དང་མཉམ། །ཡིད་དཔྱོད་འཛིན་པའི་གྲུབ་མཐའ་ཡང་། །རྡོ་རྗེ་འཆང་དང་མཉམ་པར་ངེས། །འདི་ཉིད་བཅངས་པའི་སྐྱེས་བུ་དེ། །གང་ན་འདུག་པའི་ཡུལ་ཕྱོགས་ཙམ། །ངན་སོང་དག་ནས་གྲོལ་བར་འགྱུར། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །རིག་པ་དངོས་ཀྱི་རྟགས་ཡོད་པའི། །སྐལ་ལྡན་དེ་ལ་བསྲེག་མི་དགོས། །འཆི་ཁར་འཕྲོད་པས་འགྱུར་བ་ཡིན། །ཞེས་གསུངས་པས་མཚོན་རྫོགས་ཆེན་གྱི་རྒྱུད་གཞུང་བཀའ་གཏེར་རྣམས་ནས་གསུངས་པའི་ལུང་མཐའ་ཡས་སོ། །མྱོང་གྲོལ་སྐྱེ་བདུན་རིལ་བུ་ནི། བརྟག་གཉིས་ལས། དེ་ཡི་གྲིབ་མ་བདུན་དུ་འགྱུར། །མཐོང་ནས་རྣལ་འབྱོར་པ་ཡིས་མཚོན། །དེ་ནི་ཟོས་པ་ཙམ་གྱིས་ནི། །སྐད་ཅིག་ཉིད་དུ་མཁའསྤྱོད་འགྱུར། །ཞེས་དང་། སྡོམ་འབྱུང་ལས། དེ་བླངས་ལ་དཔའ་ཧེ་རུ་ཀའི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་ཐིག་ལེ་བྱས་ན་སྟེང་དུ་ལྡིང་བར་འགྱུར་ཞིང་དཔག་ཚད་བྱེ་བར་འགྲོ་བར་འགྱུར་རོ། །དེ་ཟོས་པ་ཙམ་གྱིས་དུས་གསུམ་གྱི་ཡེ་ཤེས་ཅན་དུ་འགྱུར་རོ། །ཞེས་སོགས་ཞིབ་པར་བདེ་མཆོགངེས་བརྗོད་བླ་མ། མཁའ་འགྲོ་རྒྱ་མཚོ། ཧེ་རུ་ཀ་མངོན་འབྱུང་། སམྦུ་ཊི། ཕྱག་ཆེན་ཐིག་ལེ། སྒྱུ་འཕྲུལ་ཆེན་མོ་སོགས་ལས་ཀྱང་བསྟན་ཅིང་། བརྟག་གཉིས་སྟོང་ཐུན་ལས། རྒྱལ་པོ་གྲགས་པ་མཐའ་ཡས་མངའ་འབངས་དང་བཅས་པ་སྐྱེ་བདུན་གྱི་ཤ་ཟོས་པས་མཁའ་སྤྱོད་དུ་སོང་སྟེ་གྲོང་ཁྱེར་སྟོང་པར་བཤད་པ་སོགས་ཡིད་ཆེས་ཀྱི་ལོ་རྒྱུས་མང་ཞིང་། ཁྱད་པར་སྤྱན་རས་གཟིགས་དོན་ཡོད་ཞགས་པའི་རྒྱུད་ལས། རིལ་བུ་ཟོས་པ་ཙམ་གྱིས་ནི། །ནད་རྣམས་ཐམས་ཅད་རྣམ་པར་འཇིག །གང་གིས་རིལ་བུ་དེ་ལ་བརྟེན། །རིལ་བུ་ཐིག་ལེ་རྟག་བྱེད་པ། །དེ་བཞིན་གཤེགས་ཀུན་དགོངས་པར་མཛད། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་། །དེ་ཉིད་རིགས་ལ་རྟག་ཏུ་ནི། །མཆོག་སྦྱིན་དུས་ཀུན་གཟིགས་པར་མཛད། །བསོད་ནམས་ཕུང་པོ་སྟོང་དག་ནི། །ཉི་མ་རེ་རེར་སོག་པར་བྱེད། །འཇིག་རྟེན་པ་ལ་བདེ་སྤྱད་ཅིང་། །འཇིག་རྟེན་ཕ་རོལ་ཤིན་ཏུ་བདེ། །ཚེ་བརྗེ་བ་ནི་འཕོས་ནས་སུ། །བདེ་བ་ཅན་དུ་མོད་ལ་འགྲོ། །གང་དང་གང་དུ་སྐྱེ་བ་དེར། །ཚེ་རབས་རྟག་ཏུ་ཚེ་རབས་དྲན། །ལག་ན་རྡོ་རྗེ་གནོད་སྦྱིན་ཆེ། །གནོད་སྦྱིན་བྱེ་བས་ཡོངས་བསྐོར་ཞིང་། །གཡེལ་བ་མེད་པར་ཉིན་མཚན་དུ། །དུས་ཀུན་དུ་ནི་སྲུང་བར་བྱེད། །ཅེས་དང་། རིལ་བུ་སུ་ལ་ཡོད་པ་ནི། །ཕྱིར་མི་ལྡོག་པར་ལུང་བསྟན་ཅིང་། །མགོན་པོ་ས་བཅུ་དག་ལ་གནས། །རྟག་ཏུ་མཆོད་རྟེན་གྱུར་པ་སྟེ། །སྐུ་གདུང་སྙིང་པོའི་བདག་ཉིད་ཅན། །རྟག་ཏུ་སངས་རྒྱས་བདག་ཉིད་འགྱུར། །ཞེས་དང་། རིལ་བུ་མཐོང་བ་ཙམ་གྱིས་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །སྡིག་པ་ཐམས་ཅད་རྣམ་པར་གཅོད། །སྒྲིབ་པ་ཐམས་ཅད་རྣམ་པར་དག །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །ཕྱིར་ཞིང་གནས་མཆོག་ཞི་བ་ཐོབ། །ཅེས་གསུངས་པ་དང་། ཐུགས་ཆེན་གསང་འདུས་རྒྱུད་ལས། རིལ་བུ་སུ་ཡི་ལྟོར་སོང་བ༔ ཚེ་རབས་གང་དང་གར་སྐྱེས་ཀྱང༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ བདག་བས་གཞན་གཅེས་འགྲོ་དོན་སྤྱོད༔ ཅེས་དང་། ཨོ་རྒྱན་ཆེན་པོས། བདག་འདྲ་འཆི་མེད་རིག་འཛིན་པད་འབྱུང་ནི༔ སྐྱེ་འགྲོ་སེམས་ཅན་རྣམས་ཀྱི་དོན་ལས་མེད༔ གང་ལ་གང་འདུལ་སྤྲུལ་བསྒྱུར་ཐབས་མཆོག་གི༔ ཚོར་གྲོལ་མཐོང་གྲོལ་རེག་གྲོལ་མྱོང་གྲོལ་སོགས༔ འདུས་བྱས་འགྲོ་བ་འདུལ་བའི་བློ་འཚམས་སུ༔ མ་བསྒོམས་སངས་རྒྱས་ཐབས་མཆོག་དཔག་མེད་སྟོན༔ བྲམ་ཟེའི་འཕེལ་གདུང་རིལ་བུའི་རྒྱུ་མཆོག་ནི༔ བྲམ་ཟེ་ཆེན་པོ་པྲ་བྷ་ཧ་སྟི་དང༔ བྲམ་ཟེ་དུང་རྣ་ཅན་དང་པདྨ་དཀར༔ རིག་འཛིན་ཆེན་པོ་བརྒྱད་ཀྱི་འཕེལ་གདུང་དང༔ མནྡ་རས་རྙེད་དྲི་མེད་སྐུ་ཤ་རྣམས༔ གཅིག་བསྡུས་འཕེལ་གདུང་མྱོང་གྲོལ་རིལ་བུ་འདི༔ རེག་མྱོང་ལྡན་པས་ཚེ་གཅིག་སངས་རྒྱས་འགྲུབ༔ ཞེས་དང་། ཚེ་གཅིག་སངས་རྒྱས་འགྲུབ་པའི་མྱོང་གྲོལ་འདི༔ ལུས་ལ་བཅངས་ན་ནད་མཚོན་འཇིགས་བརྒྱད་ཁོག༔ རྩ་གསུམ་རྒྱ་མཚོའི་ལྷ་ཚོགས་སྤྲིན་བཞིན་འདུ༔ མ་སྲིང་མཁའ་འགྲོའི་ཚོགས་རྣམས་གྲིབ་བཞིན་འགྲོགས༔ དམ་ཅན་རྒྱ་མཚོའི་ཚོགས་རྣམས་བྲན་ལྟར་ཁོལ༔ ནག་ཕྱོགས་ལྷ་སྲིན་གདུག་པའི་རྩུབ་འགྱུར་ཞི༔ འཕོ་ལྟུང་ཉམས་པའི་ལས་སྒྲིབ་ཐམས་ཅད་དག༔ མྱོང་བ་ཙམ་གྱིས་ཚེ་གཅིག་སངས་རྒྱས་འགྲུབ༔ ཐ་ན་ཁྱི་ཕག་ལྟ་བུ་ཡིན་མོད་ཀྱང༔ སྲོ་མ་ཙམ་ཞིག་ཁ་ལ་སོང་གྱུར་ན༔ དལ་འབྱོར་ཆོས་ལྡན་མི་ལུས་ཐོབ་ནས་ནི༔ ཚེ་གཅིག་ཀུན་མཁྱེན་འབྲས་བུ་རྙེད་པར་ངེས༔ ཟག་མེད་དམ་རྫས་ཁྱད་འཕགས་མྱོང་གྲོལ་འདི༔ ཆུ་ལ་འཐོར་བས་ཆུ་གནས་སེམས་ཅད་ཀུན༔ ལས་སྒྲིབ་དག་ནས་སངས་རྒྱས་ཐོབ་པར་ངེས༔ མེ་ལ་བསྲེགས་ན་དུད་པ་ཕོག་ཚད་ཀུན༔ གཟུགས་ཅན་མི་དང་གཟུགས་མེད་ཡིན་ཡང་རུང༔ ཚེ་གཅིག་སངས་རྒྱས་འགྲུབ་པར་ཐེ་ཚོམ་མེད༔ ཚོང་འདུས་ས་མདོ་རི་རྩེར་སྦས་གྱུར་ན༔ དེར་ཕྱིན་རླུང་གི་ཟེར་མ་ཕོག་ཚད་ཀུན༔ མངོན་པར་བྱང་ཆུབ་སངས་རྒྱས་ཐོབ་པར་ངེས༔ ས་གནས་གསོ་དང་སྐུ་གསུང་ཐུགས་རྟེན་བཞེངས༔ ནང་གཞུགས་འཇུག་པ་མི་མིན་གདོན་བགེགས་འཇོམས༔ རྟེན་དེ་མཇལ་བས་བྱང་ཆུབ་སངས་རྒྱས་རེག༔ མི་མཐུན་འཇིགས་པ་བརྒྱད་ལས་སྐྱོབ་པར་ངེས༔ ཞེས་དང་། ཤིག་གི་སྙིང་ཙམ་སུ་ཡི་ལྟོར་སོང་བ༔ རྨང་པོའི་ལྟོར་སོང་བུ་ཡི་དངོས་གྲུབ་ཐོབ༔ དབུལ་པོའི་ལྟོར་སོང་ནོར་གྱི་དངོས་གྲུབ་ཐོབ༔ འཆི་ཉེའི་ལྟོར་སོང་ཚེ་ཡི་དངོས་གྲུབ་ཐོབ༔ དད་ཅན་ལྟོར་སོང་ཆོས་ཀྱི་དངོས་གྲུབ་ཐོབ༔ ནད་པའི་ལྟོར་སོང་ཉོན་མོངས་ཟུག་རྔུ་ཞི༔ དེ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་ཀྱང༔ ལོག་ལྟ་ཅན་གྱིས་ཡོན་ཏན་སྐྱོན་དུ་མཐོང༔ དེ་ཡང་འབྲེལ་བ་སྣ་རེ་ཐོགས་པ་ཡིས༔ སྒྲིབ་གཉིས་དག་ཅིང་ཆོས་ཀྱིས་ལས་དང་ལྡན༔ དེ་ཕྱིར་སྐྱེ་བདུན་རིལ་བུ་འདི་དག་ནི༔ མཐོང་ཐོས་དྲན་རེག་དོན་དང་ལྡན་པར་བྱེད༔ ཅེས་དང་། དྲི་མ་མེད་པའི་ཏིལ་ཙམ་ཞིག་གིས་ཀྱང༔ ངན་སོང་འགྲོ་ངེས་ཞིག་ཀྱང་མཐོ་རིས་སྐྱེ༔ དཀར་པོ་དགེ་བའི་ལས་ཀྱི་ས་བོན་ཐེབས༔ དྲང་སྲོང་གཟའ་ཡི་ནད་དང་གདོན་བགེགས་དང༔ འདྲེ་ཡི་གཙེས་པ་རྣམས་ཀྱང་སྒྲིབ་པར་འགྱུར༔ མཚམས་མེད་ལྔ་བྱས་ལས་ཀྱང་བྱང་བར་འགྱུར༔ ལས་ཀྱི་དབང་གིས་དུད་འགྲོར་སྐྱེ་གྱུར་ཀྱང༔ ཡུལ་བཟང་བདག་བྱམས་བརྡུང་བརྩོག་མེད་པར་འགྱུར༔ མདོར་ན་རྒྱལ་བ་སྲས་བཅས་བྱིན་རླབས་འདི༔ བསོད་ནམས་ཆུང་བའི་དུད་འགྲོ་ཡིན་ཡང་རུང༔ མི་ཚེ་སྡིག་བསྒྲིལ་བཤན་པ་ཡིན་ཡང་རུང༔ སྐྱེ་བ་དམན་པའི་བུད་མེད་ཡིན་ཡང་རུང༔ ལས་ཀྱི་འཕྲོ་མེད་མི་ལུས་ཡིན་ཡང་རུང༔ ཆུ་ལ་གནས་པའི་ཉ་སྲམ་ཡིན་ཡང་རུང༔ མཁའ་ལ་གནས་པའི་འདབ་ཆགས་ཡིན་ཡང་རུང༔ སྡིག་སྒྲིབ་དག་ཅིང་མི་ལུས་གཙང་མ་ཐོབ༔ དུག་གསུམ་ནད་སེལ་བདུད་རྩི་སྨན་གྱི་མཆོག༔ སྙིགས་མའི་འགྲོ་རྣམས་མྱོང་གྲོལ་རྫས་ཀྱིས་གྲོལ༔ ཅེས་དང་། ཡང་གཏེར་རྒྱལ་རྒྱམ་རིལ་སྒྲུབ་སྐབས་ལས་ཀྱང་། སྐྱེ་བདུན་རྫས་ཀྱི་རིལ་བུ་གང༔ མྱོང་བསཐུགས་རྗེའི་བྱིན་རླབས་ཞུགས༔ ཐ་མའི་ལུས་ལ་ཡེ་ཤེས་རྙེད༔ སྤྱན་རས་གཟིགས་དང་སྐལ་བ་མཉམ༔ མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང༔ ངན་སོང་འཁོར་བ་དོང་སྤྲུགས་ནས༔ སྐྱེ་བ་གཞན་གྱིས་མ་ཆོད་པར༔ བདེ་བ་ཅན་དུ་བྱང་ཆུབ་ཐོབ༔ གང་ཞིག་རིལ་བུ་མཐོང་བའམ༔ རིལ་བུ་ཐིག་ལེ་བྱེད་པ་དང༔ འཆང་དང་ཐོས་དང་དྲན་པས་ཀྱང༔ བྱང་ཆུབ་ས་བོན་ཐེབས་པར་འགྱུར༔ ཞེས་སོགས་ཐུགས་ཆེན་རིལ་སྒྲུབ་རྣམས་ཀྱི་གཏེར་གཞུང་སོགས་ལས་ཕན་ཡོན་མཐའ་ཡས་པར་གསུངས་སོ། །མྱོང་གྲོལ་བདུད་རྩི་སྨན་སྒྲུབ་ཀྱི་ཕན་ཡོན་ཡང་། བདུད་རྩི་བམ་བརྒྱད་ལས། བདུད་རྩིའི་ཆོས་ཀྱི་དོན་འདི་ནི་དཔེར་ན་མེ་དང་འདྲ་སྟེ། ཆུང་སྟེ་རྡུལ་ཙམ་ནས་ཆེ་སྟེ་སྲིད་པའི་རི་བོ་ཡང་བསྲེག་གོ །དེ་བཞིན་དུ་ཆོས་བདུད་རྩི་ཆེན་པོ་འདིས་ཀྱང་སེམས་ཅན་གྱི་ཉོན་མོངས་པའི་རྟོག་པ་ཕྲ་མོ་དང་། དུག་ལྔའི་རྡུལ་དཔྱིས་ཕྱུང་སྟེ་རིགས་ལྔ་ཡེ་ཤེས་ལྔར་འཚང་རྒྱ་བར་བྱེད་དོ། །ཞེས་དང་། འཇམ་དཔལ་བསྐལ་པ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱས་པ་བས་བདུད་རྩི་ཆེན་པོ་འདིས་ལན་གཅིག་སེམས་ཅན་གྱི་དོན་བྱས་པ་བསོད་ནམས་ཆེ་སྟེ། སེམས་ཅན་ཐམས་ཅད་དམྱལ་ཁམས་བཅོ་བརྒྱད་ཀྱི་ནང་ནས་ཐར་པའི་ལམ་དུ་འདྲེན་པ་ཡིན་ནོ། །ཞེས་གསུངས་པ་དང་། ཨོ་རྒྱན་ཆེན་པོས་ཀྱང་། བདེ་གཤེགས་མ་ལུས་མཆོད་པའི་རྫས། །བླ་མ་ཡི་དམ་སྡུད་པའི་རྩི། །མཁའ་འགྲོ་ཀུན་གྱི་སྙིང་ཁྲག་ཡིན། །ཟོས་པས་ཡོན་ཏན་བརྗོད་མི་ལང། །སངས་རྒྱས་སྐུ་ལྔའི་ཡོན་ཏན་འཐོབ། །ཕྱི་ལྟར་ལུས་ཀྱི་ནད་གདོན་འཇོམས། །ནང་དུ་ཉོན་མོངས་དུག་ལྔ་འདག །དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་། །གསང་བ་རང་བྱུང་ཡེ་ཤེས་རྟོགས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས། །ཟོས་ན་ས་བཅུ་ཐོབ་ནས་ཀྱང་། །ཐེག་ཆེན་བྱང་ཆུབ་སེམས་དཔར་འགྱུར། །བླ་མ་མཆོད་ན་བྱིན་རླབས་འཇུག །ཡི་དམ་མཆོད་ན་དངོས་གྲུབ་སྟེར། །བདེ་གཤེགས་མཆོད་ན་ཐུགས་རྗེ་འབྱུང་། །མཁའ་འགྲོ་མཆོད་ན་ལུང་ཡང་སྟོན། །རྣལ་འབྱོར་པའམ་སུས་ཟོས་ཀྱང་། །ཕྱི་ཡི་ནད་གདོནསྡིག་སྒྲིབ་བྱང་། །ནང་གི་བསྐྱེད་རིམ་ཏིང་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས། །ཉམས་དང་ལྷག་ཆད་མ་ལུས་སྐོང་། །འཆང་བས་དུས་མིན་འཆི་བ་བཟློག །གདུག་པའི་དུག་ཀྱང་འཇིལ་བར་ནུས། །བྱུག་པས་ནད་གདོན་མ་ལུས་སེལ། །བསྲེགས་ན་ནད་གདོན་ཐམས་ཅད་སྐྲོད། །འདི་ཉིད་བསྒྲུབས་པའི་གནས་དེ་ཡང་། །དུར་ཁྲོད་བསིལ་བའི་ཚལ་དང་མཚུངས། །དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ། །ས་ཕྱོགས་བྱིན་དང་ལྡན་པར་འགྱུར། །ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས། །གང་བསྒྲུབ་ས་ཡི་གནས་དེ་ན། །སུ་བསྡད་མི་རྣམས་ཏིང་འཛིན་འཆར། །ནམ་ཞིག་ཚེ་ཡི་དུས་བྱས་ནས། །ཕོ་མོ་བཟང་ངན་མེད་པ་རུ། །རིག་པ་འཛིན་པའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་དང་། ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས་ཀྱང་། སྐད་ཅིག་ཐུག་འཕྲད་བསྟེན་པ་ཡིས༔ ཚེ་རིང་ནད་མེད་བདེ་བ་དང༔ ལང་ཚོ་ཁ་དོག་སྟོབས་དང་གཟི༔ འཕེལ་ཞིང་དབང་པོ་རིག་པ་གསལ༔ མཁའ་ལ་འགྲོ་ཞིང་ཕ་རོལ་གྱི༔ ནུས་སྟོབས་གནོད་པས་མི་ཚུགས་ཤིང༔ ཀུན་གྱི་བཀུར་སྟིའི་འོས་སུ་མཐོང༔ ཁམས་ཀྱི་ཟས་དང་མ་འདྲེས་ཤིང༔ གོས་མེད་མཁའ་ལ་གཅེར་བུར་སྤྱོད༔ སྔོན་གྱི་རྒྱལ་བ་ཆེ་རྣམས་ཀྱི༔ རིག་པ་འཛིན་པའི་གྲལ་འཐོབ་འགྱུར༔ དེ་ཉིད་མ་རེག་བར་དུ་ཡང༔ ནད་དང་མུ་གེས་མི་ཚུགས་ཤིང༔ བར་གྱི་བསྐལ་པའི་འཇིགས་ལས་ཐར༔ གཞན་ལ་ཕན་པ་སྒྲུབ་པ་སོགས༔ ཡོན་ཏན་ཆེན་པོ་དཔག་མེད་ཐོབ༔ ཅེས་དང་། སྒྱུ་འཕྲུལ་ལས། རྡོ་རྗེ་ལྕེ་ཡི་དམ་ཚིག་ནི། །རྡོ་རྗེ་ཅན་གྱི་ཧཱུྃ་བསྒོམ་སྟེ། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱ་ངན་རྡོ་རྗེའི་ཐུགས་འཐོབ་འགྱུར། །ཞེས་སོགས་རྒྱུད་གཞུང་རྣམས་ལས་རྒྱ་ཆེར་གསུངས་པ་ཡིན་ནོ། །སྨྲས་པ། གཞི་རྒྱུད་གདོད་ནས་དག་པའི་བཻཌཱུཪྱ། །ཐབས་རྒྱུད་སྨིན་གྲོལ་ལམ་གྱིས་ཡོངས་སྦྱངས་པས། །འབྲས་རྒྱུད་སྐུ་བཞིའི་འདོད་པ་འཇོ་བའི་དབྱིག །ཤེར་བརྩོན་རྒྱལ་མཚན་རྩེ་མོར་ཅིས་མི་བསྙེན། །དུས་གསུམ་གཤེགས་པའི་སྟོབས་བཅུ་མངའ་བ་རྣམས། །ལམ་འདིར་མ་བརྟེན་འགའ་ཡང་ཡོན་མིན་ཞེས། །དྲུག་པ་རྡོ་རྗེ་འཆང་དེས་ལན་སྟོང་དུ། །ཡང་ཡང་བསྔགས་པའི་ཚུལ་ལ་སུ་མི་རངས། །སྟོང་ཁམས་ནོར་བུའི་གྲམ་བུ་བརྡལ་བས་ཀྱང་། །མཚོན་མིན་གྲོལ་བ་དྲུག་ལྡན་འདོད་དགུའི་གཏེར། །ཀུན་བཟང་པདྨས་རྗེས་འཇུག་སྐལ་བར་གནང་། །དམན་ལམ་སེར་བུའི་རིལ་བུ་ཅི་ཕྱིར་གཉེར། །སྣང་གྲགས་རྟོག་ཚོག་དཀྱིལ་འཁོར་གསུམ་གྱི་ངང་། །འདོད་ཡོན་མ་སྤངས་ཡེ་ཤེས་རོལ་པའི་རྒྱན། །ཡེ་ནས་དག་མཉམ་ཆོས་སྐུའི་རོལ་པ་ལ། །མ་དག་འཁྲུལ་མཚན་རྡུལ་ཙམ་བསལ་བྱ་ཅི། །དེ་ཚུལ་ཤེས་པའི་སྐལ་བཟང་འགའ་ཡོད་ན། །ཐ་སྙད་ཚིག་ཆུའི་རོལ་ལ་མི་ཞེན་པར། །ཟབ་གསང་མན་ངག་འཆི་མེད་བདུད་རྩིའི་བཅུད། །སྙིང་གི་བུམ་པར་ཅི་དགར་བསྟེན་པར་འོས། །འདི་ན་མི་རྟག་སྲིན་མོས་མ་ཟོས་པའི། །འདུས་བྱས་དངོས་དེ་སྔོན་ཆད་མ་འཚལ་ན། །སོས་དལ་བག་སྐྱོང་སྤྱོད་པའི་སེམས་ཁྱོད་ལ། །མི་འཇིགསསྦྱིན་པོ་དེ་ནི་སུ་ཞིག་ཡིན། །ཚེ་འདིའི་བདེ་སྡུག་རྨི་ལམ་ཡད་ཡུད་ཙམ། །འཇིག་རྟེན་ཕྱི་མ་འདི་ཞེས་ཚད་བཟུང་ཅི། །ད་རེས་རྟེན་འདིར་སྲིད་མཚོ་མ་བརྒལ་ན། །སྡུག་བསྔལ་རྦ་ལས་ནམ་ཞིག་ཐར་པར་འགྱུར། །དེ་ཕྱིར་ད་ལྟ་རང་དབང་འབྱོར་དུས་འདིར། །འདིར་སྣང་ཆོས་བརྒྱད་ཞགས་པས་འཆིང་མིན་གང་། །གང་དུ་སྲས་བཅས་རྒྱལ་རྣམས་བགྲོད་གཅིག་ལ། །ལམ་མཆོག་འདིར་ཞུགས་ཐར་གླིང་བསྙེགས་པར་རིགས། །སྐལ་བཟང་སྐལ་བཟང་དོན་མཐུན་སྐྱེ་བོ་རྣམས། །ཡང་ཟབ་ཡང་ཟབ་སྙིང་པོའི་བསྟན་མཇལ་ཚེ། །མྱུར་བར་མྱུར་བར་བརྩོན་པའི་དཔུང་བསྐྱེད་ལ། །རང་བྱུང་རང་བྱུང་རྒྱལ་བའི་སྐུ་འགྲུབ་མཛོད། །དེ་ལྟར་ཐུན་མིན་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཅུང་ཟད་སྨོས་ནས། ཐུན་མོང་དུ་རྟོགས་པའི་ཆོས་ལ་བསྒྲུབས་པ་བྱས་པའི་ཕན་ཡོན་ཡང་། ཏིང་འཛིན་རྒྱལ་པོ་ལས། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་དུ་ཡང་དག་འཇོག་པ་ལ་བརྩོན་པའི་ཕན་ཡོན་ནི་བཅུ་སྟེ། སེམས་རྙོག་པ་མེད་པ་དང་། བག་ཡོད་པར་གནས་པ་དང་། སངས་རྒྱས་རྗེསསུ་དྲན་པ་དང་། སྤྱོད་པ་ལ་དད་པ་དང་། ཡེ་ཤེས་ལ་ནེམ་ནུར་མེད་པ་དང་། སངས་རྒྱས་ལ་བྱས་པ་གཟོ་བ་དང་། ཆོས་མི་སྤོང་བ་དང་། ཤིན་ཏུ་བསྡམས་པར་གནས་པ་དང་། དུལ་བའི་རྗེས་སུ་འཐོབ་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་མངོན་དུ་བྱེད་པ་སྟེ། གཞོན་ནུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་དུ་ཡང་དག་འཇོག་པ་ལ་བརྩོན་པའི་ཕན་ཡོན་ནོ། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་དེ་ནི་ཤི་འཕོས་ནས། །བདེ་བ་ཅན་གྱི་འཇིག་རྟེན་ཁམས་སུ་འགྲོ། །ཚེ་དཔག་མེད་ལས་ཆོས་བཟང་མཆོག་ཐོས་ནས། །སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་འཐོབ། །ཅེས་པའི་བར་གྱིས་བསྟན་པ་དང་། ཁྱད་པར་སྦྱིན་སོགས་ལས་མཆོག་ཏུ་གྱུར་པའི་ཕན་ཡོན་ཡང་། མདོ་ལས། འཇམ་དཔལ། བྱང་ཆུབ་སེམས་དཔའ་གང་ལ་ལས་ལྷ་ཡི་ལོ་སྟོང་དུ་དཀོན་མཆོག་ལ་ཅི་དགོས་པ་བྱིན་པ་བས། བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ཐ་ན་སེ་གོལ་གཏོགས་པ་སྲིད་དུ། འདུ་བྱེད་ཐམས་ཅད་མི་རྟག་པའོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ། །འདུ་བྱེད་ཐམས་ཅད་ནི་སྟོང་པའོ། །འདུ་བྱེད་ཐམས་ཅད་ནི་བདག་མེད་པའོ། །སྙམ་དུ་དཔྱོད་ན་དེ་དེ་བས་བསོད་ནམས་གྲངས་མེད་བསྐྱེད་པར་བྱེད་དོ། །ཞེས་དང་། བྱམས་པ་སེངྒེའི་སྒྲ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་བཀང་སྟེ། དེ་བཞིན་གཤེག་པ་ལ་ལོ་འབུམ་གྱི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕུལ་བ་བས་ནི། གང་གིས་བྱང་ཆུབ་དོན་དུ་གཉེར་ཞིང་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པ་དེས། མཁན་པོ་ལས་ལུང་མནོས་ཏེ། ཁ་ཏོན་དུ་བྱེད་ཅིང་ཐ་ན་ཚིགས་བཞི་པའི་དོན་ཡིད་ལ་བྱེད་པ་དང་། འདུ་འཛི་ལ་སྐྲག་ནས་དགོན་པར་གོམ་པ་བདུན་བོར་བ་བསོད་ནམས་ཆེ་བར་གསུངས་པ་དང་། གཞན་ཡང་རྒྱལ་པོ་མུ་ཁྱུད་འཛིན་གྱིས་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་ལ་ལོ་བརྒྱད་ཁྲི་བཞི་སྟོང་དུ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བས། གང་དགོན་པར་གནས་ཏེ་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་ཐ་ན་སེ་གོལ་གཏོགས་པ་ཙམ་དུ་བསྒོམ་ན། སྔ་མ་དེསསྟོང་ནས་བྱེ་བ་ཁྲག་ཁྲིག་འབུམ་གྱི་བར་གྱི་ཆ་དང་གྲངས་ནས་རྒྱུའི་བར་དུ་ཉེ་བར་མི་འགྲོ་བར་གསུངས་པ་དང་། རྟོགས་པ་རྒྱས་པའི་མདོ་ལས། ཐང་གཅིག་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་གང་བའི་མི་རྣམས་ལ། །སྲོག་སྦྱིན་བས་ནི་འདི་དོན་ཆེ། །ཞེས་གསུངས། ཉན་པ་སོགས་ལས་ཁྱད་པར་དུ་གྱུར་པའང་། དེ་ཁོ་ན་ཉིད་བསྟན་བའི་མདོ་ལས། ཤཱ་རིའིབུ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། །གང་གིས་སེ་གོལ་གཏོགས་པ་ཙམ་གཅིག་དུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་ན་བསོད་ནམས་མང་དུ་འཕེལ་ལོ། །ཤཱ་རིའི་བུ་དེ་ལྟ་བས་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་བྱའོ། །ཞེས་དང་། གཙུག་ཏོར་ཆེན་པོའི་མདོ་ལས། བསྐལ་པ་མང་པོར་ཐོས་པ་དང་བསམ་པ་བས་ནི་ཉིན་གཅིག་ཆོས་ཉིད་ཀྱི་དོན་བསྒོམས་ན་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། དེས་སྐྱེ་འཆིའི་ལམ་དང་རིང་དུ་བྱེད་པའི་ཕྱིར་རོ། །ཞེས་གསུངས། དེ་ཁོ་ན་ཉིད་བསྒོམས་པས་སྒྲིབ་པའི་ཚོགས་ཀྱི་གཉེན་པོ་བྱེད་པའང་། མདོ་ལས། སྐྱེ་བ་པོ་ཡི་ལྷག་མཐོང་དང་། །ཞི་གནས་གོམས་པར་བྱས་ནས་ནི། །གནས་ངན་ལེན་གྱི་འཆིང་བ་དང་། །མཚན་མའི་འཆིང་ལས་རྣམ་གྲོལ་འགྱུར། །ཞེས་དང་། དཀོན་བརྩེགས་ལས། མུན་ཁང་དུ་སྒྲོན་མེ་བཏེགས་པའི་དཔེ་སྔོན་དུ་བཏང་ནས། འོད་སྲུང་དེ་བཞིན་དུ་ལས་དང་ཉོན་མོངས་པར་གྱུར་པ་ལོ་འབུམ་དུ་བསགས་པ་ཡང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་སོ་སོར་རྟོག་པ་གཅིག་གིས་མེད་པར་འགྱུར་རོ། །ཞེས་དང་། འོད་སྲུང་ཚུལ་བཞིན་ཡིད་ལ་བྱེད་པ་སོ་སོར་རྟོག་པ་གཅིག་གིས་བསྐལ་པ་འབུམ་དུ་བསགས་པའི་ལས་དང་ཉོན་མོངས་པ་རྣམ་པར་བྱང་བར་འགྱུར་རོ། །ཞེས་དང་། དགོངས་འགྲེལ་ལས། བསམ་གཏན་གྱིས་ཉོན་མོངས་པ་རྣམ་པར་འཇིལ་ལོ། །ཤེས་རབ་ཀྱིས་བག་ལ་ཉལ་རབ་ཏུ་སྤང་ངོ་། །ཞེས་གསུངས། འདོད་ཡོན་ལ་ཞེན་པ་བཟློག་ཅིང་མངོན་ཤེས་དང་ཏིང་འཛིན་འཆར་བའང་། སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིགས་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་འགྲུབ། ཅེས་གསུངས། ཐེ་ཚོམ་གྱི་གནས་རྣམས་གཅོད་པའང་། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། ཏིང་འཛིན་བསྒོམས་པས་ཐེ་ཚོམ་གཅོད་འགྱུར་གྱི། །དེ་མ་རྟོགས་པར་གཞན་གྱིས་ནུས་མ་ཡིན། །དེ་བས་ཏིང་འཛིན་སྒོམ་པ་མཆོག་ཡིན་གྱི། །མཁས་པ་དག་གིས་དེ་ལ་ནན་ཏན་བྱ། །ཞེས་གསུངས། སྙིང་རྗེ་ཆེན་པོ་སྐྱེ་ཞིང་ཡང་དག་པའི་དོན་མཐོང་བས་མྱ་ངན་ལས་འདས་པའི་འབྲས་བུ་མངོན་དུ་བྱེད་པའང་། ཆོས་ཡང་དག་པར་སྡུད་པ་ལས། ཡིད་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བས་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ །ཞེས་དང་། ཏིང་རྒྱལ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེར་བརྟག་གལ་ཏེ་བསྒོམ་པ་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་གིས་དེ་ནི་ཞིར་མི་འགྱུར། །ཞེས་གསུངས། གདུལ་བྱ་རྣམས་ཡོངས་སུ་སྨིན་པར་ནུས་པའི་ཁྱད་པར་ཡང་། མདོ་རྒྱན་ལས། བསམ་གཏན་གྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་འགོད། །ཅེས་དང་། ཤེར་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་ཏིང་ངེ་འཛིན་གསུམ་ལ་གནས་ཤིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ཞེས་གསུང་། གཞན་ཡང་དཀོན་བརྩེགས་ལས། སྔོན་གྱི་སངས་རྒྱས་འཇིག་རྟེན་མགོན། །གང་དུ་མྱ་ངན་འདས་གྱུར་པ། །ཀུན་གྱི་དགོན་པ་རབ་དགོན་དུ། །བླ་མེད་བྱང་ཆུབ་བརྙེས་པར་གྱུར། །མྱུར་དུ་དགོན་པར་གནས་བྱེད་ན། །འདོད་པའི་སྲེད་པསྤོང་འགྱུར་ཞིང་། །ཉེས་པ་ཇི་བཞིན་རྣམ་རིག་ནས། །དེ་དག་ལས་ནི་སེམས་རྟོག་འགྱུར། །ཁྱིམ་ནི་མྱུར་དུ་སྤངས་ནས་སུ། །དགོན་པ་ལ་ནི་གནས་འགྱུར་བ། །མཁས་པ་ཡང་དག་མཐོང་བ་རྣམས། །སངས་རྒྱས་རྣམས་ཀྱི་རྗེས་སུ་སློབ། །གང་དག་བྱང་ཆུབ་ཕྱིར་བརྩོན་པ། །དེ་དག་དབེན་པ་བརྟེན་བྱེད་ཅིང་། །དེ་དག་དགོན་པར་དགའ་འགྱུར་གྱི། །དེ་དག་ཁྱིམ་ལ་དགའ་མི་འགྱུར། །དེ་དག་སངས་རྒྱས་རྣམ་དག་གི། །སྤྱོད་ཡུལ་རྣམས་དང་སྤྱོད་པ་སྟེ། །གང་ཞིག་མལ་འདི་འཇུག་འབྱུང་བ། །དེ་དག་བྱང་ཆུབ་རྙེད་དཀའ་མིན། །ཞེས་དང་། ཟླ་བ་སྒྲོན་མའི་མདོ་ལས། འདོད་{པ་ཞུ་མཆན།} དག་ནི་རབ་ཏུ་བརྟེན་བྱེད་ཅིང་། །བུ་དང་ཆུང་མ་དག་ལ་སྲེད་བསྐྱེད་ཅིང་། །སྨད་པར་བྱ་བའི་ཁྱིམ་ལ་བརྟེན་པ་སྟེ། །བླ་མེད་བྱང་ཆུབ་དམ་པ་གཞར་མི་འཐོབ། །གང་དག་འདོད་པ་ལྕི་སྐམ་མེ་བཞིན་སྤོངས། །བུ་དང་ཆུང་མ་དག་ལ་སྲེད་སྤངས་ནས། །ཁྱིམ་གྱིས་སྐྲག་ནས་ཁྱིམ་ནས་མངོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །གང་དག་ཁྱིམ་ན་གནས་པའི་བྱེད་བཞིན་དུ། །བྱང་ཆུབ་དམ་པ་མཆོག་འདི་ཐོབ་པ་ཡི། །སངས་རྒྱས་གང་ཡང་སྔོན་ཆད་མ་བྱུང་སྟེ། །མ་འོངས་པར་ཡང་མི་འབྱུང་གནས་པ་མེད། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས། །དབེན་པར་འདོད་དེ་དགོན་པར་གནས་བྱེད་པ། །ཉོན་མོངས་སྤངས་ཏེ་བདུད་ཀྱི་དཔུང་བཅོམ་ནས། །བྱང་ཆུབ་རྡུལ་མེད་འདུས་མ་བྱས་འཚང་རྒྱས། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང་། །འདུས་བྱས་ངན་པས་ཡིད་ཕྱུང་སེམས་ཅན་གྱིས། །མངོན་པར་ཕྱོགས་ཏེ་དགོན་པར་གོམ་བདུན་བོར། །འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །གང་དག་དགའ་དང་མི་དགའ་ཅུང་ཟད་མེད། །དེ་དག་མི་ཡི་འཇིག་རྟེན་རྟག་རབ་བདེ། །གང་དག་གནས་དང་རི་སུལ་དགའ་བ་ནི། །དགེ་སྦྱོང་ཉིད་ཀྱི་རང་བདེ་མྱོང་བར་འགྱུར། །གང་དག་བདག་གིར་བྱེད་པ་ཅི་ཡང་མེད། །གང་དག་ཡོངས་འཛིན་རྣམ་པ་ཀུན་ཏུ་མེད། །བསེ་རུ་ལྟ་བུར་འཇིག་རྟེན་འདིར་གནས་པ། །དེ་དག་ནམ་མཁའ་ལ་ནི་རླུང་ལྟར་འགྲོ། གང་དག་འཇིག་རྟེན་ལ་ནི་ཡིད་མི་ཆགས། །དེ་དག་མི་ཡི་འཇིག་རྟེན་རབ་ཏུ་བདེ། །དགའ་དང་མི་དགའ་ལ་ནི་ཆགས་མེད་པ། །དེ་དག་འདི་ན་རྟག་ཏུ་སེམས་རླུང་འདྲ། །གང་དག་སྡུག་བསྔལ་མཛའ་དང་བྲལ་བ་དང་། །གང་དག་སྡུག་བསྔལ་གནས་པ་མི་དགའ་བ། །མཐའ་དེ་གཉིས་ཀ་རབ་ཏུ་སྤངས་ནས་སུ། །མི་གང་ཆོས་ལ་དགའ་བ་དེ་དག་བདེ། །ཞེས་དང་། ཉེས་པའི་ཚོགས་མང་ཐམས་ཅད་སྤངས་ནས་སུ། །རྣལ་འབྱོར་ཅན་ནི་རྟག་ཏུ་བྱེད་པ་ཉུང་། །རྣལ་འབྱོར་དག་བརྩོན་ནམ་ཡང་རྩོད་པ་མེད། །དགོན་པར་གནས་པ་དེ་ཡི་ཕན་ཡོན་ནི། །དེ་ནི་རྟག་ཏུ་འདུས་བྱས་ཡིད་འབྱུང་འགྱུར། །དེ་ནི་འཇིག་རྟེན་ཅི་ལའང་འདོད་པ་མེད། །ཟག་པ་དག་ནི་རྣམ་པར་འཕེལ་མི་འགྱུར། །ནགས་ན་གནས་པ་དེ་ཡི་ཕན་ཡོན་ནི། །དེ་ནི་ནམ་ཡང་རྩོད་པར་མི་འགྱུར་ཏེ། །རྟག་ཏུ་ཞི་ཞིང་དགའ་ལ་དབེན་པར་འགྱུར། །ལུས་དང་ངག་དང་ཡིད་ནི་རབ་བསྡམས་པ། །དགོན་པར་གནས་པ་འདི་ལ་ཡོན་ཏན་མང་། །དེ་ནི་ཐར་པའི་རྗེས་སུ་མཐུན་པ་ཡིན། །དེ་ནི་རྣམ་གྲོལ་ཞི་བ་མྱུར་རྟོགས་བྱེད། །ནགས་ན་གནས་ཤིང་རྣམ་གྲོལ་རྟེན་བྱེད་ན། །དགོན་གནས་དེ་ལ་ཡོན་ཏན་འདིཀུན་འབྱུང་། །ཞེས་དང་། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤངས་ལ། །རྟག་ཏུ་དབེན་ཞིང་ནགས་ཁྲོད་བརྟེན་པར་གྱིས། །བསེ་རུ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །ཅེས་དང་། འཇམ་དཔལ་གྱི་ཞིང་བཀོད་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་ཁྱིམ་པས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ལ། དེ་སྙེད་ཀྱི་བསྐལ་པར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱས་པ་བས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་ནས་སམ། བྱུང་བར་འདོད་པར་དགོན་པར་ཕྱོགས་ཏེ་གོམ་པ་བདུན་བོར་བ་བསོད་ནམས་ཆེ་བར་གསུངས་པས་མཚོན་ཞིབ་པར་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་དང་། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་དང་། འཕགས་པ་དཀོན་མཆོག་སྤྲིན་དང་། རིན་ཆེན་ཕུང་པོའི་མདོ་སོགས་ནས་དབེན་པའི་ཡོན་ཏན་དང་ཇི་ལྟར་བསྟེན་པའི་ཚུལ་རྒྱ་ཆེར་འབྱུང་བ་དང་། རྣམ་པར་མི་རྟོག་པ་བསྒོམ་པའི་ནང་དུ་འདུས་བྱས་ཀྱི་དགེ་བ་དང་། འདུས་མ་བྱས་ཀྱི་ཆོས་ཀུན་འདུ་བའི་ཚུལ་མདོ་སྡེ་རིན་ཆེན་རྣམས་ནས་རྒྱ་ཆེར་གསུངས་པའི་དོན་སློབ་དཔོན་མཁས་པ་ཆེན་པོ་བི་མ་ལ་མི་ཏྲས་མཛད་པའི་སྒོམ་རིམ་སོགས་ལས་ཤེས་པར་བྱའོ། །དེར་མ་ཟད་ཏིང་ངེ་འཛིན་སྒོམ་མི་ནུས་པ་དག་གིས་ཀྱང་གཞན་སྒོམ་པ་སོགས་ལ་རྗེས་སུ་ཡི་རང་བར་བྱས་ནའང་ཕན་ཡོན་ཚད་མེད་པར་འབྱུང་སྟེ། སྐལ་བཟང་ལས། སྔོན་བྱུང་བ་འདས་པའི་དུས། དེ་བཞིན་གཤེགས་པ་བརྩོན་འགྲུས་མཐའ་ཡས་ཞེས་བྱ་བ་འཁོར་ཐེར་འབུམ་སྙེད་དང་བཅས་པ་ཞིག་བྱུང་བར་གྱུར་ཏེ། ཏིང་ངེ་འཛིན་འདི་སྟོན་ཏོ། །དེ་ཏིང་ངེ་འཛིན་དེ་སྟོན་པ་ན། དེ་ཚེ་རྒྱལ་པོ་བསོད་ནམས་མེ་ཏོག་ཅེས་བྱ་བ་ཞིག་བྱུང་བས་ཐོས་ནས། དེས་བཙུན་མོ་སྟོང་དང་སྲས་སྟོང་ལ་སྨྲས་པ། ཏིང་ངེ་འཛིན་ཟད་པར་སྣང་བ་འདིའི་དོན་མི་ཤེས་སོ། །མ་ཤེས་པས་རྟོགས་པར་བྱར་ཡང་མི་ནུས་སོ། །དེ་ལྟ་ཡིན་ཀྱང་དེ་བཞིན་གཤེགས་པས་ལེགས་པར་གསུངས་པ་ལ་བདག་ཅག་གིས་རྗེས་སུ་ཡི་རང་བར་ནི་བྱའོ། །བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་ཤིང་བཤད་པའི་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་བ་བྱས་པས། དེ་དག་རྗེས་སུ་ཡི་རང་བའི་མོད་ལ་བསྐལ་བ་བརྒྱད་ཁྲིར་འཁོར་བ་ཕྱིར་བསྙིལ་ནས་དེ་ལས་ཁ་ཕྱིིར་ཕྱོགས་པར་གྱུར་ཏོ། །ཁྱིམ་ཅན་ཞེས་བྱ་བའི་གཟུངས་ཐོབ་པར་གྱུར་ཏོ། །དགེ་བའི་རྩ་བ་དེས་ནི་སངས་རྒྱས་སུམ་འབུམ་དག་མཉེས་པར་གྱུར་ཏོ། །ཐམས་ཅད་དུ་ཡང་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་ཏོ། །ལོག་པར་ལྟུང་བ་དང་། མི་ཁོམ་པ་དག་ཏུ་ནམ་ཡང་ལྟུང་བར་མ་གྱུར་ཏོ། །རྒྱུ་དེ་ཁོ་ནས་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །ཞེས་གསུངས། མདོར་ན་དོན་དམ་རིག་པ་ལས། གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུང་སེལ་བསིལ་ལྡན་ངོམས་པར་མི་འཐུང་བར། །དེ་ནི་བསྟན་བཅོས་དོན་མང་མྱ་ངན་གྱི། །ཐང་ལ་སྐོམ་པས་གདུང་སྟེ་ཤི་བར་ཟད། །ཅེས་དང་། དཔལ་ལྡན་ཨ་ཏི་ཤས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པར། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་དུ་བླང་བར་བྱ། །འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམ་ཡང་སྙིང་པོ་མི་གདའ་བས། །རང་གི་སེམས་ལ་བལྟ་བར་གོམས་པར་གྱིས། །ཞེས་ཐུགས་བརྩེ་བས་འདོམས་པར་མཛད་པ་བཞིན་གཙོ་བོར་དབེན་པ་བརྟེན་ཞིང་སྒོམ་སྒྲུབ་ལ་བརྩོན་པ་གལ་ཆེ་བར་མངོན་ནོ། །ཐོས་བསམ་སྒོམ་གསུམ་སྤེལ་མར་བྱས་པའི་ཕན་ཡོན་ཡང་། རྒྱན་ལས། འདི་ན་དང་པོ་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱས་པ་ལས་ཀྱང་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །དེ་ལས་ཆོས་ཐོབ་དེ་ཡང་དེ་ལས་བློ་གྲོས་རབ་ཏུསྐྱེ། །གང་ཚེ་དེ་ནི་སོ་སོ་རང་རིག་མེད་ན་ཇི་ལྟར་ངེས། །ཞེས་དང་། དེ་ལྟས་རྣལ་འབྱོར་ཅན་གྱི་སྒོམ་པ་གང་ཡིན་དེ་ནི་དོན་མེད་མིན། །དེ་ལྟར་བདེ་བར་གཤེགས་ཀྱིས་བསྟན་པ་དེ་ཡང་དོན་མེད་མིན། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་སྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་འགྱུར། །ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །དེ་དང་བསམ་པ་གཉིས་ནི་ཡོད་གྱུར་ན། །དེ་ལས་སྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེས་ནི་དངོས་གྲུབ་བླ་ན་མེད་པ་འབྱུང་། །ཞེས་གསུངས། མདོར་ན་ཐོས་པས་སེམས་ལ་བག་ཆགས་འཇོག་བསམ་པས་དོན་རྟོགས་པར་བྱེད། སྒོམ་པས་ཞི་གནས་ཀྱིས་ཉོན་མོངས་པ་ཞི་བ་དང་། ལྷག་མཐོང་གིས་ཆོས་ཉིད་རབ་ཏུ་རྟོགས་པར་བྱེད་པའི་སྒོ་ནས་རྣམ་པར་གྲོལ་བར་བྱེད་པ་སྟེ། དེ་དག་གི་གོ་རིམ་ཡང་། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུསྦྱོར། །ཞེས་གསུངས་པའི་ཚུལ་བཞིན་ཤེས་པར་བྱའོ། །ཀ་ཡེ་དོན་མཐུན་དགེ་བའི་གྲོགས་པོ་དག །ཁ་གསག་གཡོ་སྒྱུས་རང་མགོ་མ་བསྐོར་བར། །ག་ནས་བསམས་ཀྱང་ཕུང་ཀྲོལཀུན་གྱི་གཞི། །ང་བདག་གཟུང་འཛིན་མགོ་བོ་ཆོམས་པར་མཛོད། །ཅ་ཅོའི་འཁྲུལ་གཏམ་ཆགས་སྡང་འཕེལ་བའི་རྒྱུ། །ཆ་ལུགས་འཆོལ་སྤྱོད་རང་རྒྱུད་རེངས་པའི་རྐྱེན། །ཇ་སོགས་ནོར་ལ་སྲེད་པ་མ་ཆེ་བར། །ཉ་རྒྱས་ཟླ་ལྟའི་ཚུལ་ཁྲིམས་ཉམས་མེད་སྲུངས། །ཏ་ཐཱ་ག་ཏས་ལེགས་གསུངས་དམ་པའི་ཆོས། །ཐ་དག་ངེས་དོན་ཀློང་དུ་རོ་གཅིག་པས། །ད་ནས་དག་སྣང་མིག་བཟང་བསྐྱེད་རེ་རན། །ན་མར་ཐོས་བསམ་སྒོམ་ལ་བརྩོན་པར་མཛོད། །པ་སངས་ལྟར་དཀར་ལྷག་པའི་བསམ་པ་ཡིས། །ཕ་རོལ་ཕྱིིན་ལམ་སྤྱོད་པ་རྒྱ་མཚོར་གཞོལ། བ་ལང་ལྟ་བུར་རྨོངས་པའི་འགྲོ་བ་རྣམས། །མ་ལུས་སྒྲོལ་བའི་དམ་བཅའི་གོ་བགོས་ཤིག །ཙཱ་གངས་ལ་སོགས་དབེན་པའི་ནགས་ཁྲོད་དུ། །ཚ་གྲང་དཀའ་སྤྱད་བཟོད་པའི་ཁུར་ཁྱེར་ནས། །ཛ་ལང་གདུག་པའི་རང་རྒྱུད་འདུལ་སླད་དུ། །ཝ་ཆུའི་རྒྱུན་བཞིན་དྲན་དང་ཤེས་བཞིན་བརྟེན། །ཞྭ་ལྟར་བླ་མ་སྤྱིི་བོའི་གཙུག་ཁུར་ཞིང་། །ཟ་གོས་གནས་མལ་གང་བྱུང་དེས་ཆོག་དང་། །འ་འུར་ཆོས་བརྒྱད་འཆིང་བའི་རྒྱ་ཁྲོལ་ལ། །ཡ་མཚན་དོན་བརྒྱུད་རྒྱལ་ས་ཟིན་པར་མཛོད། །ར་བ་བརྒལ་དཀའ་སྲིད་པའི་གྲོང་ཁྱེར་འདི། །ལ་ལ་ཙམ་མིན་སྡུག་བསྔལ་གསུམ་གྱི་སྣོད། །ཤ་བཙོན་དོང་ནས་ཐར་འདྲའི་ངེས་འབྱུང་བློས། །ས་ར་ཧ་པའི་རྣམ་ཐར་སྐྱོངས་བར་མཛོད། །ཧ་ཅང་བྱ་བྱེད་མང་ན་འཆལ་བའི་རྒྱུ། །ཨ་ཏི་ཁྲེགས་ཆོད་དགོངས་པའི་གསང་མཛོད་ཆེ། །བྱར་མེད་ལྷུན་རྫོགས་ཀུན་བཟང་དགོངས་ཀློང་དུ། །གདོད་མའི་ས་ལ་བཙན་ས་ཟིན་པར་མཛོད། །


previousགཉིས་པ་གསུང་རབ་དམ་པའི་ཆོས་ལ་བཀུར་སྟི་སོགས་བགྱིས་པའི་ཕན་ཡོན་བྱེ་བྲགཏུ་བཤད་པ། next