Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་གསུམ་པ།


   
   
   
  collapse section
  collapse section
  expand section
  collapse section
  collapse section
བསྟན་རྩ་སོ་ཐར་གྱི་སྡོམ་རྒྱུན་སོགས་ཐུབ་བསྟན་རིན་པོ་ཆེ་ཐོག་མར་ཇི་ལྟར་བྱུང་ཚུལ་མདོར་བསྟན་པ།
  expand section
   
  expand section
   


 
previousབསྟན་རྩ་སོ་ཐར་གྱི་སྡོམ་རྒྱུན་སོགས་ཐུབ་བསྟན་རིན་པོ་ཆེ་ཐོག་མར་ཇི་ལྟར་བྱུང་ཚུལ་མདོར་བསྟན་པ།next

བསྟན་རྩ་སོ་ཐར་གྱི་སྡོམ་རྒྱུན་སོགས་ཐུབ་བསྟན་རིན་པོ་ཆེ་ཐོག་མར་ཇི་ལྟར་བྱུང་ཚུལ་མདོར་བསྟན་པ།

དང་པོ་ནི། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་བསྟན་པ་དར་བར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར། ཤཱཀྱ་ལིཙྪ་བཱིའི་རིགས་ལས་བྱུང་བའི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་ཉེར་བདུན་པ་བྱང་སེམས་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་སྐུ་རིང་ལ་ཕོ་བྲང་ཡུམ་བུ་བླ་སྒང་གི་རྩེར་ཟ་མ་ཏོག་གཅིག་བབ་པ་ཁ་ཕྱེས་པས་སྤང་སྐོང་ཕྱག་བརྒྱ་བ། ཙིནྟ་མ་ཎིའི་གཟུངས་ཀྱི་བརྐོས་ཕོར། མདོ་སྡེ་ཟ་མ་ཏོག་ཡི་གེ་དྲུག་པ། གསེར་གྱི་མཆོད་རྟེན་རྣམས་བྱུང་། གང་ཡིན་བརྡ་མ་ཁྲོལ་ཡང་བཟང་པོ་གོ་ནས་མིང་གཉན་{གཉེན}པོ་གསང་བར་བཏགས་ཏེ་མཆོད་ཅིང་བཀུར་བའི་བྱིན་རླབས་ཀྱིས་རྒྱལ་པོ་ལོ་རེ་གཅིག་ལོན་པ་བཅུ་དྲུག་ལོན་པའི་ན་ཚོད་ཙམ་དུ་གྱུར་ཏེ་ལོ་བརྒྱ་དང་ཉི་ཤུ་ཐུབ། གདུང་རབས་ལྔ་ནས་འདིའི་དོན་ཤེས་པར་འགྱུར་ཞེས་ལུང་བསྟན་ཐོབ་སྟེ་དམ་པ་ཆོས་ཀྱི་དབུ་བརྙེས་སོ། །ལོ་རྒྱུས་ཁ་ཅིག་པཎྜི་ཏ་བློ་སེམས་འཚོ་དང་ལོ་ཙཱ་བ་ལི་ཐི་སེས་ཆོས་དེ་གཉིས་ཁྱེར་ནས་འོངས་པ་ལ་རྒྱལ་པོས་ཡི་གེ་ཡང་མི་ཤེས་དོན་ཡང་མི་གོ་བས་པཎྜི་ཏ་དང་ལོ་ཙཱ་གཉིས་ཕྱིར་ལོག་ཅེས་བཤད་དོ། །དེ་ནས་གདུང་རབས་ལྔ་པ། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས། ཕྱག་རྡོར་སྤྲུལ་པ་ཆོས་བློན་མགར་ལ་བཀའ་བསྒོས་ཏེ། འོ་སྐོལ་གྱི་སྟོན་པ་དགུང་ལོ་བརྒྱད་པ་དང་བཅུ་གཉིས་པའི་སྐུ་ཚད་སངས་རྒྱས་དངོས་ཀྱི་ཞལ་སྐྱིན་གདན་འདྲེན་པའི་ཆེད་དུ་ཁྲོ་གཉེར་ཅན་དང་སྒྲོལ་མའི་སྤྲུལ་པ་བལ་མོ་བཟའ་དང་རྒྱ་བཟའ་ཀོང་ཇོ་གཉིས་ཁབ་ཏུ་བཞེས། སྤྲུལ་པའི་དགེ་སློང་ཨཱ་ཀར་མ་ཏིས་རང་བྱུང་འཕགས་པ་སྤྱན་དྲངས། ར་ས་འཕྲུལ་སྣང་དང་གཡོ་རུ་ཁྲ་འབྲུག་སོགས་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། འཇམ་དབྱངས་སྤྲུལ་པ་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་མངགས་ནས་སྒྲ་དང་ཡི་གེ་བསླབས། རྒྱ་ཡིག་ལ་དཔེར་བྱས་ནས་བོད་ཀྱི་ཡི་གེའི་གཟུགས་དང་བརྡ་སྤྲོད་ཀྱི་བསྟན་བཅོས་ཆེན་པོ་བརྒྱད་བརྩམས། རྒྱ་གར་གྱི་པཎྜི་ཏ་ཀུ་ས་ར་དང་བྲམ་ཟེ་ཤཾ་ཀ་ར། བལ་པོ་ཤཱི་ལ་མཉྫུ། རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡཱ་ན་ལ་སོགས་སྤྱན་དྲངས། ལོ་ཙཱ་ཐོན་མི་སམ་བྷོ་ཊ། དྷརྨ་ཀོ་ཥ། ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱིས་སྡེ་སྣོད་གསུམ་དང་། རྒྱུད་ཀྱི་ཆ་ལག་མང་དུ་བསྒྱུར་ཞིང་བསྟན་པའི་སྲོལ་བཏོད། སྐྱི་ཤོད་ཉང་བྲན་ཕ་བོང་ཁ་ཕོ་བྲང་མ་རུར་གྲགས་པར་རྒྱལ་པོ་ཡབ་ཡུམ་གསུམ་སྐུ་མཚམས་མཛད་ནས་ཡི་དམ་གྱི་ལྷ་བསྒྲུབས་པས་གྲུབ་པ་ཐོབ་སྟེ་སྐལ་ལྡན་མང་པོ་ལ་ལྐོག་ཆོས་སུ་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་གདམས་པ་བསྩལ་པས་སད་མི་མི་བདུན་རབ་ཏུ་མ་བྱུང་ཕན་གནས་དེར་རྣལ་འབྱོར་སྤྱོད་པ་རལ་པ་ཅན་བརྒྱ་ཕྲག་ཙམ་རྒྱུན་དུ་བྱུང་བར་གྲགས་སོ། །དུས་དེར་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པ་རྒྱལ་པོ་བཀའ་ཆེམས་ཀྱི་སྐོར་ཏེ་གཏེར་སྟོན་གསུམ་གྱིས་སྤྱན་དྲངས་པ་ད་ལྟ་མ་ཎི་བཀའ་འབུམ་དུ་གྲགས་པ་འདིའོ། །དེ་ནས་རྒྱལ་རབས་ལྔ་འདས་པ་ན་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཆོས་བློན་འགོས་པདྨ་གུང་བཙན་དང་གྲོས་བྱས་ཏེ། མ་ཞོང་གྲམ་པ་རྒྱན་སོགས་བདུད་བློན་རྣམས་ཀྱིས་འདུན་གྲོས་རྣམ་དཔྱོད་ཀྱིས་ཚར་བཅད། ཟ་ཧོར་གྱི་མཁན་པོ་ཤཱནྟ་རཀྵི་ཏ་སྤྱན་དྲངས། འགའ་ཞིག་ལ་ཡན་ལག་བརྒྱད་པའི་ཁྲིམས་ཕབ། དགེ་བ་བཅུ་དང་། ཁམས་བཅོ་བརྒྱད་དང་མཐུན་པའི་ཆོས་གསུངས་པས་བོད་ཀྱི་ལྷ་སྲིན་རྣམས་ཁྲོས་ཏེ་བར་ཆད་སྣ་ཚོགས་ཀྱིས་ཐོ་འཚམ་པ་ལ་བརྟེན་ནས་སྔོན་གྱི་སྨོན་ལམ་དུས་སུ་སྨིན་པས། མཁན་པོས་ལུང་བསྟན་པ་ལྟར། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་སྤྱན་དྲངས། བོད་ཀྱི་ལྷ་འདྲེ་ནག་ཕྱོགས་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། དཀར་ཕྱོགས་ཀྱི་ལྷ་སྲིན་རྣམས་བྲན་དུ་བཀོལ་ནས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། ངོ་མཚར་བའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་རབ་གནས་མངའ་གསོལ་དང་བཅས་པ་གེགས་མེད་དུ་གྲུབ། མཁན་སློབ་དེ་དག་དང་སློབ་དཔོན་བི་མ་མི་ཏྲ། ཤཱིནྟིཾ་གརྦྷ། དྷརྨ་ཀཱིརྟི་སོགས་པཎ་ཆེན་བརྒྱ་རྩ་བརྒྱད་སྤྱན་དྲངས་ནས། བོད་ཀྱི་ལོ་ཙཱ་བ་བཻ་རོ་སྐ་ཅོག་སོགས་ཀྱིས་མདོ་རྒྱུད་བསྟན་བཅོས་མན་ངག་གི་ཚོགས་དཔག་ཏུ་མེད་པ་བསྒྱུར་བཤད་སྒོམ་གསུམ་གྱིས་གཏན་ལ་ཕབ་སྟེ། ཆོས་གྲྭ་ཆེན་པོ་བཅུ་གཉིས་ཡེར་བ་དང་ཆུ་བོ་རི་མཆིམས་ཕུ་སོགས་སུ་སྒོམ་གྲྭ་བཙུགས། ཁྱད་པར་ཨོ་རྒྱན་ཆེན་པོས་ལས་ཅན་རྗེ་འབངས་ཉེར་ལྔ་སོགས་སྐལ་ལྡན་དཔག་ཏུ་མེད་པ་སྔགས་བླ་མེད་ཀྱི་ཐེག་པས་རྗེས་སུ་བཟུང་སྟེ་གྲུབ་པ་ཆེན་པོའི་གོ་འཕང་དུ་གཤེགས་པ་བགྲང་ལས་འདས་པ་བྱུང་། ཆོས་དང་ནོར་གྱི་གཏེར་ཁ་དཔག་ཏུ་མེད་པ་སྦས། ལྷ་སྲིན་གདུག་པ་ཅན་ཐམས་ཅད་བཏུལ། བརྟན་མ་བཅུ་གཉིས་ལ་བཀའ་བསྒོས་ཏེ་མུ་སྟེགས་པ་མི་འབྱུང་བར་མཛད། རི་བྲག་སོགས་ཕལ་ཆེར་སྒྲུབ་གནས་སུ་བྱིན་གྱིས་བརླབས། རྒྱལ་ཚབ་སྐྱེས་བུ་བརྒྱུད་མར་སྤྲུལ་པ་སོགས་སྒོ་དུ་མ་ནས་གངས་ཅན་པ་རྣམས་ལ་རྒྱལ་ལས་ཀྱང་བཀའ་དྲིན་ཆེ། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད་དེ་ལོ་རྒྱུས་ཞིབ་པར་འོག་ཏུ་གསལ། ཆོས་རྒྱལ་ལ་སྲས་གསུམ་བྱུང་བའི་ཆེ་བ་མུ་ནེ་བཙན་པོས་རྒྱལ་སྲིད་མཛད་ཚེ་བསམ་ཡས་སུ་མཆོད་པ་ཆེན་པོ་བཞི་བཙུགས། བོད་འབངས་ལྟོགས་ཕྱུག་ལན་གསུམ་སྙོམས། ཆུང་བ་མུ་ཏིག་བཙད་པོའམ་མཇིང་ཡོན་སད་ན་ལེགས་ཀྱིས་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་བཞེངས། དེའི་སྲས་གསང་བདག་གི་སྤྲུལ་པ་ཁྲི་རལ་པ་ཅན་གྱིས་རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ་བ་དང་། གཙུག་ལག་ཁང་སྟོང་རྩ་བཞེངས་པར་གྲགས། དབུ་སྐྲ་ལ་དར་ཡུགས་གཉིས་བཏགས་པའི་སྣེར་བླ་མཆོད་སྡེ་གཉིས་ཞབས་བཞག་ལ་མཆོད་ཅིང་བཀུར་བ་སོགས་བསྟན་པ་རིན་པོ་ཆེ་བླ་རུ་བཀུར་བའི་མཛད་པ་མཐའ་ཡས་ཤིང་། རྒྱ་གར་གྱི་པཎྜི་ཏ་སུ་རེནྡྲ་བོ་དྷི། ཤཱི་ལེནྡྲ་བོ་དྷི། དཱ་ན་ཤཱི་ལ་སོགས་སྤྱན་དྲངས་ནས། ལོ་ཙཱ་བ་ཛྙཱ་ན་སེ་ན་ལ་སོགས་པས་སྔོན་གྱི་ཡབ་མེས་རྣམས་ཀྱི་དུས་བསྒྱུར་པའི་ཆོས་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། གསང་སྔགས་ནང་གི་རྒྱུད་རྣམས་བཀའ་གཉན་པས་སྣོད་ལྡན་མ་གཏོགས་སྣོད་མིན་དབྱིངས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་འགྱུར་རྙིང་རང་མལ་དུ་འཇོག་པར་མཛད་དོ། །འདི་ཡན་དུ་བསྒྱུར་པ་རྣམས་ལ་སྔ་འགྱུར་ཞེས་གྲགས་ཤིང་། དེ་ཡང་བསྟན་པའི་རྩ་བ་ཆོས་འདུལ་བ་ནི། ཆོས་རྒྱལ་ཁྲི་སྲོང་གིས་འཕགས་ཡུལ་ནས་ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཤིང་། སྡེ་སྣོད་དང་བསྟན་པ་ཐམས་ཅད་ཀྱི་མངའ་བདག་མཁན་ཆེན་བྷོ་དྷི་ས་ཏྭའམ་ཤཱནྟ་རཀྵི་ཏས་མཁན་པོ་དང་། དཱ་ཱན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་ཀྱི་ལས་སློབ་དང་གསང་སྟོན། པཎྜི་ཏ་བཅུ་པོས་ཁ་སྐོང་མཛད་ནས། བོད་ཀྱི་མི་ལ་རབ་བྱུང་བཏུབ་བམ་མི་བཏུབ་སད་པའི་ཕྱིར་རྦ་ཁྲི་གཟིགས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་མཚན་དཔལ་དབྱངས་དང་། བཙན་པོས་བསྔགས་པས་སརྦ་རཏྣར་གྲགས། བསྒོམས་པས་མངོན་ཤེས་ལྔ་དང་ལྡན་པར་གྱུར། དེ་ནས་རིམ་པར་རྦ་གསལ་སྣང་། པ་གོར་བཻ་རོ། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན་མཆོགའཁོན་ཀླུ་དབང་། ལ་གསུམ་རྒྱལ་བ་བྱང་ཆུབ་རྣམས་རབ་ཏུ་བྱུང་ཞིང་མིང་ཡེ་ཤེས་དབང་པོ་སོགས་སུ་སྤོས་ནས་བསྙེན་པར་རྫོགས་པས་སད་མི་མི་བདུན་དུ་གྲགས་ཤིང་བོད་ཀྱི་རབ་བྱུང་ཐོག་མ་ཡིན་ཞིང་བླའི་མཆོད་གནས་སུ་ཕྱུང་ནས་ཆོས་ཀྱི་བཀའ་ཁྲིམས་ཆེན་པོ་བཅས། བཀའ་གཙིགས་ཀྱི་རྡོ་རིང་བཙུགས་སད་མི་མི་བདུན་ལས་བློ་སྦྱངས་པ་སྐ་བ་དཔལ་བརྩེགས་སོགས་ལོ་ཙཱ་བ་བརྒྱ། དེ་དག་ལས་བློ་སྦྱངས་པ་ཅོག་རོ་ཀླུའི་རྒྱལ་མཚན་སོགས་མཆན་བུ་སྟོང་རྩ་སྟེ། སྤྲུལ་པའི་ལོ་ཙཱ་བ་དང་བཙུན་པའི་སྡེ་གྲངས་ལས་འདས་པ་བྱོན། འདུལ་བ་ལུང་སྡེ་བཞི་དགོངས་འགྲེལ་དང་བཅས་པ་སློབ་དཔོན་དཱ་ན་ཤི་ལ་དང་། ཛི་ན་མི་ཏྲ་གཉིས་ལས་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཕྱིས་དར་མས་བསྟན་པ་བསྣུབས་རྗེས་རྦའི་མཁན་བུ་སྨར་གཡོ་གཙང་གསུམ་གྱིས། བསྟན་པའི་ཉི་མ་བླ་ཆེན་བསྙེན་པར་རྫོགས་པ་ལས། དབུས་གཙང་གི་མི་བཅུ་སོགས་ལ་བརྒྱུད་པ་སྨད་འདུལ་དང་། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལ་ནས་པཱ་ལ་རྣམ་གསུམ་སོགས་ལ་བརྒྱུད་པ་སྟོད་འདུལ་བ་དང་། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ནས་བྱང་རྡོར་ས་གསུམ་ལ་བརྒྱུད་པ་ཁ་ཆེའི་ལུགས་དང་གསུམ་བྱུང་བ་ཐམས་ཅད་ཀྱང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་འབའ་ཞིག་ལས། བར་བའི་སྡོམ་རྒྱུན་ཕྱིས་ཆད་ལ། སྔ་ཕྱི་གཉིས་ད་ལྟའི་བར་དུ་ཉམས་མེད་དུ་བཞུགས་པ་ལས། རང་ལུགས་ཁྱད་འཕགས་སྔ་འགྱུར་བའི་སྡོམ་རྒྱུན་སྨད་འདུལ་ལུགས་ཀྱི་བརྒྱུད་པའི་རྣམ་ཐར་མདོ་ཙམ་བརྗོད་ན། སྤྱིར་འོ་སྐོལ་གྱི་སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱི་རྣམ་པ་ཐར་པ་ནི་བསམ་གྱིས་མི་ཁྱབ་སྟེ། ཐེག་པ་ཆེ་ཆུང་དང་དྲང་ངེས་ཀྱི་དབྱེ་བ་དཔག་ཏུ་མེད་མོད་ཀྱི། ཐུན་མོང་བ་ཉན་ཐོས་དག་གི་འདོད་པ་དང་བསྟུན་ན། སྔོན་རྒྱལ་པོ་འོད་ལྡན་དུ་གྱུར་པའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་ཐུགས་བསྐྱེད་ནས། ཚོགས་ལམ་གྱིས་བསྡུས་པའི་ཚོགས་བསྐལ་པ་གྲངས་མེད་གསུམ་དུ་བསགས་པའི་མཐར། བསྐལ་པ་བརྒྱ་ལ་མཚན་བཟང་གི་རྒྱུ་བསྒྲུབས་ནས་དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོར་འཁྲུངས། དེ་ནས་གཟིགས་པ་ལྔ་ལ་བརྟེན་ནས་ཆུ་སྟོད་ཟླ་བའི་ཉ་ལ་གླང་ཆེན་ཐལ་དཀར་གྱི་རྣམ་པས་ཡུམ་གྱི་ལྷུམས་སུ་ཞུགས་ནས། ཟླ་བ་བཅུ་ཕལ་ཆེར་རྫོགས་པ་དཔྱིད་ཟླ་ཐ་ཆུང་གི་ཚེས་བདུན་སྐར་མ་རྒྱལ་ལ་བབ་པ་ན་ལུམྦིའི་ཚལ་དུ་སྐུ་བལྟམས་ནས། རིམ་གྱིས་སྒྱུ་རྩལ་གྱིས་དྲེགས་པ་རྣམས་ཚར་བཅད་ཅིང་བཙུན་མོའི་འཁོར་དང་བཅས་ཏེ་དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་ཁབ་ཏུ་བཞུགས། དེ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་ལོ་དྲུག་ཏུ་དཀའ་བ་སྤྱད་པའི་མཐར་རྡོ་རྗེ་གདན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས། དགུང་ལོ་སོ་ལྔ་ཞེས་པ་ས་ག་ཟླ་བའི་ཉའི་སྲོད་ལ་བདུད་བརྟུལ་ཞིང་སྐྱ་རེངས་འཆར་བར་ཕྱོགས་པ་ན། ཚོགས་ལམ་ཆེན་པོའི་རྟེན་དེ་ཉིད་ལ་སྦྱོར་ལམ་དྲོད་ནས་བཟུང་། ཟད་དང་མི་སྐྱེ་ཤེས་པའི་བྱང་ཆུབ་ཀྱི་བར་ལམ་ལྔ་པོ་སྟན་ཐོག་གཅིག་ལ་རྫོགས་པར་མཛད་ནས་མངོན་པར་སངས་རྒྱས་ཏེ། དེའི་ཚེ་རང་བྱུང་གིས་བསྙེན་པར་རྫོགས་པར་གྱུར་ཏོ། །དེ་ནས་ཞག་ཞེ་དགུ་འདས་པ་ཆུ་སྟོད་ཟླ་བའི་ཚེས་བཞི་ལ། གནས་ཝཱ་རཱ་ཎ་སཱིར། འཁོར་ལྔ་སྡེ་བཟང་པོ་སོགས་ལ། བདེན་བཞིའི་ཆོས་ཀྱི་འཁོར་ལོ་བཟླས་པ་རྣམ་པ་བཅུ་གཉིས་སུ་བསྐོར་བས་ལྔ་སྡེས་དགྲ་བཅོམ་ཐོབ། ལྷ་བརྒྱད་ཁྲིས་བདེན་པ་མཐོང་། དེ་ནས་ཉེ་བའི་ལྔ་སྡེ་ལ་སོགས་པ་ནས། མཐར་ཀུན་ཏུ་རྒྱུ་རབ་བཟང་གི་བར་བཏུལ་ཏེ། དགུང་ལོ་བརྒྱད་ཅུ་པ་ས་གའི་ཉ་ལ་གྱད་ཡུལ་རྩྭ་ཅན་དུ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་ནས་སྐུ་གདུང་ཀྱང་རྒྱས་པར་མཛད་དོ། །དེ་ལས་ཤེས་རབ་ཅན་གྱི་མཆོག་འཕགས་པ་ཤཱ་རིའི་བུ་ཚུར་ཤོག་གིས་བསྙེན་པར་རྫོགས་པར་མཛད་པ་ཡིན་ཏེ། འདིའི་ཡབ་ནི་བྲམ་ཟེ་སྐར་རྒྱལ་དང་། ཡུམ་བྲམ་ཟེ་མོ་ཤཱ་རི་ཀའི་སྲས་སུ་འཁྲུངས། མཚན་ཀུན་ཏུ་རྒྱུ་ཉེ་རྒྱལ་དུ་གསོལ། ཆུང་ངུ་ནས་རིགས་བྱེད་མཐའ་དག་ལ་མཁས་ཤིང་། མཁན་པོ་ཡང་དག་རྒྱལ་བའི་ཐད་དུ་ཚངས་པར་སྤྱོད་དེ་སློབ་མ་རྣམས་སྐྱོང་བའི་ཚེ། མཁན་པོ་འདའ་ཁར་ཕྱིས་སངས་རྒྱས་ལས་རབ་ཏུ་བྱུང་ཞིག་ཅེས་བསྐུལ་བ་དང་། རྒྱལ་པོའི་ཁབ་ཏུ་འཕགས་པ་རྟ་ཐུལ་མཇལ་ཞིང་དྲི་ལན་མཛད་པས་དད་ནས་ཆོས་སྟོན་པར་བསྐུལ་བས། དེ་ཉིད་ཀྱིས། ཆོས་རྣམས་མ་ལུས་རྒྱུ་ལས་བྱུང་བ་དང་། །སོགས་ཚིགས་བཅད་གསུངས་པས་རྒྱུན་ཞུགས་ཐོབ། སླར་འོད་མའི་ཚལ་དུ་བཅོམ་ལྡན་འདས་དང་མཇལ་བས། སྟོན་པས། དགེ་སློང་དག་ཚུར་ཤོག་ལ་ཚངས་པར་སྤྱོད་པ་སྤྱོད་ཅིགཅེས་བཀའ་སྩལ་པའི་མོད་ལས་སྐྲ་དང་ཁ་སྤུ་རང་བྱི། ཆོས་གོས་གསུམ་གྱོན་ཅིང་ལག་ན་ལྷུང་བཟེད་དང་ཆུ་སྣོད་ཐོགས་པ། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུའི་སྤྱོད་ལམ་ཤིན་ཏུ་དུལ་བར་གྱུར་ཏེ་ལྷ་རྣམས་ཀྱིས་ཀྱང་ཆེད་དུ་བརྗོད་དོ། །དེ་ནས་ཟླ་བ་ཕྱེད་འདས་པ་ན། བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་སེན་རིངས་ལ་ཆོས་བསྟན་པས། དེས་ཆོས་མིག་ཐོབ་ཅིང་ཚུར་ཤོག་ཅིག་དགེ་སློང་དུ་གྱུར་པའི་ཚེ། ཆོས་དེ་ཐོས་པའི་རྐྱེན་གྱིས་ཤཱ་རིའི་བུས་ཀྱང་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བརྙེས་ཏེ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བར་གྱུར་ཏོ། །དེའི་མཁན་བུ་ནི་སྟོན་པའི་སྲས་འཕགས་པ་སྒྲ་གཅན་འཛིན་བཟང་པོ་སྟེ། ཡབ་རྒྱལ་བུ་དོན་གྲུབ་ཉིད་རབ་ཏུ་འབྱུང་ཁར་གྲགས་འཛིན་མའི་མངལ་དུ་བཞག་གནས། ཕྱིས་བཅོམ་ལྡན་འདས་སངས་རྒྱས་པའི་ཚེ་སྐུ་བལྟམས་ཤིང་། དེའི་ཚེ་ཟླ་བ་སྒྲ་གཅན་གྱིས་ཟིན་པས་མཚན་ཡང་སྒྲ་གཅན་འཛིན་དུ་བཏགས། ལོ་དྲུག་པ་ལ་བཅོམ་ལྡན་འདས་བཙུན་མོའི་ཁྱིམ་དུ་གདུགས་ཚོད་ལ་བྱོན་པའི་ཚེེ་ཞབས་ཕྱིར་འབྲང་བ། འཕགས་པ་ཤཱ་རིའི་བུ་ཆེན་པོ་ལ་གཏད་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྟོན་པ་ལས་ཆོས་མང་དུ་གསན་ཅིིང་སྒྲུབ་པས་གཉིས་ཀའི་ཆ་ལས་གྲོལ་བའི་དགྲ་བཅོམ་པར་གྱུར་ཏེ། ཐུབ་པ་ཆེན་པོས་བཀའ་བསྒོས་པ་བཞིན་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱ་དང་བཅས་ཏེ་པྲི་ཡང་ཀུ་ཡི་གླིང་ན་ད་ལྟའང་བཞུགས་སོ། །དེའི་མཁན་བུ་བྲམ་ཟེའི་བཙུན་པ་སྒྲ་གཅན་འཛིན་བཟང་པོ་ནི། ཡུལ་ཨ་ཌི་བི་ཤར་བྲམ་ཟེའི་རིགས་སུ་འཁྲུངས། གཞོན་ནུ་ནས་རིག་བྱེད་ཡན་ལག་དང་བཅས་པ་རིགས་པའི་གནས་བཅོ་བརྒྱད་ལ་མཁས། རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་པས་ནུས་པ་རྙེད་ནས་མ་དད་པ་དག་ཚར་བཅད། ཡུལ་དབུས་སུ་བྱོན་ཏེ་འཕགས་པ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། རིང་པོར་མ་ཐོགས་པར་དགེ་སློང་སྡེ་སྣོད་འཛིན་པའི་མཆོག་ཏུ་གྱུར་ཏེ་ཤྲཱི་ནཱ་ལེནྡྲའི་མཁན་པོ་མཛད་དེ་བསྟན་པ་རྒྱ་ཆེར་སྤེལ། ཕྱིས་གསང་སྔགས་ཀྱི་སྤྱོད་པ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཏེ་གྲུབ་པ་ཡོངས་ཀྱི་སྤྱི་མེས་དཔལ་ས་ར་ཧ་ཞེས་ཡོངས་ལ་གྲགས་པ་དེའོ། །དེའི་མཁན་བུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། སངས་རྒྱས་ཀྱིས་ལུང་བསྟན་པ་བཞིན། སྟོན་པ་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ལྷོ་ཕྱོགས་བཻ་དརྦྷར་བྲམ་ཟེའི་རིགས་སུ་འཁྲུངས། ལོ་བདུན་ལོན་པ་ན་ནཱ་ལེནྡྲ་མཁན་པོ་སྒྲ་གཅན་འཛིན་ལས་རབ་ཏུ་བྱུང་། ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་ཁོང་དུ་ཆུབ། ཕྱིས་བསྙེན་པར་རྫོགས་ནས་བསྟན་པ་བསྐྱངས། ཐེག་པ་ཆེན་པོ་དབུ་མའི་ཚུལ་ལུགས་དར་བར་མཛད་ཅིང་ཉན་ཐོས་རྣམས་ལའང་ཕན་ཆེར་བཏགས། ཁྱད་པར་དུ་བསླབ་པ་འཆལ་བ་སྟོང་ཕྲག་བརྒྱད་ཙམ་དགེ་འདུན་གྱི་གནས་ནས་བསྐྲད། སྡེ་པ་ཀུན་གྱི་བདག་པོ་མཛད། བཅུད་ལེན་སོགས་ཐུན་མོང་གི་དངོས་གྲུབ་མང་པོ་དང་། བསད་གསོ་སོགས་ཀྱི་ནུས་པ་ཐམས་ཅད་གྲུབ། ནཱ་ལེནྡྲར་ཐེག་ཆེན་གྱི་ཆོས་སྨྲ་བ་ལྔ་བརྒྱ་ལ་ལོ་མང་པོར་གསེར་འགྱུར་གྱི་རྩི་ཡི་སྦྱོར་བ་ལ་བརྟེན་ཏེ་འཚོ་བ་སྦྱར། རྨ་བྱ་ཆེན་མོའི་རིགས་སྔགས་གྲུབ་པས་ཀླུ་ཡུལ་དུ་བྱོན་ནས་ཡུན་རིང་པོར་བཞུགས་ཤིང་ཆོས་གསུངས་ནས་ཤེར་ཕྱིན་རྒྱས་པ་སོགས་མི་ཡུལ་དུ་སྤྱན་དྲངས། སྔར་མཚན་དགེ་སློང་དཔལ་ལྡན་ཡིན་པ་ལ་དེ་ཕྱིན་ཀླུ་སྒྲུབ་ཅེས་གྲགས། རིགས་ཚོགས་སོགས་བསྟན་བཅོས་མང་དུ་མཛད་ཅིང་མུ་སྟེགས་ཀྱི་རྒོལ་བ་དང་། ཐེག་ཆེན་ལ་སྡང་བ་དགེ་སློང་བདེ་བྱེད་སོགས་རྩོད་པས་ཚར་བཅད། ལྷ་ཁང་མཆོད་རྟེན་གྱིས་ཀྱང་ས་ཕྱོགས་ཐམས་ཅད་ཁྱབ་པར་མཛད། ཕྱིས་དཔལ་གྱི་རིར་གཤེགས་ནས་གསང་སྔགས་ཀྱི་སྤྱོད་པས་མཆོག་གི་དངོས་གྲུབ་བརྙེས་ཏེ་སྐུ་ལ་མཚན་བཟང་སོ་གཉིས་ཀྱང་བྱུང་། མཐར་རྒྱལ་པོ་བདེ་སྤྱོད་ཀྱི་བུ་ཆུང་བ་སུ་ཤཀྟིའི་དོན་དུ་དབུ་སྦྱིན་པ་བཏང་ནས་བདེ་བ་ཅན་དུ་གཤེགས་སོ། །དེའི་མཁན་བུ་སློབ་དཔོན་ལེགས་ལྡན་འབྱེད་ནི། ཡུལ་ལྷོ་ཕྱོགས་མ་ལ་ཡར་འཁྲུངས། ཀླུ་སྒྲུབ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་ལ་མཁས་པར་གྱུར། ཏིང་ངེ་འཛིན་ཁྱད་པར་ཅན་ཡང་འགྲུབ། ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་ལྔ་བཅུ་ཙམ་གྱི་བདག་པོ་མཛད་དེ་བསྟན་པ་བསྐྱངས། དབུ་མ་རྩ་བ་ཤེས་རབ་ལ་སངས་རྒྱས་བསྐྱངས་ཀྱི་བཞེད་པ་སུན་ཕྱུང་སྟེ་རང་རྒྱུད་པའི་གཞུང་བཙུགས་ཏེ་འགྲེལ་པར་མཛད། དགེ་སློང་སྟོང་ཕྲག་དུ་མ་རྗེས་སུ་འབྲངས་པས་ལུགས་དེ་ཤིན་ཏུ་དར་བར་གྱུར། རིལ་བུའི་དངོས་གྲུབ་བསྒྲུབས་པས་གྲུབ་ཅིང་། མཐར་རྣམ་སྨིན་གྱི་ལུས་བོར་ནས་རིགས་སྔགས་འཆང་གི་གནས་སུ་གཤེགས་སོ། །དེའི་མཁན་བུ་སློབ་དཔོན་དཔལ་སྦས་ནི། ཡུལ་ཤར་ཕྱོགས་པ་སློབ་དཔོན་ལེགས་ལྡན་འབྱེད་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། གསུང་རབ་ཐམས་ཅད་ལ་སྦྱངས་པས་ཤིན་ཏུ་མཁས། རང་རྒྱུད་གོང་མའི་གྲུབ་མཐའ་འཛིན་པའི་དབུ་མ་པ་ཆེན་པོར་གྱུར། ཉན་ཐོས་དང་ཕྱི་རོལ་པའི་རྒོལ་བ་ཐམས་ཅད་སྨྲ་བས་ཟིལ་གྱིས་མནན། ཐེག་པ་ཆེན་པོའི་ལུང་རྟོགས་ཀྱི་བསྟན་པ་རྒྱས་པར་མཛད་དོ། །དེའི་མཁན་བུ་ཡེ་ཤེས་སྙིང་པོ་ནི། ཨ་ཌི་བི་ཤའི་ཡུལ་དུ་འཁྲུངས་ཤིང་ཆུང་ངུ་ནས་རིག་པའི་གནས་མཐའ་དག་ལ་མཁས་པར་གྱུར་པ་ཞིག་བྷངྒ་ལར་དཔལ་སྦས་ཀྱི་དྲུང་དུ་བྱོན་ཏེ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པས། ལེགས་ལྡན་གྱི་སྲོལ་འཛིན་དབུ་མ་པ་ཆེན་པོར་གྱུར། དབུ་མ་བདེན་གཉིས་སོགས་བསྟན་བཅོས་ཀྱང་མང་དུ་མཛད། འཕགས་པ་སྤྱན་རས་གཟིགས་ཡུན་རིང་བསྒྲུབས་པའི་མཐར་ཡིད་བཞིན་ནོར་བུའི་འཁོར་ལོ་བསྒྱུར་བས་ཞལ་གཟིགས་ཏེ་མངོན་ཤེས་ཀྱང་གྲུབ། མདོ་སྡེ་དུ་མ་ཐུགས་ནས་འདོན་ཞིང་མུ་སྟེགས་ཀྱི་རྒོལ་བ་རྣམས་ཀྱང་རྩོད་པས་ཕམ་པར་མཛད་པ་ཡིན་ནོ། །དེའི་མཁན་བུ་གངས་ཅན་བསྟན་པའི་ཉི་མ་ཨཱ་ཙརྱ་བོ་དྷི་ས་ཏྭ་ནི། ཤར་ཕྱོགས་བྷངྒ་ལའི་ཡུལ་དུ་ཟ་ཧོ་རའི་རྒྱལ་པོའི་རིགས་སུ་འཁྲུངས། སློབ་དཔོན་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ཡོངས་གྲགས་ཤཱནྟ་རཀྵི་ཏ་སྟེ་ཞི་བ་འཚོའམ་དྷརྨ་ཤཱནྟི་གྷོ་ཥ་སྟེ་ཆོས་ཀྱི་ཞི་བའི་དབྱངས་ཞེས་ཀྱང་བྱ། ཐུན་མོང་གི་སྡེ་སྣོད་གསུམ་དང་ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཐུགས་སུ་ཆུད། རིག་པའི་གནས་སུ་གྱུར་པ་མཐའ་དག་ཀྱང་མཁྱེན་པར་མཛད། ལྷག་པར་རང་རྒྱུད་གོང་མའི་རང་ལུགས་འཛིན་པའི་དབུ་མ་པ་ཆེན་པོར་གྱུར། དབུ་མ་རྒྱན་ལ་སོགས་པའི་བསྟན་བཅོས་ཀྱང་མཛད་དེ་འཕགས་ཡུལ་དུ་བསྟན་པ་ཡུན་རིང་བསྐྱངས། དེའི་ཚེ་ཆོས་རྒྱལ་ཁྲི་སྲོང་གིས་བོད་དུ་སངས་རྒྱས་ཀྱི་བསྟན་པ་འཛུགས་པར་བཞེད་པ་ན། སང་ཤི་དང་གསལ་སྣང་གིས་རྒྱ་ནག་ཏུ་ཕྱིན་ཏེ་ཆོས་བམ་པོ་སྟོང་ཙམ་བླངས་ཀྱང་མ་ཞང་གི་ཆད་པས་འཇིགས་ནས་སྦས། ཕྱིས་སྦ་གསལ་སྣང་མང་ཡུལ་གྱི་ཁང་དཔོན་དུ་བསྐོས་པ་བལ་ཡུལ་དུ་ཕྱིན་ནས་མཁན་པོ་དང་མཇལ། སེམས་བསྐྱེད་ཞུས། བོད་ལ་བྱོན་པར་གསོལ་བས། བོད་ངའི་འདུལ་ཞིང་ཡིན་ནའང་བཙན་པོ་དང་ཁྱོད་མ་སྐྱེས་པས་ངས་འདི་ན་བོད་ཀྱི་རྒྱལ་རབས་དགུའི་བར་སྒུག་གིན་བསྡད་པ་ཡིན། ད་ཁྱེད་གཉིས་ཀྱང་ནར་སོན་པས་འོ་སྐོལ་རྣམས་ཀྱིས་བོད་དུ་བསྟན་པ་འཛུགས་པའི་དུས་ལ་བབ་གསུངས། སྔར་ལྷ་ཐོ་ཐོ་རིའི་དུས་ལོ་ཙཱ་བ་ལི་ཐི་སེས་སྤྱན་དྲངས་པའི་པཎྜི་ཏ་བློ་སེམས་འཚོ་ཞེས་གོང་དུ་སྨོས་པ་དེའང་མཁན་ཆེན་འདི་ཉིད་ཡིན་པར་བཞེད་ལ། དེའི་བར་དུ་རྒྱལ་རབས་དགུ་ཡང་སོང་བ་ཡིན་ཞིང་། དེའི་བར་བརྩིས་ན་ལོ་བཞི་བརྒྱ་ལྷག་ཙམ་སོང་བས། མཁན་པོ་བོད་དུ་བྱོན་དུས་དགུང་ལོ་དགུ་བརྒྱར་བཞེས་པ་བཤད་པའང་ཕྱེད་ལོའི་དབང་གིས་འགྲིག་པ་ཡིན་ནོ། །གསལ་སྣང་གི་བཙད་པོར་ལྐོག་ཏུ་མཁན་པོའི་གསུང་རྣམས་ཞུས་ཤིང་། བཙད་པོས་འགོས་རྒན་ལ་ལྐོག་འགྲོས་མཛད་པས། འགོས་ཀྱི་གཡོ་འཕྲུལ་གྱིས་མ་ཞང་གསོན་དུར་དུ་བཅུགགསལ་སྣང་གི་མཁན་པོ་སྤྱན་དྲངས་ནས་ལྷ་སར་ཕྱག་ཕེབས་པ་དང་། བཙད་པོས་བློན་པོ་རྣམས་ལ་ཨཱ་ཙརྱ་དེ་ཇི་ལྟར་འདུག་ལྟོས་ལ་ཤོག་བཟང་པོ་ཞིག་འདུག་ན་འདིར་ཡང་སྤྱན་འདྲེན་ནོ་གསུངས། བློན་པོ་རྣམས་ཀྱིས་ཕྱིན་ནས་དྲིས་ལས། མཁན་པོའི་ཞལ་ནས། ཁོ་བོའི་ཆོས་ལུགས་ནི་རིགས་པས་བརྟགས་ནས་གང་འཐད་པ་དེ་བྱེད། མི་འཐད་པ་དེ་མི་བྱེད་པ་ཡིན་གསུངས། དེར་རྒྱལ་བློན་མཐུན་པས་སྤྱན་དྲངས་ཏེ་འོམ་བུའི་ཚལ་དུ་མཇལ། བཙད་པོས་ཕྱག་མཛད་པའི་ཚེ། མཁན་པོས། འོ་སྐོལ་འོད་སྲུང་གི་བསྟན་པ་ལ་བལ་པོའི་མཆོད་རྟེན་གྱི་དྲུང་དུ་བོད་དུ་དམ་ཆོས་སྤེལ་བར་སྨོན་ལམ་བཏབ་པ་དེ་རྒྱལ་པོས་བསྙེལ་ལམ་གསུངས་པའི་ལན་དུ་མ་འཚལ་ཞུས་པ་ན། མཁན་པོས་བྱིན་གྱིས་བརླབས་ཏེ་བཙད་པོས་སྔོན་གྱི་སྐྱེ་བ་ཡང་དག་པར་རྗེས་སུ་དྲན། དེ་ནས་ཕོ་བྲང་ཀླུང་ཚུགས་ཀྱི་ཡང་ཐོག་ཏུ་དར་གྱི་གུར་ཕུབ་པར་བཞུགས་སུ་བཅུག་སྟེ། ཟླ་བ་བཞིར་ཁ་ཆེ་ཨ་ནན་ཏས་ལོ་ཙཱ་བྱས་ནས། བཙད་པོ་ལ་དགེ་བཅུ་རྟེན་འབྲེལ་སོགས་ཀྱིས་ཆོས་བསྟན་པས། བོད་འདྲེ་རྣམས་ཁྲོས་ནས་ཕོ་བྲང་ཕང་ཐང་ཆུས་ཁྱེར། དམར་པོ་རི་ལ་ཐོག་བརྒྱབ། ཡུལ་ཁམས་སུ་ལོ་ཉེས་དང་མི་ངས་ཆེན་པོ་བྱུང་བས། བོད་འབངས་རྣམས་ཀྱིས་ཆོས་བྱས་པས་ལན་ཟེར། ཆོས་བྱར་མ་བཏུབ་ནས་བཙད་པོས་མཁན་པོ་ལ་གསེར་ཕྱེ་བྲེ་གསུམ་ཕུལ་ནས་རེ་ཞིག་བལ་ཡུལ་དུ་འབྱོན་པར་ཞུས། མཁན་པོས་ཨོ་རྒྱན་ཆེན་པོ་ལུང་བསྟན་ནས་གསེར་ཁྱོར་བ་གང་བལ་པོའི་རྒྱལ་པོ་ལ་སྦྱིན་དགོས་གསུངས་ལྷག་མ་བཙད་པོ་ལ་གནང་ནས་བལ་བོར་ཕྱིར་བསྐྲད་པ་ལྟར་མཛད་ནས་བྱོན། དེའི་བར་ལ་རྒྱལ་པོས་གསལ་སྣང་ཆོས་ཀྱི་སྤྱན་པར་བསྐོས་ནས་འཁོར་སུམ་ཅུ་དང་བཅས་རྒྱ་ནག་ཏུ་ཕོ་ཉར་བཏང་། ཞང་བློན་རྣམས་བསྡུས་ནས་ཆོས་བྱེད་པའི་ཆད་སོ་གྲུབ་པའི་ཚེ། རྒྱ་རྗེས་ཕོ་ཉ་རྣམས་ལ་བྱ་དགའ་ཆེན་པོ་དང་བཙད་པོ་ལ་དར་ཡུག་ཁྲི་ཕྲག་སོགས་ཀྱི་སྐྱེས་མང་པོ་དང་བཅས་ཏེ་འབྱོར། དེ་ནས་བལ་ཡུལ་དུ་སྤྱན་འདྲེན་པ་བཏང་ནས་མཁན་སློབ་གཉིས་སྟབས་གཅིག་ཏུ་བྱོན། སློབ་དཔོན་གྱིས་བོད་འདྲེ་རྣམས་དམ་ལ་བཞག་ཅིང་ལས་བཅོལ་ཏེ། བསམ་ཡས་ཀྱི་གཙུག་ལག་ཁང་ལོ་ལྔ་ན་ལེགས་པར་འབྱོངས། དེ་རྗེས་བི་ཀྲ་མ་ལ་ཤི་ལའི་གཙུག་ལག་ཁང་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། ལུག་གི་ལོ་ལ་ཨཱ་ཙཱརྱ་བོ་དྷི་ས་ཏྭས་མཁན་པོ་མཛད་ནས། སད་མི་མི་བདུན་སོགས་རིམ་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ། ཆོས་གྲྭ་ཆེན་པོ་བཅུ་གཉིས་དང་། སྒོམ་གྲྭ་མང་དུ་བཙུགས་ཏེ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་དེ་བསྒྱུར་བཤད་སྒོམ་གསུམ་གྱིས་གཏན་ལ་ཕབ། དེ་ལྟར་ལོ་བཞི་བཅུའི་བར་དུ་བོད་དུ་སངས་རྒྱས་ཀྱི་བསྟན་པ་བསྐྱངས་ནས། མཐར་བྲག་དམར་གྱི་ཕོ་བྲང་དུ་རྟས་ཕྲ་བརྒྱབ་པས་རྐྱེན་བྱས་ཏེ་སྐུ་གཤེགས་པའི་ཚུལ་བསྟན་ནས་སྐུ་གདུང་ཧས་པོ་རིའི་རྒྱབ་ཏུ་མཆོད་རྟེན་བཞེངས་པར་བཞུགས་སུ་གསོལ་ལོ། །དེའི་མཁན་བུ་སྦ་རཏྣ་ནི། ཡུལ་ཡར་ལུང་པ། རུས་སྦ། མཁན་པོ་ལས་ཆོས་མང་པོ་བསླབས་པའི་ཞང་བློན་དད་པ་དང་ཤེས་རབ་ཕུན་སུམ་ཚོགས་པ་མངའ་བ་ཞིག་ཡིན། ཕྱིས་བཙད་པོའི་ལུང་གིས་ལུག་ལོ་དཔྱིད་ཟླ་ར་བའི་ཚེས་བརྒྱད་ཉིན། ཨཱ་ཙརྱ་ཞི་བ་འཚོས་མཁན་པོ། དཱ་ན་ཤཱི་ལ་དང་། ཛི་ན་མི་ཏྲ་གཉིས་ཀྱི་ལས་སློབ་དང་གསང་སྟོན། པཎྜི་ཏ་གཞན་བཅུ་པོས་ཁ་སྐོང་བྱས་ཏེ། སད་མི་བདུན་གྱི་ཐོག་མ་ཉིད་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་བོད་ལ་རབ་ཏུ་བྱུང་བའི་ཐོག་མ་ཡིན། མཚན་དཔལ་དབྱངས་སུ་གསོལ། བཙད་པོས་ཞབས་སྤྱི་བོར་བླངས་ནས་ཁྱོད་བོད་ཀྱི་རཏྣ་ཡིན་ན་ཞེས་བཀའ་སྩལ་པས་མཚན་སྦ་རཏྣར་གྲགས། ཕྱིས་གནས་བསྟན་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ནས་བསམ་ཡས་ཀྱི་པྲ་ཏི་ཧ་ནའི་མཆོད་པ་ཆེན་པོའི་དུས་སུ་དད་པ་ཅན་སུམ་བརྒྱ་ཙམ་རབ་ཏུ་བྱུང་བའི་མཁན་པོ་མཛད་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེན་པོ་ཡུན་རིང་དུ་བསྐྱངས་པའི་མཐར། ཡིད་བཞིན་འཁོར་ལོས་སྒྱུར་བའི་སྐུ་གཟུགས་ཀྱིས་སྤྱན་ཆབ་བྱུང་བ་སོགས་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་གཤེགས་སོ། །དེའི་མཁན་བུ་བསྟན་པ་ཕྱི་དར་གྱི་རྩ་བ་སྨར་གཡོ་གཙང་གསུམ་ནི། འཇད་ཀྱི་གྱེལ་མི་གཙང་བ་རབ་གསལ། བོ་དོང་པ་གཡོ་དགེ་འབྱུང་། སྟོད་ལུང་པ་སྨར་ཤཱཀྱ་མུ་ནི་གསུམ་སྦ་རཏྣ་ལས་བསྙེན་པར་རྫོགས་ཤིང་། ཛི་དཱན་གཉིས་དང་། ཅོག་གྲུ། རང་གི་མཁན་པོ་སོགས་ལས་གསུང་རབ་ལ་སྦྱངས་པས་དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ཏེ། དཔལ་ཆུ་བོ་རིའི་སྒོམ་གྲྭ་ན་བསམ་གཏན་སྒོམ་ཞིང་བཞུགས་པ་ལས། ལྕགས་བྱ་ལ་ཁྲིའུ་བཙན་དར་མས་བསྟན་པ་བསྣུབས་པའི་ཚེ། ཀརྨ་ཤ་ཏམ་སོགས་འདུལ་མངོན་གྱི་དཔེ་དྲིལ་རྒྱབ་གཅིག་བཀལ་ནས་དང་པོ་སྟོད་ཕྱོགས་སུ་བྲོས་ཏེ་མངའ་རིས་སུ་སླེབས། དེར་ཡང་རྒྱལ་པོས་འཇིགས་ཏེ་བཞུགས་མ་ནུས་ནས། གར་ལོག་ནས་ཐོན་ཏེ་བྱང་སྟོད་བརྒྱུད་ཧོར་ཡུལ་དུ་བྱོན་ནས། དེར་བསྟན་པ་དར་བར་བྱེད་དགོངས་ཀྱང་མ་ནུས་པས། མདོ་སྨད་ལྷོ་ངོས་ཀྱི་བེ་རི་ཚྭ་མཚོ་ནས་ཚུར་ཐོན་ཏེ་རྨ་ཆུའི་རྒྱུད་དན་ཏིག་ཤེལ་གྱི་ཡང་དགོན་དུ་སྒོམ་ཞིང་བཞུགས་སོ། །གཙང་པོ་མཁན་བུ་བླ་ཆེན་དགེ་བ་རབ་གསལ་ནི། སྐྱེ་བ་སྔ་མ་རྒྱལ་པོའི་ཆོས་བློན་འགྲོ་སྟག་སྣང་ཁྲི་གསུམ་རྗེ་ཞེས་པ་ཞིག་ལོ་སོ་ལྔ་པ་ལ་སྨོན་ལམ་བཏབ་ནས་ཚེ་འཕོས་པ་ཡིན་ཡང་ཟེར། དོན་ལ་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུ་ཅན་ཞིག་ཆུ་ཕོ་བྱི་བའི་ལོ་ལ་ཡུལ་ཙོང་ཁ་བདེ་ཁམས་སུ་འཁྲུངས། མཚན་མུ་ཟུ་གསལ་འབར་དུ་བཏགས། ཆུང་ངུ་ནས་རིགས་སད་དེ་ནོན་འཇམ་དཔལ་ལས་བཟླས་ལུང་བླངས། ཁང་རིན་ཆེན་རྡོ་རྗེ་ལས་བྱང་ཆུབ་ཏུ་སེམས་བསྐྱེད། སྐྱི་ལས་དབུ་ཚད་དང་། ནམ་དགའ་ལྡན་ལས་ཡོ་ག་གསན་ནས་མཁྱེན་པར་མཛད། ནམ་ཞིག་རྨ་ཆུ་ཁའི་ཕྱུགས་རྫིས་སྨར་གཡོ་གཙང་གསུམ་དན་ཏིག་ན་བཞུགས་པ་མཐོང་ནས་འདི་ལྟར་འདུག་ཅེས་མི་རྣམས་ལ་སྨྲས་པ་ཐོབ་ནས། མུ་ཟུ་གསལ་འབར་བལྟར་ཕྱིན་པས་མཐོང་བ་ཙམ་གྱིས་དད་ནས། འཁོར་བའི་སྡུག་བསྔལ་བསལ་ནས་ཐར་པ་ཡིན། །བདུད་རྩིས་འགྲོ་བའི་སྡུག་བསྔལ་ཞི་བྱེད་པའི། །བསྟན་པ་ཕྱོགས་བཅུར་རྒྱས་པར་བྱ་བའི་ཕྱིར། །དང་པོ་བདག་གིས་རབ་ཏུ་བྱུང་བར་བྱ་སྙམ་དུ་དགོངས་ཏེ་རབ་ཏུ་བྱུང་བར་གསོལ་བས་འདུལ་བའི་པུསྟི་ཞིག་གནང་ནས་འདིར་ལྟོས་ལ་དད་ན་རབ་ཏུ་བྱུང་བར་བྱའོ་གསུངས། བལྟས་པས་ཆེར་དད་དེ་མཆི་མ་ཕྱུང་ནས་ཞུས་པས། དེར་གཙང་གིས་མཁན་པོ་དང་། གཡོས་སློབ་དཔོན་བྱས་ཏེ་དགེ་ཚུལ་དུ་བསྒྲུབས་ཤིང་། མཁན་སློབ་གྱི་མཚན་ལས་གྲས་ཏེ་དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས། དེ་ནས་བསྙེན་རྫོགས་ཞུས་པས་དགེ་སློང་ལྔ་མ་ཚང་ནས། འདན་དུ་ལྷ་ལུང་དཔལ་རྡོར་བཞུགས་པ་བཙལ་ཀྱང་ཁོ་བོས་རྒྱལ་པོ་སྡིག་པ་ཅན་བསད་པས་ཁ་སྐོང་མི་འོང་གི་འོན་ཀྱང་གཞན་ནས་བཙལ་ཏེ་བཏང་ངོ་གསུངས་ནས་རྒྱའི་ཧྭ་ཤང་ཀེ་ཝང་དང་གྱི་ཕན་གཉིས་མངགས་ཏེ་ལྔ་ཚོགས་ཀྱིས་བསྙེན་པར་རྫོགས། མཁན་སློབ་རྣམས་ལས་འདུལ་བ་ལོ་བཅོ་ལྔར་ཉན། ཕྱིས་མེ་ཉག་སྒའི་ཡུལ་དུ་བྱོན་ཏེ་གོ་རོང་སེངྒེ་གྲགས་པ་ལའང་འདུལ་བ་གསན་ནས་ལུང་སྡེ་བཞི་བསྟན་བཅོས་དང་བཅས་པའི་གླེགས་བམ་བླ་ཆེན་ལ་ཕུལ་ཏེ་བསྟན་པ་གསལ་བར་གྱིས་ཤིག་ཅེས་མངའ་གསོལ། ཁམས་སུ་ཀ་བ་འོད་མཆོག་གྲགས་ལས་ཕར་ཕྱིན་དང་བྱང་ས་སོགས་ཐེག་པ་ཆེན་པོའི་ཆོས་མང་པོ་ལ་སྦྱངས། བཻ་རོའི་སློབ་མ་གཡུ་སྒྲ་སྙིང་པོ་ལས་རྫོགས་ཆེན་སེམས་ཕྱོགས་གསན་ཅིང་ཀུན་བྱེད་རྒྱལ་པོའི་བཤད་རྒྱུན་སྤེལ། རྒྱལ་ཆེན་བཞི་དང་བརྒྱ་བྱིན་སོགས་ལྷ་རྣམས་ཀྱང་ཆོས་ཉན་དུ་དངོས་སུ་འོང་བས། འཁོར་རྣམས་ཀྱིས་མདང་ངོ་མཚར་བའི་སྣང་བ་འདི་དང་འདི་འདྲ་སྣང་བས། བླ་ཆེན་ཉིད་ངེས་པར་སྤྲུལ་པའི་སྐུ་ལགས་སམ་ཞུས་པའི་ལན་དུ། སྤྲུལ་པ་མ་ཡིན། བདག་ནི་ཐེག་པ་ཆེན་པོའི་སྦྱོར་ལམ་པ་སྣང་བ་ཐོབ་པ་ལ་ཞུགས་པའི་བནྡེ་དགེ་བ་རབ་གསལ་ཡིན་ཞེས་གསུངས། ཁོང་གིས་བསྙེན་པར་རྫོགས་ནས་ལོ་ལྔ་བཞེས་པ་ན། མངའ་བདག་ཡེ་ཤེས་རྒྱལ་མཚན་སོགས་ཀྱིས་བོད་ཡུལ་དབུས་སུ་བསྟན་པ་ཉམས་པ་གསོ་བའི་ཕྱིར། དབུས་ནས། ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲིང་ཡེ་ཤེས་ཡོན་ཏན། རྦ་ཚུལ་ཁྲིམས་བློ་གྲོས། རཀྴའི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློ་གྲོས་ལྔ་དང་། གཙང་ནས་ལོ་སྟོན་རྡོ་རྗེ་དབང་ཕྱུགཚོང་བཙུན་ཤེས་རབ་སེང་གེ། མངའ་རིས་པ་འོ་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་པ་དེ་ཀ་དང་ལྔ་བཅས་དབུས་གཙང་གི་མི་བཅུ་ཁམས་སུ་བརྫང་བ་སྟན་ཐོག་གཅིག་ཏུ་ཚིག་གསུམ་རིམ་ནོད་ཀྱིས་ཆིག་རྫོགས་སུ་བསྙེན་པར་རྫོགས་ཏེ་འདུལ་བ་ལ་མཁས་པར་བསླབས། འདི་ལྟ་བུའི་ཆིག་རྫོགས་མཛད་པ་དང་བརྟན་པའི་ཡན་ལག་ལོ་བཅུ་མ་ལོན་པ་སོགས་ནི་བླ་ཆེན་ཉིད་བྱང་སེམས་འཕགས་པ་ཡིན་པ་དང་། དེ་སྐབས་སྨར་གཡོ་གཙང་གསུམ་གྱིས་གང་ཟག་ཁྱད་པར་ཅན་ཡིན་པ་དང་། བསྟན་པའི་འཕེལ་འགྲིབ་མཚམས་སུ་ཐུགས་པའི་དགོས་གལ་ཆེ་བ་ལ་ནི་དེ་ལྟར་རུང་ངོ་ཞེས་གནང་བ་བྱིན་པས་སྐྱོན་མེད་དོ་ཞེས་དམ་པ་རྣམས་བཞེད། འདི་སྐབས་སྨར་གཡོ་གཙང་གསུམ་བཞུགས་ཀྱང་སྐུ་བགྲེས་པས་མཁན་བུ་བསྐྱངས་པ་མི་འཁྱོངས་གསུངས་ནས་ལས་སློབ་མཛད། ཕྱིས་ཞིག་ན་མནལ་ལམ་དུ་གླང་ཆེན་ཆིབས་ཤིང་ནོར་བུ་བསྣམས་ནས་ཚོང་འདུས་ཀུན་ཏུ་བྱོན་པ་ལ་མི་ཀུན་ན་རེ། བཙུན་པ་ཁྱོད་ཀྱི་ནོར་བུ་བཟང་སྟེ་རེ་ཞིག་ཉོ་བའང་མེད། རིན་ཡང་མི་ཐེག་ཟེར། མནལ་སད་ནས་རེ་ཞིག་སྒྲུབ་པ་མཛད་པར་དགོངས་པ་ན། གཞི་བདག་མི་མ་ཡིན་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་དན་ཏིག་ཏུ་བྱོན་ནས་སྒོམ་པ་ལ་བཞུགས་ཤིང་། ས་ཕྱོགས་དེ་དག་ཏུ་གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བཞེངས། དད་པ་ཅན་མང་པོ་རབ་ཏུ་བྱུང་བའི་མཁན་པོའང་མཛད། དགུང་ལོ་བརྒྱད་ཅུ་རྩ་བཞི་ས་ཕག་གི་ལོ་སྐུ་གཤེགས་ཁར་བཀའ་ལས། འཕགས་པ་ཐོགས་མེད་དང་མཆེ་བའི་སྡེ་གཉིས་ཀྱིས་ཡུམ་གྱི་དགོངས་པ་མི་འདྲ་བར་བཀྲལ་བ་དེ་ཁོ་བོས་བྱམས་མགོན་ལ་འདྲི་དགོས་ཏེ་སློབ་དཔོན་དེ་གཉིས་ཀྱང་ད་ལྟ་དགའ་ལྡན་ན་བཞུགས་གསུངས། ཡང་ཁོ་བོ་བྱམས་མགོན་འཛམ་གླིང་འདིར་མ་བྱོན་གྱི་བར་དུ་འདི་དག་ཏུ་སྐྱེ་བ་བརྒྱ་ཙམ་ལེན་དགོས་གསུངས་ནས་དགའ་ལྡན་དུ་གཤེགས་སོ། དེའི་མཁན་བུ་ནི་ཀླུ་མེས་ཏེ། བླ་ཆེན་ཉིད་ཀྱིས། ཀླུ་མེས་བཙུན་པས་མཁན་པོ་གྱིས། ཚོང་དགེ་བློ་རྣོ་བས་སྟོན་པ་གྱིས། འབྲིང་སྒོ་མཁས་པས་གནས་གཞིས་ཟུང་། ལོ་སྟོན་མཐུ་ཆེ་བས་བསྟན་སྲུང་གྱིས་ཞེས་དབུས་གཙང་གི་མི་བཅུའི་ནང་ནས་མཁན་པོར་མངའ་གསོལ་བ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཡིན་ཏེ། གོང་དུ་སྨོས་པ་ལྟར་བླ་ཆེན་གྱིས་མཁན་པོ། གཙང་རབ་གསལ་གྱིས་ལས་སློབ། གཡོ་དགེ་འབྱུང་གིས་གསང་སྟོན། སྨར་ཤཱཀྱ་མུ་ནི་དང་རྒྱའི་དགེ་སློང་གཉིས་ཀྱིས་ཁ་སྐོང་སྟེ་ཚིག་གསུམ་དུས་གཅིག་ལ་བར་མ་ཆད་པར་བསྙེན་པར་རྫོགས། སྡེ་སྣོད་ཀྱི་གཞུང་ལུགས་དང་འདུལ་བའི་ལག་ལེན་ལ་མཁས་པར་སྦྱངས། གདམས་ངག་མང་པོའང་ནོས་ཏེ། ཀླུ་མེས་ཀྱིས་མཁན་པོར། ཁོ་བོ་ཅག་དབུས་གཙང་དུ་འགྲོ་བས་མཆོད་གནས་ཞིག་ཞུ་ཞུས་པས། དབུ་ཞྭ་བཞེས་འཕྲོ་དེ་ཀ་ཕུད་ནས་འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་ཤིག་གསུངས་ཏེ་དབུ་ལ་བསྐོན། ཡར་བྱོན་པས་བསམ་ཡས་བཙད་པོས་སྣ་ལེན་བྱས་ཏེ་ཁྱེད་རྣམས་ཀྱི་སློབ་དཔོན་གང་ཡིན་ཟེར་བ་ལ་ཀླུ་མེས་ཡིན་སྨྲས་པས་དབུ་རྩེ་དང་དཀོར་མཛོད་ཀྱི་ལྡེ་མིག་གཏད་པས། ངེད་མཁན་པོར་མངགས་པས་མཁན་པོར་དཀོར་ལ་འབགས་པར་མི་རིགས་གསུངས་ནས་མ་བཞེས། དེ་ནས་ཁམས་གསུམ་ཟང་ཁང་ཕུལ་ཀྱང་མ་བཞེས། སླར་ཀ་ཆུ་ཕུལ་བ་བདག་གིར་བཞེས། ཕྱིས་ཀླུ་མེས་ཀྱིས་ཡོ་བྱད་མང་པོ་སྟ་གོན་བྱས་ཏེ་དབུ་རྩེ་གསོ་བར་མཛད་པ་ན། སྦ་རག་གཉིས་ཀྱིས་བཟུང་བས་གསོར་མ་བཅུག་དེར་བཙད་པོས་བར་བྱས་ཏེ། ཀླུ་མེས་ཀྱིས་གསོ་ཚར་རྗེས་སྦ་རག་ལ་གཏོད་པར་བྱས་ཏེ་ལེགས་པར་གསོས། གཞན་ཡང་། ལ་མོ། ར་འགྱེལ། ཡེར་པ། བ་རེགཚོང་འདུས་སོགས་གནས་གཞི་མཐའ་ཡས་པ་བཏིང་། ཡམ་ཤུད་ཀྱི་མཁན་བུ་དགེ་བཤེས་གྲྭ་བ་ཁོ་ནས་ཀྱང་གནས་བཞི་བརྒྱ་རྩ་བརྒྱད་བཏིང་བར་གྲགས་པ་སོགས་ས་སྟེང་ཐམས་ཅད་ཀླུ་མེས་དཔོན་སློབ་ཀྱི་གནས་གཞིས་ཁྱབ་པ་ལྟར་སོང་། སྔགས་འཆང་ཇོ་སྲས་རྣམས་ཀྱིས་སྔོན་འགྱུར་བའི་བཀའ་བསྟན་གྱི་གླེགས་བམ་རྣམས་ཆུད་མ་ཟོས་པར་སྦས་ཏེ་བཟུང་བ་རྣམས་དེ་དག་ཏུ་སྤྱན་དྲངས། དད་པ་ཅན་མང་པོ་མཚོ་ལ་ངང་པ་འདུ་བ་ལྟར་ཉིན་རེ་བཞིན་རབ་ཏུ་བྱུང་བའི་དགེ་འདུན་གྱི་སྡེ་མང་དུ་འཕེལ་ཏེ། དེའང་གཙོ་བོར་གྲུ་མེར་དང་སྣ་ནམ་སོགས་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་སོ་གཉིས། དྲལ་མ་སྟོང་རྩ་སོགས་གྲངས་ལས་བརྒལ་བ་བྱུང་བར་གྲགས། དེ་ལྟར་བསྟན་པ་ཡུན་རིང་དུ་བསྐྱངས་མཐར་ཚེ་སྤང་གི་སེ་ར་ཕུག་པར་བཞུགས་ནས་ཐང་དུ་བྱོན་སའི་ལམ་དུ་སྐུ་གཤེགས། གདུང་མཆོད་རྟེན་འོད་འབར་ན་མ་ཉམས་པར་བཞུགས་སོ། །དེའི་མཁན་བུ་ཀ་ཆུ་བ་གཟུས་རྡོ་རྗེ་རྒྱལ་མཚན་ནི། གཞོན་ནུ་ནས་གཞི་དད་པ་རྐྱེན་གྱིས་སད་དེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཀླུ་མེས་ཀྱི་མཁན་པོ་དང་། གྲུ་མེར་གྱིས་ལས་སློབ་བྱས་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་པོའི་དྲུང་དུ་རྒྱ་ཆེར་འགྲེལ་དང་བམ་པོ་ལྔ་བཅུ་པ་སོགས་འགྲེལ་ཆེན་རྣམས་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། དུས་ཕྱིས་རང་གི་མཆེད་གྲོགས་ལོ་ཙཱ་བ་རླུང་སྐྱོགས་རྣམ་གཉིས་ལའང་མཁས་ཉན་མཛད། ངང་བྱུང་དཔལ་གྱི་རྒྱལ་མོས་བཞེངས་པའི་གནས་གཞི་རྙིང་པ་གསོས་ཏེ་གཙུག་ལག་ཁང་བཞེངས་ཤིང་། དེར་འདུལ་བའི་བཤད་གྲྭ་བཙུགས། བཤད་སྒྲུབ་ཀྱི་བྱ་བས་བསྟན་འགྲོའི་དོན་རྒྱ་ཆེན་མཛད་དེ། སློབ་མའང་བསམ་གྱིས་མི་ཁྱབ་པ་ལས་ཐུགས་ཟིན་གྱི་བུ་ཆེན་བཞི་ནི། འཛིམ་ཤེར་འོད། སྣེ་བོ། གླན་ཚུལ་བྱང་། སྤོ་ཆུང་ཚུལ་ཁྲིམས་འབྱུང་གནས་རྣམས་སོ། །དེའི་མཁན་བུ་སྣེ་བོ་གྲགས་པ་རྒྱལ་མཚན་ནི། ཡུལ་རང་ལྷོ་ཙ་བ། རུས་ཞང་། གཟུས་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་སྦྱངས་ཤིང་མཁས་པར་བྱས་ནས་མཁར་ཕུག་དང་། དམུ་རུར་འདུལ་བའི་བཤད་གྲྭ་བཙུགས། སློབ་མ་སོགས་ཚུལ་ཁྲིམས་བླ་མ་སོགས་མཁས་པ་མང་པོ་ཐོན། དེའི་མཁན་བུ་འབྲེ་ཤེས་རབ་འབར་ནི། སྣེ་བོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་མཁས་པར་སྦྱངས། རྔོག་ལེགས་ཤེ་དང་། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གཉིས་དང་བསྡེབས་ནས་ཁམས་སུ་བྱོན་ཏེ། ཇོ་བོ་སེ་བཙུན་ལས་ཆོས་མང་དུ་གསན། ཁྱད་པར་བསྟན་པ་སྔ་དར་གྱིས་ཕར་ཕྱིན་གྱི་བཤད་སྒྲོས་ལ་མཆོག་ཏུ་མཁས། ཕྱིས་རྔོག་ལོ་ཆེན་པོ་ལ་ཡང་ཤེར་ཕྱིན་མཁས་ཉན་མཛད་པས་རྔོག་ལོའི་ཐུགས་སྲས་དམ་པར་གྱུར། སྐྱོགས་གནས་རྙིང་སོགས་སུ་ཆོས་འཁོར་རྒྱ་ཆེར་བསྐོར། ལྷ་རྣམས་ཀྱང་ཆོས་ཉན་དུ་འོང་བར་གྲགས། སློབ་མ་ཨར་བྱང་ཆུབ་ཡེ་ཤེས་སོགས་བསྟན་པའི་བདག་པོ་མཐའ་ཡས་པ་ཐོན་ནོ། །དེའི་མཁན་བུ་བྱ་འདུལ་འཛིན་པ་བརྩོན་འགྲུས་འབར་ནི། གཙང་རོང་གཡུང་དུ་ལྕགས་ལུག་ལ་འཁྲུངས། འབྲེ་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སོག་ཚུལ་ཁྲིམས་བླ་མ་ལས་འདུལ་བ་གསན། ཁོང་གཤེགས་རྟིང་རྒྱ་འདུལ་དང་། རྨ་ཙོ་བླ་ཟུར་དུ་བྱས་པའི་དྲུང་དུ་སྦྱངས་པས་མཁས་པར་མཁྱེན་ཏེ་འདུལ་བ་བྱ་ལ་ཐུག་ཅེས་པའི་ཁ་སྐད་ཀྱང་བྱུང་། གཞན་ཡང་ཞང་གཡེ་བ་ལས་དབུ་ཚད། ཟང་དཀར་ལོ་ཙཱ་བ་ལས་ཡོ་གསྟོད་ལུང་པ་ཆེན་པོ་ལས་བཀའ་གདམས་རྣམས་གསན། དེ་རྗེས་ཟུལ་ཕུར་བཤད་གྲྭ་བཙུགས། པེ་ཧར་གྱིས་བཙུན་ཆུང་དུ་སྤྲུལ་ནས་ཞབས་ཏོག་བྱས་པས་འདུལ་བ་དང་འགལ་བ་ན་བཟའ་སྤུ་ཕྱིར་བསྟན་གཅིག་པུ་ལས་མ་མཐོང་བས་དད་དེ། བྱ་ཊཱིཀ་ལ་སློབ་གཉེར་བྱེད་པ་རྣམས་ཀྱིས་གྲོགས་བྱེད་པར་ཁས་བླངས། ལོ་དགུར་འཚོགས་པ་བསྐྱངས། རྗེས་སྒྲུབ་པ་ལ་བཞུགས། སློབ་མ་འགྲོ་དོན་ནུས་པ་བདུན་ཅུ་རྩ་དྲུག་ཙམ་བྱུང་། དགུང་ལོ་དོན་དྲུག་པ་ལ་ཟུལ་ཕུའི་གཟིམས་ཆུང་དུ་སྐུ་གཤེགས། དེའི་མཁན་བུ་རྩིས་འདུལ་འཛིན་པ་གཞོན་ནུ་སེང་གེ་ནི། བྱ་འདུལ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་སྦྱངས་པས་ཤིན་ཏུ་མཁས་པར་གྱུར་ཏེ་བྱ་འདུལ་གྱི་སློབ་མའི་གཙོ་བོ་ཡིན། ཉང་སྟོད་མཁར་ལུང་དུ་འདུལ་གྲྭ་བསྐྱངས་པས། བྱའི་སྣག་དབོན་ཟུལ་ཕུའི་གདན་ས་བ་རོག་ཆོས་དབང་སོགས་སློབ་མ་བཤེས་གཉེན་མང་པོ་ཐོན། དེའི་མཁན་བུ་དཔལ་ལྡན་གྲོ་མོ་ཆེ་བ་ནི། བྱའི་ལོ་ལ་ཆུ་སྒོར་འཁྲུངས། གདུང་རུས་གྲོ། རྩིས་འདུལ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་འདུལ་བའི་སྡེ་སྣོད་ལ་སྦྱངས། མཚན་བདུད་རྩི་གྲགས། རྡོ་སྟོན་དང་། ཞང་བཙུན་ལས་ཤ་ར་བའི་གདམས་པ་རྣམས་མནོས་ཤིང་། ཆུ་མིག་པ་ཤེར་གྲགས། མུས་སྨན་པ་སངས་རྒྱས་དབོན་སྟོན། ལྷ་སྐྱིལ་ཕུ་པ། རས་པ་དར་རྒྱལ། གྲང་ཕུ་ལུང་པ་འཇམ་དབྱངས་རྒྱལ་མཚན། རྫིའུ་ལྷས་ཕ། འགོས་རིང་ཆུ་ནག་པ། རྨ་ཤཱཀ་སེང་། གཙང་ནག་པ་སོགས་ལས་གསན་པ་རྒྱ་ཆེར་མཛད། སངས་རྒྱས་སོ་ལྔ་དང་། རྗེ་བཙུན་སྒྲོལ་མ་སོགས་ལྷག་པའི་ལྷ་མང་པོས་ཞལ་གཟིགས། སྣར་ཐང་གི་གདན་སར་ཕེབས་ནས་ལོ་སུམ་ཅུ་རྩ་དགུའི་བར་དུ་འཕྲིན་ལས་བསྐྱངས། དགུང་ལོ་བརྒྱད་ཅུ་པ་ལ་གཤེགས་སོ། །དེའི་མཁན་བུ་མཆིམས་ཆེན་པོ་ནམ་མཁའ་གྲགས་ནི། ཉང་སྟོད་སྟག་ཚལ་དུ་རྟའི་ལོ་ལ་འཁྲུངས། གཞོན་ནུ་ནས་དཔལ་ལྡན་གྲོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་ཀྱི་གཞུང་རྣམས་ལ་མཁས་པར་སྦྱངས། མཛོད་ཀྱི་ཊཱིིཀ་ཆེན་སོགས་བསྟན་བཅོས་མང་དུ་མཛད། དཔལ་ལྡན་གྲོ། ཞང་སྟོན། མཆིམས་བློ་བརྟན། སངས་རྒྱས་སྒོམ་པ་བཞི་ལ་བཀའ་གདམས་ཀྱི་སྐོར་དང་། བཀྲ་ཤིས་སྒང་པ་ལ་བྱང་སེམས་ཟླ་རྒྱལ་བའི་དབུ་མའི་གདམས་པ་སོགས་གསན། ཆུ་མིག་ཆོས་འཁོར་གྱི་གྲལ་གྱི་གཙོ་བོ་མཛད། འགྲོ་མགོན་འཕགས་པ་སོགས་ཆེ་དགུ་ཐམས་ཅད་ཀྱིས་བཀུར། ལྷག་པའི་ལྷ་དུ་མའི་ཞལ་གཟིགས། སྣར་ཐང་གི་གདན་སར་ལོ་སུམ་ཅུ་རྩ་དྲུག་གི་བར་དུ་ཚོགས་པ་བསྐྱངས་ནས་བྱི་བའི་ལོ་ལ་སྐུ་གཤེགས། དེའི་མཁན་བུ་གྲགས་པ་ཤེས་རབ་ནི། ཉང་སྟོད་དུ་ལུག་གི་ལོ་ལ་འཁྲུངས། གདུང་ཟིའུ་སྟེ་མཁན་ཆེན་འདུལ་བ་འཛིན་པ་གྲགས་པ་བརྩོན་འགྲུས་ཀྱི་གཅུང་པོ་ཡིན། མཆིམས་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་པོ་དང་གཅེན་ལས་གཞུང་བཤད་གདམས་པ་མཐའ་ཆོད་པ་གསན། གཅེན་འདུལ་འཛིན་པའི་རྗེས་སུ་སྣར་ཐང་གི་མཁན་པོར་བཞུགས་ནས་ལོ་བཅུ་གཉིས་ཀྱི་བར་དུ་གདན་ས་བསྐྱངས་སོ། །དེའི་མཁན་བུ་མཁན་ཆེན་བློ་བཟང་གྲགས་པ་ནི། ཉང་སྟོད་སྨོན་འགྲོའི་ཕུ་ཁའུར་འཁྲུངས། གདུང་རུས་མཆིམས། ཟེའུ་པ་གྲགས་ཤེ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཟེའུ་པ་སྐུ་མཆེད་དང་། རྒྱང་རོང་བྱང་ཆུབ་འབུམ་སོགས་བླ་མར་བསྟེན། མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་ལ་མཁྱེན་རྟོགས་རྒྱས། གྲགས་ཤེ་པས་གདན་ས་གཏད་ནས་ལོ་སོ་དགུའི་བར་དུ་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས། གྲྭ་སར་ཤ་ཁྲིམས་དང་གླིང་ནང་ཁམས་པ་མི་བརྟེན་པ་སོགས་བཅའ་ཁྲིམས་ཀྱང་དམ་པར་མཛད་དེ་ཡོས་ལོར་སྐུ་གཤེགས། དེའི་མཁན་བུ་ཀུན་དགའ་རྒྱལ་མཚན་ནི། ཆུ་སྒོ་ལུང་བྱ་བར་སྟག་གི་ལོ་ལ་འཁྲུངས། གདུང་རུས་གྲོ། མཆིམས་བློ་བཟང་གྲགས་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་གཞུང་གདམས་ངག་ཐམས་ཅད་དང་། ཀ་བཅུ་གཞོན་སེང་སོགས་ལས་ཆོས་ཀྱང་མང་དུ་གསན། མཁན་པོ་གཤེགས་པའི་ལོ་དེ་ཀ་ལ་གདན་སར་ཕེབས་ནས་ལོ་ཉི་ཤུ་རྩ་བདུན་གྱི་བར་བསྐྱངས་ཤིང་། བསླབ་བཏུས་ཀྱི་ཊཱི་ཀ་སོགས་རྩོམ་པའང་མང་དུ་མཛད་སྦྲུལ་ལོ་ལ་གཤེགས་སོ། །དེའི་མཁན་བུ་གྲུབ་པ་ཤེས་རབ་ནི། སྣར་ཐང་གི་ཉེ་འཁོར་དུ་མེ་བྱ་ལ་འཁྲུངས། གདུང་རུས་དཔང་ཡིན། དགུང་ལོ་བཅུ་པ་ལ་ཀུན་རྒྱལ་བ་ལས་རབ་ཏུ་བྱུང་། མཚན་གྲུབ་པ་ཤེས་རབ་ཏུ་བཏགས། ཉི་ཤུ་པ་ལ་མཁན་པོ་དེ་ཉིད་དང་། སློབ་དཔོན་གྲགས་པ་རྒྱ་མཚོ་སོགས་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས། མཁན་སློབ་གཉིས་དང་། ཡོན་ཏན་འོད། སློབ་དཔོན་སྐལ་བཟང་པ་སོགས་བླ་མ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་གདམས་ངག་དང་བཅས་པ་ཐུགས་སུ་ཆུད་པར་མཛད། དགུང་ལོ་སོ་གཉིས་པ་ལ་མཁན་སར་ཕེབས་ནས་ལོ་སུམ་ཅུར་བསྐྱངས། དེ་རྟིང་ཉིད་ཀྱི་དབོན་པོ་བསོད་ནམས་མཆོག་གྲུབ་ལ་གདན་ས་གཏད་དེ། ལོ་ལྔར་ཟུར་བཞུགས་མཛད་ནས་རེ་བདུན་ལ་གཤེགས། དེ་ལྟར་གྲོ་མོ་ཆེ་བ་ནས་གྲུབ་ཤེས་པར་སྣར་ཐང་གི་གདན་སར་ཕེབས་པ་ཤ་སྟག་སྟེ། དཔལ་དཱི་པཾ་ཀ་རས་སྣར་ཐང་གི་སའི་ཐད་འདིར་ཕྱག་མཛུབ་གཏད་དེ། ས་ཕ་ཀིར་གནས་བརྟན་ཆེན་པོ་བཅུ་དྲུག་བྱོན་ཅེས་ལུང་བསྟན་པ་ལྟར་གནས་བརྟན་གྱི་རྣམ་འཕྲུལ་འབའ་ཞིག་ཡིན་པར་གསུངས་སོ། །དེའི་མཁན་བུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་པཎ་ཆེན་དགེ་འདུན་གྲུབ་པ་ནི། རུ་ལག་གི་སའི་ཆར་ལྕགས་ལུག་ལ་འཁྲུངས། གདུང་རུས་ངར་ཚོ། མཚན་པདྨ་རྡོ་རྗེ། དགུང་ལོ་བཅོ་ལྔ་ལ་སྣར་ཐང་དུ་མཁན་པོ་གྲུབ་པ་ཤེས་རབ་དང་སློབ་དཔོན་བྱང་སའི་ཆེན་པོ་བློ་ལྡན་པས་མཛད་དེ་དགེ་ཚུལ་སྒྲུབ། མཚན་དགེ་འདུན་གྲུབ་པ་དཔལ་བཟང་པོར་བཏགས། དགུང་ལོ་ཉི་ཤུ་པ་ལ་སྔར་གྱི་མཁན་སློབ་གཉིས་ཀྱི་སྟེང་གསང་སྟོན་གྲགས་པ་ཤེས་རབ་དང་། དད་པའི་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས། ཐུགས་སྦྱོང་མཛད་པའི་ཡོངས་འཛིན་གྱི་གཙོ་བོ་མཁན་ཆེན་གྲུབ་པ་ཤེས་རབ། སྣར་ཐང་པ་གྲུབ་པ་ཤེས་རབ་སེང་གེ། ལས་སྨོན་གྱིས་འབྲེལ་བ་རྗེ་རིན་པོ་ཆེ་ཡབ་སྲས་ཡིན། གཞན་ཡང་ཀུན་མཁྱེན་རོང་སྟོན། བོ་དོང་པཎ་ཆེན། སེམས་དཔའ་ཐུགས་རྗེ་དཔལ་བ། ཨཱཿསཾ་གྷ་ཤྲཱི། གྲོ་བའི་དམར་སྟོན་ཁུ་དབོན། ཐང་ཆེན་ཉི་མ་རྒྱལ་མཚན། ཨ་བྷ་ཡ། དོན་ཡོད་པས་ལུང་བསྟན་པའི་བླ་མ་འཆད་ཀའི་ལྷ་རིན་པོ་ཆེ་དང་། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་གཉིས་ཏེ། དེ་ལ་སོགས་པའི་བཤེས་གཉེན་ལྔ་བཙུ་ཙམ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་མཐའ་དག་ལ་མཁྱེན་པ་རྒྱས། བོ་དོང་པཎ་ཆེན་གྱིས་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་གསོལ། སྣར་ཐང་བྱང་ཆུབ་དུ་སྒྲུབ་པ་མཛད་པས་ཉམས་རྟོགས་ཀྱང་མཐར་ཕྱིན། འཇིགས་བྱེད་དང་སྒྲོལ་མས་ཞལ་གཟིགས། འདོད་ཁམས་མ་བྲན་དུ་ཁོལ། རྩ་བ་སྣར་ཐང་བའི་དགེ་བཤེས་ལ་ཕྱིས་རྗེའི་གྲུབ་མཐའ་འཛིན་པ་བྱུང་ཀྱང་། སྡེ་དང་གྲུབ་མཐའི་ཕྱོགས་རིས་མི་མཛད་ཀུན་ལ་དག་སྣང་སྦྱངས། མཁས་པའི་བྱ་བ་དབུ་ཚད་འདུལ་བ་སོགས་གཞུང་ལུགས་མང་པོར་དགོངས་འགྲེལ་བརྩམས། བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དང་ལྷ་ཆེན་བཞེངས་ཤིང་དགེ་འདུན་མང་དུ་བསྡུས་ཏེ། སྐུ་ཚེ་རིལ་པོར་འཆད་ཉན་གྱིས་བསྟན་པ་བསྐྱངས་ནས། དགུང་ལོ་གྱ་ལྔ་པ་ཤིང་རྟ་ལ་དགའ་ལྡན་དུ་གཤེགས། དེའི་མཁན་བུ་གནས་རྙིང་པ་ཀུན་དགའ་བདེ་ལེགས་ནི། ཉང་སྟོད་དུ་འཁྲུངས། པཎ་ཆེན་དགེ་འདུན་གྲུབ་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོར་སྩལ། མཁན་པོའི་དྲུང་དུ་གཞུང་ལུགས་གདམས་ངག་དང་བཅས་པ་ལ་མཁས་པར་སྦྱངས། འབྲས་སྤུངས་དང་འོལ་ཀ་སོགས་སུའང་ཕེབས། ཉང་སྟོད་ཕྱོགས་སུ་བློ་གསལ་མང་པོའི་དོན་མཛད། དེའི་མཁན་བུ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནི། རྟ་ནག་རྡོ་རྗེ་གདན་དུ་འཁྲུངས། དགུང་ལོ་བཅུ་པ་ལ་པཎ་ཆེན་ལུང་རིགས་རྒྱ་མཚོར་གཙུག་ཕུད་ཕུལ། མཚན་དགེ་འདུན་རྒྱ་མཚོ་ཞེས་སྩལ། ལོ་དེ་ཉིད་ཀྱི་ནང་དུ་ཀུན་དགའ་བདེ་ལེགས་པས་མཁན་པོ། པཎ་ཆེན་ལུང་རིགས་རྒྱ་མཚོས་སློབ་དཔོན། དབུ་མཛད་སངས་ཚུལ་བས་དུས་གོ་མཛད་ནས་དགེ་ཚུལ་སྒྲུབ། དགུང་ལོ་ཉི་ཤུ་པ་ས་ཡོས་དབོ་ཟླའི་ཚེས་བརྒྱད་ལ་མཁན་པོ་སྔ་མ་ཉིད་དང་། ལས་སློབ་འཇམ་དབྱངས་ལེགས་པ་ཆོས་འབྱོར། གསང་སྟོན་སངས་རྒྱས་དཔལ་བཟང་། དུས་གོ་བ་འོལ་ཀ་སངས་བཟང་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། ཚིག་སྔ་ཕྱིའི་མཁན་སློབ་རྣམས་དང་། པཎ་ཆེན་ནོར་བཟང་རྒྱ་མཚོ། ཡབ་ཀུན་དགའ་རྒྱལ་བ། པཎ་ཆེན་ཡེ་ཤེས་རྩེ་མོ། ཐོན་ཡོན་རྒྱ་མ་སོགས་བཤེས་གཉེན་མང་པོ་བསྟེན་ཏེ་མདོ་སྔགས་རིགས་གནས་དང་བཅས་པའི་ཚིག་དོན་ཐུགས་སུ་ཆུད། འཕགས་མ་དབྱངས་ཅན་མས་རྗེས་སུ་བཟུང་བས་རྩོམ་པ་ལ་ཐོགས་པ་མེད། རྒྱལ་མེ་ཏོག་ཐང་གི་ཆོས་གྲྭ་བཏབ། སེར་འབྲས་བཀྲ་ཤིས་ལྷུན་པོ་རྣམས་ཀྱི་ཁྲིར་ཕེབས་ནས་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་གདུལ་བྱ་བསྐྱངས། དགུང་ལོ་རེ་བརྒྱད་པ་ཆུ་སྟག་ལ་གཤེགས། དེའི་མཁན་བུ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་ནི། འོལ་ཀ་གྱང་གསར་དུ་ཤིང་གླང་ལོར་འཁྲུངས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། བསམ་གཏན་གླིང་། སེ་ར་སྨད། རྒྱུད་སྟོད་རྣམས་སུ་མདོ་སྔགས་ཀྱི་གཞུང་ལུགས་ལ་སྦྱངས། རྒྱུད་སྟོད་དང་ཤར་རྩེའི་གདན་ས་ནས་དགུང་ལོ་ང་བཞི་པ་ལ་དགའ་ལྡན་གྱི་ཁྲིར་ཕེབས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་བསྙེན་རྫོགས་བཞེས་པའི་མཁན་པོའང་ཡིན། དྲུག་ཅུ་པ་ལ་བདེ་བ་ཅན་དུ་ཟུར་བཞུགས་མཛད། རེ་གསུམ་ལ་གཤེགས། དེའི་མཁན་བུ་རྒྱལ་ཁང་རྩེ་བ་དཔལ་འབྱོར་རྒྱ་མཚོ་ནི། སྟོད་ལུང་དུ་མེ་ཁྱི་ལ་འཁྲུངས། བདེ་བ་ཅན་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྐྱོར་མོ་ལུང་། ར་བ་སྟོད། རྒྱུད་སྟོད་རྣམས་ཀྱི་གྲྭ་སར་གཞུང་ལུགས་ལ་སྦྱངས་པས་འཇིགས་པ་མེད་པའི་སྤོབས་པ་ཐོབ། ར་བ་བསྟོད་ཀྱི་འཆད་ཉན། རྒྱུད་སྟོད་དང་ཤར་རྩེ་སྦྲེལ་བའི་བླ་མ་མཛད། ང་བདུན་པ་ལ་དགའ་ལྡན་གྱི་ཁྲིར་ཕེབས། རེ་བཞི་པ་ལ་རྒྱལ་ཁང་རྩེར་ཟུར་བཞུགས་མཛད། དོན་བཞི་པ་ལ་གཤེགས། དེའི་མཁན་བུ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ནི། གྲྭ་བྱམས་པ་གླིང་གི་དགོན་ཞོལ་དུ་ཆུ་བྱ་ལ་འཁྲུངས། ཆུང་ངུ་ནས་དྭགས་པོ་གྲྭ་ཚང་དུ་གསན་སྦྱང་ལ་ཕེབས། སློབ་དཔོན་བློ་བཟང་ཆོས་འཕེལ་ལས་རབ་ཏུ་བྱུང་། མཚན་དཀོན་མཆོག་ཆོས་འཕེལ་དུ་བཏགས། དེ་རྗེས་ར་བ་སྟོད་དང་རྒྱུད་སྟོད་སོགས་ཀློག་པའི་གྲྭ་མང་པོ་བྱོན་ཏེ་མཁས་ཉན་མཛད་པས་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་ཕྱུག་ཏུ་གྱུར། དགུང་ལོ་ཉི་ཤུ་རྩ་བཞི་པ་ལ་རྒྱལ་ཁང་རྩེ་བ་ལས་བསྙེན་པར་རྫོགས། ར་བ་སྟོད་དང་རྒྱུད་སྟོད་བློ་གསལ་གླིང་རྣམས་ཀྱི་འཆད་ཉན་མཛད། གསང་ཕུ་གླིང་སྨད་ཀྱི་ཁྲི། ཤར་རྩེ་དང་དགའ་ལྡན་གྱི་ཁྲི་རྣམས་སུ་ཕེབས། རྗེ་ཐམས་ཅད་མཁྱེན་པ་རྒྱལ་མཆོག་ལྔ་པ་ཆེན་པོས་མཚན་ཉིད་ཀྱི་གཞུང་རྣམས་གསན་པའི་ཏི་ཤྲཱི་བཀུར། འཆད་མཁས་ཤིང་ཐུགས་དགོངས་བཟང་བས་ཞལ་སློབ་དགེ་བའི་བཤེས་གཉེན་མང་དུ་ཐོན། རྗེས་སུ་སློབ་མ་ཐམས་ཅད་ཀྱང་ཚུལ་གནས་ལུང་རིགས་སྨྲ་བ་ལ་སྦྱོར། སྡེ་རིས་ཀྱི་ཆགས་སྡང་མི་མངའ་བའི་དབང་གིས་དམག་འཁྲུགས་སོགས་སྡེ་གསར་སློང་བའི་གྲོས་ལ་རང་མི་འཇུག་ཅིང་གཞན་དག་ཀྱང་བསྲུང་བར་མཛད་པས། དགེ་ཕྱོགས་རྣམས་ཀྱིས་གཙང་ཞེན་པ་ཞེས་ཕྱོགས་འབུལ་ཞུ་བའང་བྱུང་། དགུང་ལོ་དོན་བཞི་པ་མེ་ཁྱི་ལ་དབུར་སྟོད་གསང་སྔགས་མཁར་དུ་སྐུ་གཤེགས། དེའི་མཁན་བུ་རྗེ་དཀོན་མཆོག་བསྟན་འཛིན་ནི། ཆུ་མོ་ཕག་གི་ལོ་ལ་འཁྲུངས། ཡུལ་དབུ་རུ་ཁ་རབ། འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྐུ་ན་ཕྲ་མོ་གྲྭ་སར་བཞུགས་དུས་ནས་བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་དུས་དབང་གིས་འབྱུང་བར་ཉེ་བ་རྣམས་ཀྱིས་ཀྱང་མ་གོས་པའི་བཙུན་གཅིག་པར་གྲགས། ར་བ་སྟོད་དང་། བློ་གསལ་གླིང་སོགས་སུ་མཚན་ཉིད་ཀྱི་གཞུང་ལུགས་ལ་མཁས་པར་སྦྱངས། རྒྱལ་མཆོག་ལྔ་པ་ཆེན་པོ་དང་རང་གི་མཁན་པོ་ཁྲི་རིན་པོ་ཆེ་སོགས་བཤེས་གཉེན་དུ་མ་ལས་གཞུང་ལུགས་གདམས་ངག་མང་དུ་གསན་ནས་ཐུགས་སུ་ཆུད་པར་མཛད། གཉལ་སྡེ་དྲུག་གི་མཁན་པོ་ལོ་བཅོ་ལྔ་སྐོར་དང་། དེ་རྗེས་ཉང་སྟོད་དཔལ་འཁོར་བདེ་ཆེན་གྱི་མཁན་སར་ཕེབས་ནས་གྲུབ་མཐའི་ཕྱོགས་ཆ་དང་བྲལ་བར་ཡུན་རིང་དུ་བསྐྱངས་པས་ས་དགེའི་གྲྭ་པ་ཐམས་ཅད་ཀྱི་སྤྱི་མི་ལྟར་བཀུར་ཞིང་བསྔགས། དེར་ནས་གདན་ས་ཡར་སྟོད་པ་ངག་དབང་ཕྲིན་ལས་ལ་གཏད་དེ་དབུར་སྟོད་གསང་སྔགས་མཁར་དུ་ལོ་ཤས་ཐུགས་དམ་ལ་བཞུགས་ནས་དགུང་ལོ་རེ་གཉིས་པ་ཤིང་བྱི་ལ་གཤེགས། དེའི་མཁན་བུ་ནི་གཡུ་སྒྲའི་རྣམ་འཕྲུལ་སྔ་འགྱུར་བསྟན་པའི་ཤིང་རྟ་པ་ཆེན་པོ་མཚན་བརྗོད་པར་དཀའ་བ་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་སྟེ། དམ་པ་འདི་ཉིད་ཀྱི་རྣམ་ཐར་མདོར་བསྡུས་ནི་འོག་ཏུ་གསལ་ལ། ཁྱད་པར་རྒྱལ་མཆོག་ལྔ་པ་ཆེན་པོས་བླ་ཆེན་སྡོམ་རྒྱུན་རྣམ་པར་དག་པ་ཁ་རབ་ཞལ་སྔ་ནས་ཞུས་ཤིང་། ཁོང་འདུལ་བའི་ངང་ཚུལ་ཤིན་ཏུ་གཙང་བས་སྔ་འགྱུར་གྱི་བསྟན་པའི་འབྲེལ་དང་བཅས་མ་ནུབ་པར་གྱིས་ཤིག་ཅེས་བསྐུལ་མ་གནང་བ་ལྟར། དགུང་གྲངས་ཉེར་བདུན་པ་དྲག་པོ་ལྕགས་སྤྲེལ་ནག་ཟླའི་ཚེས་བཅུ་གསུམ་ཉིན། མཁན་སློབ་སྦྲགས་མ་མཁན་ཆེན་དཀོན་མཆོག་བསྟན་འཛིན། གསང་སྟོན་རབ་འབྱམས་པ་བློ་བཟང་སྐྱེས་མཆོགདུས་གོ་བ་རབ་འབྱམས་ཕུན་ཚོགས་ལེགས་འབྱོར། གྲོགས་དན་པ་དགེ་སློང་བློ་བཟང་ཀུན་དགའ། ཁ་སྐོང་བ་དགེ་སློང་ངག་དབང་ཆོས་འཛིན་ཏེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ། རང་བྱུང་འཕགས་པའི་གཙུག་ལག་ཁང་ཆེན་པོ་པོ་ཊ་ལར། གྲོགས་རྗེ་དྲུང་རིན་པོ་ཆེ་དང་། གཅུང་དགེ་སློང་བཟོད་པ་བཅས་ཚིག་གསུམ་བར་མ་ཆད་པར་བསྙེན་རྫོགས་བཞེས། སྔ་རྗེས་གཅེན་རྒྱལ་བའི་སྲས་པོ་དང་། གུང་ཐང་པཎ་ཆེན། རབ་འབྱམས་པ་སངས་རྒྱས་ཆོས་དར་རྣམས་ལས་འདུལ་གཞུང་རྒྱ་མཚོ་ལྟ་བུ་གསན་ནས་ཐུགས་སུ་ཆུབ་པར་མཛད། བསྟན་པ་རིན་པོ་ཆེར་གཅེས་སྤྲས་ཀྱིས་གཞི་གསུམ་གྱི་ཆོ་ག་དང་སྡོམ་ཆོག་སྡོམ་གསུམ་རྣམ་ངེས་ཀྱི་ཊཱིཀ་ཆེན་སོགས་སྩལ་ཅིང་། སྡོམ་ཕྲུག་ཀྱང་དགེ་སློང་བཞི་བརྒྱ་ཞེ་བདུན་དང་། དགེ་ཚུལ་ཆིག་སྟོང་ཉིས་བརྒྱ་གོ་བརྒྱད་ལྷག་བཅས་བྱུང་བས་མཚོན་བཤད་པ་དང་ལག་ལེན་གྱི་རྒྱུན་རྒྱ་ཆེར་སྤེལ་བའི་ཕྲིན་ལས་ཀྱིས་ད་ལྟའི་དུས་སུ་སྔ་འགྱུར་གྱི་ཆོས་གྲྭ་ཆེ་ཕྲ་ཐམས་ཅད་དུ་རབ་བྱུང་གི་སྡེ་དང་གཞི་གསུམ་གྱི་ཕྱག་ལེན་ཇི་སྙེད་ཅིག་མཆིས་པ་ནི་དམ་པ་འདི་ཁོ་ནའི་བཀའ་དྲིན་ལས་བྱུང་བ་ཡིན་ཞིང་། དེར་མ་ཟད་སྔ་འགྱུར་མདོ་སྒྱུ་གཙོ་བོར་གྱུར་པའི་དབང་དང་བཤད་བཀའ་ད་ལྟའི་སྐབས་སུ་གང་བཞུགས་པ་འདི་དག་ཐམས་ཅད་དམ་པ་འདི་ཉིད་ཀྱི་བཀའ་དྲིན་ཁོ་ནས་བསྟན་སྲོག་མཐུད་པ་ལས་བྱུང་བ་མ་གཏོགས་གཞན་སུས་ཀྱང་རང་རང་གི་མགོ་རྒོད་ཀྱིས་ལོན་པ་མི་འདུག་པས། རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བའི་བསྟན་ལ་དགོངས་པ་དག་མཆིས་ན་རྒྱུ་མཚན་ཤེས་པའི་སྒོས་དྲིན་གཟོར་དམ་པ་འདི་ཉིད་ཀྱི་གསུངས་ལེགས་བཤད་བྱེ་བའི་གཏེར་མཛོད་གཅིག་པུར་གྱུར་པ་རྣམས་ལ་ཉན་བཤད་སྒོམ་གསུམ་རེ་ནི་ཅིས་ཀྱང་གནང་དགོས་པར་སེམས་སོ། །དེ་དང་འབྲེལ་བར་ལུང་ཆོས་འཛིན་པའི་བཤད་རྒྱུན་ཇི་ལྟར་བྱུང་བ་ཡང་། དམ་ཆོས་འདུལ་བའི་བཤད་རྒྱུན་ནི། འཕགས་ཡུལ་གྱི་སློབ་དཔོན་དཱ་ན་ཤཱི་ལ་དང་། ཛི་ན་མི་ཏྲ་གཉིས་ལས་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་གསན་ཏེ་བསྒྱུར་བཤད་ཀྱིས་གཏན་ལ་ཕབ། དེ་ལས་སྨར་གཡོ་གཙང་གསུམ་གྱིས་ཞུས། དེས་བླ་ཆེན། དེ་བཞི་ཀས་ཀླུ་མེས། དེས་གཟུས་རྡོ་རྗེ་རྒྱལ་མཚན་ལ་བཤད། ཡང་ཛི་དཱན་གཉིས་ལས་ཤཱཀྱ་སེ་ན། དྷརྨ་པཱ་ལ། ཀླུས་ལོ་ཙཱ་དང་སྐྱོགས་འདུལ་འཛིན་གཉིས། དེ་གཉིས་ལ་གཟུས་ཀྱིས་ཐུག་སྟེ། དེ་ནས་སྟོད་སྨད་ཀྱི་བཤད་རྒྱུན་གཉིས་གཅིག་ཏུ་འདྲེས་པ་དེ་ཉིད་གཟུས་ཀྱི་བུ་བཞིར་གྲགས་པ། འཛིམ་པ་ཤེས་རབ་འོད་དང་སྣེ་པོ་གྲགས་པ་རྒྱལ་མཚན་ཏེ་གཙང་གི་བུ་གཉིས། སྤོ་ཆུང་ཚུལ་ཁྲིམས་བླ་མ་དང་གླན་ཚུལ་བྱང་སྟེ་དབུས་ཀྱི་བུ་གཉིས་ལས་རྒྱ་ཆེར་འཕེལ་བའི་རྒྱུན་ལས་ཕྱིས་མཚོ་སྣ་བ་ཆེན་པོས་མནལ་ལམ་དུ་ཡོན་ཏན་འོད་ལས་མདོ་རྩ་གསན། མགོན་པོ་ཏྲཀྴད་ཀྱིས་བསྐུལ་ནས་འདུལ་བའི་རྣམ་བཤད་ཉི་མའི་འོད་ཟེར་སོགས་བརྩམས་ཏེ་འདུལ་བསྟན་གཞི་བཞེངས་སུ་བཏང་། གཞན་ཡང་རྒྱ་འདུལ་དབང་ཕྱུག་ཚུལ་ཁྲིམས། བྱ་འདུལ་དབང་ཕྱུག་འབར། རྩིས་འདུལ་འཛིན་པ་སོགས་ཁྱད་འཕགས་མང་དུ་བྱོན་པའི་བཤད་རྒྱུན་དེ་ཉིད་བསོད་ནམས་གྲགས་པ་ལས་བུ་སྟོན་གྱིས་གསན། འདི་ནས་ཁ་ཆེ་པཎ་ཆེན་གྱིས་ས་པཎ་ལ་སྩལ་པའི་བཤད་རྒྱུན་དང་ཡང་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་རྒྱུན་ལས་མདོ་རྩ་བའི་བཤད་རྒྱུན་སྔ་རབས་ཀྱི་བཀའ་སྲོལ་ད་ལྟའི་བར་རྒྱུན་ཆགས་པར་གནས་སོ། །མངོན་པ་གོང་འོག་ནི། པཎྜི་ཏ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སོགས་ཀྱི་གདགས་པའི་བསྟན་བཅོས་ལས། འཇིག་རྟེན་གདགས་པ། རྒྱུ་གདགས་པ། ལས་གདགས་པ་གསུམ་དང་། མངོན་པ་གོང་འོག་རང་འགྲེལ་དང་འགྲེལ་པ་རྒྱལ་སྲས་མ་སོགས་བསྒྱུར་ནས་བཤད། དེ་དག་གི་སློབ་མ་སྣ་ནམ་ཟླ་བའི་རྡོ་རྗེ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ། དབས་ཡེ་ཤེས་རྒྱལ་བ་གསུམ་ལས། ཕྱི་མ་ཁམས་སུ་བྱོན་ནས་གྲུམ་རྒྱལ་བའི་ཡེ་ཤེས་ལ་བཤད་ཅིང་དེ་ལས་དབུས་གཙང་གི་ལྗོངས་སུ་ཡར་དར་བ་ཡིན་ནོ། འདིར་ཀུན་མཁྱེན་དྷརྨ་ཀ་རས། འགོས་ལོ་སོགས་ཀྱིས་བརྒྱུད་པ་འདི་ནས་དར་བ་ནི་མངོན་པ་གོང་མ་ཁོ་ན་ཡིན་ལ་མཛོད་ཀྱི་བཤད་སྲོལ་ལ་བརྒྱུད་པ་ལྟར་ཆགས་འདེད་རྒྱུ་མེད་སྨྲས་ཀྱང་། བཤད་སྲོལ་འདི་ལ་ཀུན་བཏུས་གཙོ་ཆེར་དར་བ་ནི་བྱུང་སྲིད་མོད་ཀྱི། མཛོད་འགྲེལ་པ་དང་བཅས་པའང་འདི་ལས་ངེས་པར་འབྱུང་དགོས་ཏེ། ཀུན་མཁྱེན་བུ་སོགས་མཁས་པ་ཐམས་ཅད་ཀྱི་བརྒྱུད་ཁུངས་འདི་ཉིད་གཙོ་བོར་སྨོས་པའི་ཕྱིར་རོ་གསུངས། དེ་རྗེས་བྲང་ཏི་དར་མ་སྙིང་པོ་ལ་མངོན་པ་གོང་འོག་གཉིས་ཀའི་བཤད་སྲོལ་དང་། མཛོད་ཀྱི་བཤད་བཀའ་ཇོ་བོ་སྨྲྀ་ཏི་ནས་བརྒྱུད་པ་བཅས་ཀྱི་བཀའ་བབས་པས། དེ་ཕྱིན་མཛོད་ཀྱི་བཤད་རྒྱུན་སྔ་ཕྱི་གཅིག་འདྲེས་སུ་གྱུར་པ་དགེ་བའི་བཤེས་གཉེན་མཆིམས་སྟོན་རིམ་བྱོན་སོགས་ཀྱིས་སྤེལ་བ་ལས་མཛོད་ཀྱི་བཤད་རྒྱུན་མ་ཉམས་པ་བཞུགས་སོ། །ཤེར་ཕྱིན་ནི། ལྗོངས་འདིར་འཕགས་ཡུལ་དུ་གང་བཞུགས་ཐམས་ཅད་བྱོན་པར་གྲགས་ཏེ། རླངས་ཁམས་པ་གོ་ཆ་འཕགས་ཡུལ་དུ་བྱོན་ཏེ་ཤེར་ཕྱིན་འབུམ་པ་ཐུགས་སུ་བཟུང་ནས་བོད་དུ་བསྒྱུར་བ། ཆོས་རྒྱལ་ཉིད་ཀྱི་མཚལ་ཁྲག་དང་ར་དཀར་པོའི་འོ་མས་བྲིས་པ་རེག་ཟིག་དམར་པོར་གྲགས་ཏེ་བླ་འགྱུར་ཆུང་བ་དང་། ཡང་དབས་མཉྫུ་ཤྲཱི། ཉང་ཨིནྡྲ་ཝ་རོ་གཉིས་ཀྱིས་རྒྱ་གར་ནས་དཔེ་བླངས་ཏེ་བསྒྱུར་བ། བཙན་པོའི་དབུ་སྐྲའི་གཞོབ་རོམ་དང་ར་དཀར་མོའི་འ་ོམས་བྲིས་ཏེ་རེག་ཟིག་སྔོན་པོར་གྲགས་པ་དང་། པ་གོར་བཻ་རོ་ཙཱ་ནས་སླར་ཡང་ཞུ་ཆེན་མཛད་དེ་འགྲེས་རྐང་ཆད་པ་སོགས་བསབས། ཚིག་སྣ་བསྲིངས་ནས་བརྗོད་བདེར་བསྒྱུར་ནས་ལོ་ཆེན་ཉིད་ཀྱིས་ཕྱག་བྲིས་མཛད་པ་བཞུགས་སྣོད་ལས་ཤ་སྒྲོ་ཅན་དུ་གྲགས་པ་སྟེ་འདི་གཉིས་བླ་འགྱུར་འབྲིང་པོ་དང་། ཕྱིས་ཁྲི་རལ་དུས་སུ་རེནྡྲ་བོ་དྷི་དང་སྐ་ཅོག་གཉིས་ཀྱིས་ཞུ་ཆེན་མཛད་པའི་དུམ་བུ་བཅུ་དྲུག་པ་བླ་འགྱུར་ཆེན་མོ་སོགས་འགྱུར་མི་འདྲ་བ་འགའ་ཞིག་བྱུང་བར་གྲགས་ཤིང་། དམ་ཥྚ་སེ་ནའི་འབམ་ཊཱིཀ་སོགས་འགྲེལ་པའི་སྐོར་ཡང་བསྒྱུར། ཁྱད་པར་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྒྱལ་ཚབ་ས་བཅུའི་དབང་ཕྱུག་གིས་བཀྲལ་པའི་གཞུང་མངོན་པར་རྟོགས་པའི་རྒྱན་རྩ་བ་འགྲེལ་པ་དང་བཅས་པ་པཎྜི་ཏ་བིརྱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏ་སོགས་ཀྱིས་བསྒྱུར་བཤད་ཀྱིས་གཏན་ལ་ཕབ་པའི་བཀའ་དྲིན་ལས་བཤད་པ་དང་ཉམས་ལེན་གྱི་རྒྱུན་རྒྱ་ཆེར་བྱུང་བ་ཁམས་སུ་འཕོས་པའི་རྒྱུན་ལས། ཕྱིས་རྔོག་ལོའི་སློབ་མའི་ཐུ་བོ་ཤེར་ཕྱིན་བཀའ་བབས་འབྲེ་ཤེས་རབ་འབར་གྱིས། ཇོ་བོ་རིན་བཟང་རྔོག་ལོ་ཆེན་པོ་བཅས་ཕྱི་འགྱུར་གྱི་བཤད་རྒྱུན་ཐམས་ཅད་ཀྱང་གསན་པས་སྔ་འགྱུར་དང་ཕྱི་འགྱུར་གྱི་བཤད་རྒྱུན་ཐམས་ཅད་གཅིག་དྲིལ་གྱི་སྲོལ་ཆེན་པོ་བཏོད་པ་ཨར་བྱང་ཆུབ་སེང་གེས་བཟུང་སྟེ་བསྟན་པ་འདི་ལ་བྱ་བ་ཆེ་ཐང་དུ་མཛད་པ་ལས་རིམ་གྱིས་བརྒྱུད་དེ་བུ་སྟོན་གྱི་སློབ་མ་ཐུགས་སྲས་ལོ་ཙཱ་རིན་ཆེན་རྣམ་རྒྱལ་ལས་གཡག་མི་ཕམ་ཆོས་ཀྱི་བླ་མས་གསན་ཏེ་འགྲེལ་པ་ཆེ་འབྲིང་ཆུང་གསུམ་མཛད་ཅིད་འཆད་ཉན་རྩལ་དུ་བཏོན་པས་ཕར་ཕྱིན་གཡག་ལ་ཐུག་ཟེར་བ་བྱུང་། དེའི་སློབ་མ་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་གཟིགས་ཀྱིས་ཤེར་ཕྱིན་གཙོས་མདོ་ཕྱོགས་ལ་རྣམ་བཤད་གཞུང་འགྲེལ་བཞི་བཅུ་ཞེ་གསུམ་ཙམ་དང་ཁྱད་པར་ཕར་ཕྱིན་རོང་ཊཱིཀ་ཆེན་མོ་སོགས་མཛད་ཅིང་འཆད་ཉན་གྱི་རྐང་བཟུང་སྟེ། ཡབ་སྲས་དེ་དག་གི་རྣམ་དཔྱོད་ཀྱི་མཐུ་ཕུལ་དུ་བྱུང་བས་བཤད་པའི་ཆུ་རྒྱུན་བཟང་པོ་ད་ལྟའི་བར་མ་ཉམས་པར་བབས་སོ། །དབུ་མ་ནི། པཎྜི་ཏ་ཛྙཱ་ན་གརྦྷ་དང་། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་སོགས་ཀྱིས་དབུ་མ་རྩ་བ་ཤེས་རབ། འགྲེལ་པ་ཤེས་རབ་སྒྲོན་མ་དང་བུདྡྷ་པ་ལི་ཏ་སོགས་དབུ་མའི་བསྟན་བཅོས་ཕལ་ཆེར་གཏན་ལ་ཕབ། མཁན་ཆེན་ཞི་བ་འཚོ་དང་། ཀ་མ་ལ་ཤཱི་ལ་ཡབ་སྲས་རྣམས་ཀྱི་གསུངས་ལ་བརྟེན་རང་རྒྱུད་པའི་ལུགས་ཀྱི་བཤད་ཉན་ཆེས་དར་ཞིང་། ཁྱད་པར་ཆོས་རྒྱལ་ཆེན་པོའི་ཐུགས་བསྐྱེད་དུས་སུ་སྨིན་པའི་དབང་གིས་ཀུན་མཁྱེན་བླ་མ་བརྩེ་བ་ཆེན་པོས་སློབ་དཔོན་ཀ་མ་ལ་ཤཱི་ལ་ལས་དབུ་མ་རྒྱན་གྱི་བཤད་རྒྱུན་ཉེ་བརྒྱུད་དུ་གསན་ནས་ཐམས་ཅད་མཁྱེན་པ་མི་ཕམ་རྒྱ་མཚོ་ལ་སྩལ་ཅིང་། དེ་ཉིད་ཀྱི་འགྲེལ་ཆེན་གྱིས་བཀྲལ་ཅིང་སྤེལ་བར་མཛད་པས་ཕྱོགས་འདིར་ཡང་བསྐལ་པ་བཟང་པོའི་དུས་སྟོན་གསར་དུ་འཆར་བར་གྱུར་ཏོ། །དེ་བཞིན་དུ་སློབ་དཔོན་འཕགས་པ་ཐོགས་མེད་ལས། རྗེ་བླ་མ་མཁྱེན་བརྩེའི་ཞབས་ཀྱིས་བྱམས་ཆོས་སྡེ་ལྔ་ཀའི་བཤད་བཀའ་བྱིན་རླབས་ཉེ་བརྒྱུད་དུ་གསན་པ་མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ་ལ་གནང་བའི་རྒྱུན་ཡང་ད་ལྟ་མ་ཆད་ཙམ་དུ་སྣང་ངོ་། །དེ་ལྟར་གོང་དུ་སྨོས་པ་རྣམས་ནི་སྔ་འགྱུར་གྱི་བཤད་རྒྱུན་མ་ཉམས་པར་དེང་སང་གི་དུས་འདིར་ཇི་ཙམ་བཞུགས་པ་སྨོས་པར་ཟད་ཀྱི་བསྟན་པ་འཕེལ་འགྲིབས་སྐབས་སུ་རྒྱུན་ཆད་པ་དང་། གཞན་བསྟན་པ་ཕྱི་དར་གྱི་དུས་སུ་བྱོན་པ་ནི་མཐའ་ཡས་མོད། དེ་དག་ཡི་གེའི་ལམ་དུ་འདྲེན་པར་མི་ནུས་པས་ཆོས་འབྱུང་དང་ལོ་རྒྱུས་གཞན་དུ་བལྟ་བར་བྱའོ།། །།


previousབསྟན་རྩ་སོ་ཐར་གྱི་སྡོམ་རྒྱུན་སོགས་ཐུབ་བསྟན་རིན་པོ་ཆེ་ཐོག་མར་ཇི་ལྟར་བྱུང་ཚུལ་མདོར་བསྟན་པ།next