Nitartha Digital Library
Tibetan
 
previousརིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོ་ལས་འཕྲོས་པའི་གཏམ་ཉུང་གསལ་དྲང་པོར་བརྗོད་པ་ལྷའི་རྔ་སྒྲ། no next

རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོ་ལས་འཕྲོས་པའི་གཏམ་ཉུང་གསལ་དྲང་པོར་བརྗོད་པ་ལྷའི་རྔ་སྒྲ།

༄༅། །རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོ་ལས་འཕྲོས་པའི་གཏམ་ཉུང་གསལ་དྲང་པོར་བརྗོད་པ་ལྷའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་སརྦ་ཛྙཱ་དཱཪྴཱེ་གུ་ན་ས་མུ་དྲ་པཱ་ད་ཡེ།
མགོན་པོ་གཟོད་ནས་མངོན་པར་བྱང་ཆུབ་ཀྱང། །སྙིང་རྗེ་ཆེན་པོས་སྲིད་པ་ཇི་སྲིད་བར། །མཐའ་ཀླས་གདུལ་བྱར་གང་འདུལ་བཀོད་པའི་སྤྲིན། །བསམ་མི་ཁྱབ་སྟོན་འཇམ་མགོན་བླ་མས་སྐྱོངས། །ཟབ་གསང་རྒྱུད་སྡེ་རྒྱ་མཚོའི་དེ་ཁོ་ན། །སྟོན་དང་ཞུ་གསོལ་སྡུད་དང་སྤེལ་མཛད་པོ། །མ་ལུས་ཁྱོད་གཅིག་ཁོ་ནའི་རྣམ་རོལ་དུ། །ལེགས་པར་ཤེས་ནས་དང་བས་ཕྱག་བགྱིའོ། །འཕགས་པའི་ཕྲིན་ལས་མཁའ་ལྟར་ཚད་བཟུང་བྲལ། །ཡེ་ཤེས་ཡངས་པའི་སྤྱོད་ཡུལ་བསམ་མི་ཁྱབ། །དེ་ཀུན་ཚུར་མཐོང་བྱིས་བློས་གཞལ་བྱ་ཅི། །དེ་སླད་བསམ་མི་ཁྱབ་ལ་སྤྲོ་བྱས་ནས། །རྒྱལ་བ་མཆོག་གི་བདེན་གསུང་སེང་གེའི་སྒྲས། །རྗེས་བསྟན་ངོ་མཚར་སྔོན་མེད་གསང་བའི་མཛོད། །གསར་དུ་ཕྱེས་ལས་འཕྲོས་གཏམ་ལྷ་ཡི་རྔ་། །གཟུར་གནས་རྣམ་སད་དགའ་བའི་གསོས་སུ་སྤེལ། །དེ་ཡང་ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། ཚད་མའི་སྐྱེས་བུ། ཐུབ་པའི་རྒྱལ་ཚབ། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུའི་ངོ་མཚར་བའི་རྣམ་ཐར་དང་བཀའ་དྲིན་ཅན། མཚན་བརྗོད་པར་དཀའ་བ་རྒྱལ་བས་ལུང་བསྟན་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེའི་ཞལ་སྔ་ནས་བཀའ་ཡི་བསྡུ་བ་མཛད་པའི་མཛོད་ཆེན་རྣམ་པ་ལྔའི་ཡ་གྱལ། ཟབ་གསང་ནང་རྒྱུད་སྡེ་གསུམ་གྱི་སྙིང་པོའི་ཡང་བཅུད། ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ལུང། མ་ཚོགས་ཌཱ་ཱཀི་{ཀཱི}བྱེ་བའི་སྙིང་ཁྲགདམ་ཉམས་དང་འདྲེས་ཁྱེར་གྱི་བསླད་མ་ཞུགས་པའི་སྙན་བརྒྱུད་ཚད་མ་གསུམ་ལྡན་རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོ་ལས་འཕྲོས་པའི་གཏམ་གྱི་སྦྱོར་བ་ཉུང་ཟད་བདེན་གཏམ་དྲང་པོར་ངག་གིས་ས་བོན་ཙམ་བརྗོད་པ་ལ་ལྔ། བརྒྱུད་པ་རིན་པོ་ཆེ་སྤྱིའི་བབས་ཚུལ་མདོར་བསྟན། ལས་འཕྲོ་གཏེར་བརྒྱུད་ཀྱི་ལོ་རྒྱུས་བྱེ་བྲག་ཏུ་བཤད། དེ་ལས་བཀའ་བསྡུ་ཇི་ལྟར་མཛད་པའི་ཚུལ། དེ་ལ་གཞན་གྱི་ལོག་རྟོག་གི་སྐྱོན་བསལ། དེ་ལྟར་བསྡུས་པའི་དགོས་ཆེད་ཕན་ཡོན་དང་བཅས་པ་བཤད་པའོ། །དང་པོ་ནི། རྣ་རྒྱུད་ལུང་གི་ཕྲེ་བར། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡི་གསུངས་པའི་ལུང་ཆེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་པས། །དང་པོ་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨོས། །ཞེས་གསུངས་པས་། དེ་ཡང་སྤྱིར་གདུལ་བྱའི་བློ་རིམ་དང་མཐུན་པར་ཐེག་པ་ཆེ་ཆུང་གི་བབས་དང་། མདོ་སྔགས་གསར་རྙིང་གི་རྒྱུད་སྡེའི་དགོངས་པ་གླེང་གཞི་སོགས་འཆད་ཚུལ་ཇི་སྙེད་པ་ཞིག་མཆིས་ནའང་། འདིར་སྔ་འགྱུར་ཐུན་མིན་གྱི་དབང་དུ་བྱས་ན། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡའ་བརྒྱུད། གང་ཟག་སྙན་བརྒྱུད་དེ་གསུམ་ལས། དང་པོ་ནི། སྒྱུ་འཕྲུལ་རྩ་རྒྱུད་གསང་བ་སྙིང་པོ་ལས། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ལོངས་སྐུ་ཟད་མེད་ཡིད་བཞིན་གཏེར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་གསུངས་པ་བཞིན། སྟོན་པ་སྐུ་གསུམ་གྱི་བདག་ཉིད་དཔལ་ཀུན་ཏུ་བཟང་པོ་ཉིད། སྲིད་ཞི་གང་དུའང་མ་ཕྱེ་བའི་སྔོན་རོལ་དུ། ཡེ་ཐོག་དང་པོའི་གཞི་ལ་རིག་པ་ཡེ་ཤེས་གཟུང་འཛིན་གྱི་སྦུབས་རྒྱ་ལས་གྲོལ་ཏེ། ཁྱད་ཆོས་དྲུག་གི་ཚུལ་དུ་མངོན་པར་བྱང་ཆུབ་ནས། སངས་རྒྱས་སེམས་ཅན་ཀུན་ལ་ལམ་སྲོལ་བཏོད་པའི་འབྱུང་གནས་ཆེན་པོར་གྱུར་ཏེ། སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ནང་དབྱིངས་གཞོན་ནུ་བུམ་པ་སྐུ་ཡི་ཞིང་ཁམས་ཆེན་པོར་དུས་གསུམ་འཕོ་འགྱུར་དང་བྲལ་བ་དུས་བཞི་མཉམ་པ་ཉིད་ཀྱི་ངང་དུ་བཞུགས་སོ། །དེའི་ཚེ་ན་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གཅིག་དང་ཐ་དད་དུ་བྲལ་བའི་རང་བཞིན་དུ་ངོ་བོ་དབྱེར་མི་ཕྱེད་ཅིང་ཡུལ་དང་ཡུལ་ཅན་གྱི་དངོས་པོའི་མཚན་མར་མ་གྲུབ་པས་ཕན་ཚུན་གཟིགས་བྱ་གཟིགས་བྱེད་ལས་འདས་པའི་རང་བྱུང་གི་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ཏུ་སྣང་བ་ནི། གསང་སྙིང་ལས། གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །དེ་ལྟར་རང་བཞིན་གཉིས་སུ་མེད་པའི་སྟོན་པ་མཆོག་གིས། འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ལ། དུས་བསམ་གྱིས་མི་ཁྱབ་པར་། ཆོས་སྒྲ་ཚིག་རང་མཚན་ལས་འདས་པའི་འོད་གསལ་འདུས་མ་བྱས་ཀྱི་དགོངས་པ་ལྷུན་གྲུབ་རྒྱུན་མི་འཆད་པར་རང་སྣང་བར་མཛད་པའོ། །དེ་ཉིད་ཀྱི་རྩལ་མདངས་སྔ་མ་ལས། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞིང་ཁམས་རྣམ་དག་བསམ་ཡས་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །མཐོང་ནས་ཉེ་བར་མཉེས་པ་དང་། །རྒྱ་ཆེན་གསུང་ལ་དོན་འབྱུང་པའང་། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་གསུངས་པ་ལྟར་ལྷུན་གྲུབ་སྟུག་པོ་བཀོད་པའི་ཞིང་ཁམས་ལོངས་སྤྱོད་ཆེན་པོའི་རྒྱན་བཀོད་ཚད་མེད་པར། སྟོན་པ་ཀུན་ཏུ་བཟང་པོ་ཉིད་མཚན་དཔེ་གསལ་རྫོགས་ཀྱི་རྣམ་པ་ཅན་རིགས་དྲུག་པའི་ཕྱག་རྒྱར་བཞེངས་ནས། ཉིད་ལས་མི་གཞན་པའི་འཁོར། བཀའ་སྡོད་སྐྱེས་བུ། རྒྱལ་ཚབ་རིགས་ལྔ། རྒྱལ་སྲས་སེམས་དཔའ། འཇོམས་བྱེད་ཁྲོ་བོ་དང་བཅས་པ་རྒྱལ་བའི་ཡེ་ཤེས་ཀྱི་རང་མདངས་འབའ་ཞིག་པར། བློས་བཀོད་པའི་དུས་གསུམ་དང་བྲལ་བའི་དུས་བཞི་མཉམ་པ་ཉིད་རྟག་པ་རྒྱུན་གྱི་འཁོར་ལོར། ཆོས་ཟབ་གསང་རྡོ་རྗེ་ཐེག་པ་ནང་པ་བསྐྱེད་རྫོགས་གསུམ་གྱི་འཁོར་ལོ་སྒྲ་ཚིག་རང་མཚན་ལས་འདས་པའི་གསུང་གིས་བགྲོ་བ་མཛད་པ་སྟེ། འདི་ནི་དེ་བཞིན་གཤེགས་པ་འབའ་ཞིག་གི་སྤྱོད་ཡུལ་ལས་གཞན་ས་བཅུའི་སེམས་དཔའ་རྣམས་ལའང་སྣང་བ་མ་ཡིན་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་སོ། །དེ་ལྟར་སངས་རྒྱས་རང་སྣང་གི་ས་ན་གཉིས་སྣང་གི་རྟོག་པ་ཤིན་ཏུ་ཕྲ་བའང་དབྱིངས་སུ་ནུབ་པས་བྱེད་རྩོལ་གྱི་སྤྲོས་པ་མི་མངའ་ཡང་སྔོན་གྱི་སྙིང་རྗེ་ཆེན་པོའི་ལྷན་ཅིག་བྱེད་རྐྱེན་གྱིས། རང་བྱུང་ཟག་མེད་ཀྱི་ཡེ་ཤེས་རྣམ་ཀུན་མཆོག་ལྡན་ཉིད་རྣམ་པ་ཐམས་ཅད་པར་འཆར་བའི་ཚུལ་གྱིས། གང་ལ་གང་གདུལ་གྱི་གདུལ་བྱའི་ཁམས་ལ་གཟུགས་སྐུའི་རྣམ་རོལ་སྣ་ཚོགས་སུ་སྣང་ཞིང་སྟོན་པར་མཛད་པ་ཡིན་ཏེ། གསང་སྙིང་ལས། དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ཡང་དག་ཐར་པའི་གཟུགས་སྐུ་དང་། །འགྲོ་བ་མ་ལུས་འདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །ཞེས་གསུངས་པ་ལྟར་ཞིབ་པར་འོག་ཏུའང་འཆད་པར་འགྱུར་ལ། ཚུལ་དེ་ལྟ་བུའི་སྟོན་འཁོར་དགོངས་པ་གཉིས་སུ་མེད་པར་བཞུགས་པ་དེའི་ངང་ལས་མ་གཡོས་བཞིན་དུ་གདུལ་བྱའི་ཁམས་སུ་ཆོ་འཕྲུལ་རྣམ་པ་གསུམ་སྣང་བར་མཛད་དེ། དེ་ཡང་སྐུའི་སྤྲུལ་པ་ལྟར་སྣང་བའི་ཆོ་འཕྲུལ་ནི། རང་བཞིན་དང་། འགྲོ་འདུལ་དང་། སྣ་ཚོགས་སྤྲུལ་པ་གསུམ་གྱི་བཀོད་པས་གདུལ་བྱའི་སྐལ་བ་དང་འཚམ་པར་དོན་མཛད་ཅིང་། གསུང་གི་སྤྲུལ་པ་ལྟར་སྣང་བའི་ཆོ་འཕྲུལ་ཡང་། སྟོན་པ་ཉིད་ཀྱི་གསུང་གསུམ་དབྱེར་མི་ཕྱེད་པའི་དབྱིངས་ལས་སྐྱེ་མེད་མཚོན་པའི་ཡི་གེ་ཨ་ཉིད་རང་སྣང་བའི་རྣམ་པར་འཕྲུལ་བ་ཨཱ་ལི་དང་ཀཱ་ལིའི་ཚོགས་རྣམས་ལས། མཚོན་བྱ་དང་མཚོན་བྱེད་ཐ་མི་དད་བཞིན་དུ་དོན་གྱི་དགོས་པ་མཚོན་བྱེད་ཀྱི་ཡི་གེའི་ཚོགས་སུ་སྣང་ནས་གདུལ་བྱའི་དོན་འབྱུང་སྟེ། དེ་ཡང་སྒྲར་སྣང་རུང་ཙམ་སྟོན་པ་རིགས་དྲུག་པའི་དགོངས་པའི་ཀློང་ན་རང་གསལ་བ་ཉིད་རྒྱལ་བ་རིགས་ལྔ་ལ་སོགས་པའི་ཐུགས་སུ་ཆུད་པར་མཛད་པ་བཞིན། གསང་བདག་ལ་སོགས་པ་གཞན་སྣང་དུ་སྟོན་པའི་སྟོན་པས་སྒྲར་གྲགས་པའི་སྒོ་ནས་གཞན་ལ་སྣང་བར་མཛད་པ་སྟེ། བློ་གྲོས་ཐབས་ལྡན་ལ་སོགས་པས་བརྡར་གྱུར་པའི་ཡི་གེའི་ཚོགས་སུ་བྱས་ནས་རིམ་པར་བརྒྱུད་དེ། ད་ལྟར་ཡང་ཡི་གེའི་ཕྱི་མོ་བརྡར་གྱུར་པའི་ཚུལ་དུ་ཡོད་པ་སོགས་ལས་འཆད་པ་པོའི་བློ་ལ་བརྗོད་བྱའི་དོན་མཚོན་པའི་སྒྲ་སྤྱི་སྣང་ནས་སྒྲར་གྲགས་པའི་ཚུལ་གྱིས་བཤད་པས་ཉན་པ་པོའི་བློ་ལའང་དེ་ལྟར་སྣང་བ་ནི་དེ་བཞིན་གཤེགས་པའི་གསུང་གི་ཆོ་འཕྲུལ་ཡི་གེ་འཁོར་ལོའི་ཆོ་འཕྲུལ་རྨད་དུ་བྱུང་བའོ། །ཐུགས་ཀྱི་སྤྲུལ་པ་ལྟར་སྣང་བའི་ཆོ་འཕྲུལ་ནི། ཡི་གེས་མཚོན་པར་བྱ་བའི་གནས་ལུགས་མ་འཁྲུལ་པའི་ཡེ་ཤེས་དེ་རང་ཉིད་ཀྱི་ཐུགས་ལ་མངའ་བཞིན་རང་ལས་མི་གཞན་པའི་འཁོར་རྣམས་ཀྱི་ཐུགས་སུ་ཆུད་པར་བྱིན་གྱིས་བརླབས་ནས། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ཀྱི་ཀུན་རྟོག་གི་རྒྱུད་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་ངལ་གསོ་བར་བྱ་བའི་ཕྱིར་གསང་ཆེན་བླ་ན་མེད་པའི་ཐེག་པ་རྩོལ་བྲལ་ཨ་ཏི་ཡོ་གའི་བར་ཉིད་ཀྱི་དགོངས་པའི་ཀློང་ནས་ཉིད་ཀྱི་ཐུགས་ལ་རང་གསལ་བའི་ཚུལ་གྱིས་མཁྱེན་པར་མཛད་ནས། དེ་ཉིད་དངོས་སུ་གོ་རྟོགས་ཀྱི་སྐལ་བ་དང་མི་ལྡན་པ་རྣམས་ལ་ལམ་སྟེགས་ཀྱི་ཐེག་པ་སྣ་ཚོགས་པར་སྣང་བས་རིམ་བཞིན་བླ་མེད་ཀྱི་ཐེག་པར་ཡོངས་སུ་སྨིན་ཅིང་གྲོལ་བར་བྱེད་པའི་ཟབ་མོའི་དོན་རྣམས་ངོ་སྤྲོད་ཅིང་མཚོན་པར་བྱེད་པ་ཡིན་ནོ། །གཉིས་པ་རིག་འཛིན་བརྡ་ཡི་བརྒྱུད་པ་ནི། གླང་ཆེན་རབ་འབོག་གི་རྟོག་པ་དུམ་བུའི་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རིགས་གསུམ་མགོན། །དེ་ལ་གཏད་པས་ཁམས་གསུམ་སྒྲོན་མེ་ཡིན། །རིགས་ལྔའི་འཁོར་གྱི་མཁའ་འགྲོ་སྡེ་བཞི་རྣམས། །དེ་ལ་གཏད་པས་གསང་སྔགས་སྲུང་མ་ཡིན། །སྔོན་སྦྱངས་གང་ཟག་ཆོས་ཀྱི་སྤྱན་ལྡན་རྣམས། །དེ་ལ་གཏད་པས་བསྟན་པ་དར་བ་ཡིན། །ཞེས་གསུངས་པ་ལྟར། སྟོན་པས་འོག་མིན་དུ་གསུངས་ནས་ཉིད་ལས་མི་གཞན་པའི་རྒྱལ་སྲས་རིགས་གསུམ་སེམས་དཔའ་དང་། རིགས་ལྔ་འཁོར་གྱི་མཁའ་འགྲོ། ཕྱི་རབས་ཀྱི་གང་ཟག་ཆོས་ཀྱི་སྤྱན་ལྡན་དང་བཅས་པ་རྣམས་ལ་བསྟན་པ་མི་ནུབ་པའི་བཙས་སུ་རྒྱུད་རྣམས་གཏད་པར་མཛད་པ་ལས། མཁྱེན་རབ་ཀྱི་དབང་ཕྱུག་འཇམ་དཔལ་གཞོན་ནུ་མཛེས་པའི་སྐུ་དང་ལྡན་པ་དེ་ཉིད་ཀྱིས། ལྷ་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད། དེ་ནས་རིམ་པར་ལྷ་དབང་བརྒྱ་བྱིན་གྱི་བར་ཚོམ་བུ་འབུམ་དང་བཅས་པས་མཆོག་གི་དངོས་གྲུབ་བརྙེས་ཏེ་ལྷ་ཡུལ་དུ་དར་བར་བྱས། བྱམས་བརྩེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པ་དེས། ཀླུ་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད། དེ་ནས་རིམ་པར་ཀླུ་རྒྱལ་འཇོག་པོའི་བར་ཚོམ་བུ་འབུམ་དང་བཅས་པ་རིག་འཛིན་གྱི་སར་བཀོད་ནས་ཀླུ་ཡུལ་དུ་དར་བར་མཛད། མཐུ་སྟོབས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་འཇིག་ཚུལ་བསྡིགས་པའི་སྐུ་དང་ལྡན་པ་དེས། གནོད་སྦྱིན་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད། དེ་ལས་རིམ་པར་བརྒྱུད་དེ་གནོད་སྦྱིན་སྐར་མདའ་གདོང་སོགས་ཀྱི་བར་ཚོམ་བུ་འབུམ་དང་བཅས་པ་རྡོ་རྗེ་འཆང་གི་སར་གཤེགས་ཏེ་གནོད་སྦྱིན་གྱི་ཡུལ་དུ་བསྟན་པ་རྒྱས་པར་མཛད་དོ། །དེ་ནས་མི་ཡུལ་དུ་ཡོངས་སུ་གྲགས་པ་ཇི་ལྟར་བྱུང་བའི་ཚུལ་ནི། མདོ་དགོངས་པ་ལུང་སྟོན་སོགས་ལས་ཇི་ལྟར་ལུང་བསྟན་པ་དང་མཐུན་པར། སྟོན་པ་མཆོག་གི་སྤྲུལ་སྐུ་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་ན། ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིག་འཛིན་ལི་ཙ་བཱི་དྲི་མེད་གྲགས་པ་སྟེ། དམ་པའི་རིགས་ཅན་དྲྭ་མ་ལྔ་རང་རང་གི་གནས་སུ་ནང་དུ་ཡང་དག་འཇོག་པ་ལ་ཞུགས་པ་ལས་ལངས་པ་དང་། འཇིག་རྟེན་མུན་པ་ལྟ་བུར་གྱུར་པ་མཐོང་ནས་སྟོན་པ་མྱ་ངན་ལས་འདས་པར་ཤེས་ཏེ། གང་དུ་འདུ་བའི་གནས་ནི། ཇི་སྐད་དུ། རྩེ་ན་བཙན་གྱི་རྒྱལ་པོ་གནས། །ངོས་ལ་བྲག་དཀར་ཁྱི་ཚུགས་པ། །སེང་གེ་གནམ་དུ་མཆོང་འདྲས་བརྒྱན། །རྩི་སྨན་རྩ་བརྒྱད་རྩ་བར་འཁྲུངས། །འདུ་བའི་ནད་ཀྱིས་ཡོངས་མི་ཚུགས། །སྤྱི་བོར་ཀ་ལནྟ་ཀ་ནི། །མི་གཉིས་གཅིག་པུར་གནས་པ་ཡི། །མཛོད་ལྡན་དེ་ཡི་ཚང་བཅས་པ། །སྐལ་ལྡན་རྣམས་ནི་བགྲོད་པར་སླ། །སྐལ་མེད་རྣམས་ཀྱིས་ཡོངས་མི་ཐར། །ཞེས་པའི་མཚན་ཉིད་དང་ལྡན་པའི་ལངྐའི་ཡུལ་གྱི་རི་བོ་དྲག་ཤུལ་ཅན་ནམ་གནམ་ལྕགས་ཡོད་པའི་རྩེ་མོར་རང་རང་གི་རྫུ་འཕྲུལ་གྱི་བྱ་བས་གཤེགས་ཏེ། ཕྱོགས་བཅུའི་སངས་རྒྱས་ཡིད་ལ་བྱས་ནས་གདུང་ཚིག་ཉེར་གསུམ་བཏོན་པས། གསང་བའི་བདག་པོ་དངོས་སུ་བྱོན་ནས། དམ་པའི་རིགས་ཅན་དྲྭ་མ་ལྔ་སོགས་རིག་འཛིན་འདུས་པ་ཕལ་མོ་ཆེ་ལ། སྔར་འོག་མིན་སོགས་སུ་བསྟན་པའི་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སླར་ཡང་བཟླས་ཏེ་གསུངས་སོ། །དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་རིན་པོ་ཆེ་གསེར་གྱི་ཤོག་བུ་ལ་བཻཌཱུརྱ་ཞུན་མས་ཡི་གེར་བྲིས་ནས་དགོངས་པའི་ཏིང་ངེ་འཛིན་གྱི་རྩལ་གྱིས། མི་ཟད་པའི་གཏེར་ནམ་མཁའི་མཛོད་དུ་རྒྱ་བདུན་གྱིས་བཏབ་བོ། །དེའི་ཚེ་དེའི་བྱིན་རླབས་ཀྱིས་ས་ཧོར་རིའི་རྒྱལ་པོ་ཛ་ལ་རྨིས་ལྟས་ངོ་མཚར་བ་བདུན་བྱུང་བ་དང་མཐུན་པར་རྒྱལ་པོའི་ཁང་སྟེང་དུ་བཛྲ་པ་ཎིའི་སྐུ་ཁྲི་གང་བ་ཞིག་དང་། སརྦ་བུདྡྷ་ས་མ་ཡོ་ག་སོགས་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་གླེགས་བམ་དངོས་སུ་བབས། དེའི་ཚེ་རྒྱལ་པོས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་རྟོགས་ནས་དེ་དང་ཕྱག་རྡོར་གྱི་སྐུ་ལ་བརྟེན་ནས་ཟླ་བ་བདུན་སྒྲུབ་པའི་རྡོ་རྗེ་སེམས་དཔའི་ཞལ་མཐོང་ཞིང་ཡེ་ཤེས་ཀྱི་དབང་བསྐུར་བས་གླེགས་བམ་གྱི་བརྡ་དོན་མ་ལུས་པ་མཁྱེན། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཕྱེས་ཏེ་རྒྱལ་པོ་ཀུ་ཀུ་རཱ་ཛ་ལ་བཤད། དེ་ནས་རིམ་པར་བརྒྱུད་དེ་སྲས་མོ་གོ་མ་དེ་བཱིའི་བར་འཁོར་ཚོམ་བུ་དང་བཅས་ཏེ་རིག་འཛིན་གྱི་སར་གཤེགས་ནས་རྣལ་འབྱོར་མ་ཧཱའི་རྒྱུད་རྣམས་དར་བར་མཛད། བྱེ་བྲག་སྒྲུབ་པ་བཀའ་བརྒྱད་ཀྱི་སྐོར་རྣམས་ནི། གསང་བདག་རྡོ་རྗེ་ཆོས་ཀྱིས་རང་ཉིད་ཚོམ་བུ་དགུ་ཡི་དཀྱིལ་འཁོར་དུ་སྣང་བར་མཛད་ནས་ཐོག་མར་ངག་ཏུ་བསྡུས། དེ་ནས་གླེགས་བམ་ལ་བཀོད་དེ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་སྤྱི་བྱེ་བྲག་གི་ཆོས་སྐོར་སོ་སོར་ཕྱེས་ནས་མཆོད་རྟེན་བདེ་བྱེད་བརྩེགས་པར་སྦས་པ། ཕྱིས་གྲུབ་པའི་རིག་འཛིན་བརྒྱད་དང་། ཀུན་འདུས་པདྨ་ཐོད་ཕྲེང་རྣམས་ཀྱིས་བཏོན་ནས་སྣོད་ལྡན་རྣམས་ལ་རྒྱ་ཆེར་སྤེལ་བར་མཛད་དོ། །རྫོགས་པ་ཨ་ནུའི་སྐོར་རྣམས་ཆོས་རྒྱལ་ལུང་བསྟན་རྡོ་རྗེ་ལ་གསང་བའི་བདག་པོས་དབང་བསྐུར་ཅིང་བསྟན་པས་དོན་ཐུགས་སུ་ཆུད་ཅིང་ཚིག་བརྒྱུད་རྣམས་ལི་ཙ་བཱི་དྲི་མེད་གྲགས་པ་ལས་གསན་ནས། སློབ་དཔོན་ཨུ་པ་རཱ་ཛ་སོགས་ལ་བསྟན་པ་ནས་རིམ་པར་སློབ་དཔོན་ཆེན་པོ་རོ་ལང་བདེ་བའི་བར་རང་རང་གི་ཚོམ་བུ་ཁྲི་ཕྲག་ལྔ་ནས་གཅིག་གི་བར་ཐམས་ཅད་སྤྲོས་བཅས་ཀྱི་སྤྱོད་པ་ཚོགས་ཀྱི་བསྒྲུབས་པས་ཟུང་འཇུག་གི་སྐུ་བརྙེས་ཏེ་དར་བར་མཛད། མན་ངག་རྫོགས་པ་ཆེན་པོའི་སྐོར་རྣམས་ནི། གསང་བདག་གིས་དུར་ཁྲོད་མེ་རི་འབར་བར་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བ་དེའི་ཚེ། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས་དཔལ་རྡོ་རྗེ་སེམས་དཔའ་ལས་དངོས་སུ་གསན་ནས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་སོགས་ལ་གསུངས་པ་ནས། རིམ་པར་བི་མ་དང་པདྨ་འབྱུང་གནས་ཀྱི་བར་བརྒྱུད་དེ་སྔ་མ་རྣམས་ཟག་ཟད་འོད་སྐུར་གཤེགས། ཕྱི་མ་གཉིས་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཏེ་བསྐལ་པ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་མཛད་པ་སྟེ། དེ་ཡན་ཆོད་བརྡ་ཙམ་བསྟན་པས་དོན་ཁོང་དུ་ཆུད་དེ་རྟོགས་གྲོལ་དུས་མཉམ་དུ་གྱུར་པས་རིག་འཛིན་བརྡ་བརྒྱུད་ཅེས་བྱའོ། །གསུམ་པ་གང་ཟག་སྙན་བརྒྱུད་ནི། རྒྱུད་མ་ཧཱ་ཡོ་ག་རྣམས། སྲས་མོ་གོ་མ་དེ་བཱིས། ཀུ་ཀུ་རཱ་ཛ་ཕྱི་མ། སྒེག་པ་རྡོ་རྗེ། སངས་རྒྱས་གསང་བ་གསུམ་ལ་བཤད། ཕྱི་མ་གཉིས་ཀྱིས་བི་མ་མི་ཏྲ་ལ་བཤད། དེས་རྨ་གཉགས་སོགས་ལ་བརྒྱུད་པ་ནས་རིམ་གྱིས་དར། སྒྲུབ་སྡེ་རྣམས་ཨོ་རྒྱན་དུས་གསུམ་མཁྱེན་པས་བཀའ་བབས་ལས་ཅན་སྙིང་གི་བུ་དགུ་སོགས་ལ་བསྩལ་པ་ནས་གཙོ་བོར་དར། ཨ་ནུ་ཡོ་ག་རྣམས་རྡོ་རྗེ་བཞད་པ་སོགས་ལ་རིམ་པར་བརྒྱུད་ནས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་རྒྱ་བལ་བྲུ་ཤའི་མཁས་པ་རྣམ་བཞི་ལས་གསན་པར་མཛད་དེ་བོད་དུ་དར། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སྐོར་རྣམས་བཻ་རོ་ཙ་ནས་སློབ་དཔོན་ཤྲཱི་སེང་ཧ་ལས་གསན་པ་དང་། བི་མ་ལ་དང་། ཨོ་རྒྱན་ཆེན་པོས་སྣོད་ལྡན་གྱི་གང་ཟག་རྣམས་ལ་སོ་སོར་སྤེལ་པ་ལས་དར་བ་ཡིན་ཏེ། དེ་ཡང་མདོ་སྔགས་ཀྱི་བསྟན་པ་ཐམས་ཅད་བོད་དུ་ཇི་ལྟར་བྱུང་བའི་ཚུལ། ལྷ་མོ་དྲི་མ་མེད་པའི་མདོ་དང་། འཇམ་དཔལ་རྩ་རྒྱུད་སོགས་ལས་ལུང་བསྟན་པ་ལྟར། ཤཱཀྱ་ལི་ཙ་བཱིའི་རིགས་ལས་རྒྱལ་པོ་དམག་བརྒྱ་པའི་སྲས་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་རྗེ་གཉའ་ཁྲི་བཙན་པོ་བོད་རྗེར་བྱོན་ནས་རྒྱལ་རབས་མང་ཙམ་སོང་མཐར། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས། དེ་ནས་རྒྱལ་རབས་ལྔ་ན་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་སྲོང་བཙན་སྒམ་པོའི་རིང་ལ་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཏོད། དེ་ནས་རྒྱལ་རབས་ལྔ་ན་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་གཉིས་གཙོ་བོར་གྱུར་པའི་འཕགས་ཡུལ་གྱི་པཎྜི་ཏ་བརྒྱ་རྩ་བརྒྱད་སྤྱན་དྲངས་ནས། སྐ་ཅོག་ལ་སོགས་པའི་ལོ་པཎ་འཕགས་པའི་སར་བཞུགས་རྣམས་ཀྱིས་མདོ་སྔགས་ཀྱི་ཆོས་ཐམས་ཅད་བསྒྱུར། མཁན་པོས་འདུལ་བ་དང་མདོ་སྡེའི་སྲོལ་བཟུང་། སློབ་དཔོན་པདྨ་དང་བི་མ་མི་ཏྲས་སྔགས་ཀྱི་སྲོལ་བཙུགས་ནས་རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་དར་རྒྱས་སུ་མཛད་པ་སྟེ། དེ་དག་གི་ལོ་རྒྱུས་ཕྱིས་པཎ་ཆེན་ཇོ་བོ་རྗེས་གསན་པའི་སྐབས་སུའང་། དེ་དུས་བོད་ན་བསྟན་པ་དར་བ་འདྲ་བ་སྔོན་རྒྱ་གར་འཕགས་པའི་ཡུལ་དུའང་མ་བྱུང་གསུངས་ནས་སྔོན་གྱི་ཆོས་རྒྱལ་དང་ལོ་པཎ་བྱང་ཆུབ་སེམས་དཔའ་རྣམས་ལ་ཡི་རང་གི་བསྔགས་པ་མཛད་པས་ཀྱང་མཚོན་པར་ནུས་ལ། དེ་སྐབས་བསྒྱུར་བའི་ཆོས་རྣམས་ལ་སྔ་འགྱུར་པ་ཞེས་མཚན་གཞི་འཇོག་པ་ལས། ཐུན་མིན་གསང་སྔགས་རྡོ་རྗེ་ཐེག་པ་ནང་པ་བླ་ན་མེད་པའི་གཞུང་འདི་ལ་བརྒྱུད་པའི་བཀའ་བབས་ཆེན་པོ་དྲུག་ཏུ་བཞེད་དེ། དང་པོ་སངས་རྒྱས་གཉིས་པ་པདྨཱ་ཀ་རས་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྣང་ངོར་མན་ངག་ལྟ་བའི་ཕྲེང་བ་ཙམ་ཞིག་གསུངས། ཐུན་མོང་མ་ཡིན་པའི་སྐལ་ལྡན་རྣམས་ལ་ཡོ་ག་རྣམ་གསུམ་གྱི་སྨིན་གྲོལ་ཟབ་ཅིང་རྒྱ་ཆེ་བ་བསྩལ་པའི་བཀའ་བརྒྱུད་ཀྱང་ཉང་སྤང་འཁོན་གནུབས་རྨ་རོང་ཟོམ་སོགས་བརྒྱུད་དེ་གྲུབ་ཐོབ་རིག་འཛིན་བར་མ་ཆད་པར་བྱོན་པ་དང་། གདམས་སྐོར་ཕལ་ཆེར་ཕྱི་རབས་གདུལ་བྱའི་དོན་དུ་གཏེར་རྒྱས་བཏབ་པར་མཛད་དོ། །གཉིས་པ་ལོ་ཆེན་བཻ་རོ་ཙ་ནས་རྒྱ་གར་གྱི་མཁས་པ་ཉེར་ལྔ་སོགས་བསྟེན་ཅིང་། ཁྱད་པར་རིག་འཛིན་ཤྲཱི་སེདྷ་ལས་རྫོགས་པ་ཆེན་པོའི་ཟབ་ཆོས་རྒྱ་ཆེར་གསན། བོད་དུ་རྒྱལ་མོ་གཡུ་སྒྲ་དང་། སྤང་རྒན་སོགས་ལ་སྤེལ་བ་ལས་སེམས་སྡེ་རིམ་པ་ལྔ་དང་། ཀློང་སྡེའི་རྣ་བརྒྱུད་ཟམ་མ་ཆད་པར་བཞུགས་སོ། །གསུམ་པ་པཎ་ཆེན་བི་མ་ལ་བོད་དུ་བྱོན་ནས་ཉང་ཏིང་འཛིན་བཟང་པོ་སོགས་ལ་རྫོགས་ཆེན་མན་ངག་སྡེའི་ཆོས་སྐོར་གཙོ་བོར་གནང་བ་རྣམས་བཀའ་བརྒྱུད་དང་གཏེར་བརྒྱུད་གཉིས་སུ་བྱོན་ནོ། །བཞི་པ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་རྒྱ་གར་བལ་པོ་བྲུ་ཤའི་སློབ་དཔོན་རྣམ་བཞི་ལས་ལུང་ཆེན་འདུས་པ་མདོ་དང་གཤེད་སྐོར་སོགས་གདམས་པ་མཐའ་ཡས་པ་གསན་ཅིང་སྤེེལ་བ་ལས་འདུས་མདོའི་བཀའ་བརྒྱུད་སོགས་ཀྱང་ད་ལྟའི་བར་བཞུགས་སོ། །ལྔ་པ་གནུབས་ནམ་མཁའི་སྙིང་པོས་སློབ་དཔོན་ཧཱུྃ་ཀ་ར་ལས་དཔལ་ཡང་དག་གི་ཆོས་སྐོར་གསན་ཅིང་བབས་པ་དང་། རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མ་ཟུར་ལ་བབས་ཞེས་གྲགས་པ་ལྟར་དེ་དག་གི་ཆོས་བརྒྱུད་མཐའ་ཡས་པ་དང་། ཁྱད་པར་ཟུར་མེས་དབོན་རྣམ་གསུམ་སྐབས་སུ་བོད་ལ་གསང་སྔགས་ཀྱི་བསྟན་པ་དར་ཚུལ་ཨ་ཌི་ཡཱ་{ཌཱི་ཡ}ན་དང་མཚུངས་པར་གྲགས། གཞན་ཡང་བར་སྐབས་རྣམས་སུ་གསར་རྙིང་མཁས་གྲུབ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་ཟླ་མེད་པའི་མཁས་པ་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོ་དང་། དམ་གཙང་བྱམས་གསུམ། ཀུན་མཁྱེན་བསམ་ཡས་པ། མངའ་རིས་པཎ་ཆེན། རྡོར་བྲག་པད་ཕྲིན། གཏེར་ཆེན་འགྱུར་མེད་རྡོ་རྗེ། ལོ་ཆེན་ངྷརྨ་ཤྲཱི། རིག་འཛིན་འཇིགས་མེད་གླིང་པ་སོགས་ནས་རྗེ་བླ་མའི་བར་རིམ་པར་བྱོན་པ་རྣམས་ཀྱིས་སྙན་ནས་སྙན་དང་། ཐུགས་ནས་ཐུགས་སུ་བརྒྱུད་དེ། རང་དོན་ཆོས་སྐུའི་དགོངས་པ་མངོན་དུ་མཛད་ནས་གཞན་དོན་དུ་རྨད་དུ་བྱུང་བའི་ཐུགས་བསྐྱེད་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་བྱ་བའི་ཁུར་བདག་གིར་བཞེས་ཏེ། རྒྱལ་བསྟན་སྤྱི་དང་། ཁྱད་པར་ནང་རྒྱུད་སྡེ་གསུམ་གྱི་བསྟན་པའི་སྲོག་མཐུད་པར་མཛད་པ་ཡིན་ནོ། །དྲུག་པ་ཕྱི་རབས་ཀྱི་དུས་སུ་རྗེ་འབངས་རྣམས་ཀྱི་རྣམ་པར་འཕྲུལ་པ་སྐལ་ལྡན་གྱི་སྐྱེས་བུ་རིམ་པར་བྱོན་པ་རྣམས་ཀྱིས། གཏེར་དུ་སྦས་པའི་ཟབ་ཆོས་རྣམས་དུས་དང་འཚམས་པར་སྤྱན་དྲངས་ཏེ་བོད་ཁམས་མཐའ་དབུས་ཀྱི་སྐྱེ་དགུ་ཡོངས་ལ་འཕྲལ་ཡུན་གྱི་ཕན་བདེ་བླ་ན་མེད་པ་སྟེར་བཞིན་པ་སྟེ། དེ་ལས་སྔ་མ་རྣམས་ཀྱི་ལོ་རྒྱུས་ནི་ཞིབ་པར་ལེགས་བཤད་པདྨ་དཀར་པོའི་རྫིང་བུར་བཤད་ཟིན་ལ། ཕྱི་མ་རྗེ་བླ་མའི་ཞལ་སྔ་ནས་བསྩལ་པའི་གཏེར་བརྒྱའི་རྣམ་ཐར་བཻཌཱུརྱའི་ཕྲེང་བར་གསལ་རྒྱས་སུ་བཞུགས་པས་དེར་ཤེས་པར་བྱ་བ་ལས་འདིར་མ་སྤྲོས་སོ། །རྒྱལ་བ་རྒྱ་མཚོ་དགོངས་བརྒྱུད་དག་པའི་མཁར། །སྨིན་པ་རྒྱ་མཚོར་བརྡ་བརྒྱུད་སྤྲིན་ཆེན་འཁྲིགས། །མོས་པ་རྒྱ་མཚོར་སྙན་བརྒྱུད་བདུད་རྩིའི་ཆར། །ཅི་དགར་འཇོ་བའི་ངོ་མཚར་འདི་ཀོ་རྨད། །བརྒྱུད་གསུམ་མན་ངག་བྱེ་བའི་ཆུ་རྒྱུན་ཆེ། །གཅིག་ཏུ་བསྐྱིལ་མཁས་མ་དྲོས་ཀླུ་ཡི་སྤུན། །འཇམ་མགོན་ཡབ་སྲས་གདེངས་ཅན་དབང་པོ་ལས། །གཞན་དུ་མ་དམིགས་གཟུར་གནས་མཁས་རྣམས་སྒྲོགས། །དེ་སླད་ལུས་ནི་གང་ཟག་ལྷ་མི་ཡང་། །དགོངས་པ་སངས་རྒྱས་དངོས་ཞེས་རྒྱལ་བ་ཡིས། །རྗེས་སུ་བསྔགས་ལ་དཔྱོད་ལྡན་སུ་མི་རངས། །དེ་ཚུལ་ཤེས་རྣམས་འདུན་མ་ལེགས་པའི་རྩེ། །ཇི་ལྟར་ཡིད་བཞིན་ནོར་བུ་བསྟོད་སྨད་ཀྱི། །འགྱུར་བ་མེད་མོད་གསོལ་བཏབ་འབྲས་འབྱིན་བཞིན། །རང་གཞན་དོན་གཉིས་འབྱོར་པ་འཛིན་སླད་དུ། །དད་གསུམ་རྒྱལ་མཚན་རྩེ་མོར་མཆོད་འཛོད་ཀྱེ། །ཞེས་པ་ནི་བར་སྐབས་གསལ་བྱེད་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ལས་འཕྲོ་གཏེར་བརྒྱུད་ཀྱི་ལོ་རྒྱུས་བྱེ་བྲག་ཏུ་བཤད་པ་ལ་གཉིས། སྤྱི་དང་། བྱེ་བྲག་གོ །དང་པོ་ནི། ཀླུ་ཡི་རྒྱལ་པོས་ཞུས་པའི་མདོ་ལས། དཀོན་མཆོག་གསུམ་གྱི་གདུང་མི་ཆད་པའི་གཏེར་ཆེན་པོ་མི་ཟད་པ་དང་། ཆོས་རྟོགས་པ་ཆེན་པོ་ཚད་མེད་པའི་གཏེར་ཆེན་པོ་མི་ཟད་པ་དང་། སེམས་ཅན་མགུ་བར་བྱེད་པའི་གཏེར་ཆེན་པོ་མི་ཟད་པ་དང་། ནམ་མཁའ་དང་མཉམ་པའི་གཏེར་ཆེན་པོ་མི་ཟད་པ་སྟེ་བཞི་པོ་དེ་དག་ནི་གཏེར་ཆེན་པོ་མི་ཟད་པ་ཡིན་ནོ། །ཞེས་གཏེར་གྱི་ངོ་བོའམ་རང་བཞིན་བསྟན་པ་དང་། ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ་ལས། ཀུན་དགའ་བོ་གང་གིས་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་དུ་བྲིས་ཏེ་གཏེར་དུ་སྦས་ནས་མཆོད་ན་དེའི་ཚེ་འདི་ཉིད་ཐོབ་པ་བཅུ་རབ་ཏུ་འཐོབ་བོ། །བཅུ་གང་ཞེ་ན། སངས་རྒྱས་ཀྱི་སྤྱན་རབ་ཏུ་ཐོབ་པས་གསུང་མཐོང་བའི་གཏེར་དང་། ལྷ་མིའི་རྣམ་པ་རབ་ཏུ་ཐོབ་པས་ཆོས་ཉན་པའི་གཏེར་དང་། ཕྱིར་མི་ལྡོག་པའི་དགེ་འདུན་རབ་ཏུ་ཐོབ་པས་དགེ་འདུན་མཐོང་བའི་གཏེར་དང་། རིན་པོ་ཆེ་ལེགས་པ་རབ་ཏུ་ཐོབ་པས་ཟད་མི་ཤེས་པ་ལོངས་སྤྱོད་པའི་གཏེར་དང་། མཚན་དང་དཔེ་བྱེད་ཡོངས་སུ་རྫོགས་པ་གཟུགས་ཀྱི་གཏེར་དང་། གཡོག་མི་འབྱེད་པ་གཡོག་གི་གཏེར་དང་། སྤོོབས་པ་རབ་ཏུ་ཐོབ་པ་དྲན་པའི་གཏེར་དང་། ཕས་ཀྱི་རྒོལ་བ་ཚར་གཅོད་པ་མི་འཇིགས་པའི་གཏེར་དང་། སེམས་ཅན་ཉེ་བར་འཚོ་བ་བསོད་ནམས་ཀྱི་གཏེར་རོ། །ཞེས་སོགས་དང་། ཞི་བྱེད་ཆུ་ཀླུང་རོལ་པའི་མདོ་ལས། ང་ཡི་བསྟན་པ་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་དཀྱིལ་དུ་སྦ། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་དཀྲུགས་པར་འགྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཅེས་པས། གཏེར་སྦས་པའི་དགོས་ཆེད་བསྟན་པ་དང་། འཇམ་དཔལ་འབྱུང་བ་བཞི་ནི་ནམ་མཁའི་གཏེར་ལས་འབྱུང་གི། དེ་བཞིན་དུ་ཆོས་ཐམས་ཅད་རྒྱལ་བའི་ཐུགས་གཏེར་ལས་འབྱུང་བས་གཏེར་གྱི་དོན་ལ་སྤྱོད་ཤེས་པར་གྱིས་ཤིགཅེས་གཏེར་ལ་སྤྱོད་ཚུལ་རྣམས་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་འཕགས་པ་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། ཆོས་ཀྱི་གཏེར་རི་དང་རིའི་སུལ་དང་། ཤིང་དག་གི་ནང་དུ་བཅུག་པ་དག་ཡོད་དེ་གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །ཞེས་དང་། ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས། ང་ནི་ཕྱི་དུས་མྱ་ངན་འདས་པའི་ཚེ། །སྐུ་གདུང་ཐམས་ཅད་རྒྱས་པར་བྱས་གྱུར་ནས། །སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། །ཡི་གེ་བྲིས་ཏེ་སྒྲོམ་དུ་བཅུག་ནས་ཀྱང་། །མཆོད་རྟེན་ས་དང་བྲག་དང་རི་དག་དང་། །ལྷ་དང་དེ་བཞིན་ཀླུ་ཡི་ལག་དག་ཏུ། །མདོ་སྡེ་བཞག་པར་བྱས་ནས་དེ་དག་རྣམས། །ལྷ་ཡི་བརྟུལ་ཞུགས་འདྲ་བར་བྱ་ཕྱིར་འགྲོ། །དེ་དག་ཕྱི་མའི་དུས་ཚེ་སོ་སོའི་རིགས། །ཐམས་ཅད་བོར་ནས་སླད་དུ་བབ་གྱུར་ནས། །སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། །བསམ་པ་ཇི་བཞིན་དུ་ནི་བྱེད་པར་འགྱུར། །དེ་དག་ཆོས་འདི་འདོད་པས་ཡུལ་ཡུལ་དུ། །དོང་ཞིང་མདོ་སྡེ་བཟང་པོ་འདི་རྙེད་འགྱུར། །རྙེད་ནས་ཡིད་ནི་མཆོག་ཏུ་དགའ་གྱུར་པས། །རྟེན་པ་མེད་པར་སྐྱེ་བོ་མང་ལ་གཏོང་། །ཞེས་དང་། དགེ་སློང་བརྒྱད་དང་དེ་བཞིན་བྱང་ཕྱོགས་སུ། །ཡོངས་སུ་ལེན་ཅིང་ཆོས་འཛིན་དགའ་བ་དག །ཆོས་འདོད་འཇིག་རྟེན་ཕན་ཞིང་བརྩེ་ལྡན་དག །ལེན་པའི་ཕྱིར་ན་མང་བ་འབྱུང་བར་འགྱུར། །ཞེས་དང་། དཔལ་མཆོག་དང་པོ་ལས། རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་གང་། །ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས། །གཏེར་ནས་གཏེར་དུ་ཕྱུང་སྟེ་སྩལ། །ཞེས་པས། གཏེར་སྦ་བ་པོ་དང་གཏེར་ཡིག་གཏེར་སྣོད་སྦས་གནས་གཏེར་སྲུང་འདོན་པའི་དུས་གཏེར་སྟོན་ཆོས་བདག་བཅས་ཤིན་ཏུ་གསལ་བས་ས་གཏེར་དང་ཡང་གཏེར་གྱི་རིགས་བསྟན་པ་དང་། ཡང་བསོད་ནམས་སྡུད་པའི་ཏིང་འཛིན་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་དུ་འདུག་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་སྟོན་པར་མཛད་དོ། །ཞེས་དང་། ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས། བསམ་པ་ཕུན་སུམ་ཚོགས་པ་ནི་གལ་ཏེ་སངས་རྒྱས་མི་བཞུགས་ནའང་། ནམ་མཁའི་དཀྱིལ་དང་། རྩིག་པ་དང་ཤིང་རྣམས་ལས་ཆོས་འབྱུང་ངོ་། །ཞེས་པས་དག་སྣང་ཉེ་བརྒྱུད་དང་སྙན་བརྒྱུད་གནམ་ཆོས་སོགས་བསྟན་པ་དང་། བློ་གྲོས་མི་ཟད་པའི་མདོ་ལས། བརྗེད་པ་མེད་པ་དྲན་པའི་གཏེར་དང་། བློས་རབ་འབྱེད་པ་བློ་གྲོས་ཀྱི་གཏེར་དང་། མདོ་སྡེ་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཁོང་དུ་ཆུད་པ་རྟོགས་པའི་གཏེར་དང་། ཐོས་པ་ཐམས་ཅད་ཡོངས་སུ་འཛིན་པ་གཟུངས་ཀྱི་གཏེར་དང་། ལེགས་པར་བཤད་པས་སེམས་ཅན་ཚིམ་པར་བྱེད་པས་སྤོབས་པའི་གཏེར་དང་། ཞེས་སོགས་ཀྱིས་རྗེས་དྲན་ཡང་བསྟན་པ་དང་། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ལ་ནི་རང་གི་ཡིད་ཀྱི་དཔྱོད་པ་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་། །ཞེས་དང་། མདོ་གཞན་ལས་ཀྱང་། དོན་ལ་ངེས་པའི་གདིང་རྙེད་ན། །སེམས་ལ་ཆོས་གཏེར་འབུམ་ཕྲག་རྡོལ། །ཞེས་པས། དགོངས་གཏེར་གྱི་རིགས་རྣམས་གསལ་བར་བསྟན་པ་དང་། བཤད་སྦྱར་ལས། སྟོན་པ་འདི་ཡི་བྱིན་རླབས་ཀྱིས། །བྱའམ་ཤིང་བུ་རྡེའུ་དང་། །པདྨོ་དག་དང་དཔག་བསམ་ཤིང་། །རྔ་བོ་ཆེ་ལས་བྱུང་བ་ཡང་། །དེ་དག་བཀའ་ཞེས་བྱ་བར་འདོད། །ཅེས་དང་། ཨ་རལླི་ལས། རི་དང་རྡེའུ་ཤིང་བུ་དང་། །པདྨོ་དག་དང་དཔག་བསམ་ཤིང་། །རྔ་བོ་ཆེ་ལས་བྱུང་བ་ཡང་། །རྒྱལ་བས་བྱིན་གྱིས་བརླབས་པའི་ཕྱིར། །དེ་དག་བཀའ་ཞེས་བྱ་བར་འདོད། །ཅེས་དང་། སྡུད་པ་ལས། རྒྱལ་བའི་ཉན་ཐོས་གང་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པ་སྐྱེས་བུའི་མཐུ། །ཅི་ཕྱིར་ཞེ་ན་རྒྱལ་བས་ཆོས་ཚུལ་གང་བསྟན་པ། །དེ་ལ་མི་མཆོག་སློབ་མར་གྱུར་པས་སྔོན་བསླབས་ཤིང་། །མངོོན་སུམ་བྱས་ནས་བསླབ་པ་ཇི་བཞིན་སྟོན་བྱེད་པ། །སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱི་མཐུས་མ་ཡིན། །ཞེས་དེ་དག་ཀྱང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་བཀར་བསྡུ་བར་གསུངས་པས་མཚོན་ཏེ། མདོར་ན། འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་པ་བཞིན་དགེ་སློང་དགྲ་བཅོམ་པ་གྲགས་པས་བུམ་པ་བཟང་པོ་ཞིག་ལས་མདོ་ལ་སོགས་པའི་ཆོས་གང་འདོད་ཀྱི་གཏེར་བཏོན་ནས་ཉམས་སུ་བླང་ཚུལ་དང་། མདོ་སྡེ་མཛངས་བླུན་ལས་ཁྱིམ་བདག་ཅིག་གིས་ཀ་བ་ལས་བསྙེན་གནས་ཡན་ལག་བརྒྱད་པའི་ཆོ་ག་ཕྱུང་བར་གསུངས་པ་དང་། གཞན་ཡང་། ཐེག་ཆེན་གྱི་མདོ་མང་པོ་ཐོ་གར་ཡུལ་ན་སྦས་པ་དགེ་སློང་ནིར་བན་རཀྵི་ཏས་ཕྱུང་བ་དང་། མངའ་བདག་མཻ་ཏྲི་བས་མཆོད་རྟེན་ཞིག་གི་སེར་ཁ་ནས་རྒྱུད་བླ་དང་ཆོས་ཉིད་རྣམ་འབྱེད་ཕྱུང་བ་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས། ས་ར་ཧས་སངས་རྒྱས་ཐོད་པ། ཀླུ་སྒྲུབ་ཀྱིས་གདན་བཞི། ལ་ལི་ཏས་འཇིགས་བྱེད་རྟོག་པ་བདུན་པ། ཀུ་ཀུ་རི་པས་མ་ཧཱ་མ་ཡའི་སྐོར་སོགས་དང་། དུར་ཁྲོད་དཔལ་གྱི་རྒྱུ་སྐར་རོལ་བ་ནས་ཕ་དམ་པས་ཞི་བྱེད་སྐོར་སྤྱན་དྲངས་པ་སོགས་སོ་སོའི་ལོ་རྒྱུས་ཀྱིས་གསལ་བ་དང་། བོད་ཀྱི་ལྗོངས་སུའང་མངའ་བདག་མར་པས་རྡོ་རྗེ་གདན་ནས་རྫོགས་རིམ་རླུང་སེམས་དབྱེར་མེད། རྡོ་རྗེ་གདན་པ་དང་བ་རི་ལོ་ཙཱ་བས་ཤར་ཕྱོགས་ཕ་ཝོང་གཡག་འདྲ་བའི་འོག་ནས་སེང་གདོང་མའི་སྒྲུབ་སྐོར། སྒྲོལ་མས་ལུང་བསྟན་ནས་བླ་མ་གཉན་ལོ་ཙཱ་བས་བྱང་ཕྱོགས་ལྷ་མོ་དུད་སོལ་མའི་ནུ་འབུར་ནས་ཀུ་རུ་ཀུལླེའི་སྒྲུབ་སྐོར། ཇོ་བོ་རྗེས་ལྷ་སའི་ཀ་བ་བུམ་པ་ཅན་ནས་ལྷ་སའི་དཀར་ཆག་དང་། ཀ་བ་ཤིང་ལོ་ཅན་སོགས་ནས་བླ་མ་ཞང་དང་ཇོ་གདན་དཀོན་མཆོག་གྲགས་ཀྱིས་ཕན་གནོད་ཀྱི་ལས་ཚོགས་འགའ་ཞིག་དང་། ལྷོ་བྲག་མཁར་ཆུར་ཏི་ཕུ་པས་ལུང་བསྟན་པ་བཞིན་རྗེ་བཙུན་རས་ཆུང་པས་སྦས་པ་རོ་སྙོམས་སྐོར་དྲུག་འགྲོ་མགོན་གཙང་བ་རྒྱ་རས་ཀྱིས་བཏོན་པ་དང་། གཉལ་བ་ཉི་མ་ཤེས་རབ་ཀྱིས་བྱ་རྒོད་གཤོང་ནས་རྣམ་སྲས་ཀྱི་སྒྲུབ་སྐོར་དང་། ལྷ་བཙུན་བྱང་ཆུབ་འོད་ཀྱིས་བསམ་ཡས་ནས་པུ་ཏྲ་མིང་སྲིང་གི་སྒྲུབ་སྐོར་དང་། སེམས་ཁྲིད་ཡིད་བཞིན་ནོར་བུ་རྗེ་དྭགས་པོ་ལྷ་རྗེེ་དང་སྐྱེས་བུ་ཡེ་ཤེས་རྡོ་རྗེས་མཚོ་མཎྜལ་ནག་པོར་སྦས་པ་འགྲོ་མགོན་དུང་མཚོ་རས་པས་བཏོན་པ་དང་། མ་ལབ་སྒྲོན་གྱི་གདམས་པའི་གཅོད་སྐོར་མ་གཅིག་རང་ཉིད་ཀྱིས་སྦས་པ་ཀུན་སྤངས་བརྩོན་འགྲུས་སེང་གེས་བཏོན་པ་དང་། སྲས་རྒྱུད་ཀྱི་མགོན་ཁང་དུ་འདུལ་ནག་པ་དཔལ་ལྡན་བཟང་པོས་སྦས་པའི་ཆོས་རྒྱལ་གྱི་ལས་ཚོགས་འགའ་ཞིག་རྒྱུད་ཆེན་སངས་རྒྱས་རྒྱ་མཚོས་བཏོན་པར་གྲགས་པ་དང་། ཁྱད་པར་བདག་ཉིད་ཆེན་པོ་རྗེ་ཙོང་ཁ་བས་ཀྱང་ཆོས་དུང་སོགས་རྫས་གཏེར་ཅི་རིགས་དང་། ལྷག་པར་རྗེ་བཙུན་འཇམ་དཔལ་ལས་གསན་པའི་གདམས་སྐོར་དང་། ལྷོ་བྲག་མཁན་ཆེན་ལ་ཕྱག་རྡོར་གྱིས་དངོས་སུ་གསུངས་པའི་ཕྱག་རྡོར་སྙན་བརྒྱུད། ཀུན་གཟིགས་ལྔ་པ་རིན་པོ་ཆེའི་དག་སྣང་རྒྱ་ཅན། རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་འཇམ་དཔལ་གྱིས་གནང་བའི་བློ་སྦྱོང་ཞེན་པ་བཞི་བྲལ་སོགས་དང་། འཇམ་མགོན་ས་པཎ་གྱིས་ཀྱང་དབྱིག་གཉེན་ལས། མཛོད་ཀྱི་བཤད་པ་གསན་ནས་སྤེལ་བ་སོགས་གསར་རྙིང་གི་གྲུབ་མཐའ་ཐམས་ཅད་ལ་ཁྱབ་པར་བཞུགས་པ་ཡིན་པས་ཀུན་ལ་དག་སྣང་སྦྱང་བར་བྱའོ། །གཉིས་པ་ནི། བྱེ་བྲག་ཏུའང་ཨོ་རྒྱན་དུས་གསུམ་མཁྱེན་པས་ས་སྟེང་ཐམས་ཅད་གཏེར་གྱིས་བཀང་ཞིང་ལས་ཅན་ལ་གཏད་རྒྱ་མཛད་པ་ཕྱིས་དུས་ལ་བབས་པའི་ཚེ། སྤྲུལ་པའི་གཏེར་ཆེན་མཆོག་གཉིས་གླིང་པ་བརྒྱད་སོགས་རྩོད་བྲལ་གྱི་སྐྱེས་ཆེན་བགྲང་ལས་འདས་པ་སྔ་ཕྱིར་བྱོན་པ་རྣམས་ཀྱིས་སྤྱན་དྲངས་ཤིང་གངས་ལྗོངས་ཕན་བདེའི་དགའ་སྟོན་སྤེལ་བ་ལ་ཆེས་ཁྱད་པར་དུ་འཕགས་པ་ནི། སྔོན་མི་མཇེད་ཞིང་འདིའི་སྟོན་པ་མཉམ་མེད་ཐུབ་པ་ཆེན་པོས་བོད་ཡུལ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་སྐལ་དུ་གཏད་པ་བཞིན། ཐོག་མར་སྤྲེལ་སྒོམ་བྱང་ཆུབ་སེམས་དཔར་སྤྲུལ་ནས་མིའི་འགྲོ་བ་སྤེལ། དེ་ནས་རི་བོ་ཏ་ལ་ནས་འབྲུ་སྲན་སྣ་བདུན་གཏོར་བས་ཟང་ཟིང་གི་འབྱོར་པ་དང་། མདོ་སྡེ་ཟ་མ་ཏོག་ཕེབས་པས་ཆོས་ཀྱི་འབྱོར་པ་དང་པོར་རྒྱས་པར་མཛད་པ་ནས་བཟུང་གང་འདུལ་གྱི་རྣམ་འཕྲུལ་ཚད་མེད་པས་གངས་ལྗོངས་ཕན་བདེའི་དགའ་སྟོན་སྤེལ་བར་མཛད་པ་ལས། ཁྱད་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ། རྒྱ་བལ་ནས་ཇོ་ཞལ་རྣམ་གཉིས་སྤྱན་དྲངས་ཏེ་སྐུ་རྟེན་དང་གཙུག་ལག་ཁང་སོགས་བཞེངས། ཐུ་མི་སམ་བྷོ་ཊས་བོད་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་བཏོད་དེ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར་བཤད་མཛད་པས་མཚོན་དམ་པ་ཆོས་ཀྱི་སྲོལ་བཏོད་པ་ལ་བརྟེན། ལྗོངས་འདིའི་བྱིས་པ་ཆུང་ངུ་ཡན་ཆོད་ཀྱིས་ཨ་མ་དང་མ་ཎི་མཉམ་ཟློས་བྱེད་པ་འདི་བྱུང་བས་བོད་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཡིན། དེ་ཉིད་གདུལ་དཀའ་འདུལ་བའི་ཕྱིར་རིག་འཛིན་སློབ་དཔོན་གྱི་སྐུར་བཞེངས་པ་ནི་ཨོ་རྒྱན་ཆེན་པོ་ཡིན་པས། ཐོག་མར་ནག་ཕྱོགས་ཀྱི་མི་དང་མི་མ་ཡིན་པ་རྣམས་ཚར་བཅད། དཀར་ཕྱོགས་ཐམས་ཅད་བྲན་དུ་བཀོལ། ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། མདོ་སྔགས་ཀྱི་ཆོས་མ་ལུས་པ་བསྒྱུར་བཤད་སྒོམ་གསུམ་གྱི་སྒོ་ནས་གཏན་ལ་དབབ་སྟེ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད། ཁྱད་པར་རྗེ་འབངས་གྲོགས་གསུམ་དང་། བཀའ་བབས་ལས་ཅན་སྙིང་གི་བུ་དགུ་སོགས་གཙོ་བོར་གྱུར་པའི་སྐལ་ལྡན་གྱི་རིག་པ་འཛིན་པ་བགྲང་གིས་མི་ལང་བ་གསང་ཆེན་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེན་པོར་སྨིན་ཅིང་གྲོལ་བར་མཛད་པའི་རྟེན་འབྲེལ་གྱིས། ད་ལྟ་ཨོ་རྒྱན་མཁའ་འགྲོའི་གླིང་བཞིན་དབྱེ་བསལ་མེད་པར་སྐྱེ་དགུ་ཕོ་མོ་ཐམས་ཅད་འབྲས་བུ་གསང་སྔགས་ལ་འདུན་ཞིང་སྨིན་གྲོལ་ཟབ་མོའི་སྣོད་དུ་གྱུར་པ། ཕོ་སྐྱེས་ཐམས་ཅད་དཔའ་བོ། མོ་སྐྱེས་ཐམས་དཔའ་མོ་སྟེ་ཡུལ་འདི་འདྲ་གཞན་ན་མེད་དོ། །དེས་ན་བོད་གངས་ཅན་པ་རྣམས་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་དང་། བླ་མའི་སྐལ་བ་གུ་རུ་རིན་པོ་ཆེ་གཉིས་ཡིན། དེས་ན་སྔོན་བོད་ཁམས་ཐམས་ཅད་སིལ་བུར་མ་ཞིག་པས་ད་ལྟའི་བོད་འབངས་རྣམས་ཀྱི་མི་རྒྱུད་གོང་མ་ཐམས་ཅད་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་མཆོད་ཡོན་ལ་རེ་ལྟོས་འཆའ་ཞིང་བཀའ་ཉན་པས་འཕྲུལ་འཁོར་བརྒྱ་གཟེར་བུ་གཅིག་གི་གཞན་དབང་དུ་སོང་བ་ལྟ་བུར་གནས་པའི་དུས་སུ། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་རྗེ་འབངས་རིག་འཛིན་གྱི་ཚོམ་བུ་དང་བཅས་པ་བོད་འབངས་ལ་བརྩེ་བས་ཐུགས་དགོངས་གཅིག་ཏུ་བསྟུན་ནས། ངོ་མཚར་བའི་རྫུ་འཕྲུལ་གྱི་བཀོད་པས་ས་གཞི་རྟ་རྨིག་ཙམ་ཡང་མ་ལུས་པར་ཞབས་ཀྱིས་བཅགས་ཤིང་གངས་བྲག་རི་མཚོ་ཀུན་ལ་སྒྲུབ་གནས་སུ་བྱིན་གྱིས་བརླབས། མིང་ཅན་མིང་མེད་ཀྱི་གཏེར་ཁ་གྲངས་མེད་པ་སྦས་ཤིང་རྒྱལ་ཚབ་ལས་ཅན་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་འབྱུང་བར་ལུང་བསྟན་ཏེ། མདོར་ན་སྐུ་ཚབ་ལུང་བསྟན། གསུང་ཚབ་གཏེར་དུ་སྦས། ཐུགས་ཀྱི་དགོངས་པ་ལས་ཅན་བུ་ལ་གཏད་དེ། དད་ལྡན་མི་རེའི་མདུན་ན་པད་འབྱུང་རེ་བཞུགས་པ་དང་། དུས་བཟང་ཚེས་བཅུ་ནམ་འཆར་ལ་སྤྲུལ་པ་འཛམ་གླིང་ཁྱབ་པར་མཛད་པ་སོགས་ཡོངས་ལ་གྲགས་ཤིང་གྲུབ་པའི་ཕྱིར་ན་དུས་མཐའི་བོད་འབངས་རྣམས་ལ་གུ་རུའི་ཐུགས་རྗེ་ལྷག་པར་འཇུག་ཅིང་བྱིན་རླབས་མྱུར་བ་དང་གཏེར་ཆོས་ཀྱིས་ཕྲིན་ལས་ཆེ་བ་སོགས་ཀྱི་རྒྱུ་མཚན་དེ་ཡིན་ནོ། །གཏེར་ཆོས་ཀྱི་བརྒྱུད་པ་ཁུངས་བཙུན་ཞིང་དབང་གི་ཆུ་བོ་མ་ནུབ་པའི་ཚུལ་ཡང་། ཀུན་བཟང་རྡོ་རྗེས་སེམས་དཔའ་ནས་ཨོ་རྒྱན་ཆེན་པོའི་བར་དུ་དགོངས་བརྡ་སྙན་བརྒྱུད་བར་མ་ཆད་པར་བྱུང་བའི་ཚུལ་ནི་གོང་དུ་སྨོས་པ་བཞིན་ལ། གཏེར་སྟོན་ནས་ཆོས་བདག་ལ་ཇི་ལྟར་བརྒྱུད་པ་སོགས་ནི་ཤེས་སླ་བས། འདིར་ཨོ་རྒྱན་ཆེན་པོ་ནས་སྤྲུལ་པའི་གཏེར་སྟོན་རིག་འཛིན་རྩལ་འཆང་རྣམས་ལ་བརྒྱུད་ལུགས་ནི། བཀའ་བརྒྱད་གསང་རྫོགས་དང་རང་ཤར་གྱི་དབང་ཆུའི་བབས་ལུགས་ཀྱི་ལོ་རྒྱུས་གཉིས་མགྲིན་གཅིག་ཏུ་འདི་ལྟར་གསུངས་ཏེ། དེ་ལྟར་དབང་གི་ཆུ་བོ་བྱེ་བྲག་མ་ལུས་པ་ཨོ་རྒྱན་པདྨ་བདག་ལ་བབས་ཤིང༔ཨོ་རྒྱན་བདག་གིས་ནི་བལ་ཡུལ་ཡང་ལེ་ཤོད་དུ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དབང་སྒོ་བི་མ་མི་ཏྲ་ལ་ཕྱེ་ནས་བསྐུར་རོ༔བོད་ཀྱི་སྒྲུབ་གནས་བརྒྱད་དུ་བཀའ་བརྒྱད་བྱེ་བྲག་གི་དབང་ལས་ཅན་བརྒྱད་ལ་སོ་སོར་བསྐུར་རོ༔བསམ་ཡས་དབུ་རྩེར་རྗེ་འབངས་ཉེར་ལྔ་ལ་བདེ་གཤེགས་འདུས་པའི་དབང་ཆེན་བསྐུར་རོ༔དེ་རྗེས་རྗེ་འབངས་གྲོགས་གསུམ་ལ་སོགས་པ་སྙིང་གི་བུ་དགུ་ལ་གསང་བ་ཡོངས་རྫོགས་ཐམས་ཅད་ཀྱི་དབང་ཡོངས་སུ་རྫོགས་པར་བསྐུར་བའི་དུས་ན་ད་ལྟ་དབང་གི་ཆུ་བོ་བར་ཆད་མེད་པར་བབས་པའི་ཚུལ་བཤད་པ་ཡིན་ལ༔ཕྱི་མའི་དུས་ན་དབང་གི་ཆུ་བོ་བར་ཆད་མེད་པར་འབྱུང་བའི་ལུང་བསྟན་ནས༔ང་ཡི་ཐུགས་སྲས་བྱང་ཆུབ་སེམས་དཔའི་གཏེར་སྟོན་ནི་ད་ལྟར་དུས་འདིར་དབང་གི་ཆུ་བོ་ཆེན་པོ་བབས་པའི་ལས་ཅན་ཁྱེད་རྣམས་ཀྱིས་བཀའ་བབས་སྤྱོད་དེ༔དེའི་ཚེ་ལས་ཅན་གྱི་བུ་ཁྱེད་རྣམས་ང་ཡི་གཏེར་ཆོས་འདི་རྣམས་དང་འཕྲད་པའི་ཚེ༔ད་ལྟ་ཨོ་རྒྱན་ང་ཡིས་དབང་ཆེན་ཡོངས་སུ་རྫོགས་པར་བསྐུར་བའི་བག་ཆགས་སད་པར་འགྱུར་རོ༔ང་ཡི་གཏེར་འདི་དང་རྗེ་འབངས་གྲོགས་གསུམ་གྱི་མནོག་ཆོས་ལ་སོགས་པ་རྣམས་ཀྱི་གཏེར་སྒོ་ཡང་འབྱེད་པར་འགྱུར་གྱི༔དབང་གི་ཆུ་བོ་བབས་སོ་ལ་ཕྱི་རབས་རྣམས་ཐེ་ཚོམ་མ་ཟ་བར་སྒྲུབས་ཤིག༔ཅེས་གསུངས། དེ་ཡང་སྔོན་གྱི་དུས་རྗེ་འབངས་རྣམས་ལ་གུ་རུ་རིན་པོ་ཆེས་ཆོས་དེ་དང་དེ་ཡིས་དབང་བསྐུར་ཅིང་། དེའི་ནང་ནས་ཀྱང་རང་རིགས་ཀྱི་མེ་ཏོག་གང་ལ་བབས་པའི་ལྷ་དེ་ཉིད་གཙོ་བོར་གྱུར་པ་རང་རང་གི་སྐལ་བར་གནང་ཞིང་མ་འོངས་ཕྱི་རབས་ཀྱི་དོན་དུ་གཏད་རྒྱ་མཛད་ནས་རྒྱལ་ཚབ་ཏུ་མངའ་གསོལ་ཅིང་ལུང་བསྟན། དུས་མཐར་འགྲོ་བ་འདུལ་ནུས་པར་བྱིན་གྱིས་བརླབས་སོ། །དེ་ལྟ་བུའི་དབང་དང་གཏད་རྒྱ་དེའི་རྒྱུན་ད་ལྟའི་བར་དུ་ཐོབ་ལ་མ་ཉམས་པར་ཡོད་པ་ནི། གཏེར་སྟོན་དེ་ལ་དབང་དང་ཁྲིད་བཀའ་ལུང་གི་བརྒྱུད་པ་ཐུན་མིན་མངའ་ཚུལ་ཡིན། བརྒྱུད་པ་དེ་ལྟ་བུ་མངའ་བའི་དབང་གིས་མཁའ་འགྲོའི་ཕྱག་ནས་གསང་སྔགས་ཀྱི་ཆོས་སྒྲོམ་དུས་བབས་བཞིན་དུ་རྙེད་པ་ཡིན་གྱི། ཆུ་ངོགས་སུ་སྟེས་དབང་གིས་བྱེ་རུ་རྙེད་པ་ལྟ་བུ་གཏན་མིན་པས། གཏེར་ཡིག་མ་རྙེད་གོང་ནས་བརྒྱུད་པའི་བཀའ་བབས་སུ་བཞུགས་པ་ཡིན་གྱི་ཤོག་སེར་རྙེད་པ་ན་གཟོད་བརྒྱུད་པ་བརྙེས་ཞེས་མི་བྱའོ། །དེས་ནས་བཀའ་བབས་ཀྱི་ལས་ཅན་དེ་དག་ལ་དུས་མཐར་ཆོས་འདིས་འགྲོ་དོན་སྒྲུབ་པའི་ཆེད་དུ་འདི་དང་འདི་ལྟ་བུ་འབྱུང་ཞེས་ས་རྟགས་དུས་རྟགས་དང་བཅས་ཏེ་ལུང་བསྟན་པ་བཀའ་བབས་ལུང་བསྟན། ༡དེ་དག་ལ་མ་འོངས་ཕྱི་མའི་དུས་དེར་ཡང་ད་ལྟ་འདི་ལྟར་ཐོབ་པའི་དབང་དང་གདམས་ངག་རྣམས་དུས་ཚོད་གང་དང་གང་ལ་ཇི་ལྟར་འཚམ་པ་དེ་བཞིན་དུ་ཁྱོད་ཀྱི་སྙིང་ལ་གསལ་བར་སད་པར་གྱུར་ཅིག་ཅེས་གུ་རུས་དགོངས་པ་གཏད་པའི་སྨོན་ལམ་གྱིས་དབང་བསྐུར་ཅིང་རྗེ་འབངས་སོ་སོས་ཀྱང་དེ་དང་གཅིག་ཏུ་བཏབ་ནས་ཐེབས་པ་སྨོན་ལམ་དབང་བསྐུར། ༢དུས་དེར་དཔེ་བརྒྱུད་ཡོལ་མེད་དུ་རྙེད་ཅིང་ཆོས་དེ་སྐལ་ལྡན་གྱི་ཕྲེང་བ་ལ་འཕེལ་བ་དང་བརྒྱུད་འཛིན་རྒྱས་པ། སྐལ་མེད་ལ་གསང་སྒོ་མི་རལ་བ། ཆོས་བྱིན་ཆེ་བ་སོགས་ཀྱི་ཆེད་མ་མོ་མཁའ་འགྲོ་ལ་གཏད་པ་མཁའ་འགྲོ་གཏད་རྒྱ་སྟེ། ༣གཏེར་གྱི་སྒོས་ཆོས་ཀྱི་བརྒྱུད་པ་གསུམ་ཡོད་ལ། གོང་སྨོས་བཀའ་གཏེར་ཐུན་མོང་གི་བརྒྱུད་པ་གསུམ་ཡང་གཅིག་ཏུ་འདྲེས་པས་བརྒྱུད་པ་དྲུག་ལྡན་དུ་གྲགས་སོ། །སྐབས་འདིར་བཀའ་བབས་ལུང་བསྟན་ནི། ཕྱི་དུས་ཀྱི་སྐྱེ་བ་དེ་བཀའ་བབས་ཀྱི་སྐྱེས་བུར་ལུང་བསྟན་པའི་སྒོ་ནས་གསང་སྔགས་ཀྱི་བབས་སོར་འགྱུར་བའི་རྟེན་འབྲེལ་མཐུ་ཆེན་བསྒྲིགས་པ་སྟེ། དཔེར་ན་དབང་བསྐུར་དུས་སློབ་མ་ལ་ལུང་བསྟན་སྦྱིན་པ་དེས་བྷུར་བྷུ་བ་སོགས་ཀྱི་སྔགས་དོན་བཞིན་མ་འོངས་པར་ས་གསུམ་ན་སངས་རྒྱས་སུ་རྣམ་པར་གྲགས་པའི་ནུས་པ་འཇོག་པ་དང་འདྲ་བས་ལུང་བསྟན་གཞན་དང་མི་འདྲའོ། །ཡང་སྒོས་བརྒྱུད་གསུམ་པོའི་འཆད་ཚུལ་མི་འདྲ་བ་གཞན་ཡང་། མཚོན་བྱ་དོན་གྱི་མན་ངག་སྐལ་ལྡན་མཆོག་གི་སྙིང་ལ་སྨོན་ལམ་དབང་བསྐུར་གྱིས་རྒྱས་བཏབ། མཚོན་བྱེད་བརྡའི་དཔེ་བརྒྱུད་མཁའ་འགྲོ་དམ་ཅན་མངོན་ཤེས་མངའ་བ་རྣམས་ལ་གཉེར་གཏད་མཛད། ཆོས་དེ་སྒོམ་སྒྲུབ་དང་འཆད་སྤེལ་གྱི་འཕྲོ་སྐྱོང་བའི་བརྒྱུད་འཛིན་ཆོས་བདག་གམ་བཀའ་བབས་ཀྱི་སྐྱེས་བུ་ལུང་བསྟན་པ་སྟེ་གསུམ་པོ་རིམ་བཞིན་གཏེར་རྙེད་པའི་སྔོན་གྱི་རྒྱུ་དང་། ད་ལྟར་གྱི་རྐྱེན་དང་། རྙེད་པ་དོན་ལྡན་དུ་འགྱུར་བའི་སྒོ་རྣམས་ལ་སྦྱར་ནའང་རུང་བར་བཞེད་དོ། །དེ་དག་གི་གཙོ་བོ་ནི་སྨོན་ལམ་དབང་བསྐུར་བརྒྱུད་པ་ཡིན་ཏེ། དེ་ཡང་གཏེར་ཡིག་གི་ཤོག་སེར་ནི་རྗེས་དྲན་གྱི་མཚན་མ་ཙམ་དུ་བཞག་གི། གུ་རུའི་ཐུགས་ནས་དག་པའི་འཁོར་གྱི་ཐུགས་ལ་བརྒྱུད་པའི་ཐུགས་བརྒྱུད་ཁོ་ན་གཏད་རྒྱའི་དོན་ཡིན་ལ། དེའི་ཚུལ་ཡང་ལས་རླུང་གི་གཞན་དབང་ལ་བརྟེན་པའི་སེམས་ལ་ཆོས་ཀྱི་ཚིག་དོན་རྒྱས་བཏབ་ཀྱང་རྟེན་གཞི་འཕོ་འགྱུར་ཅན་ཡིན་པས་དུས་ངན་སྙིགས་མར་སྐྱེ་འཆི་མང་པོའི་འཕྲང་བརྒྱུད་པ་ན་བྲི་གང་མི་འབྱུང་བ་ཤིན་ཏུ་དཀའ་བས། ཆོས་ཀྱི་དངོས་གྲུབ་དེ་དག་འོད་གསལ་གཉུག་མའི་རིག་པའམ་སེམས་མི་ཤིགས་པའི་ཐིག་ལེའི་དབྱིངས་སུ་བསྲེས་ནས་ཅིས་ཀྱང་མི་འཕྲོག་པར་བརྟན་པར་མཛད་པ་སྟེ། འདི་ནི་རྡོ་རྗེ་སློབ་དཔོན་གྱི་གསུང་རྡོ་རྗེའི་ཡེ་ཤེས་དགོངས་པ་གཏད་པའི་སྟོབས་ཀྱིས་སློབ་མའི་སྙིང་ལ་མངོན་སུམ་དུ་འཕོས་ཏེ་དཔོན་སློབ་ཐུགས་རྒྱུད་གཅིག་ཏུ་སོང་བ་ལྟ་བུའི་རྟོགས་པ་དོན་བརྒྱུད་ཀྱི་ཁྱད་པར་ཐུན་མོང་མ་ཡིན་པའོ། །དེ་ལྟ་བུའི་གཏད་རྒྱ་མཚན་ཉིད་ཚང་བ་ལ། བྱེད་པ་པོའི་རྟེན་མཆོག་གི་དངོས་གྲུབ་བརྙེས་པ་དང་། བྱ་བའི་ཡུལ་རྫོགས་རིམ་གྱི་རྟོགས་པ་ལས་སུ་རུང་བ་ཡན་ཆད་གཅིག་དགོས་པར་མངོན་ཞིང་། ཕྱིས་གཏེར་ཆོས་གཏན་ལ་ཕབ་པའི་རྐྱེན་ཤོག་སེར་གྱིས་བྱེད་དགོས་པ་ནི་གཏད་རྒྱ་དེ་ཤོག་སེར་གྱི་སྟེང་ནས་ཐོབ་པའི་རྒྱུ་མཚན་གྱིས་ཡིན་ཏེ། སྔོོན་ཤོག་སེར་ཆོས་དེའི་མཚན་མར་བཟུང་བའི་དབང་གིས། སླར་ཤོག་སེར་དེ་ལ་བརྟེན་ནས་ཆོས་དེའི་དྲན་པ་གསོ་བ་ལྟ་བུ་ཡིན་པར་སེམས་ཤིང་། དེར་མ་ཟད་འོད་གསལ་གྱི་ཁམས་ལ་བཞག་པའི་ཆོས་ཀྱི་དངོས་གྲུབ་གཏེར་ནས་བསྐུལ་བ་ལ་དངོས་གྲུབ་དེའི་ལྡེ་མིག་ཏུ་སྔོན་སྨོན་ལམ་བཏབ་པའི་ཕྱག་རྒྱ་ཁྱད་པར་ཅན་ལས་བྱུང་བའི་ལྷན་སྐྱེས་ཀྱི་དགའ་བ་ཕུལ་དུ་བྱུང་བ་ཡང་དགོས་པས་གཏེར་སྟོན་ཐམས་ཅད་ཕོ་ཉ་མོའི་གྲོགས་དང་ལྡན་པར་འབྱུང་བའི་རྒྱུ་མཚན་སྣེ་གཅིག་དེ་ཡིན་ནོ། །གཏེར་ཐོན་པའི་སྐུ་ཚེ་དེར་གུ་རུ་རིན་པོ་ཆེའི་འོད་གསལ་གྱི་དགོངས་པ་ཐོད་རྒལ་དུ་སྙིང་ལ་བབས་པ་དགོངས་བརྒྱུད། བརྡའི་གཏེར་ཡིག་རྙེད་ཅིང་གུ་རུ་ལས་ཕྱི་མའི་དུས་སུ་བརྡ་དབང་འདི་ལྟར་སྐུར་ཅིག་ཅེས་གནང་བ་ཐོབ་པའི་བག་ཆགས་སད་པ་བརྡ་བརྒྱུད། ཤོག་སེར་གྱི་བརྡ་ཁྲོལ་བ་སྙན་བརྒྱུད་ཐོབ་པ་ཡིན་ཏེ། དེའི་རྒྱུ་མཚན་ཡང་། སྙན་ཁུང་བརྒྱུད་པའི་དོན་ནི་རིམ་བརྒྱུད་ཀྱི་བྱིན་རླབས་མངའ་བའི་བླ་མ་ལས་ཆོས་ཀྱི་ཚིག་དོན་བརྡ་ཕྲད་པ་ཡིན་ལ། ཤོག་སེར་ལ་ངག་དང་སྒྲ་མེད་ཀྱང་དེ་ལས་ཚིག་དོན་ཡོངས་རྫོགས་བརྡ་ཕྲད་པ་ལན་སྔ་མ་དང་ཚུལ་མཚུངས་པར་མ་ཟད་འདི་ཉིད་ཆེས་ལྷག་པ་དང་། བྱིན་རླབས་ཀྱི་བརྒྱུད་པ་ཐུན་མིན་ཡང་བླ་མ་ལས་ཐོབ་པ་བཞིན་ཤོག་སེར་ལས་ཀྱང་ཐོབ་པ་དང་། དེ་ལྟར་དགོངས་བརྒྱུད་ཐོབ་སྟོབས་ཀྱིས་སློབ་མ་ལ་དགོངས་པ་གཏད་པས་དོན་བརྒྱུད་ཀྱི་ཡེ་ཤེས་འཕོ་ནུས་པ་དང་། བརྡ་བརྒྱུད་ཀྱིས་བརྡའི་གནད་ལ་བྱན་ཚུད་པས་རྫས་སྔགས་ཕྱག་རྒྱའི་བརྡ་ཐབས་ཀྱིས་སློབ་མ་ལ་དབང་བསྐུར་ནུས་པ་དང་། སྙན་བརྒྱུད་རྙེད་པའི་མཐུས་གདམས་ཁྲིད་ཞལ་ཤེས་ཕྱག་བཞེས་དང་བཅས་པ་གུ་རུའི་དགོངས་པ་བཞིན་འཁྲུལ་བ་མེད་པར་སྟོན་ནུས་པ་ཡིན་ཏེ། རྡོ་རྗེ་སློབ་དཔོན་ཕལ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཆེན་པོ་ཡིན་པ་དང་། དེ་ལྟ་བུའི་བརྒྱུད་པ་གསུམ་ཚེ་འདིར་འབད་མེད་དུ་མངོན་དུ་གྱུར་པ་ནི། གཏེར་སྟོན་གྱིས་སྔོན་བརྒྱུད་གསུམ་བརྙེས་པའི་ལས་འཕྲོ་དང་། སློབ་དཔོན་ཆེན་པོས་འབྱུང་འགྱུར་གྱི་དུས་ལ་དགོངས་པའི་བྱིན་རླབས་གཉིས་དུས་འཛོམས་པ་ལས་བྱུང་བར་རྗེ་བླ་མ་རྣམ་གཉིས་ཀྱི་ཞལ་སློབ་ཀྱི་གཙོ་བོ་མཁས་མཆོག་གྲུབ་སྤྲུལ་རིན་པོ་ཆེས་གསུངས། མདོར་ན་ཆོས་རྒྱལ་རཏྣ་གླིང་པའི་གཏེར་ལུང་ལས། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང༔སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བས༔མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན༔སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན༔རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང༔སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན༔ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང༔གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས༔དེས་བས་ལས་སད་སྐལ་ལྡན་སྦྱངས་པ་ཅན༔འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས༔ཚེ་གཅིག་སངས་རྒྱས་ཐོབ་བོ་རྗེས་འཇུག་རྣམས༔སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་ཀུན༔དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ༔ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམས༔ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན༔ཞེས་དང་། ཡུལ་ཆེན་རེ་ན་གཏེར་ཆེན་རེ༔དེ་ཡང་ཨོ་རྒྱན་བརྗེད་ཐོ་ཡིན༔ཡུལ་ཕྲན་རེ་ན་གཏེར་ཕྲན་རེ༔དེ་ཡང་ཨོ་རྒྱན་བརྗེད་ཐོ་ཡིན༔ཞེས་དང་། དྲི་མེད་ཀུན་དགའི་གཏེར་ལུང་ལས། གཏེར་སྟོན་ལང་མ་ལིང་མ་འོང༔གཏེར་ཆོས་ཤ་མང་སུལ་ལྟར་བརྡོལ༔དེ་དག་འབྲས་མེད་མ་ཡིན་ཏེ༔ཨོ་རྒྱན་ང་ཡི་བརྗེད་ཐོ་ཡིན༔ཞེས་གསུངས་པ་ལྟར། གཙོ་བོར་ཨོ་རྒྱན་དུས་གསུམ་མཁྱེན་པས་མ་འོངས་ཕྱི་རབས་ཀྱི་དུས་དང་གདུལ་བྱ་ལ་དགོངས་ནས་ས་སྟེང་ཐམས་ཅད་གཏེར་གྱིས་བཀང་ཞིང་ལས་ཅན་ལ་གཏད་རྒྱ་མཛད་པ་ཕྱིས་དུས་ལ་བབ་པའི་ཚེ་སྤྲུལ་པའི་གཏེར་ཆེན་མཆོག་གཉིས་གླིང་པ་བརྒྱད་སོགས་རྩོད་བྲལ་སྐྱེས་ཆེན་རྣམས་ཀྱིས་འབྱེད་པར་མཛད་པས་གངས་ཅན་ཕན་བདེའི་དགའ་སྟོན་རྒྱས་པར་མཛད་པ་ཡིན་ཞིང་། ལྷག་པར་དེང་སང་སྙིགས་མའི་འགྲོ་ལ་ཐུགས་བསྐྱེད་ལྷག་པར་དགོངས་ཏེ་དེ་ཐམས་ཅད་ཀྱི་ཡེ་ཤེས་དང་ཡོན་ཏན་དང་སྤོབས་པ་བསམ་གྱིས་མི་ཁྱབ་པ་གཅིག་ཏུ་བསྡོམས་པ། རྗེ་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ་ངོ་མཚར་བཀའ་བབས་བདུན་གྱི་གསང་མཛོད་མངའ་བ་ན་རྣམ་ཐར་ཟབ་མོ་བསམ་མི་ཁྱབ་པའི་ཚུལ་ཏེ། རྫོགས་ཆེན་སྡེ་གསུམ་གྱི་ལུང་བྱང་ལས། བཀའ་ནས་བཀར་བརྒྱུད་བར་མ་ཆད༔ཟབ་མོ་དངོས་དང་དགོངས་པའི་གཏེར༔ཡང་གཏེར་རྗེས་སུ་དྲན་པའི་གཏེར༔དག་སྣང་སྙན་དུ་བརྒྱུད་པ་ཡི༔བཀའ་བབས་བདུན་གྱི་ཆུ་བོ་ནི༔མངའ་བདག་ཡབ་སྲས་སྐལ་བར་བབས༔སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ཟབ་རྒྱས་ཉི་འོད་ལྷག་པར་བརྡལ༔ཞེས་གསུངས། གཞན་ཡང་། སངས་རྒྱས་ཕལ་པོ་ཆེ་ལས། ཆོས་དབྱིངས་ཐུག་པ་མེད་པར་རྒྱལ་བས་ཁྱབ། །འགྲོ་དང་མཉམ་པར་བསམ་ཡས་སྐུ་བཀྱེ་སྟེ། །ཆོས་ཀྱི་ཚུལ་ནི་སེམས་ཅན་ཀུན་ལ་སྟོན། །ནམ་མཁའི་དངོས་ལྟར་དངོས་མེད་འགྲོ་བ་ན། །གཟུགས་བརྙན་མཉམ་པའི་སངས་རྒྱས་རྣམ་སྣང་བ། །འགྲོ་བ་ཀུན་ལ་ཕན་པའི་དོན་དུ་འབྱུང་། །ཞེས་དང་། རྒྱུད་བླ་མ་ལས། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་དང་། ཐེག་བསྡུས་ལས། ལ་ལར་རྫོགས་པའི་བྱང་ཆུབ་སྟོན། །ལ་ལར་མི་བཞིན་མྱ་ངན་འདས། །ནམ་ཡང་མེད་པ་མ་ཡིན་ཏེ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །ཞེས་དང་། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་པ། །ཡིད་བཞིན་ནོར་བུ་བཞིན་དུ་རྣམ་མི་རྟོག །འགྲོ་སྒྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་གསུངས་པས། འཇིག་རྟེན་ན་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་ཐུབ་པ་ཆེན་པོ་ལ་སོགས་ཆུ་སྣོད་ཀྱི་ཟླ་གཟུགས་ལྟ་བུ་གཅིག་ཐུན་མོང་གདུལ་བྱའི་སྣང་ངོར་འགགས་སུ་ཟིན་ཀྱང་། དེའི་འཆར་གཞི་ནམ་མཁའི་ཟླ་བ་ལྟ་བུ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་སོགས་ནི་འཕེལ་འགྲིབ་མེད་པར་འཁོར་བའི་མཐའ་ཇི་སྲིད་དུ་རྟག་པར་བཞུགས་པས། གང་གདུལ་བྱ་དུས་ལ་བབས་པ་ན་ཕྲིན་ལས་ནམ་ཡང་ཡོལ་བ་མི་སྲིད་དེ། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་དང་། རྒྱུད་བླ་མ་ལས། གང་ཕྱིར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་ཅིག་ཅར་འཆར། །ཞེས་གསུངས་པ་ལྟར་གདུལ་བྱའི་ཡུལ་ལ་རྩོལ་མེད་ལྷུན་གྲུབ་ཀྱི་ཕྲིན་ལས་འཇུག་པ་ཆོས་ཉིད་ཀྱི་ཕྱིར་ན། ད་ལྟའི་དུས་ཀྱང་གང་ཟག་སྐལ་བ་དང་ལྡན་པ་མཆོག་རྣམས་ལ་དགོངས་ཤིང་བྱིན་གྱིས་རློབ་པ་དང་། ཞལ་སྟོན་ཅིང་གསུང་གི་གདམས་པ་སྩལ་པ་སོགས་རྒྱུན་མི་འཆད་པར་འབྱུང་བ་ཡིན་ཏེ། དཀོན་མཆོག་སྒྲོན་མེ་ལས། གང་དག་ཐེག་པ་ཆེན་པོ་འདིར་ཞུགས་པ། །དེ་དག་སངས་རྒྱས་རྣམས་ལ་སྒྲུབ་པས་མཆོད། །གང་དག་སྒྲུབ་པས་སངས་རྒྱས་མཆོད་བྱེད་པ། །དེ་དག་སངས་རྒྱས་རྗེས་སུ་དྲན་མི་ཕྱེད། །གང་དག་སངས་རྒྱས་རྗེས་དྲན་མི་ཕྱེད་པ། །དེ་དག་རྟག་ཏུ་སངས་རྒྱས་བསམ་ཡས་མཐོང་། །གང་དག་སངས་རྒྱས་བསམ་ཡས་རྟག་མཐོང་བ། །དེ་ལ་ནམ་ཡང་སངས་རྒྱས་མི་བཞུགས་མིན། །གང་ན་ནམ་ཡང་སངས་རྒྱས་མི་བཞུགས་མིན། །དེ་དག་བར་སྐབས་ཆོས་ལས་ཉམས་མི་འགྱུར། །གང་དག་བར་སྐབས་ཆོས་ལས་མི་ཉམས་པ། །དེ་དག་སྤོབས་པ་སྒྲིབ་པ་མེད་པར་འགྱུར། །གང་དག་སྤོབས་པ་སྒྲིབ་པ་མེད་གྱུར་པ། །དེ་དག་ཆོས་རབ་སྟོན་པ་མཐའ་ཡས་འགྱུར། །ཞེས་གསུངས། ཚུལ་དེ་སོ་སྐྱེའི་གང་ཟག་རང་རང་གི་སྐལ་བར་མ་འཚམ་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་ཀླན་ཀ་བརྗོད་པའི་འོས་མ་ཡིན་ཏེ། མདོ་ལས། དཔེར་ན་དམུས་ལོང་ཉི་མ་མི་མཐོང་ཡང་། །དེ་མེད་མ་ཡིན་འཇིག་རྟེན་ཀུན་ཏུ་འཆར། མིག་དང་ལྡན་པས་ཤར་བ་ཤེས་གྱུར་ནས། །ཀུན་ཀྱང་རང་རང་སོ་སོའི་ལས་ལ་འཇུག །དེ་བཞིན་སྐྱེས་ཆེན་འོད་ཟེར་དེ་དག་ཀུན། །རབ་དུ་འབྱུང་ཡང་ལོག་པས་ཉེན་གྱུར་ཅིང་། །ཆོས་ཉམས་ཕལ་པ་རྣམས་ཀྱིས་མི་མཐོང་སྟེ། །བློ་གྲོས་ཡངས་པ་རྣམས་ལ་དེ་དག་མོད། །ཅེས་སོགས་རྒྱ་ཆེར་གསུངས་པ་དང་། ཆོས་དབྱིངས་བསྟོད་པ་ལས་ཀྱང་། ཇི་ལྟར་ཡི་དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་སྐམ་པར་མཐོང་བ་ལྟར། །དེ་བཞིན་མི་ཤེས་པས་བསྒྲིབས་པས། །སངས་རྒྱས་རྣམས་ནི་མེད་པར་བརྟག །དམན་དང་བསོད་ནམས་དམན་དག་ལ། །སངས་རྒྱས་ཀྱིས་ནི་ཅི་བགྱིར་མཆིས། །ཇི་ལྟར་དམུས་ལོང་ལག་དག་ཏུ། །རིན་ཆེན་མཆོག་ནི་བཞག་པ་འདྲ། །སེམས་ཅན་བསོད་ནམས་བྱས་རྣམས་ལ། །འོད་ཀྱིས་གསལ་ཞིང་དཔལ་ལྡན་པའི། །སུམ་ཅུ་རྩ་གཉིས་མཚན་འབར་བ། །སངས་རྒྱས་དེ་ཡི་འདུན་ན་གནས། །ཞེས་སོ། །ཁྱད་པར་དུའང་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོར་དུས་གསུམ་དུ་བྱོན་ཅིང་བཞུགས་ལ་འབྱོན་པར་འགྱུར་བའི་གཏེར་སྟོན་རྒྱ་མཚོའི་ཆོས་མཛོད་ཀྱི་བཀའ་བབས་བརྙེས་པའི་རྒྱུ་མཚན་ཡང་། སྔོན་གྱི་དུས་སུ་གུ་རུ་རིན་པོ་ཆེས་ལས་ཅན་དག་པའི་འཁོར་ལ་ཟབ་རྒྱས་ཀྱི་ཆོས་འཁོར་མཐའ་ཡས་པ་བསྐོར་ཞིང་མ་འོངས་ཕྱི་དུས་ལས་དགོངས་ཏེ་ཟབ་གཏེར་རྒྱ་མཚོ་མཐའ་ཡས་པ་སྦ་བར་མཛད་པའི་སྐབས་ཆོས་བཀའ་ཡོངས་རྫོགས་ཀྱི་གཏད་རྒྱ་མཛད་ཡུལ་གྱི་གཙོ་བོར་ཆོས་རྒྱལ་ཆེན་པོ་ཉིད་མི་བཞུགས་པ་གཅིག་ཀྱང་མེད་པའི་ཕྱིར་ཡིན་ལ། གཏེར་ཡིག་གི་རིགས་རྣམས་ཀྱང་སྤྱན་ལམ་དུ་ཕེབས་པ་ཙམ་གྱིས་དཀའ་བ་མེད་པར་མཁྱེན་ནས་ཇི་བཞིན་དུ་གཏན་ལ་འབེབས་ནུས་པའི་ངོ་མཚར་གཞན་ལས་ཁྱད་པར་དུ་འཕགས་པའང་། རྒྱལ་སྲས་ལྷ་རྗེ་གཏེར་སྟོན་ཁོ་ནའི་སྐྱེ་བ་བཅུ་གསུམ་བརྒྱུད་མར་བཞེས་པ་སོགས་ཀྱི་སྔོན་གནས་རྗེས་དྲན་གྱི་མཐུ་ལས་ཡིན་ལ། དེ་ཐམས་ཅད་ཀྱི་རྩ་བའི་ཆོས་བདག་དང་བཀའ་ཡི་སྡུད་པོ་སྣོད་ལྡན་གྱི་ལུང་ཟིན་རྗེ་བླ་མ་གཅིག་པུར་གྱུར་པ་ནི། བཻ་རོ་ཙ་ན་ལོ་པཎ་གཞན་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པས་དོན་གྱི་དགོངས་པ་ཨོ་རྒྱན་དངོས་དང་མཉམ་པའི་རྒྱུ་མཚན་དང་། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་དང་ངེས་གསང་བཀའ་ཡི་སྡུད་པོར་གསང་བདག་ཉིད་གདོད་ནས་གྲུབ་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་བརྒྱུད་པའི་བཀའ་བབས་ཀྱི་དབང་གིི་ཆུ་བོ་ཐམས་ཅད་མ་ཉམས་པར་རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོར་བཞུགས་པ་ཡིན་ཏེ། མཁའ་འགྲོ་སྙིང་ཐིག་གི་བུམ་དབང་རྣམ་པར་ཕྱེ་བ་ལས། རྒྱལ་བ་དགོངས་པའི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། རྒྱལ་བ་རིགས་ལྔས་རིམ་པ་བཞིན་དུ་སྣོད་ལྡན་ལ་དགོངས་པ་ཙམ་གྱིས་རིག་པའི་རྩལ་དབང་ཐོབ། བདག་འདྲ་པདྨས་ཀྱང་མ་འོངས་པ་ལ་དགོངས་ནས་ཟབ་གཏེར་དབང་བཀའ་དང་བཅས་པ་སྦས་པས། དེ་སུས་ཐོན་པ་ལ་རྒྱལ་བ་དགོངས་པའི་བཀའ་བབས་ཡོད་པའོ། །རྒྱལ་བའི་གཏེར་ལུང་ལས། རྒྱལ་བ་དགོངས་པ་གཉིས་ཀྱི་ཚུལ། །དགོངས་པ་བབས་པ་དབང་གི་མཆོག །ཅེས་སོ། །རིག་འཛིན་བརྡའི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། ཀུན་ཏུ་བཟང་པོ་ནས་རིགས་ལྔའི་སངས་རྒྱས་སུ་བརྒྱུད་པ་ཐམས་ཅད་བརྡ་བསྟན་པ་ཙམ་གྱིས་དབང་དང་དངོས་གྲུབ་ཐོབ། བདག་འདྲ་པདྨས་ཀྱང་མ་འོངས་པའི་སྣོད་ལྡན་ལ་དབང་བསྐུར་བ་འདི་ལྟར་གྱིས་ཤིག་ཅེས་པའི་གཏེར་དཔེ་བཞག་པས། སློབ་བུས་དེ་བཞིན་དུ་བསྐུར་པས་བྱིན་རླབས་དང་དངོས་གྲུབ་ཐོབ་སྟེ་དབང་བཀའ་ཡོད་པ་ཡིན་ནོ། །རིག་པ་བདུན་པའི་རྒྱུད་ལས། བརྡ་དང་བརྡ་མཚོན་གོ་བ་ནི། །དབང་གི་ནང་ནས་དབང་བཀའ་འོ། །ཞེས་སོ། །ཐུགས་རྗེ་བྱིན་རླབས་ཀྱི་བརྒྱུད་པའང་འདི་ལ་ཚང་སྟེ། ཀུན་ཏུ་བཟང་པོ་ནས་རིམ་པ་བཞིན་དུ་བྱིན་གྱིས་བརླབས་པ་ཙམ་གྱིས་རིག་པ་ལ་དབང་ཐོབ་སྟེ། བདག་འདྲ་པདྨས་ཀྱང་མ་འོངས་པའི་དོན་དུ་ཟབ་གཏེར་འདི་སྦས་པས་དེ་སུས་ཐོན་པ་ལ་བྱིན་རླབས་ཞུགས་ཏེ་རིག་པའི་རྩལ་དབང་ཐོབ་ནས་སློབ་བུ་ལའང་བྱིན་རླབས་ཀྱི་དབང་བསྐུར་ནུས་པ་ཐུགས་རྗེ་བྱིན་རླབས་ཀྱི་བརྒྱུད་པའོ། །གཏེར་ལུང་ལས། གང་གི་བྱིན་རླབས་ཞུགས་པ་དེ། །དབང་གི་དམ་པ་མཆོག་ཏུ་དབང་། །ཞེས་སོ། །མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། ཀུན་ཏུ་བཟང་པོ་ནས་རིམ་པ་བཞིན་དུ་སྣོད་ལྡན་དང་མ་འཕྲད་ཀྱི་བར་དུ་རྒྱས་བཏབ་ནས། ཌཱ་ཀི་མ་ལ་གཉེར་གཏད་ནས་སྣོད་མིན་སྲུངས་ལ། སྣོད་ལྡན་ལ་གཏོད་གསུངས་པས། དེས་རྒྱལ་བའི་བཀའ་བཞིན་གཏད་པས། དབང་ཐོབ་ནས་ཡང་དག་པར་སངས་རྒྱས་པ་བཞིན་དུ། བདག་འདྲ་པདྨས་ཀྱང་མ་འོངས་པའི་དོན་དུ་གཏེར་དུ་སྦས་ནས་ཌཱ་ཀི་མ་དང་། འཇིག་རྟེན་གྱི་ལྷ་འདྲེ་ལ་གཏད་ནས། སྣོད་ལྡན་འདི་ལ་གཏེར་འདི་གཏོད། །སྣོད་མིན་ལེན་ལ་དབང་པོ་སྣུབས། །ཞེས་གཏད་པས། གཏེར་སྲུང་རྣམས་ཀྱིས་ཀྱང་སྣོད་དང་ལྡན་པ་ལ་གཏད་པས་དབང་གི་ལུང་ཐོབ་པ་ཡིན་ཏེ། གཏེར་ལུང་གཏད་རྒྱ་མ་ལས། གཏད་རྒྱ་གང་ལ་གཏད་པ་ནི། །སངས་རྒྱས་ཀུན་གྱི་དབང་འཛིན་པ། །ཞེས་སོ། །སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། ཆོས་ཐམས་ཅད་སྨོན་ལམ་གྱི་མཐའ་བསྒྱུར་པས་སྨོན་ལམ་ནི་སངས་རྒྱས་ཀྱི་བདེན་པའི་བཀའ་ཡིན་ཏེ། བཀའ་འདི་མི་བསླུ་དབང་གི་མཆོག །ཅེས་སོ། །བདག་འདྲ་པདྨས་ཀྱང་གཏེར་དུ་གཏམས་ཚད་ལ། མ་འོངས་ལས་ཅན་ཞིག་དང་འཕྲད་པར་ཤོག །ཅེས་སྨོན་ལམ་བཏབ་པས། དེའི་མཐུས་ལས་ཅན་ཞིག་དང་འཕྲད་ངེས་པ་ཡིན་ཏེ། ལས་མེད་ལག་ཏུ་མི་འབྱུང་ངོ་། །དབང་གི་དམ་པ་སྨོན་ལམ་ཡིན་ཏེ་སྨོན་ལམ་དབང་གི་བཀའ་མ་ཆད་པ་ཡིན་ནོ། །གཏེར་ལུང་ལས། སྨོན་ལམ་དབང་གི་དབང་བསྐུར་མཆོག །ཅེས་གསུངས་སོ། །ཞེས་དང་། ཡང་གཏེར་ལུང་ལས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །དབང་སྐུར་ཆོས་བཤད་བྱེད་མཁན་མེད། །རང་སེམས་ཆོས་སྐུར་ཤེས་ཙམ་ནས། །དུས་གསུམ་རྒྱལ་བའི་དབང་ལུང་ཐོབ། །བརྒྱུད་པར་འཛིན་པ་རྟོགས་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །དེས་ན་དེང་སང་རིང་བརྒྱུད་བཀའ་མ་དང་། གཏེར་རྙིང་བརྒྱུད་ཐག་རིང་པོ་རྣམས་ཕལ་ཆེར་སྣོད་མིན་ལ་འཕེལ་བས་བྱིན་རླབས་འཆལ་བ་དང་། དམ་སེལ་གྱིས་བར་ཆོད་པ་དང་གཟུ་ལུམ་རང་བཟོའི་ལྷད་ཞུགས་པ་དང་། བརྒྱུད་པ་ལ་སྲི་ངན་སོགས་བར་ཆད་འཇུག་པའི་སྲོལ་དོད་པ་དང་། བར་སྐབས་སུ་བརྒྱུད་འཛིན་རྣམས་ཀྱིས་སྒྲུབ་མ་ནུས་ཤིང་ལེགས་པར་མ་བསྒྲུབས་པས་བསྒྲུབས་འབྲས་ཐོབ་པ་མ་བྱུང་ནས་ཡུན་རིང་ལོན་པ་དང་། མང་པོ་ཞིག་བརྒྱུད་པའང་ངེས་འདྲོངས་མེད་པས་དངོས་གྲུབ་ཤིན་ཏུ་སྒྲུབ་པར་དཀའ་བའི་དུས་འདིར། ཨོ་རྒྱན་རིན་པོ་ཆེ་དང་ཆོས་རྒྱལ་ཡབ་སྲས་བཻ་རོ་སོགས་ཀྱིས་ཆེད་དུ་དགོངས་ཏེ་ཉེ་བརྒྱུད་བྱིན་རླབས་ཀྱི་ངད་མ་ཡལ། སྙན་བརྒྱུད་ཕྱག་བཞེས་ཀྱི་ཆུ་བོ་མ་འཁྲུགས། དམ་ཉམས་འདྲེས་ཁྱེར་གྱི་བསླད་མ་ཞུགས་པའི་ཆོས་མཛོད་ཟབ་མོ་འདི་ལྟ་བུ་ནི། བཀྲ་ཤིས་ཤིང་བྱིན་ཆེ། བར་ཆད་ཉུང་ལ་འགྲུབ་ཐག་ཉེ། དངོས་གྲུབ་མྱུར་དུ་འགྲུབ་པའི་ཟབ་ཁྱད་ཁྱད་པར་བ་དང་ལྡན་པ་སྟེ། དེ་ཡང་གཏེར་སྟོན་དང་རྩ་བའི་ཆོས་བདག་གི་རིང་ལྟ་བུ་ཅི་རིགས་པར་བསྒྲུབས་འབྲས་མཐོང་ཆོས་སུ་འབྱིན་པས་འབྲས་བུའི་དུས་དང་། དེ་ནས་རིམ་གྱིས་ཉམས་ལེན་ཚད་ལྡན་བྱེད་པ་མང་ཙམ་ཡོད་པ་སྒྲུབ་པའི་དུས་དང་། དབང་ལུང་ཁྲིད་གསུམ་རྣལ་མའི་རྒྱུན་ཙམ་ཡོད་པ་ལུང་གི་དུས་དང་། དེ་ཡང་ཉམས་པས་རྟགས་ཙམ་འཛིན་པའི་དུས་ཏེ་བཞི་འབྱུང་བར་གཏེར་ཁ་གོང་འོག་དང་། བྱང་གཏེར། མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས་སོགས་ལས་གསལ་བོར་འབྱུང་བ་བཞིན། ད་ལྟའི་དུས་སུ་ཆོས་ཀྱི་བདག་པོ་གཏེར་ཆེན་བླ་མ་རྣམ་གཉིས་དངོས་དང་བརྒྱུད་ལས་ཐོབ་པའི་སྐལ་བཟང་ཉམས་སུ་མྱོང་དུ་ཡོད་པ་འདི་ནི་སྔོན་གུ་རུ་རིན་པོ་ཆེ་རིག་འཛིན་གྱི་ཚོམ་བུ་དང་བཅས་པའི་ཞལ་མཐོང་ཞིང་བཟང་འབྲེལ་ཐོབ་པར་ཐེ་ཚོམ་མི་ཟ་བས་བརྒྱུད་པ་གཞན་ལ་འགྲམ་ཆུ་མི་ལྡང་བར་རང་སྐལ་དང་འཚམ་པར་ཅི་ནུས་ཀྱི་ཉམས་ལེན་དང་འཆད་སྤེེལ་སོགས་ལ་བརྩོན་པ་ཅིས་ཀྱང་གལ་ཆེ་བ་ལགས་སོ། །ཇི་ལྟར་ཡིད་བཞིན་ནོར་བུ་རིན་ཆེན་ཡང་། །རྨོངས་པས་བརྟགས་ན་རྡོ་ཡི་གོང་བུར་འཛིན། །དེ་བཞིན་བྱས་པ་མི་གཟོ་ཕལ་དག་གིས། །རྒྱལ་བའི་ཆོས་མཛོད་ཟབ་མོར་འཁུ་བར་བྱེད། །ཡིད་བཞིན་ནོར་དང་བཅུད་ལེན་གྲུབ་པའི་རྫས། །བདུད་རྩིའི་གཏེར་དང་དཔག་བསམ་ལྗོན་པ་སོགས། །བསོད་ནམས་བསགས་པ་རྣམས་ལ་འབྱུང་མོད་ཀྱི། །ཕལ་ལ་མི་འཚམ་རང་རང་ལས་ཀྱིས་བསྐལ། །དེ་བཞིན་སྔོན་མེད་བཀའ་བབས་རིན་ཆེན་བདུན། །གསང་བའི་མཛོད་ལྔ་ཟབ་མོ་འཕགས་པའི་ཡུལ། །ཡིན་གྱིས་སོ་སྐྱེ་ཕལ་གྱི་སྤྱོད་ཡུལ་ཅི། །དེ་སླད་བརྒྱུད་མར་འཁུ་འདི་རང་བློའི་སྐྱོན། །དེ་ཕྱིར་དྲུག་ལྡན་བརྒྱུད་པའི་མན་ངག་ཀླུང་། །གུ་རུའི་ཞལ་གྱི་དྲོད་རླངས་ཐོལ་ལེ་བ། །བྱིན་རླབས་ཉམས་མྱོང་རོ་བཅུད་འབུམ་འཇོ་བ། །མངོན་དུ་སྤྱོད་ཡོད་སྔོན་གོམས་དགེ་བའི་མཐུ། །དེ་ཚུལ་ཤེས་པའི་རྡོ་རྗེའི་སྤུན་གྲོགས་རྣམས། །ཚུལ་འདིར་བརྩོན་པའི་སྤྲོ་བ་བསྐྱེད་མཛོད་དང་། །དབྱིངས་ནས་སྲས་བཅས་རྒྱལ་བ་དགྱེས་པའི་གླུས། དོན་གཉིས་ཤིས་པའི་མེ་ཏོག་སྩོལ་བར་ངེས། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་དེ་ལས་བཀའ་བསྡུ་ཇི་ལྟར་མཛད་པའི་ཚུལ་ལ། གང་སྡུད་པ་པོ་ནི། སྤྱིར་ཐེག་པ་ཆུང་ངུའི་སྡེ་སྣོད་རྣམས་ནི་གནས་བརྟན་འོད་སྲུང་ཆེན་པོ་ལ་སོགས་པའི་འཕགས་པ་དགྲ་བཅོམ་པའི་ཚོགས་ཀྱིས་བསྡུས་ཀྱང་། ཟབ་ཅིང་རྒྱ་ཆེ་བ་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ནི། རྗེ་བཙུན་འཇམ་དཔལ་དང་བྱམས་མགོན་ལ་སོགས་པའི་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་སྤྱོད་ཡུལ་ལས་དེ་དག་གི་སྐལ་བར་འཚམ་པ་མ་ཡིན་ལ། ཐུན་མིན་གསང་སྔགས་རྡོ་རྗེ་ཐེག་པའམ་རིག་པ་འཛིན་པའི་སྡེ་སྣོད་ནང་རྒྱུད་སྡེ་གསུམ་གྱི་ཚུལ་འདི་ལྟ་བུ་ནི། དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་རིགས་དྲུག་པའི་ཁྱབ་བདག་ཉིད་ཀྱི་ཕྱག་རྒྱར་ཤར་བ་ཉིད་ལས་མི་གཞན་པའི་འཁོར་རིགས་གསུམ་སེམས་དཔའ་དང་། ཁྱད་པར་གསང་བདག་ཕྱག་ན་རྡོ་རྗེ་ལས་གཞན་ས་བཅུའི་དབང་ཕྱུག་ཕལ་གྱི་སྤྱོད་ཡུལ་དུའང་འགྱུར་བ་མ་ཡིན་ན་གཞན་དག་ལྟ་ཅི་སྨོས་ཏེ། གསང་བ་གྲུབ་པའི་རྒྱུད་ལས། འདི་ཡི་སྡུད་པར་བྱེད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །ཞེས་དང་། ཡེ་ཤེས་ཐིག་ལེ་ལས། ལྟ་བ་ཀུན་ནི་སྲུང་དོན་ཕྱིར། །སྣ་ཚོགས་པ་ཡི་གཟུགས་སུ་སྤྱོད། །ལ་ལར་རྡོ་རྗེ་འཛིན་པ་དང་། །ལ་ལར་སངས་རྒྱས་ཀྱི་ནི་གཟུགས། །ལ་ལར་ཧེ་རུ་ཀ་ཡི་གཟུགས། །ལ་ལར་དེ་བཞིན་གཤེགས་པ་དང་། །ལ་ལར་བྱང་ཆུབ་སེམས་དཔའི་གཟུགས། །ལ་ལར་ཉན་པ་ལྟ་བུ་བཞུགས། །ལ་ལར་འཆད་དོ་དགྱེས་པདྨ། །ལ་ལར་ཀློག་པའི་ཚུལ་དུ་བཞུགས། །ལ་ལར་རྒྱུད་དང་བསྟན་བཅོས་ནི། །མཛད་པ་དང་ནི་ལ་ལར་འཛིན། །མང་དུ་བརྗོད་ལྟ་ཅི་ཞིག་དགོས། །དེ་སྟོན་ཕྱག་ན་རྡོ་རྗེ་རྒྱལ། །ཞེས་གསུངས་པ་ལྟར། དཔལ་གསང་བའི་བདག་པོ་ཉིད་དགེ་བའི་བཤེས་ཀྱི་ཚུལ་དུ་སྣང་བར་མདོ་རྒྱུད་བཀའ་གཏེར་དུ་མ་ནས་ལུང་གིས་ཟིན་པའི་ཚད་མའི་སྐྱེས་བུ་ཆེན་པོ་སྟེ། ཚུར་མཐོང་གི་བློ་ངོར་ཡང་། ཀུན་མཁྱེན་ཟེ་ཆེན་པ་ཆེན་པོ་གཙོ་བོར་གྱུར་པའི་ཡོངས་འཛིན་མཁས་པ་དུ་མའི་ཞབས་པད་ཡུན་དུ་བསྙེན་ནས་སྒྲ་ཚད་བཟོ་གསོ་ཡན་ལག་དང་བཅས་པ་ཕྱི་ཐ་སྙད་ཀྱི་རིག་པ་དང་། ནང་མདོ་སྔགས་རྒྱུད་སྡེ་དང་བཅས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱའི་ཆོས་ཐམས་ཅད་ལ་གསན་བསམ་གྱི་སྒྲོ་འདོགས་ལེགས་པར་བཅད་དེ་ཐམས་ཅད་མཁྱེན་པའི་གནས་ལ་བདག་གིར་བཞེས་པའི་མ་ཧཱ་པཎྜི་ཏ་ཆེན་པོ། བསྙེན་སྒྲུབ་ཡན་ལག་བཞི་དང་ལམ་རིམ་པ་གཉིས་ཀྱི་སྒོ་ནས་གྲུབ་པའི་ས་མཐོར་གཤེགས་པས་སྣང་སྤྱོད་ཐམས་ཅད་ལྷ་ཡི་ཕྱག་རྒྱར་ཤར་བའི་དག་པའི་སྣང་བ་རྒྱུན་མི་འཆད་པས་གསང་མཛོད་མཐའ་དག་སྡུད་པར་བཀའ་ཡི་གནང་བ་ཐོབ་པ། ཁྱད་པར་ཟུང་འཇུག་རྫོགས་པ་ཆེན་པོ་ཀ་དག་དང་ལྷུན་གྲུབ་ཀྱི་ཉམས་བཞེས་མཐར་ཕྱིན་པས་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་འཕགས་ལམ་ཆོས་ཉིད་ཀྱི་བདེན་པ་མངོན་དུ་གཟིགས་པ་ལ་བསྙོན་དུ་མེད་པ་སྟེ་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ཚང་བ། འཕགས་ཡུལ་གྱི་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་དང་རྣམ་དབྱེར་མེད་པའི་སུམ་ལྡན་རྡོ་རྗེ་འཛིན་པ་གྲུབ་པའི་རིག་འཛིན་ཆེན་པོ་དེའོ། །གང་བསྡུ་བར་བྱ་བའི་ཆོས་ནི། ཐེག་པ་ཆེ་ཆུང་གཉིས་ལས་ཆེན་པོ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་རྡོ་རྗེ་ཐེག་པ་གཉིས་ལས་ཕྱི་མ། དེ་ལའང་སྔགས་ཕྱི་ནང་གཉིས་ལས་གཙོ་བོར་ནང་པ་བླ་ན་མེད་པའི་རྒྱུད་སྡེ་གསུམ་གྱི་སྙིང་པོའི་ཡང་ཞུན་བླ་རྫོགས་ཐུགས་གསུམ་གཙོ་བོར་གྱུར་པ་གང་ལ་གང་འདོད་ཀྱི་ཆོས་བཀའ་རབ་འབྱམས་ཡིད་བཞིན་གྱི་ནོར་བུ་བྱེ་བ་འབུམ་གྱིས་ཀྱང་ཆ་ཙམ་དུ་གཞལ་བར་མི་བཟོད་པའི་ཟབ་ཁྱད་ཆེ་ཡོན་རྨད་དུ་བྱུང་བ། སྤྲུལ་པའི་གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་ཐོག་མ་སངས་རྒྱས་བླ་མ་ནས། མཆོག་གྱུར་བདེ་ཆེན་གླིང་པའི་བར་དུ་དཀར་ཆག་རང་གཞུང་དུ་གསལ་བ་ལྟར་གྱི་གཏེར་ཆོས་ཟབ་མོ་རྣམས་ཏེ། དེ་ཡང་སྒྲུབ་ཐབས་དང་རྗེས་གནང་ལས་ཚོགས་ཐན་ཐུན་ཙམ་མ་ཡིན་པར་མཆོག་དང་ཐུན་མོང་གི་དངོས་གྲུབ་མཐའ་དག་སྒྲུབ་པར་བྱེད་པའི་ཐབས་ཚང་ལ་མ་ནོར་བ། ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཛོད་ཁང་ཁ་ཕྱེས་པ་ལྟ་བུ་སྟེ། དེ་ལའང་གོང་སྨོས་བརྒྱུད་པ་དྲུག་པོའི་སྟེང་དུ་བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་དང་། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་དང་། སྙན་བརྒྱུད་དམར་ཁྲིད་ཀྱི་བརྒྱུད་པ་དང་། ཕྲིན་ལས་ཕྱག་བཞེས་ཀྱི་བརྒྱུད་པ་སྟེ་རྣམ་པ་བཞི་དང་ལྡན་པས། རྒྱུད་ལུང་དང་སྡེབ། ལུང་མན་ངག་དང་སྡེབ། མན་ངག་ཕྱག་བཞེས་དང་སྡེབ་སྟེ། འཐོར་བ་བསྡུས། འཁྲུགས་པ་བསྡེབས། གཅུས་པ་བསྲངས། གབ་པ་མངོན་དུ་ཕྱུང་། ལག་ལེན་གནད་དུ་དྲིལ་བས་མཁས་བླུན་སུ་ལའང་འཚམས་ཤིང་འཇུག་བདེ་བས་ཐ་ན་ལྟོ་ཕྱིར་བོན་གྱེར་ཙམ་གྱི་འཕྲལ་གྱི་རྐྱེན་སེལ་ལའང་ཡིད་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་དོ། །ཇི་ལྟར་བསྡུ་བར་མཛད་པའི་ཐུགས་དགོངས་དང་ཟབ་མོའི་སྤོབས་པ་སྐྱེ་བའང་། སྔ་འགྱུར་པུཎྜ་རི་ཀའི་རྒྱུད་ལས། སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར་། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །ཞེས་དང་། འཕགས་པ་བཟང་པོ་སྤྱོད་པ་ལས། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །ཅེས་སོགས་གསུངས་པ་ལྟར། རྒྱུ་འཕགས་ཆེན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་ཐུགས་བསྐྱེད་པ་དང་། སྔོན་རབས་ཀྱི་སྐུ་ཚེའི་ཕྲེང་བ་བརྒྱུད་མར་རྒྱལ་བ་རྣམས་ཀྱི་དམ་ཆོས་ཀྱི་མཛོད་ཡོངས་སུ་འཛིན་པ་ལ་གོམས་པའི་འབྲས་རྟགས་དང་། ཀུན་བཟང་སྤྱོད་པ་རྒྱ་མཚོའི་སྨོན་ལམ་གྱི་མཐུ་དང་། རྐྱེན་སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱི་མཐུས་བསྐུལ་བ་ལས་འབྱུང་གི་དེ་ལས་གཞན་དུ་དེ་འདྲ་བའི་སྤོབས་པ་འབྱུང་མི་སྲིད་པའི་ཕྱིིར་རོ། །དེ་ལྟར་གྱི་བྱ་བ་རྩོམ་པའི་སྐབས་སུའང་། རྗེ་འདི་ཉིད་ཀྱིས་ཐོག་མར་མ་བརྟགས་གྱ་ཚོམ་དང་། གང་བྱུང་དེས་ཆོགཆོས་ལ་དབང་ཟ་བ་སོགས་ཀྱི་ཉེས་པ་འགོག་པའི་ཕྱིར། རྩོད་བྲལ་གྱི་སྤྲུལ་པའི་གཏེར་ཆེན་རྣམ་གཉིས་དང་། འཇིག་རྟེན་དབང་ཕྱུག་རྒྱལ་དབང་བཅུ་བཞི་པ་དང་། རྗེ་པདྨའི་མཚན་ཅན་དང་སེམས་དཔའ་ཆེན་པོ་ཟླ་བཟང་སོགས་འཕགས་པའི་ས་ལ་བཞུགས་ངེས་ཤིང་ཆོས་སྤྱན་རྣམ་པར་དག་པ་རྣམས་ལ་ཐུགས་དམ་བརྟག་པ་ཞུས་པར། སོ་སོར་དག་པའི་སྣང་བ་ངོ་མཚར་བ་དང་བཅས་ཆོས་ཀྱི་བདག་པོ་ཡིན་པས་ཇི་ལྟར་འདོད་པའི་བསྡུ་སྒྲིགས་རུང་ཞིང་བསྟན་པ་འཕེལ་རྒྱས་སུ་འགྱུར་པའི་ལུང་བསྟན་དང་བཀའ་ཡིས་གནང་བ་ཐུན་མིན་ཐོབ་པ་ཡིན་པས་འདི་ལ་ཡིད་ཆེས་སུ་རུང་བའི་གཏན་ཚིགས་གསུམ་བདག་གིས་འགོད་པར་བྱ་སྟེ། དེ་ལ་གང་ཟག་གི་དཔང་པོ་ཡོད་དེ། གང་ཟག་དམ་པ་ཁྱད་པར་དུ་འཕགས་པ་གོང་སྨྲོས་རྣམས་དང་། གཞན་ཡང་། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཆེན་པདྨ་དམ་ཆོས་འོད་ཟེར། ལི་ཐང་དགེ་བཤེས་བྱམས་པ་ཕུན་ཚོགས། ངོར་ཨེ་ཝཾ་པ་ཆེན་པོ་བློ་གཏེར་དབང་པོ། མ་ཧཱ་པཎྜི་ཏ་མི་ཕམ་རྒྱ་མཚོ་སོགས་རིག་པ་དང་གྲོལ་བར་སྨྲ་བའི་བཤེས་གཉེན་ཆེན་པོ་རྣམས་དང་། ས་ཀར་དགེ་རྙིང་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་མགྲིན་གཅིག་དབྱངས་གཅིག་ཏུ་བསྟོད་བསྔགས་བཀུར་གསུམ་མཛད་བཞིན་པ་དེའོ། །ལུང་གི་དཔང་པོའང་ཡོད་དེ། སྤྱིར་གོང་དུ་སྨྲོས་པ་དང་། ཁྱད་པར་སྔ་འགྱུར་སྒྱུ་འཕྲུལ་ཀལ་པ་དུམ་བུའི་རྒྱུད་ལས། འཇིག་རྟེན་ཁ་བ་ཅན་ཞེས་སུ༔པདྨའི་སྙིང་པོ་ཀུན་དགའ་དང༔བློ་གྲོས་མཐའ་ཡས་ལ་སོགས་པས༔འཛིན་པས་བསྟན་པ་རྒྱས་པར་འགྱུར༔ཞེས་རྗེ་བླ་མ་ཡབ་སྲས་གཉིས་ཀའི་མཚན་གྱི་སྒྲས་ཟིན་པ་དང་། བྱེ་བྲག་ཏུ་མདོ་ཏིང་འཛིན་རྒྱལ་པོ་ལས། གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། །སེམས་ཅན་ཀུན་གྱི་དོན་རབ་བྱེད་འགྱུར་ཞེས། །བློ་གྲོས་མཐའ་ཡས་དེ་ནི་ངས་ལུང་བསྟན། །ཞེས་དང་། ཡེ་ཤེས་ཕྱག་རྒྱའི་མདོ་ལས་། འདི་དང་ལྡན་པ་འདྲེན་པར་འགྱུར་ཏེ་བློ་གྲོས་མཐའ་ཡས་བློ་གྲོས་མཆོག །ཕྱོགས་བཅུའི་སངས་རྒྱས་བྱེ་བ་ཕྲག་བརྒྱ་མང་པོ་དག་གིས་དགོངས་པར་འགྱུར། །མདོ་སྡེ་བརྒྱ་ཡི་ཚུལ་དག་ཤིན་དུ་རབ་འབྱེད་བསམ་ཡས་དཔག་མེད་དེ། །མདོ་སྡེ་འདི་ལ་རབ་ཏུ་སྦྱོར་བ་མི་ཟད་གཟུངས་ཐོབ་རྙེད་པར་འགྱུར། །ཞེས་དང་། ཕལ་ཆེན་ལས། ཡོན་ཏན་རྒྱ་མཚོ་རྣམས་ཀྱིས་ཡེ་ཤེས་ཟབ། །མཐའ་དང་དབུས་མེད་དེ་ནི་ཞིང་ཀུན་ཁྱབ། །སེམས་ཅན་བསམ་ལ་སྦྱོར་བ་ཇི་སྙེད་སྣང་། །རྣམ་པར་སྣང་མཛད་ཆོས་ཀྱི་འཁོར་ལོའོ། །ཞེས་དང་། ལང་གཤེགས་ལས། དེ་ཡི་འོག་ཏུ་བྱས་དུས་སུ། །འདྲེན་པ་བློ་གྲོས་ཞེས་བྱ་བ། །ཤེས་བྱ་ལྔ་རྣམས་སྟོན་པ་པོ། །དཔའ་བོ་ཆེན་པོ་འབྱུང་བར་འགྱུར། །ཞེས་སོགས་མདོ་སྡེ་དུ་མ་དང་། གཞན་གཏེར་ཁ་གསར་རྙིང་དུ་མ་ནས་ལུང་བསྟན་པ་སྟེ། དེ་ཡང་རྡོ་བཅག་ལྷུ་བསྒྲིགས་ལྟ་བུ་མ་ཡིན་པར་མཚན་དང་། སྤྲུལ་གཞི་མཛད་པ་རྣམ་ཐར་མཛོད་ལྔ་བཅས་གསལ་བར་བསྟན་པས་དཔྱོད་ལྡན་གཟུ་བོར་གནས་པ་སུས་ཀྱང་ཀྱོག་བཤད་བྱར་མེད་དོ། །རིགས་པའི་དན་དཔང་ཡང་ཡོད་དེ། སྤྱིར་འཕགས་ཆེན་དམ་པ་རྣམས་ཀྱི་ངང་ཚུལ་ནི་གསང་བ་སྦས་པ་ལྷུར་ལེན་པས་ལྐོག་གྱུར་གྱི་རྣམ་ཐར་ཟབ་མོ་རྣམས་ཚུར་མཐོང་བྱིས་བློས་གཞལ་བྱའི་ཡུལ་མིན་ཡང་། དུ་བ་ལས་མེར་དང་། ཆུ་སྐྱར་ལས་ཆུར་ཤེས་པ་བཞིན་དུ་ནང་གི་མངོན་རྟགས་ཕྱིར་ཤར་བ་ལས་རྗེས་དཔག་གི་རིགས་པ་ཡང་དག་པས་སངས་རྒྱས་ཉིད་ཐམས་ཅད་མཁྱེན་པར་སྒྲུབ་པ་ལྟ་བུའི་ཚུལ་གྱིས་གཞལ་བྱར་མི་རུང་བའང་མ་ཡིན་ནོ། །དེ་ཡང་འཇིག་རྟེན་ཕལ་ལ་གྲགས་པའི་གོས་དང་སྟོབས་འབྱོར་སྙན་གྲགས་སོགས་ཀྱིས་ནི་གང་ཟག་དེ་འཕགས་པ་ཡིན་མིན་དུ་ངེས་མི་ནུས་པས། དེ་ལ་སྒྲུབ་བྱེད་ཀྱི་ཚད་མ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། ནུས་པའི་མཐུ་སྟོབས། མཛད་པའི་ཕྲིན་ལས་སམ་བསྟན་འགྲོར་སྨན་པའི་ཕྱག་རྗེས་ཀྱི་ཁྱད་པར་གྱིས་རྗེས་སུ་དཔོག་པར་བྱ་ཏེ། དེ་ལ་མཁྱེན་པའི་ཡེ་ཤེས་ནི་རྗེ་བླ་མ་འདི་ཉིད་སྐུ་ཆུང་ངུའི་དུས་ནས་སྐྱེས་ཐོབ་ཀྱི་མཁྱེན་པའི་ཡོན་ཏན་རྨད་དུ་བྱུང་སྟེ། ཐོག་མར་ཀ་ཁ་ཙམ་ཡང་མ་བསླབས་པའི་གོང་ནས་འཇམ་དཀར་གྱི་སྒྲུབ་ཐབས་རང་རྡོལ་དུ་ཀློག་པར་མཛད་པ་སོགས་ངོ་མཚར་མཐའ་ཡས་ལ། ནར་སོན་ནས་བཟུང་དགེ་བའི་བཤེས་གཉེན་འཚོལ་བ་ལ་མི་ངོམས་པ་གཞོན་ནུ་ནོར་བཟང་ལྟ་བུའི་སྙིང་སྟོབས་ཀྱིས། ཀུན་མཁྱེན་ཟེ་ཆེན་མ་ཧཱ་པཎྜི་ཏ། ཁྱབ་བདག་མཉྫུ་གྷོ་ཥ། རྗེ་པདྨའི་མཚན་སོགས་གསར་རྙིང་རིས་མེད་ཀྱི་མཁས་གྲུབ་དུ་མའི་ཞབས་པད་མཉེས་པ་གསུམ་གྱིས་ཉེ་བར་བསྟེན་ཏེ། ཕྱི་ཐ་སྙད་ཀྱི་རིག་པ་ཡན་ལག་དང་བཅས་པ་དང་། ནང་མདོ་རྒྱུད་གསར་རྙིང་དགོངས་འགྲེལ་དང་བཅས་པ་དེང་སང་བསིལ་ལྡན་ན་རྒྱུན་བཞུགས་སོ་ཅོག་ཐམས་ཅད་ཐུགས་ཀྱི་བུམ་པར་བསྐྱིལ་པས་ཇི་ལྟར་གསན་པའི་རྣམ་གྲངས་ཙམ་ཡང་ཕལ་གྱིས་བརྗོད་དཀའ་བའི་གནས་སོ། །དེ་དག་ཀྱང་གསན་པ་ཙམ་དུ་མ་བཞག་པར་བསམ་སྒོམ་གྱི་ཤེས་རབ་དྲི་མ་མེད་པས་ལེགས་པར་གཏན་ལ་ཕབ་པས། བཅུ་ཕྲག་རིག་གནས་སྤྱི་དང་། ཁྱད་པར་གངས་ལྗོངས་བཤད་བརྒྱུད་འདེགས་པའི་ཀ་ཆེན་བཅུ་དང་། སྒྲུབ་བརྒྱུད་འདྲེན་པའི་ཤིང་རྟ་ཆེན་པོ་བརྒྱད་རྗེས་འབྲང་དང་བཅས་པ་རང་རང་སོ་སོའི་ལྟ་གྲུབ་ཀྱི་ཁས་ལེན། མན་ངག་གི་ཟབ་ཁྱད། ཉམས་མྱོང་གི་སྨིན་ཁྲིད། ཐ་ན་མཐོང་བརྒྱུད་ཀྱི་ཕྱག་བཞེས་ཕྲ་མོ་ཚུན་ཆད་ལག་མཐིལ་ན་སྐྱུ་རུ་ར་རློན་པ་བཞག་པ་བཞིན་དུ་མ་འདྲེས་པར་མཁྱེན་པའི་རྣམ་དཔྱོད་ཀྱིས་ཐམས་ཅད་མཁྱེན་པའི་གནས་ལ་བདག་གིར་མཛད་པ་ནི་འཆད་རྩོམ་གྱི་བསྟན་པའི་ཕྱག་རྗེས་འདི་ཉིད་ཀྱིས་མཚོན་ནུས་པ་ཡིན་ནོ། །བརྩེ་བའི་ཐུགས་རྗེ་ཡང་། སྐུ་ཚེ་སྔོན་མ་རྣམས་སུ་ལེགས་པར་གོམས་པའི་དབང་གིས་སྐུ་ཆུང་ངུ་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་ཐར་སྒྲིབ་མེད་དུ་གསལ་བས་གཞན་གྱི་ལོག་སྒྲུབ་སོགས་ལ་བཟོད་པའི་གོ་ཆ་རྡོ་རྗེ་ལྟར་བརླིང་ཞིང་། ལྷག་པར་བདག་བས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་ཐུགས་དམ་རྩལ་འདོན་དུ་མཛད་པས་གནོད་ལན་དུ་ཕན་གྱིས་འཇལ་བའི་རྣམ་ཐར་ཀུན་ལ་གསལ་བ་དང་། ཁྱད་པར་དུའང་ཟང་ཟིང་མེད་པའི་བརྩེ་བའི་ཐུགས་རྗེ་ཆུ་བོའི་རྒྱུན་ལྟ་བུས་ཉིན་མཚན་བར་མེད་དུ་ཆོས་ཀྱི་སྦྱིན་པ་རང་སྐལ་དང་འཚམ་པར་བསྩལ་ཅིང་རིས་མེད་པའི་གདུལ་བྱ་རྒྱ་མཚོ་སྐྱོང་བར་མཛད་པ་འདིས་མཚོན་ནོ། །ནུས་པའི་ཁྱད་པར་ཡང་། གཏེར་ཆེན་པདྨ་གླིང་པའི་གཏེར་ལུང་དུ། ལྕགས་རྟ་ལོ་ལ་མཐའ་དམག་དབུས་སུ་བརྡོལ༔ང་ཡི་སྤྲུལ་པ་དགེ་སློང་བློ་གྲོས་མིང༔ཁམས་ཕྱོགས་གསེར་ལྡན་འབབ་པའི་འགྲམ་ནས་འབྱུང༔སྨོན་ལམ་དབང་གིས་དུས་ཀྱི་འཁྲུགས་པ་བཟློག༔ལྕགས་ལུག་ལོ་ལ་སྐྱིད་པའི་ཉི་མ་ཤར༔ཞེས་དང་། གཏེར་གསར་ལུང་བྱང་ལས། ཁྱད་པར་འཕགས་པའི་སྐྱེས་བུ་ནི༔དགེ་སློང་ཀུན་དགའི་སྤྲུལ་པ་སྟེ༔བློ་གྲོས་རྒྱ་མཚོ་ལྟ་བུ་ཡི༔ཤེས་བྱ་མཐའ་ཡས་ཅན་དུ་འགྱུར༔འབུམ་ཕྲག་ལྔ་ཡི་འགྲོ་བ་འདྲེན༔གང་མཇལ་ཐར་པའི་ལམ་དུ་བྱེད༔མཐའ་མི་དབུས་སུ་མི་ཉེ་བའི༔བརྟུལ་ཞུགས་སྤྱོད་པ་རྒྱུན་དུ་སྐྱོང༔སྐུ་ཚེ་མཐར་ཕྱིན་འགྲོ་དོན་མཛད༔ཅེས་བསླུ་མེད་རྡོ་རྗེའི་བདེན་ཚིག་གིས་བསྔགས་འབྲས་མངོན་དུ་གྱུར་ཏེ་རྗེ་ཉིད་དགུང་གྲངས་གྱ་བདུན་གྱི་བར་བཞུགས་རིང་བོད་ཁམས་མཐའ་དབུས་སུ་མཐའ་མི་ཀླ་ཀློའི་རྒྱུ་འགྲུལ་མི་གཅིག་ཀྱང་མ་བྱུང་བ་ནི། རྗེ་བླ་མ་འདི་ཉིད་ཀྱི་ནུས་པའི་མཐུའི་མངོན་རྟགས་དངོས་སུ་གསལ་བ་དེའོ། །བསྟན་འགྲོར་སྨན་པའི་མཛད་ཕྲིན་ནི། སྔོན་སངས་རྒྱས་འོད་སྲུང་གི་དུས་རྒྱལ་པོ་ཀྲྀ་ཀྲྀ{ཀྲི་ཀི}འི་རྨི་ལམ་དུ་བྱུང་བ་ལྟར། ད་ལྟའི་ཤཱཀྱའི་བསྟན་པ་འདི་ལ་ཉན་ཐོས་སྡེ་བ་བཅོ་བརྒྱད་སོགས་གྲུབ་མཐའ་སྣ་ཚོགས་སུ་གྱེས་ཀྱང་ཀུན་ལ་རྣམ་གྲོལ་གྱི་ལམ་ཉམས་པ་མེད་པར་གནས་པར་གསུངས་པ་དང་མཐུན་པར་སྡེ་པ་བཅོ་བརྒྱད་བཀའ་བསྡུ་བར་མཛད་པ་དེ་བཞིན་དུ། བསིལ་ལྡན་གྱི་ལྗོངས་འདིར་ཡོངས་སུ་གྲགས་པའི་སྒྲུབ་བརྒྱུད་ཆེན་པོ་བརྒྱད་རྗེས་འབྲང་དང་བཅས་པའི་ལུགས་སྲོལ་མཐའ་དག་གི་ཆུ་བོ་ཐམས་ཅད་གཅིག་ཏུ་བསྐྱིལ་ནས་ཕྱི་མའི་མཐར་ཡང་ཉམས་པ་མེད་པར་བཀའ་གཙིགས་ཕྱག་རྒྱའི་རེ་ཁས་བཏབ་སྟེ་ངེས་གྲོལ་གྱི་ཆུ་གཏེར་ཆེན་པོ་བསྐྱིལ་བར་མཛད་པའི་ངོ་མཚར་དང་ཕྱག་བཞེས་ཀྱི་ཆེ་བ་འདི་འདྲ་སྔོན་ཆད་གསར་རྙིང་གཉིས་ཀའི་ནང་ན་བྱུང་མིན་བློ་དང་ལྡན་ཞིང་གཟུ་བོར་གནས་པ་རྣམས་ཀྱིས་དཔྱོད་ཅིགཁྱད་པར་དུ་ཡང་སྔགས་ནང་པ་བླ་མེད་ཀྱི་རྒྱུད་སྡེ་རྣམས་ནི་ཟབ་ཅིང་གཉན་ལ་མཁའ་འགྲོ་དང་ཆོས་སྲུང་རྣམས་ཀྱི་སྙིང་ཁྲག་གི་དྭངས་མ་ལྟ་བུར་གྱུར་པས། གང་ཟག་ཕལ་གྱིས་འདི་ལྟ་བུའི་བསྡུ་སྒྲིགས་ལྟ་ཅི། ཆོས་ཚན་རེ་གཉིས་ཀྱི་འཆད་ཉན་དང་ཟིན་ཐུན་ཙམ་ལའང་ཆོས་སྲུང་གི་འཁུ་ལྡོག་དང་ལྷ་ཡི་བཀའ་ཆད་སོགས་བྱུང་ཚུལ་གྱི་ལོ་རྒྱུས་ཆེས་མང་ནའང་། རྗེ་བླ་མ་ཉིད་ནི་གསང་བདག་རྡོ་རྗེ་ཆོས་ཉིད་ངེས་གསང་བཀའ་ཡི་སྡུད་པོོར་བསམ་བཞིན་སྐྱེ་བ་བཞེས་ཏེ་དངོས་སུ་བྱོན་པའི་ཕྱིར། གསར་རྙིིང་གི་རྒྱུད་སྡེ་རབ་འབྱམས་སྤྱི་དང་། ཁྱད་པར་སྔ་འགྱུར་ཡོ་ག་སྡེ་གསུམ་བཀའ་གཏེར་གྱིི་ཆུ་བོ་ཇི་སྙེད་གཅིག་གི་འཆད་སྤེལ་དང་བསྡུ་སྒྲིགས་ལ་རྩོལ་བ་སྐུ་ཚེ་རིལ་བོར་གནང་བ་ལ་བར་ཆད་ཀྱི་མཚན་མ་ཆ་ཙམ་ཡང་མ་བྱུང་བ་དང་། དེར་མ་ཟད་ལུང་དོན་གྱི་བདེན་ཚིག་བསླུ་བ་མེད་པའི་འབྲས་རྟགས་སྔ་འགྱུར་ཐུན་མིན་ཤིན་ཏུ་ཟབ་པའི་རྒྱུན་དཀོན་རྣམས་ཀྱི་དཔེ་རྙིང་སོགས་མཁའ་འགྲོ་དང་གཏེར་སྲུང་རྣམས་ཀྱིས་དངོས་སུ་ཕུལ་བ་དང་། བརྒྱུད་པ་ཤིན་ཏུ་དཀོན་པ་རྣམས་ཀྱང་གཏེར་ཆེན་རྣམ་གཉིས་ལ་བཀའ་བབས་རྣམ་པ་བདུན་གྱི་གསང་མཛོད་གསར་དུ་བྱོན་པ་དང་དུས་འགྲིགས་པས་བྱིན་རླབས་ཉེ་བརྒྱུད་དང་རིང་བརྒྱུད་ཀྱི་ཚུལ་དུ་རྩོལ་བ་མེད་པར་མངའ་བརྙེས་པ་དང་། སྔོན་མེད་མདོ་སྒྱུ་སེམས་གསུམ་སོགས་ཀྱི་གྲུབ་མཐའི་རྐང་སློང་ནུས་ངེས་ཀྱི་ཟབ་གཏེར་གུ་རུ་རིན་པོ་ཆེས་དུས་དང་སྣོད་ལྡན་ལ་ཆེད་དུ་དགོངས་པ་རྣམས་ཀྱི་གསང་མཛོད་ཀྱང་གསར་དུ་ངོམ་པ་དང་། དེ་དག་གི་མདོ་བྱང་སོགས་སུ་ཡིད་ཆེས་པའི་ལུང་དང་གཏན་ཚིགས་མང་པོས་དན་རྟགས་དངོས་སུ་བྱས་པ་ཡིན་པས་སྐལ་བཟང་རྣམས་ཀྱི་ཡིད་ཆེས་ཀྱི་གནས་སུ་གྲུབ་པ་ཡིན་ནོ། །རྒྱལ་བའི་ཆོས་འཛོད་ཟབ་ཅིང་རྒྱ་ཆེ་བའི། །བཀའ་ཡི་སྡུད་པོར་རྡོ་རྗེའི་ལུང་བསྟན་བཞིན། །བརྒྱུད་གསུམ་རིག་འཛིན་ལྷ་དང་མཁའ་འགྲོ་ཡིས། །གསང་བའི་ལྡེ་མིག་ཁྱོད་གཅིག་ཁོ་ནར་བསྩལ། །མཁྱེན་བཟང་ཐུགས་མཚོར་མ་ཆུད་ཤེས་བྱའི་གཟུགས། །ཀུན་མཁྱེན་མཛོད་དུ་ཡོད་མེད་སོམ་ཉིའི་རྒྱ། །སྔོན་མེད་མཛོད་ལྔའི་ལེགས་བཤད་འཕྲུལ་གྱི་མཚོན། །འཇམ་དཔལ་ཕྱག་གི་རལ་གྲིས་དེང་འདིར་བཅད། །བརྩེ་ཆེན་ཐུགས་རྗེའི་ཆུ་གཏེར་གཏིང་ཟབ་པ། །མཐུ་སྟོབས་གདེངས་ཀ་ཅན་གྱིས་ཡོངས་བརྟེན་ཅིང་། །ལེགས་མཛད་ཕྲིན་ལས་ཕན་བདེའི་རླབས་ཕྲེང་ཅན། །སྲས་བཅས་རྒྱལ་དང་ཐུན་མོང་ཉིད་དུ་བྱས། །མཆོག་གསང་ཟབ་མོ་ཀུན་གསལ་ཡངས་པའི་མཐའ། །བློ་མཆོག་མཁའ་ལྡིང་དབང་པོས་བགྲོད་མིན་ན། །བློ་ཆུང་ཕྱེ་ལེབ་{བྱེ་སླེབ}རྩལ་གྱིས་ཇི་ལྟར་གཞལ། །དེ་སླད་ཕྱོགས་རེར་བགྲང་བའི་བློ་འདི་ནོངས། །མགོན་པོ་མཆོག་དེའི་གཟུགས་སྐུ་དབྱིངས་བསྡུས་ཀྱང་། །གསུང་གི་རྡོ་རྗེ་མཛོད་ལྔའི་སྐུར་བཞེངས་པ། །ཕྱི་མའི་མཐར་ཡང་ཉམས་མེད་མངོན་སུམ་བཞུགས། །དེ་སླད་སྐལ་བཟང་མཆེད་རྣམས་དགྱེས་པར་མཛོད། །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བཞི་པ་དེ་ལ་གཞན་གྱི་ལོག་རྟོག་གི་སྐྱོན་བསལ་བ་ནི། སྤྱིིར་ཡང་། བདག་ཉིད་ཆེན་པོ་ཙོང་ཁ་པས། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་མཐར་ཐུག་ལོན་པ་སྟེ། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང་། །ཞེས་དང་། ཀུན་མཁྱེན་བླ་མས་ཀྱང་། ཡང་དག་པའི་ཐོས་པའི་དོན་ལ་དཔྱོད་པ་ན། ཆོས་དང་གང་ཟག་ལ་སྐུར་བ་འདེབས་པ་ནི་ནམ་ཡང་མི་བྱ་སྟེ། སྒྲིབ་པ་ཤིན་ཏུ་ལྕི་བའི་ཕྱིར་རོ། །ཞེས་གསུངས་པས། བསྟན་པ་ཐམས་ཅད་འགལ་མེད་དང་གསུང་རབ་མཐའ་དག་གདམས་པར་ཤར་བའི་ཚུལ་གྱིས་རང་བཞན་ཉེས་སྤྱོད་ཆོས་སྤང་གི་གཡང་ལས་བསྲུང་བ་འདི་ཅིས་ཀྱང་གལ་ཆེ་བས། དེའི་ཚུལ་ཡང་ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་སྟོད་འགྲེེལ་ལས། འདིར་མ་འོངས་པའི་དུས་ན་བྱིས་པའིི་སྐྱེ་བོ་ཚིག་འབྲུ་ལ་རབ་ཏུ་རྟོན་པ་ལ་བརྟེན་པ་རྣམས་ཀྱིས་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པ་གང་བྲལ་བའི་རྒྱུད་ཀྱི་རྒྱལ་པོ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་གང་ཞིག་སྨྲ་བར་འགྱུར་བ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར། བཅོམ་ལྡན་འདས་ཀྱིས་གཞན་དུ་རྟོན་པ་བཞི་གསུངས་པའི་ཕྱིར་རོ། །འདི་ལྟ་སྟེ། དོན་ལ་རྟོན་པར་བྱ་ཡི་ཚིག་འབྲུ་ལ་རྟོན་པ་མ་ཡིན་པ་དང་། ཡེ་ཤེས་ལ་རྟོན་པར་བྱ་ཡི་རྣམ་ཤེས་ལ་རྟོན་པར་བྱ་བ་མ་ཡིན་པ་དང་། ངེེས་པའི་དོན་ལ་རྟོན་པར་བྱ་ཡི་དྲངས་པའི་དོན་ལ་རྟོན་པ་མ་ཡིན་པ་དང་། ཆོས་ལ་རྟོན་པར་བྱ་ཡི་གང་ཟག་ལ་རྟོན་པར་བྱ་བ་མ་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ཡི་ཕྱིར་ཚིག་འབྲུ་ལ་རབ་ཏུ་རྟོན་པ་ནི་ཐེག་པ་གང་དུ་ཡང་བཅོམ་ལྡན་འདས་ཀྱིས་མ་གསུངས་སོ། །ཞེས་གསུངས་པ་བཞིན། རྒྱལ་བས་ལེགས་པར་གསུངས་པའི་དམ་པའི་ཆོས་མདོ་དང་རྒྱུད་སྡེའི་དགོངས་པ་མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་སྟོན་པར་མཛད་པ་རྣམས་གནས་སྐབས་སུ་གདུལ་བྱའི་བློ་རིམ་དང་མཐུན་པར་དཀྲི་བའི་ཁྱད་པར་དང་ལམ་མྱུར་བུལ་ཙམ་མེད་པ་མ་ཡིན་ཡང་། མཐར་ཐུག་གི་དགོངས་པའི་སྐྱེལ་སོ་ངེས་དོན་སྙིང་པོའི་ཀློང་དུ་རོ་གཅིག་པར་འགྱུར་བས། དེ་ལྟ་བུའི་ཚུལ་ལ་ངེས་ཤེས་སྐྱེད་དགོས་ཏེ། ཟླ་བ་མར་མེའི་མདོ་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །སྣ་ཚོགས་ཚིག་འབྲུ་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ཡོངས་མི་ནུས། །ཚིག་གཅིག་གོམས་པར་བྱས་པས་ན། །དེ་དག་ཐམས་ཅད་གོམས་པར་འགྱུར། །ཞེས་དང་། སློབ་དཔོན་ཨཱརྱ་དེ་ཝས། དངོས་གཅིག་དངོས་པོ་ཀུན་གྱི་རང་བཞིན་ཏེ། །དངོས་ཀུན་དངོས་པོ་གཅིག་གི་རང་བཞིན་ཉིད། །གང་གི་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་པོ་ཀུན་གྱི་དེ་ཉིད་མཐོང་། །ཞེས་དང་། སློབ་དཔོན་སེང་གེ་བཟང་པོས་མཛད་པའི་ཤེར་ཊཱིཀ་ལས། ཆོས་གཅིག་ཆོས་ཀུན་ཉིད་ཀྱི་ངོ་བོ་ཉིད། །གང་གི་ཆོས་གཅིག་དེ་བཞིན་ཉིད་རྟོགས་པས། །དེ་ཡིས་ཆོས་ཀུན་དེ་བཞིན་ཉིད་དུ་རྟོགས། །ཞེས་གསུངས། དེ་ཡང་སངས་རྒྱས་ཀྱི་གསུངས་རྣམ་པ་ཐམས་ཅད་པ་ནི། དོན་དམ་པར་སྒྲ་དང་ཚིག་དང་ཡི་གེ་ཀུན་ལས་འདས་ཀྱང་། ཀུན་རྫོབ་ཏུ་གདུལ་བྱའི་མོས་པ་དང་། སངས་རྒྱས་ཀྱི་བྱིན་རླབས་དང་། དུས་སུ་ཚོགས་པའི་རྐྱེན་གསུམ་ནམ་འཛོམས་པ་ན་སྒྲ་སྙན་ནམ་ལྷ་ཡི་རྔ་པོ་ཆེའི་སྒྲ་བཞིན་འབྱུང་བ་ཡིན་ཏེ། གསང་བ་བསམ་མི་ཁྱབ་པའི་མདོ་ལས། འཕྲུལ་འཁོར་ལས་བྱས་སིལ་སྙན་ནི། །རླུང་གིས་བསྐྱོད་པས་སྒྲ་འབྱིན་ཅིང་། །དེ་ལ་བརྡུང་བ་འགའ་མེད་མོད། །དེ་ལྟ་ན་ཡང་སྒྲ་འབྱུང་ལྟར། །དེ་བཞིན་སྔོན་ལེགས་སྦྱངས་པའི་ཕྱིར། །སེམས་ཅན་རྣམས་ཀྱི་བསམ་པ་ཡིས། །བསྐུལ་བས་སངས་རྒྱས་གསུང་འབྱུང་ངོ་། །དེ་ལ་འདི་རྟོག་ཡོངས་མི་མངའ། །ཞེས་དང་། རྒྱུད་བླ་མ་ལས། ཇི་ལྟར་སྒྲ་སྙན་རྣམས་ཀྱི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །དེ་ལྟར་དེ་བཞིན་གཤེགས་པའི་གསུངས། །གཞན་གྱི་རྣམ་རིག་ལས་བྱུང་བ། །ཕྱི་དང་ནང་དུ་གནས་མ་ཡིན། །ཞེས་དང་། ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། །རྔ་སྒྲ་རང་གི་ལས་ལས་བྱུང་། །དེ་བཞིན་འཇིག་རྟེན་ཐུབ་པའི་ཆོས། །གསུངས་པ་རང་གི་ལས་ལས་བྱུང་། །ཞེས་དང་། ཀླུ་སྒྲུབ་ཀྱིིས་བསྟོད་པར། གཙོ་བོ་ཁྱོད་ཀྱིས་འགའ་ཞིག་ཏུ། །ཡི་གེ་གཅིག་ཀྱང་མ་གསུངས་ལ། །གདུལ་བྱའི་འགྲོ་བ་མ་ལུས་པ། །ཆོས་ཀྱི་ཆར་གྱིས་ཚིམ་པར་མཛད། །ཅེས་གསུངས་ཤིང་། གནས་སྐབས་གདུལ་བྱའི་བློ་ལ་ལྟོས་ནས། དུས་རིམ་གྱིས་འཇུག་པའི་ལམ་ཅན་དང་། དུས་ཅིག་ཅར་དུ་འཇུག་པའི་བློ་ཅན་རྣམས་ཀྱི་ངོར་ཆོས་འཁོར་རིམ་གསུམ་སོགས་ཀྱང་དུས་དེ་ལྟར་དུ་སྣང་ཞིང་། རིས་ཁམས་མི་འདྲ་བ་དུ་མ་ཡོད་ན། དེ་བཞིན་གཤེགས་པའི་གསུང་དུ་སྣང་བའི་དུས་དེའི་སྔ་ཕྱི་མེད་པར་ཆོས་ཐ་དད་དུ་གོ་ཞིང་སྟོན་པར་མཛད་པ་ཡིན་ཏེ། མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། ང་ཡིས་ཅི་ཡང་མ་གསུངས་པར། །སེམས་ཅན་རྣམས་ལ་ཁྱབ་བདལ་སྣང་། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་པ་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། །ཡིད་བཞིན་རེ་བ་རྣམ་སྐོང་བའི། །གསུང་གི་ཆེ་བ་དེ་ཉིད་དོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། འཇིག་རྟེན་ཕན་པ་ཁྱོད་ཀྱི་གསུང་གཅིག་ལ། །མོས་པ་ཐ་དད་བཞིན་དུ་སྒྲ་འབྱུང་སྟེ། །རྒྱལ་བས་བདག་ལ་སྟོན་སྙམ་སོ་སོར་སེམས། །གང་གི་སླད་དུ་ཁྱོད་ཀྱིས་འཛུམ་མཛད་སྟོན། །ཞེས་དང་། ཕལ་པོ་ཆེ་ལས། སངས་རྒྱས་སྐུ་ཡི་སྤུ་རྩེ་གཅིག་ལས་ཀྱང་། །འགྲོ་བ་ཀུན་ལ་ཆོས་སྤྲིན་མ་ལུས་གསུངས། །ཐོས་ནས་རྒྱ་ཆེན་དགའ་བ་རབ་ཏུ་བསྐྱེད། །ཅེས་དང་། རྒྱལ་བའི་གསུང་དབྱངས་གཅིག་ལ་མཐའ་ཡས་པའི། །ཆོས་ཀྱི་སྒོ་མོ་སྣ་ཚོགས་ཀུན་ཀྱང་འབྱུང་། །ཞེས་དང་། མདོ་དགོངས་པ་ལུང་སྟོན་ལས། རྟོག་པ་མེད་ཅིང་འཁྲུལ་མེད་པ། །ཡིད་འོང་རྡོ་རྗེའི་ཚིག་གཅིག་པུ། །གདུལ་བྱའི་བསམ་པའི་དབང་གིས་ནི། །བྱེ་བྲག་མང་པོར་འགྱུར་བ་ཡིན། །ཞེས་དང་། གསང་སྙིང་ལས། ཐེག་པ་མཐོ་དམན་བསམ་ཡས་ཀྱང་། །དེ་བཞིན་ཉིད་ལས་མ་གསུངས་ཏེ། །གདུལ་བྱའི་ཐབས་སུ་སོ་སོར་ཐོས། །ཞེས་དང་། རྒྱུད་བླ་མ་ལས། ཇི་ལྟར་བསིལ་དང་ཞིམ་དང་འཇམ་པ་དང་། །ཡང་པའི་ཆུ་ནི་སྤྲིན་ཆེན་ལས་ཐོན་པ། །ས་ལ་བ་ཚྭ་ལ་སོགས་གནས་འབྲེལ་བས། །ཤིན་ཏུ་མང་བའི་རོོ་ནི་འབྱུང་བ་ཡིན། །དེ་བཞིན་འཕགས་ལམ་ཡན་ལག་བརྒྱད་ཆུ་ཆར། །རབ་ཡངས་བརྩེ་སྤྲིན་སྙིང་པོ་ལས་ཐོན་པ། །འགྲོ་བའི་རྒྱུད་ཀྱི་གནས་ཀྱི་དབྱེ་བ་ཡིས། །རྣམ་པ་མང་པོའི་དོན་དང་ལྡན་པར་འགྱུར། །ཞེས་གསུངས་པ་བཞིན་ཏེ། དེའང་ཟ་མ་ཏོག་བཀོད་པའི་མདོ་ལས། དེའི་ཚེ་བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ནི་སྙིང་རྗེ་ཆེན་པོའི་སྒོའི་ཆོས་ཀྱི་རྣམ་གྲངས་ཐོས་ལ། ཁ་ཅིག་གིས་ནི་མཚན་མ་མེད་པའི་ཆོས་ཀྱི་སྒོའི་རྣམ་གྲངས་ཐོས་སོ། །ཞེས་གསུངས་པ་ལྟར་གདུལ་བྱའི་ཁམས་དབང་མོས་པའི་ཁྱད་པར་གྱིས་ཐེག་པའི་སྒོ་དང་ཆོས་གྱི་རྣམ་གྲངས་མཐའ་ཡས་པ་ཞིག་སྣང་བས་འདི་ཙམ་ཞིག་ཞེས་ཕྱོགས་རེར་ཞེན་པའི་བློས་ཚད་བཟུང་དུ་མི་བཏུབ་སྟེ། ལང་ཀར་གཤེགས་པའི་མདོ་ལས། སེམས་ཅན་རྣམས་ན་ཡོངས་དྲངས་ཕྱིར། །ཐེག་པ་མཐའ་དག་ངས་བཤད་དོ། །འདི་ཞེས་དམིགས་སུ་ཡོད་མ་ཡིན། །ཞེས་དང་། འཇམ་དཔལ་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཞེས་གསུངས། རེས་ཐེག་པ་གཅིག་ཏུའང་གསུངས་ཏེ། ཡུམ་བར་མ་ལས། རབ་འབྱོར་ཐེག་པ་ནི་གཅིག་ཁོ་ན་སྟེ་བླ་ན་མེད་པ་སངས་རྒྱས་ཀྱི་ཐེག་པའོ། །ཞེས་དང་། དམ་པའི་ཆོས་པདྨ་དཀར་པོ་ལས། དྲང་སྲོང་རྣམས་གྱི་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ནི་ཐབས་ལ་མཁས་པ་སྟེ། །ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །བཀྲི་བའི་དོན་དུ་ཐེག་པ་གསུམ་བསྟན་ཏོ། །ཞེས་དང་། སྤྱི་མདོ་ལས། གསང་ཉིད་སྙིང་པོ་ངེས་པ་ནི། །ཐེག་པའི་སྒོ་ཡང་གཅིག་ལས་མེད། །ཅེས་གསུངས། གཉིས་སུའང་གསུངས་ཏེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་ཐེག་པ་ནི་གཉིས་ཏེ་ཆུང་ངུ་དང་ཆེན་པོའོ། །ཞེས་དང་། གཞན་ཡང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་གསུངས། གསུམ་དུའང་གསུངས་ཏེ། ཡུམ་སྙིང་པོ་མཆོག་ལས། རབ་འབྱོར་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། ཞེས་དང་། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་ཁོ་ནར་གསུངས་པ་དང་། བཞིར་ཡང་གསུངས་ཏེ། འཇམ་དཔལ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་རྒྱུའི་ཐེག་པ་གསུམ། གསང་སྔགས་ཀྱི་ཐེག་པ་དང་བཞིར་གསུངས་པ་དང་། ལྔར་ཡང་གསུངས་ཏེ། ལང་ཀར་གཤེགས་པ་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང་། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་མཐའ་དག་ངས་བཤད་དོ། །ཞེས་དང་། གཞན་ཡང་གསང་སྙིང་ལས། ཐེག་པ་བཞི་ཡིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་མངོན་མཐོ་ལྷ་མི་དང་། ངེས་ལེགས་ཉན་རང་བྱང་སེམས་གསང་སྔགས་ཀྱི་ཐེག་པ་སྟེ་ལྔར་གསུངས་པ་དང་། དགུར་ཡང་གསུངས་ཏེ། དམ་ཆོས་པད་དཀར་ལས། ང་ཡིས་བསྟན་པའི་ཐེག་པ་དགུ་པོ་ཡང་། །སེམས་ཅན་རྣམས་ཀྱིས་མཐུ་དང་མོས་པར་བཤད། །འདི་ལྟར་ཐབས་ཀྱི་མཆོག་གི་ཡེ་ཤེས་ལ། །རབ་ཏུ་གཟུད་པའི་ཕྱིར་ན་ངས་བཤད་དོ། །ཞེས་དང་། སྤྱི་མདོ་ལས། ལང་ཀའི་བདག་པོ་གཞན་ཡང་གང་། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་དེ་རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བས་དགུར་གསུངས་པ་དང་། དཔག་ཏུ་མེད་པར་ཡང་གསུངས་ཏེ། རྒྱུད་དེ་ཉིད་དང་། བདེ་མཆོག་ལས་ཀྱང་། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་གསུངས། མདོར་ན་ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ནི་ཞིག་པར་གྱུར་པ་ན། ཐེག་པ་མེད་ཅིང་བགྲོད་པའང་མེད། །ཅེས་དང་། འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། ང་ཡིས་འདུལ་བའི་སེམས་ཅན་ལ། །མོས་པའི་མཐའ་ལ་ཐུག་པ་མེད། །དེ་ཕྱིར་ཐེག་པ་ཐུག་མེད་པས། །དེ་ཉིད་ལྟ་བ་བསམ་མི་ཁྱབ། །ཅེས་དང་། ཐེག་པ་གསུམ་དང་བཅོ་བརྒྱད་དང་། །ཇི་སྲིད་འདུ་ཤེས་ཡོད་གྱི་བར། །ལྟ་བའི་དབྱེ་བ་རྒྱས་པའོ། །ཞེས་གསུངས། དེ་ཐམས་ཅད་ཀྱི་མཐར་ཐུག་གི་དགོངས་པའི་སྐྱེལ་སོ་བླ་ན་མེད་པའི་ཐེག་པར་འདུ་སྟེ། གསང་སྙིང་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱི། །དོན་དུ་མི་འགྱུར་ཡོང་མ་གསུངས། །ཞེས་དང་། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་ལ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་དང་། རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབས་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་མ་ལུས་བསམ་ཡས་འདུ། །ཞེས་དང་། ནམ་མཁའ་ཆེ་ལས། རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ཅིང་། །རྒྱ་མཚོའི་ཀློང་དུ་རོ་གཅིག་གནས་པ་ལྟར། །ཆོས་རྣམས་རྫོགས་པ་ཆེན་པོར་འདུས་གསལ་ཞིང་། །མ་བཅོས་ལྷུན་གྱིས་གྲུབ་པའི་ངང་དུ་གནས། །ཞེས་གསུངས། སྡེ་སྣོད་དང་རྒྱུད་སྡེའི་གྲངས་ཀྱི་ཚད་ཀྱང་། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་དག་ཐུབ་པས་གསུངས་དེ་དག །ཅེས་དང་། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་དང་། གསང་སྙིང་ལས། ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ་གསུང་ངོ་གསུང་བར་འགྱུར་རོ། །ཞེས་དང་། མི་ཟད་པའི་གཏེར་བསྟན་པ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང་། །དུག་གསུམ་ཆ་མཉམ་སྤྱོད་པ་དག །ཉི་ཁྲི་ཆིག་སྟོང་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་དེ་སྙེད་གསུངས། །ཞེས་དང་། ཡོན་ཏན་བཀོད་པའི་རྒྱུད་ལས། ཕྱི་ཡི་སྡེ་སྣོད་གསུམ་དག་ནི། །འདོད་ཆགས་ཞེ་སྡང་གཏི་མུག་དག །སོ་སོའི་གཉེན་པོར་བསྟན་པ་སྟེ། །བླ་མེད་མཉམ་པའི་གསང་སྔགས་ནི། །ཉོན་མོངས་ཀུན་གྱི་གཉེན་པོར་བསྟན། །ཀུན་ཀྱང་བརྒྱད་ཁྲི་བཞི་སྟོང་ཉིད། །རྒྱལ་བ་རྣམས་ཀྱི་ཆོས་ཕུང་པོ། །ཉོན་མོངས་གཉེན་པོར་བསྟན་པ་ཡིན། །ཞེས་གསུངས། ཆོས་ཀྱི་ཕུང་པོའི་ཚད་ལ་བཞེད་པ་མི་འདྲ་བ་འགའ་ཞིག་སྣང་ཡང་ཐེག་པ་ཆེན་པོ་དབང་བཙན་པར་བྱས་ན། སྒྲོན་གསལ་ལས། གྲོ་ག་རིམ་པ་གཅིག་པ་དང་ཤིང་ཏ་ལའི་འདབ་མ་རྣམས་སུ་ཕག་ཟེའི་རྩེ་མོས་བྲིས་པའི་ཚད་ཀྱི་ཡི་གེ་རྣམས་ཀྱིས་གང་བར་བྱས་ཏེ། གང་བར་བྱས་པའི་གྲོ་གའི་ཁུར་རམ་ཏ་ལའི་འདབ་མའི་ཁུར་ཇི་སྲིད་གླང་རྒོད་ཀྱི་ཐེག་པ་དེ་ནི་ཆོས་ཀྱི་ཕུང་པོ་གཅིག་གོ །དེ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་ནི་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་ཚད་དོ། །ཐེག་པ་ཆེན་པོ་ལ་དགུ་ཁྲི། སྔགས་ཀྱི་ཐེག་པ་ལ་སྟོང་ཕྲག་བརྒྱད་ཡོད་དོ། །ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ཚིག་གསལ་ལས། ཐེག་པ་ཆེན་པོ་བླ་ན་མེད་པའི་དབང་དུ་བྱས་ཏེ། དབང་པོའི་གླང་པོ་ཆེ་རབ་བརྟན་གྱིས་འཁུར་བར་འོས་པའི་སྣག་ཚས་ཆོས་ཀྱི་ཕུང་པོ་གཅིག་འབྲི་{འདྲི}བར་ནུས་སོ། །ཞེས་གསུངས་ཏེ། དེ་ལྟར་བྱས་ན་མདོ་གང་དག་ལས། འཕགས་པ་ལྷས་བྱིན་གྱིས་གླང་པོ་ཆེ་ལྔ་སྟོང་གིས་འཁུར་བ་བྱ་བའི་གླེགས་བམ་རྣམས་ཁ་ཏོན་དུ་རྗོད་པར་བྱེད་དོ་ཞེས་གསུངས་པ་འདིའང་རིགས་པར་འགྱུར་རོ། །བྱེ་བྲག་ཏུ། སྔ་འགྱུར་གྱི་རྒྱུད་གཞུང་རྣམས་ལས་རྫོགས་པ་ཆེན་པོའི་རྒྱུད་ལ་འབུམ་ཕྲག་དྲུག་ཅུ་རྩ་བཞིར་གསུངས་པ་དང་། བདེ་མཆོག་སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ངེས་ཏེ། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཐེག་ཆེན་ལས་གཞན་མདོ་སྡེ་རྣམས། །དུང་ཕྱུར་ཕྲག་བརྒྱད་གསུངས་པ་ཡིན། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ས་ཡ་དང་ནི་དུང་ཕྱུར་ལྔ། །ཞེས་དང་། གསང་སྔགས་ཕྱི་པ་ལའང་། ལྷ་དང་ལྷ་མིན་རྣམས་ལ་ཕན་གདགས་ཕྱིར། །གསང་སྔགས་རིགས་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། བྱ་བའི་རྒྱུད་སྟོང་ཕྲག་བཞི། སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད། རྟོག་པའི་རྒྱུད་སྟོང་ཕྲག་བཞི། གཉིས་ཀའི་རྒྱུད་སྟོང་ཕྲག་དྲུགརྣལ་འབྱོོར་ཆེན་པོའི་རྒྱུད་སྟོང་ཕྲག་བཅུ་གཉིས་ཏེ། རྒྱས་པར་ཕྱེ་ན་གྲངས་མེད་དོ། །ཞེས་འབྱུང་། དབྱེ་བ་དེ་དག་ཀྱང་རྒྱུད་ཀྱི་རྐང་གྲངས་ཡིན་གྱི་ཤླ་ཀ་སོགས་ཀྱི་གྲངས་ནི་མ་ཡིན་ཏེ་ཤླ་ཀའི་གྲངས་ནི། བདེ་མཆོག་ནམ་མཁའ་དང་མཉམ་པ་ལ་འབུམ་དང་། དགྱེས་རྡོར་ལ་འབུམ་ཕྲག་ལྔ་དང་། དུས་ཀྱི་འཁོར་ལོ་ལ་སྟོང་ཕྲག་བཅུ་གཉིས་དང་། སངས་རྒྱས་མཉམ་སྦྱོོར་ལ་ཁྲི་བརྒྱད་སྟོང་། དེ་ཉིད་བསྡུས་པ་ལ་སྟོང་ཕྲག་བརྒྱད། གཤིན་རྗེ་གཤེད་དམར་པོ་ལ་འབུམ་ཕྲག་གསུམ་དང་། དོན་ཞགས་ལ་སྟོང་ཕྲག་བརྒྱད་ལ་སོགས་པ་ཡོད་པར་གསུངས་སོ། །མདོ་རྒྱུད་དེ་རྣམས་ཕལ་ཆེར་ནི་ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་གནས་ཐ་དད་པར། ཕྱག་ན་རྡོ་རྗེ་ལ་སོགས་པའི་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། རིག་པ་འཛིན་པ་དང་། གྲུབ་པ་ཐོབ་པ་དང་། རིགས་སྔགས་འཆང་བ་དང་། མཁའ་འགྲོ་མ་ལ་སོགས་པས་བཟུང་ནས་དར་ཞིང་སྤྱོད་པ་ཡིན་ལ། དེ་ལས་ཉུང་ཤས་ཤིག་ཨོ་རྒྱན་དང་རྒྱ་གར་དང་ཤམ་བྷ་ལ་ལ་སོགས་པའི་ཡུལ་དང་ཡུལ་ཕྲན་རྣམས་སུ་བབ་པ་ལས། ཅུང་ཟད་ཙམ་ཞིག་སྔ་ཕྱིར་བྱོན་པའི་ལོ་པཎ་ཆེན་པོ་རྣམས་གྱི་བཀའ་དྲིན་ལས་གངས་ཅན་གྱི་ལྗོངས་འདིར་སྣང་བ་ཡིན་ལ། དེ་ལས་ཀྱང་བསྟན་པ་འཕེལ་འགྲིབ་སོགས་ཀྱི་རྐྱེན་ལས་ནུབ་པའང་མང་ཞིང་ད་ལྟ་ཡོད་པ་ལའང་འདི་ཙམ་ཞིག་ཅེས་སུས་ཀྱང་ཁ་ཚོན་གཅོད་པར་མི་ནུས་ན། རྒྱ་གར་དང་ཨོ་རྒྱན་སོགས་ཡུལ་ཁམས་རྒྱ་ཆེ་བས་བོད་ལོ་རྐང་འཁྱམས་རེ་ཉུག་ཙམ་ཕྱིན་པས་མཐའ་ག་ལ་ཆོད། གཙུག་ལག་ཁང་ཆུང་རེའི་ནང་དུ་མ་ཆུད་པའམ་མ་རྙེད་པ་རྒྱུ་མཚན་དུ་བྱས་ཏེ་གཞན་རྣམས་ཆོས་མིན་བཀའ་མིན་དུ་ཇི་ལྟར་འགྲུབ། སྔོན་གྱི་འཁོན་རྙིང་སོགས་ཀྱི་རྒྱུ་ལས་རྒྱ་གར་ན་མེད་པར་བོད་ཀྱིས་བརྩམས་པར་བསྒྲགས་པའི་རྒྱུད་སོགས་མང་ཞིག་ཕྱིས་རྒྱ་དཔེ་བྱུང་ནས་བསྒྱུར་བ་དང་། རྒྱ་གཞུང་ཚད་མ་དུ་མར་ལུང་དྲངས་པ་སོགས་ཀྱིས་བརྫུན་རྐུབ་བུད་པའང་ཆེས་མང་བའི་ཕྱིར་རོ། །སངས་རྒྱས་ཀྱིས་ཆོས་བསྟན་པ་དེ་དག་ཀྱང་སྟོན་པས་གདུལ་བྱ་རང་རང་གི་མོས་པ་དང་འཚམ་པར་སོ་སོའི་བརྡ་དང་ཐ་སྙད་དང་སྐད་དང་ཡིག་རིགས་སོགས་སྣ་ཚོགས་པས་གོ་བར་མཛད་ཅིང་། སྡུད་པ་པོ་རྣམས་ཀྱིས་ཀྱང་ཡུལ་ཐ་དད་པ་སོ་སོའི་སྐད་དང་ཡི་གེར་བསྡུས་པ་ཡིན་པས་ལེགས་སྦྱར་ལྟ་བུའི་སྐད་གཅིག་ཏུ་རིས་སུ་ཆད་པ་ནི་མ་ཡིན་ཏེ། ཕལ་པོ་ཆེ་ལས། འཇིག་རྟེན་ཀུན་གྱི་མོས་པ་སྣ་ཚོགས་དང་། །བསམ་པ་ཇི་བཞིན་སྦྱོར་བ་རྣམ་དཔྱོད་པས། །དེ་དག་ཇི་བཞིན་རྒྱལ་བས་ཆོས་སྟོན་ཏེ། །རང་བྱུང་མོས་པ་མཁྱེན་པའི་སྟོབས་སྟོན་ཏོ། །ཞེས་དང་། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་དང། དུས་འཁོར་རྩ་རྒྱུད་ལས། རང་རང་སྐད་ཀྱི་ཁྱད་པར་རྣམས་ཀྱིས་ནི། །སྲིད་གསུམ་མ་ལུས་ལམ་ལ་ལེགས་བཀོད་ནས། །ཀུན་མཁྱེན་གསུངས་འདི་ཞི་བདེའི་འབྲས་བུ་སྟེར། །ལྷ་ཡི་སྐད་ལས་དེ་དག་གང་དུ་འགྱུར། །ཞེས་དང་། བསྡུས་རྒྱུད་ལས། དུད་འགྲོ་ཡི་དྭགས་ལྷ་མིན་རྣམས་དང་ལྟོ་འཕྱེ་ལྷ་མི་འཕགས་པ་བོད་ལ་སོགས་རྣམས་ལ། །བྱུང་དང་འབྱུང་འགྱུར་ད་ལྟར་བྱུང་བ་རྣམ་པ་གསུམ་དང་རྟག་ཏུ་བདེན་པའི་ཆོས་གསུངས་ཤིང་། །རང་རང་སྐད་གཞན་རྣམས་ཀྱིས་སྲིད་གསུམ་མ་ཚང་མེད་པ་ལམ་ལ་ཡང་དག་འགོད་བྱེད་པ། །འདི་ནི་བདེ་ཉམས་འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུངས་ཏེ་ལྷ་ཡི་སྐད་ཀྱིས་མིན། །ཞེས་དང་། དྲི་མེད་འོད་ལས། ཀུན་མཁྱེན་ལམ་དོན་གཉེར་བ་རྣམས་ལ་སྒྲ་དང་སྒྲ་མིན་རྣམ་དཔྱད་ཆེན་པོ་མེད། །སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག །སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་གིས་ཐམས་ཅད་མཁྱེན་པའི་གསུང་མཆོག་ལ། །བརྡ་སྤྲོད་པ་ལ་ཀླུས་བཀོད་སྒྲ་བརྩེགས་རྩོད་པ་དོན་གཉེར་རྣམས་ཀྱིས་དེ་ལས་གཞན། །སྒྲ་ཉམས་པ་དང་ཡུལ་གྱི་སྐད་ལས་ཀྱང་། །རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ། །ཆུ་ལ་འོ་མ་ངེས་པར་ཞུགས་པ་དེ། །ངང་པས་རབ་ཏུ་ཕྱུང་སྟེ་འཐུང་བར་བྱེད། །དོན་དམ་དེ་ཉིད་ཡུལ་ལ་རྟག་ཏུ་ནི། །ཆེན་པོ་དག་རྣམས་ཚིག་ལ་རྟོན་པ་མིན། །ཡུལ་གྱི་སྐད་རྣམས་ཀྱིས་ནི་དོན་ཤེས་ན། །བསྟན་བཅོས་སྒྲ་དག་གིས་ནི་ཅི་ཞིག་བྱ། །གང་ཞིག་ཟུར་ཆགས་སྒྲ་དང་སྒྲར་གྱུར་པ། །བརྗོད་པ་དེ་ཉིད་ཡེ་ཤེས་མ་ཡིན་ཞིང་། །གང་ཞིག་འགྲོ་བ་དག་ལས་ཉི་ཚེ་བ། །དེ་ནི་ཐམས་ཅད་མཁྱེན་པའི་གསུངས་མ་ཡིན། །ཞེས་དང་། དེ་ཉིད་ལས། བཅོམ་ལྡན་འདས་ཡོངས་སུ་མྱང་ན་ལས་འདས་པར་གྱུར་པ་ན། སྡུད་པར་བྱེད་པ་པོ་དག་ཐེག་པ་གསུམ་གླེགས་བམ་དུ་བྲིས་ཏེ། དེ་བཞིན་གཤེགས་པའི་ངེས་པའི་སྡེ་སྣོད་གསུམ་མ་ག་དྷཱའི་སྐད་ཀྱིས་སོ། །མདོ་སྡེ་ནི་སིནྡྷུའི་སྐད་ཀྱིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་སྔགས་ཀྱི་ཚུལ་ནི་ལེགས་སྦྱར་ཀྱི་སྐད་ཀྱིས་སོ། །རྒྱུད་དང་རྒྱུད་གཞན་ནི་ལེགས་སྦྱར་དང་། ཟུར་ཆག་དང་། ལེགས་སྦྱར་མ་ཡིན་པ་རི་ཁྲོད་པ་ལ་སོགས་པ་ཀླ་ཀློའི་སྐད་ཀྱིས་ཏེ་དེ་ལྟ་བུ་ལ་སོགས་པ་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་རྣམས་སྡུད་པར་བྱེད་པ་པོ་དག་གིས་བྲིས་སོ། །དེ་བཞིན་དུ་བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། ཞེས་སོགས་རྒྱ་ཆེར་གསུངས་པ་དང་། སྒྲོན་གསལ་དུ། ཀོ་ཊ་ཀྵ་ལ་སོགས་པའི་སྒྲ། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །འཇིག་རྟེན་བསྟན་བཅོས་ལས་མ་གྲགས། །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས། རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ཤེས། །བླ་མས་མཛད་པའི་བསྟན་བཅོས་གང་། །དེ་ལ་སྒྲ་དང་སྒྲ་ངན་དུ། །ལྷ་ཡི་དབང་ཕྱུག་བརྟག་མི་བྱ། །སྙན་དངགས་ཟློས་གར་བསྟན་བཅོས་ལ། །སྒྲ་དང་སྒྲ་མིན་བརྟག་བྱ་ཡི། །སྔགས་ཀྱི་བསྟན་བཅོས་གཏན་ལ་ཕབ། །ཅི་ཡི་ཕྱིར་ན་བརྟག་པར་བྱ། །རྟོག་པར་བྱེད་པས་གཏི་མུག་བྱེད། །རྩ་བའི་དོན་ནི་ཟད་པར་འོང་། །དེ་ཕྱིར་སྒྲ་དང་རྟོག་གེ་ཤེས། །དེ་ལ་དེ་ཉིད་བཤད་མི་བྱ། །ཞེས་གསུངས་པས། གསར་རྙིང་གི་རྒྱུད་ཀྱི་ཚིག་རིས་དང་འགྱུར་དང་བརྡ་ཁྱད་འདྲ་མིན་ཙམ་ལ་དཔྱད་པར་བྱ་བ་མ་ཡིན་པས་དོན་ལ་རྟོན་པ་ཉིད་གཙོ་བོར་བཟུང་དགོས་ཤིང་། བཟླ་བྱའི་སྔགས་ཀྱང་སངས་རྒྱས་ཀྱིས་གསུངས་པ་ཡིན་ན་ལེགས་སྦྱར་གྱི་སྐད་ཁོ་ནར་མ་ངེས་ཏེ། ལྷ་ཀླུ་མི་སོགས་ཡུལ་སོ་སོའི་སྐད་དུ་བྱིན་གྱིས་བརླབ་ནུས་པའི་ཕྱིར་དང་། དགོས་པ་འགའ་ཞིག་གི་ཕྱིར་བོད་དང་ཞང་ཞུང་སོགས་ཀྱི་སྐད་དུ་ཆེད་ཀྱིས་བསྒྱུར་བའང་ཡོད་དེ་གསར་རྙིང་གཉིས་ཀར་ཁྱད་མེད་དོ། །ཁྱད་པར་དུའང་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། རྒྱལ་སྲས་རིགས་གསུམ་སེམས་དཔའ་སོགས་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་དང་། ལྷུན་གྲུབ་རིག་འཛིན་གྱི་ས་ལ་བཞུགས་པ་དབང་བཅུའི་གོ་འཕང་དང་འདུལ་བཞིའི་ཕྲིན་ལས་ཟབ་མོར་མངའ་དབང་འབྱོར་པ་རྣམས་ཀྱིས་ནི། ཐུགས་ཀུན་བརྗོད་ཀྱི་ཆོ་འཕྲུལ་གྱིས་དག་དང་མ་དག་པའི་གདུལ་བྱ་རྒྱ་མཚོ་མཐའ་ཡས་པའི་ཁམས་དབང་བསམ་པ་དང་། དེ་གདུལ་བའི་དུས་དང་། འདུལ་བྱེད་ཀྱི་ཐབས་དང་། ཇི་ལྟར་འཇུག་པའི་ཕྲིན་ལས་སོགས་མཁྱེན་པའི་སྐད་ཅིག་མ་གཅིག་གིས་མ་འདྲེས་པར་གཟིགས་ནས། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་དེ་དག་གང་གིས་འདུལ་བ་ལ་ཆ་ལུགས་དང་རིགས་དང་སྡེ་ཚན་དང་མིང་སོགས་མཐུན་པར། སྐུ་བརྫུས་ཏེ་འཁྲུངས་པ་དང་། མངལ་ནས་སྐྱེས་པ་དང་། ཐོག་བབས་ཀྱི་ཚུལ་དུ་བྱོན་པ་དང་། ཞི་བ་དང་ཁྲོ་བོ་དང་ཕྲ་མེན་ལ་སོགས་པའི་སྐུའི་རྣམ་འགྱུར་མཐའ་ཡས་པ་བསྟན་ནས། དུས་སྐད་ཅིག་མ་རེ་རེའི་ཁོངས་སུ་ཡང་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོའི་རྡུལ་གྱི་གྲངས་སྙེད་ཀྱི་གདུལ་བྱ་རྣམས། ལ་ལ་ཚར་གཅོད་པ་དང་། ལ་ལ་རྗེས་སུ་འཛིན་པ་དང་། ལ་ལར་ཆོས་སྟོན་པ་དང་། ལ་ལར་རྩེད་མོ་རྩེ་བ་སོགས་ཐབས་ལ་མཁས་པས་གང་ལ་གང་འདུལ་གྱི་མཛད་པའི་ཕྲིན་ལས་ཚད་མེད་པ་ལ་འཇུག་པ་དང་། གསུང་རྗེས་བསྟན་གྱི་ཆོ་འཕྲུལ་གྱིས། གོང་དུ་སྨོས་པ་བཞིན་གདུལ་བྱ་རང་རང་གི་ཁམས་དབང་མོས་པ་དང་འཚམ་པར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐེག་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་ཅིང་བརྗོད་པའི་ཡུལ་ལས་འདས་པ་ཞིག་སོ་སོ་རང་རང་གི་སྐད་དང་བརྡ་དང་ཐ་སྙད་ཀྱིས་གསལ་པོར་གོ་བར་མཛད་པས། གདུལ་བྱ་དེ་དག་ཀྱང་གནས་སྐབས་སུ་ལམ་གྱི་རྟེན་དང་། ལམ་གྱི་སྒྲུབ་པ་དང་། ལམ་གྱི་འབྲས་བུ་ལ་སྦྱར་ནས་མཐར་ཐུག་གསང་མཆོག་རྒྱལ་པོའི་ཐེག་པར་ཡོངས་སུ་སྨིན་ཅིང་གྲོལ་བར་མཛད་པ་སྟེ། དེ་དག་གི་ཚུལ་ཡང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །སྐད་ཅིག་ཐམས་ཅད་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །ཞེས་དང་། སྒྱུ་འཕྲུལ་གསང་སྙིང་ལས། ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། །འདུལ་བའི་དོན་རྣམས་སོ་སོར་སྟོན། །ཐེག་པ་མཐོ་དམན་ཐམས་ཅད་དང་། །ཕྱིན་ཅི་ལོག་རྣམས་བསམ་ཡས་དང་། །ཞི་ཁྲོའི་ཚོགས་ཆེན་ཐམས་ཅད་ལ། །སོ་སོར་མཐུན་བྱས་ཀུན་ཏུ་སྣང་། །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས། ས་གསུམ་ཐམས་ཅད་ཀུན་ཏུ་ནི། །སེམས་དཔའ་ཆེན་པོ་སྟོན་བྱེད་པ། །རེས་འགའ་བྱང་ཆུབ་རེས་འགའ་ལྷུམས། །རེས་འགའ་ཞི་ལ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་མཛད་དེ། །དེ་ལ་སོགས་པ་བསམ་ཡས་མཆོག །རི་དང་སྐྱེ་བོ་ཐམས་ཅད་དོ། །ཞེས་དང་། རྡོ་རྗེ་དྲྭ་བའི་རྒྱུད་ལས། གང་དང་གང་གི་གཟུགས་ཀྱིས་ནི། །ལུས་ཅན་རྣམས་ནི་འདུལ་འགྱུར་བ། །དེ་དང་དེ་ནི་རྣམ་སྟོན་ཏེ། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །འདུལ་བའི་ཐབས་ནི་གང་གང་གིས། །སེམས་ཅན་རྣམས་ནི་འདུལ་འགྱུར་བ། །རྣམ་པ་དེ་དང་དེ་དག་གིས། །ཆོས་རྣམས་སྟོན་པར་མཛད་པ་ཡིན། །ཞེས་དང་། ཕལ་ཆེན་བཟང་པོ་དཔལ་གྱི་ལེའུ་ལས། རྡོ་རྗེ་མཁྲེགས་པ་རིན་ཆེན་མཆོག་ཡོད་པ། །དེ་ཡི་མཐུ་ཡིས་རྒྱ་མཚོར་རིན་ཆེན་རྣམས། །མི་ཟད་མི་འགྲིབ་འཕེལ་བར་མི་འགྱུར་ཏེ། །དེ་བཞིན་ཡོན་ཏན་མཐའ་ཡས་ཡོན་ཏན་ཏུ། །གང་ན་སངས་རྒྱས་མེད་པའི་ཞིང་གྱུར་པ། །དེ་ནི་བྱང་ཆུབ་རྣམ་པར་སངས་རྒྱས་སྟོན། །ཕྱོགས་རྣམས་གང་ན་ཆོས་ཀྱང་མེད་གྱུར་པ། །ཕྱོགས་དེར་ཆོས་ཀྱི་གཏེར་ནི་སྟོན་པར་བྱེད། །དེ་དག་རྟོག་མེད་རྣམ་པར་མི་རྟོག་ཅིང་། །དེ་དག་ལྷུན་གྱིས་གྲུབ་པར་ཕྱོགས་ཀུན་ཏུ། །ཟླ་བ་ལྟ་བུར་སྣར་བར་རབ་སྟོན་ཅིང་། །ཐབས་སྟོང་དག་གིས་སེམས་ཅན་འདུལ་བར་བྱེད། །དེ་དག་སྐད་ཅིག་རེ་ལ་ཕྱོགས་བཅུ་ཡི། །འཇིག་རྟེན་ཀུན་ཏུ་སངས་རྒྱས་བྱང་ཆུབ་སྟོན། །འཁོར་ལོ་བསྐོར་དང་མྱ་ངན་འདས་ཞི་དང་། །རིང་བསྲེལ་རབ་ཏུ་རྒྱས་པའང་དཔའ་བོ་སྟོན། །མཁས་པ་དེ་དག་ཉན་ཐོས་རང་རྒྱལ་བ། །སངས་རྒྱས་བཀོད་པ་རྣམ་འཕྲུལ་མཐའ་ཡས་པ། །བསྐལ་པ་བསམ་མི་ཁྱབ་པར་སྟོན་བྱེད་ཅིང་། །ཐེག་གསུམ་སྒོ་ནས་སེམས་ཅན་འདུལ་བར་བྱེད། །མོས་པ་ཀུན་གྱི་བསྒྲུབ་པ་ཤིས་པ་རྣམས། །ཁྱེའུ་བུ་མོ་བུད་མེད་ལུས་རྣམས་དང་། །ལྷ་མི་ལྷ་མིན་ཀླུ་དང་གནོད་སྦྱིན་དང་། །གྲུལ་བུམ་ལྟོ་འཕྱེ་ཆེན་པོའི་གཟུགས་རྣམས་སྟོན། །རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་སྒོས། །དཔའ་བོ་དེ་དག་འགྲོ་བའི་གཟུགས་སྤྱོད་དང་། །རྟགས་དང་སྤྱོད་དང་སྒྲ་སྐད་འཇུག་པ་དང་། །ཇི་སྙེད་ཐམས་ཅད་མ་ལུས་སྟོན་པར་བྱེད། །ཅེས་པ་ནས། དེ་དག་ཀུན་བརྗོད་རྫུ་འཕྲུལ་རྗེས་བསྟན་པས། །གཟུགས་ཀྱི་བྱིན་རླབས་སྟོབས་ཀྱིས་ཐམས་ཅད་དུ། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་སྟོན་བྱེད་ཅིང་། །རྫུ་འཕྲུལ་རྣམ་པར་འཕྲུལ་བས་སེམས་ཅན་འདུལ། །དེ་དག་ཐབས་ཚུལ་རྣམ་པ་སྣ་ཚོགས་ཀྱིས། །འཇིག་རྟེན་རྒྱུ་ཞིང་འགྲོ་བའི་དོན་རྣམས་བྱེད། །འཇིག་རྟེན་མི་ཆགས་ཆུ་ལ་པདྨ་བཞིན། །དགའ་ཞིང་དད་པར་བྱེད་ལ་རྣམ་པར་རྒྱུ། །དེ་དག་སྙན་དངགས་མཁན་རྒྱལ་སྙན་དངགས་སྦྱོར། །གར་མཁན་རྔ་མཁན་གྱད་དང་རོལ་མོ་མཁན། །བཞག་མཛེས་རྒྱན་ཕྲེང་ཐོགས་ཤིང་གར་བྱེད་དང། །སྒྱུ་མ་མཁན་པོ་གཟུགས་མང་ཀུན་ཏུ་སྟོན། །གྲོང་པ་གྲོང་དཔོན་ཁ་ལོ་སྒྱུར་པར་འགྱུར། །དེ་བཞིན་དེད་དཔོན་ཚོང་དཔོན་ཁྱིམ་བདག་འགྱུར། །རྒྱལ་པོ་བློན་པོ་མདུན་འདོན་ཕོ་ཉ་དང་། །སྨན་པ་འཇིག་རྟེན་བསྟན་བཅོས་ཆོ་ག་མཁན། །དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་འགྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་རྣམས་དང་། །ཡིད་བཞིན་ནོར་བུ་འདོད་འབྱིན་སྡོང་པོ་དང་། །ལམ་གོལ་དོང་བ་རྣམས་ལ་ལམ་སྟོན་འགྱུར། །འཇིག་རྟེན་ཀུན་ནས་མི་རིང་ཤེས་གྱུར་ཀྱང་། །སེམས་ཅན་ལས་ཀྱི་ཚུལ་རྣམས་མི་ཤེས་པ། །དེ་དག་ཀུན་ལ་རྨོས་ཆོས་ཚོང་ཐབས་དང་། །སྣ་ཚོགས་བཟོ་རྣམས་འཇིག་རྟེན་རྗོད་པར་བྱེད། །འཚེ་མེད་གནོད་པ་མེད་པའི་སྦྱོར་བ་གང་། །སེམས་ཅན་བདེ་བྱེད་མཁས་པས་རབ་བསྔགས་པ། །རིགས་སྟོབས་སྨན་དང་བསྟན་བཅོས་སྣ་ཚོགས་ཀུན། །དྲང་སྲོང་དེ་དག་རྣམས་ཀྱིས་རབ་ཏུ་བརྗོད། །གང་ལ་ལྷར་བཅས་འཇིག་རྟེན་མོས་འགྱུར་བ། །དྲང་སྲོང་སྤྱོད་མཆོག་དམ་པ་གང་ཡིན་དང་། །བརྟུལ་ཞུགས་དཀའ་སྤྱད་དཀའ་ཐུབ་མཆོག་ཀུན་ཀྱང་། །མཁས་པ་དེ་དག་རྣམས་ཀྱིས་རབ་ཏུ་བརྗོད། །དེ་དག་སྤྱོད་ཅན་ཀུན་ཏུ་མུ་སྟེགས་ཅན། །གདུང་བ་ག་ཏ་མ་དང་མི་སྨྲར་སྤྱོད། །གཅེར་བུ་གོས་མེད་ལྷུར་ལེན་དགེ་སྦྱོང་ལ། །མུ་སྟེགས་ཅན་གྱི་སློབ་དཔོན་མཁས་པར་སྟོན། །དེ་དག་ཀུན་ཏུ་འཚོ་བའི་ཆོས་འཛིན་དང་། །བླ་ན་ཡོད་དང་བླ་ན་མེད་རྣམས་དང་། །རལ་པ་རིང་དང་གཞོན་ནུའི་བརྟུལ་ཞུགས་ཅན། །དེ་དག་ཏུ་ཡང་སློབ་དཔོན་བགྱུར་བ་ཡིན། །ཉི་མའི་རྗེས་ལྟ་དཀའ་ཐུབ་ལྔ་ལྡན་དང་། །ཁྱི་དང་བ་ལང་བརྟུལ་ཞུགས་རི་དྭགས་སྤྱོད། །གླེའུ་ཅན་དང་མུ་སྟེགས་སུམ་ཅུ་པ། །དེ་དག་ཏུ་ཡང་དེ་དག་སློབ་དཔོན་འགྱུར། །ལྷ་ཡི་ཤེས་ལ་འཇུག་པ་དགའ་རྣམས་དང་། །མུ་སྟེགས་ཉེ་རེག་ཡུལ་དུ་རྒྱུ་རྣམས་སུ། །རྩ་བ་འབྲས་བུ་ཆུ་སྤྱོད་གྱུར་ནས་ཀྱང་། །བསམ་ཡས་ཆོས་ལ་དེ་དག་དམ་པ་མཆོག །ཙོག་པུར་འདུག་དང་གཅིག་པུར་རྒྱུ་བ་དང་། །ཚེར་མ་རྩྭ་དང་ཐལ་བར་ཉལ་བ་དང་། །གང་དག་གཏུན་ཤིང་མལ་ཅན་གནས་པ་དང་། །དེ་དག་ཏུ་ཡང་དེ་དག་སློབ་དཔོན་འགྱུར། །ཕྱི་རོལ་མུ་སྟེགས་ཅན་རྣམས་ཇི་སྙེད་པ། །དེ་དག་བསམ་པ་མོས་པ་རྟོགས་བྱས་ཤིང་། །བསྙེན་དཀའ་མི་བཟད་དྲག་ཤུལ་དཀའ་ཐུབ་ཀྱིས། །མུ་སྟེགས་ཅན་གྱི་སྡུག་བསྔལ་སྤང་བར་འདུལ། །འཇིག་རྟེན་ལྟ་བས་འཁྲུགས་པ་ཤེས་བྱས་ནས། །ལྟ་བ་ངན་པར་གནས་པའི་མུ་སྟེགས་ཅན། །ཀུན་ལ་ཕྲ་བའི་གཞི་དང་ཐབས་ཚུལ་གྱིས། །དེ་དག་རྣམས་ལ་བདེན་པ་སྟོན་པར་བྱེད། །ལ་ལར་འགྲོ་ལྡིང་བ་ཡི་སྔགས་ཀྱི་གཞི། །ཤིན་ཏུ་གསང་བའི་གཞི་ཡིས་བདེན་པ་སྟོན། །ལ་ལ་དག་ལ་གསལ་ཞིང་དྲང་ཚིག་གིས། །ལ་ལ་དག་ལ་ལྷ་ཡི་གསང་ཚིག་གིས། །ལ་ལ་དག་ལ་ཡི་གེ་དབྱེ་ཚིག་དང་། །དོན་ལ་རྣམ་ངེས་རྡོ་རྗེའི་ཚིག་རྣམས་དང་། །རྒོལ་བ་འདུལ་བ་ཤེས་པའི་ཚིག་རྣམས་དང་། །བསྟན་བཅོས་ཐུབ་མེད་ཐར་པའི་ཚིག་རྣམས་ཀྱིས། །ལ་ལ་དག་ལ་མི་སྐད་ཚིག་རྣམས་དང་། །ཀུན་ལ་འཇུག་པའི་ཚིག་ངེས་ཚིག་རྣམས་ཀྱིས། །ལ་ལ་དག་ལ་ལྷ་ཚིག་ངེས་ཚིག་དང་། །ཀླུ་ཡི་ངེས་ཚིག་གནོད་སྦྱིན་ངེས་ཚིག་གིས། །ལ་ལར་སྲིན་པོ་འབྱུང་པོ་ཤ་ཟ་དང་། །དྲི་ཟ་གྲུལ་བུམ་ལྟོ་འཕྱེ་ཆེ་ཚིག་དང་། །མི་ཅི་ལྷ་མིན་མཁའ་ལྡིང་ཚིག་རྣམས་ཀྱིས། །བདེན་པ་བསྟན་ཅིང་ཐར་པར་འདྲེན་པར་བྱེད། །དེ་དག་བདེན་དང་ངེས་ཚིག་ཚུལ་ཤེས་ཏེ། །ཇི་ལྟར་རྒྱལ་བའི་ཆོས་རྣམས་མ་ལུས་པའི། །ཆོས་ཉིད་བསམ་ཡས་ཚིག་ལམ་ཤེས་པས་སྟོན། །དེ་དག་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །ཞེས་པའི་བར་གྱིས་རྒྱ་ཆེར་བསྟན་པ་དང་། མདོ་གཞན་ལས་ཀྱང་། བདུད་ཀྱི་ལས་རྣམས་ཐུགས་ཆུད་ཀྱང་། །བདུད་ཀྱི་རྗེས་སུ་འཇུག་མཛད་པ། །ཐབས་ཀྱི་ཕ་རོལ་ཕྱིན་བརྙེས་པས། །དེེ་རྣམས་བྱང་ཆུབ་ཀུན་སྟོན་མཛད། །ཡན་ལག་གང་དང་གང་གིས་ནི། །སེམས་ཅན་ཆོས་ལ་དགར་གྱུར་པར། །བྱ་བ་ཐམས་ཅད་སྟོན་པ་ནི། །ཐབས་ཆེན་ལེགས་པར་བསླབ་པ་ཡིན། །དེ་ཡི་བསླབ་པ་མཐའ་ཡས་ཤིང་། །སྤྱོད་ཡུལ་ཡང་ནི་མཐའ་ཡས་ལ། །ཡེ་ཤེས་ཕུན་ཚོགས་མཐའ་ཡས་པས། །སེམས་ཅན་མཐའ་ཡས་གྲོལ་མཛད་པའོ། །དེ་ཡི་མངོན་མཐའ་བསྐལ་པའམ། །བྱེ་བའམ་ནི་བྱེ་བ་བརྒྱར། །སངས་རྒྱས་རྣམས་ཀྱིས་གསུངས་ན་ཡང་། །ཚིག་གིས་ལེགས་པར་བརྗོད་མི་ནུས། །གང་ཞིག་ཤེས་རབ་དམན་པ་ཡི། །སེམས་ཅན་དམན་པ་མ་གཏོགས་པ། །མཁས་པས་ཆོས་འདི་ཐོས་ན་ནི། །སུ་ཞིག་བྱང་ཆུབ་འཚོལ་མི་བྱེད། །ཅེས་དང་། འཇིག་རྟེན་མཐུན་འཇུག་གི་ལེའུ་ལས། བརྒྱ་བྱིན་ཚངས་པའི་ཆ་བྱད་དང་། །ལ་ལར་བདུད་ཀྱི་ཆ་བྱད་ཀྱིས། །འཇིག་རྟེན་ན་ནི་དོན་མཛད་དེ། །སེམས་ཅན་རྣམས་ཀྱིས་ག་ལ་རྟོགས། །ཞེས་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིིས་མཛད་པའི་བདེ་འདུས་ཀྱི་ཐུགས་རྗེ་དཔྱང་ཐག་གནས་ཀྱི་ལུང་ལས། ཐུགས་རྗེའི་འཇུག་པ་སྣ་ཚོགས་པས། །ཇི་ལྟར་འོས་པས་འདུལ་མཛད་དེ། །ཕྱི་རོལ་བྱེད་པའི་སྡེ་རྣམས་ལ། །དེ་དང་དེར་སྣང་སྟོན་པས་གསུངས། །ཞེས་དང་། རྒྱལ་ཚབ་ས་བཅུའི་དབང་ཕྱུག་གིས་ཀྱང་། འཇིག་རྟེན་ཞི་བའི་ལམ་དུ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །གང་ཡིན་དེ་ལ་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཞེས་དང་། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་འདུལ་བའི་བྱ་བ་དང་། །དེ་ཡི་ཡུལ་དུ་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་དང་། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡོངས་སུ་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་དང་། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་སྒྱུ་འཕྲུལ་ལམ་གྱི་རིམ་པ་ལས། ལྷུན་གྲུབ་རིག་འཛིན་སར་བཞུགས་ནས། །ཞིང་ཁམས་ཐུག་པ་མེད་པ་དག །འདུལ་ཕྱིར་སྤྲུལ་སྐུ་མཛད་པའང་སྟོན། །སྲིད་གསུམ་འགྲོ་བ་བསམ་ཡས་སུ། །ཐུགས་རྗེས་སྤྲུལ་པ་བསམ་མི་ཁྱབ། །དོན་དང་མཐུན་པ་འབའ་ཞིག་སྟོན། །མི་མཐུན་ཞགས་པས་འཁོར་བ་གཅོད། །ལ་ལར་ལྷུམས་ཞུགས་བལྟམས་པ་དང་། །ལ་ལར་རབ་བྱུང་དཀའ་ཐུབ་མཛད། །ལ་ལར་ཁབ་དང་རྒྱལ་སྲིད་དང་། །ཆོས་སྟོན་མྱ་ངན་འདའ་སོགས་སྟོན། །རེས་འགའ་ཞི་ལ་རེས་འགའ་དྲག །གཡེམ་ལ་གཡེམ་སྟོན་སྡང་ལ་སྡང་། །དྲེགས་ལ་རི་དང་མུན་ལ་མུན། །རླུང་ལའང་དེ་བཞིན་མཐུན་མི་མཐུན། །རྒྱ་མཚོ་ལྟ་བུ་ཐབས་སྤྱོད་དང་། །ཕྲིན་ལས་དེ་བཞིན་པ་ཡིས་དཀྲོལ། །གསང་བའི་ཏནྟྲ་སྟོན་པ་དང་། །དེ་བཞིན་བསྡུ་བའང་མཛད་པ་དང་། །དམན་ལུས་བསོད་ནམས་ལྡན་གནས་སུ། །སྣ་ཚོགས་ལུས་ཅན་རིགས་ལ་བསྐོར། །མངོན་ཤེས་དྲུག་ལྡན་ཚད་མེད་དཔགས། །ཀུན་མཁྱེན་ཡེ་ཤེས་མངའ་བའི་ཕྱིར། །ཡུལ་ལ་ཚད་མེད་རྒྱལ་བ་ཉིད། །ཇི་ལྟར་མེ་ལོང་ལྟ་བུའི་ཚུལ། །མི་མཐུན་མཚན་མ་གཞོམ་པའི་ཕྱིར། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བདག་རྟོག་མཚན་མ་ཀུན་བཅོམ་ནས། །རྡོ་རྗེའི་དབྱིངས་སུ་ཐིམ་པར་བྱེད། །ཅེས་གསུངས། དེ་ཙམ་དུའང་མ་ཟད་ཨོ་རྒྱན་སངས་རྒྱས་གཉིས་པ་ནི་ངེས་པའི་དོན་དྲང་པོར་འཆད་པའི་དབང་དུ་བྱས་ན་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་རྣམ་པ་ཐམས་ཅད་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་ནམ་བསྐོར་བ་ན། དེའི་ཚེ་འཆད་པའི་སྐྱེས་བུ་དང་དཀྱིལ་འཁོར་གྱི་གཙོ་བོར་སྣང་བར་མཛད་པའི་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཉིད་ཡིན་ལ། དེའི་སྐུ་གསུང་ཐུགས་ཀྱི་སྒྱུ་འཕྲུལ་གྱི་བཀོད་པ་ནི་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པས་ན་ཕྱོགས་གཅིག་ཏུ་ཚད་བཟུང་དུ་མེད་པའི་རྣམ་པར་ཐར་པའི་སྒོ་ཡང་མི་འདྲ་བ་དཔག་ཏུ་མེད་པ་ཡིན་ཏེ། པདྨ་བཀའ་ཡི་ཐང་ཡིག་ལས། བདེན་པ་རང་བྱུང་སངས་རྒྱས་སྐུ་ལྔ་འཆང༔སྣ་ཚོགས་ཐབས་ཀྱིས་སེམས་ཅན་བདེ་ལ་བཀོད༔གདུལ་བྱའི་བསམ་པ་ཡོངས་སུ་རྫོགས་མཛད་པའི༔སྐྱེ་འཆི་མི་མངའ་རྡོ་རྗེའི་སྐུ་ལ་འདུད༔ཅེས་རྣམ་ཐར་མདོར་བསྟན་གྱིས་མཆོད་བརྗོད་མཛད་པ་དང་། རྣམ་ཐར་སྟོང་ཕྲག་བཅུ་དང་བརྒྱ་ཕྲག་དགུ༔མ་འོངས་དམ་ལྡན་དོན་དུ་བཀོད་ནས་སྦས༔ཞེས་གསུངས་པ་ལྟར་ལས། རེ་ཞིག་འཛམ་གླིང་འདིའི་དབང་དུ་བྱས་ནའང་འཕགས་བོད་ཀྱི་ལོ་རྒྱུས་དང་། བཀའ་གཏེར་གྱི་ཆོས་འབྱུང་ཐང་ཡིག་རྣམས་སུ་སྐུ་མངལ་ལས་སྐྱེས་པ་དང་། བརྫུས་ཏེ་འཁྲུངས་པ་དང་། ཐོག་བབས་ཀྱི་ཚུལ་དུ་བྱོན་པ་དང་། བོད་ཀྱི་ཡུལ་འདིར་ཡང་བཞུགས་ཡུན་རིང་ཐུང་དང་མཛད་པ་རྒྱས་བསྡུས་ཀྱི་ཁྱད་པར། སྲིན་པོ་འདུལ་དུ་བྱོན་པའི་གནས་དུས་སོགས་ཀྱང་འདྲ་མིན་དུ་མ་འབྱུང་བ་ནི་གདུལ་བྱའི་དབང་གིས་ཡིན་པས་ཐམས་ཅད་འགལ་བར་མི་བསམ་སྟེ། ཏིང་འཛིན་རྒྱལ་པོ་ལས། སྐྲ་གཅིག་ཁྱོན་ལ་སངས་རྒྱས་མང་པོ་ནི། །གདྒཱའི་ཀླུང་གི་བྱེ་མ་ཅི་ཡོད་སྙེད། །རྒྱལ་བ་དེ་དག་ཞིང་ཡང་དེ་སྙེད་དེ། །དེ་དག་མཚན་ཉིད་མི་འདྲ་སྐལ་མི་མཉམ། །སྐྲ་ཡི་ཁྱོན་ལ་འགྲོ་བ་ལྔ་རྣམས་ཏེ། །སེམས་ཅན་དམྱལ་དང་དུད་འགྲོར་འགྲོ་བ་དང་། །གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་ཞུགས། །འདྲེས་པར་གྱུར་ཅིང་གནོད་པར་འགྱུར་བའང་མེད། །དེ་ཡི་གནས་སུ་མཚོ་དང་རྒྱ་མཚོར་བཅས། །ཆུ་ཀླུང་དེ་བཞིན་མཚེའུ་དང་ལྟེེང་ཀ་རྣམས། །འདྲེས་པ་མེད་ཅིང་གནོད་པར་མི་འགྱུར་ཏེ། །དེ་ལྟར་རྒྱལ་བའི་ཆོས་ནི་བསམ་མི་ཁྱབ། །དེ་ཡི་གནས་སུ་རི་བོ་དུ་མ་སྟེ། །འཁོར་ཡུག་དང་ནི་ལྷུན་པོ་རབ་ལྷུན་དང་། བཏང་བཟུང་དང་ནི་བཏང་བཟུང་ཆེན་པོ་དང་། །འབིགས་བྱེད་བྱ་རྒོད་ཕུང་པོ་གངས་ཀྱི་རི། །གནས་དེར་སེམས་ཅན་དམྱལ་བ་མི་བཟད་པ། །ཚ་དང་རབ་ཏུ་ཚ་བ་ཉམས་མི་དགའ། །དེ་ན་སེམས་ཅན་དམྱལ་སྐྱེས་ཚོར་བ་ཡི། །སྡུག་བསྔལ་དེ་དག་རྗེས་སུ་མྱོང་བར་བྱེད། །དེ་ཡི་གནས་ན་ལྷ་ཡི་གཞལ་མེད་ཁང་། །དེ་དག་དཔག་ཚད་བཅུ་གཉིས་དབྱངས་དགའ་བ། །ལྷ་རྣམས་སྟོང་ཕྲག་མང་པོ་དེ་དག་ཀྱང་། །ལྷ་ཡི་དགའ་བ་ཤིན་ཏུ་བདེ་བ་མྱོང་། །དེ་ཡི་གནས་སུ་སངས་རྒྱས་རྣམས་སྐྱེ་ཞིང་། །འཇིག་རྟེན་རིག་པའི་བསྟན་པ་འབར་བ་སྣང་། །གང་གིས་རྣམ་དག་སྤྱོད་པ་མ་སྦྱངས་པ། །ཡེ་ཤེས་བྲལ་བ་དག་གིས་དེ་མི་མཐོང་། །དེ་ཡི་གནས་ཉིད་ན་ཡང་ཆོས་ནུབ་ཅིང་། །འདྲེན་པ་མྱ་ངན་འདས་པའི་སྒྲ་ཡང་ཐོས། །དེ་ཡི་གནས་ཉིད་ལ་ཡང་ལ་ལ་ཡིས། །འདྲེན་པ་བཞུགས་ཏེ་ཆོས་ཀྱང་སྟོན་ཅེས་ཐོས། །དེ་ཡི་གནས་ཉིད་ན་ཡང་ལ་ལ་དག །ཚེ་ཚད་ལོ་ནི་བསམ་ཡས་བཞུགས་སྙམ་འཛིན། །དེ་ཡི་གནས་ནའང་འཆི་བའི་དུས་བྱེད་ཅིང་། །རིང་དུ་མི་འཚོ་ཞེས་ནི་སྒྲ་ཡང་ཐོས། །གནས་དེར་ལ་ལ་འདི་སྙམ་འདུ་ཤེས་ཏེ། །ཡིད་ཀྱི་འདུ་ཤེས་དང་ནི་འཛིན་པ་ཡིས། །བདེ་གཤེགས་མཐོང་མཆོད་སངས་རྒྱས་མཉེས་བྱས་སྙམ། །སྐྱེས་པ་མེད་ཅིང་མཆོད་པ་བྱས་པའང་མེད། །མི་དག་བདག་གི་ཁྱིམ་ན་རྨི་ལམ་བཞིན། །འདོད་པའི་ཡོན་ཏན་དག་ལ་དགའ་མྱོང་ནས། །ཕྱིར་སད་ནས་ཀྱང་དེ་ཡིས་གདོད་མ་མཐོང་། །དེ་ནི་རྨི་ལམ་ཡིན་པར་དེ་ཡིས་ཤེས། །དེ་བཞིན་མཐོང་ཐོས་རིག་དང་བྱེ་བྲག་ཕྱེད། །འདི་དག་ཐམས་ཅད་མི་བདེན་རྨི་ལམ་བཞིན། །གང་གིས་ཏིང་འཛིན་འདི་ཡང་ཐོབ་གྱུར་པ། །དེས་ནི་ཆོས་ཀྱི་རང་བཞིན་འདི་དག་ཤེས། །ཞེས་དང་། ཕལ་ཆེན་བཟང་པོ་དཔལ་གྱི་ལེའུ་ལས། རྣམ་ཐར་བརྒྱད་ཀྱི་དབང་ལ་གནས་པ་ཡི། །ཉན་ཐོས་གཅིག་ཏུ་གྱུར་ནས་མང་པོར་འགྱུར། །མང་པོར་གྱུར་ནས་ཕྱིར་ཡང་གཅིག་གྱུར་ཏེ། །མཁའ་ལ་བསམ་གཏན་འཆའ་ཞིང་འབར་བར་བྱེད། །སྨད་ནས་མེ་འབར་སྟོད་ནས་ཆུ་ཡི་རྒྱུན། །སྟོད་ནས་མེ་འབར་སྨད་ནས་ཆུ་ཡི་རྒྱུན། །འགྲོ་དང་འགྲེང་དང་ཉལ་དང་འདུག་པ་དང་། །ལུས་འཕྲུལ་སྐད་ཅིག་གཅིག་ལ་བསམ་མི་ཁྱབ། །དེ་ནི་སྙིང་རྗེ་ཆེ་དང་མི་ལྡན་ཞིང་། །བྱང་ཆུབ་མི་འཚོལ་འཇིག་རྟེན་ཡལ་འདོར་ཡང་། །ལུས་ཀྱི་རྣམ་འཕྲུལ་བསམ་ཡས་སྟོན་བྱེད་ན། །འཇིག་རྟེན་ཕན་འདོད་ཅི་ཕྱིར་སྟོན་མི་བྱེད། །ཅེས་པ་ནས། རིག་སྔགས་ཚུལ་མཁས་སྒྱུ་མའི་མཁན་པོ་ནི། །སྣ་ཚོགས་གཟུགས་མང་མཐའ་ཡས་སྟོན་པར་བྱེད། །ཉིན་མཚན་ཡུད་དང་ཟླ་བ་ལོ་བརྒྱ་དང་། །ཁྱིམ་བཟང་རྒྱས་པ་ཤིན་ཏུ་མཛེས་པ་སྟོན། །འདོད་ཆགས་སྡང་ལྡན་སྒྱུ་མའི་མཁན་པོ་ཡང་། །སྒྱུ་མའི་འཕྲུལ་གྱིས་འཇིག་རྟེན་མགུ་བྱེད་ན། །བསམ་གཏན་མངོན་ཤེས་རྣམ་ཐར་རབ་བསླབས་པ། །སྤྱོད་ཚུལ་མཁས་རྣམས་ཇི་ལྟར་མགུ་མི་བྱེད། །ཅེས་དང་། དེ་ལྟར་སྤྲིན་བཀོད་བསམ་གྱིས་མི་ཁྱབ་དང་། །གློག་འབྱིན་འབྲུག་སྒྲོགས་དགོད་པའི་ཆར་འབེབས་ཀྱང་། །གནས་རྣམས་མི་གཡོ་རྣམ་པར་རྟོག་པ་མེད། །ཀླུ་ཡི་རྣམ་འཕྲུལ་དེ་ལྟར་བསམ་མི་ཁྱབ། །རྒྱ་མཚོའི་ཆུ་ན་གནས་པ་དེ་ལྟར་ཡང་། །ཀླུ་ཡི་རྣམ་འཕྲུལ་བསམ་ཡས་སྟོན་བྱེད་ན། །ཆོས་ཀྱི་རྒྱ་མཚོར་ཞུགས་པའི་ཡོན་ཏན་ཕྱུག །རྣམ་འཕྲུལ་བསམ་ལས་ཅི་ཕྱིར་སྟོན་མི་བྱེད། །བག་ཙམ་སྨོས་པའི་དཔེ་ཚུལ་འདི་དག་གིས། །སྐྱེས་ཆེན་དེ་དག་རྣམས་ཀྱི་བརྗོད་པ་བྱས། །དཔའ་བོ་དེ་དག་དཔེ་རྣམས་ཀུན་དང་བྲལ། །དེ་དག་དེ་འདྲའི་རྣམ་ཐར་དབང་བསྒྱུར་རོ། །ཞེས་པའི་བར་གྱིས་རྒྱ་ཆེར་བསྟན་པ་དང་། གུ་རུ་ཉིད་ཀྱི་རྡོ་རྗེའི་གསུངས་ལས་ཀྱང་། མདོར་ན་གདུལ་བྱའི་གང་ཟག་དང༔འདུལ་བྱེད་སྟོན་པ་འདུལ་ཐབས་སོགས༔འདོད་དགུར་བསྒྱུར་བའི་ཆོ་འཕྲུལ་གྱིས༔འགྲོ་འདུལ་ཕྲིན་ལས་བསམ་མི་ཁྱབ༔ཅེས་ཞལ་གྱིས་བཞེས་པ་སྟེ། དཔེར་ན་རྒྱ་ཆེ་རོལ་པ་དང་། ལུང་གི་གཞི་ལས་ཐུབ་དབང་མངོན་པར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་ལ་ཆོས་མ་གསུངས་པ་དང་། སངས་རྒྱས་ཕལ་པོ་ཆེ་དང་། ས་བཅུ་པའི་མདོ་ལས་ཞག་བདུན་ཕྲག་གཉིས་པ་ལ་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་མདོ་སྡེ་ས་བཅུ་པ་གསུངས་པར་བསྟན་པ་གཉིས་མི་འགལ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། གདུལ་བྱའི་དབང་གིས་ཡིན་ནོ་ཞེས་སློབ་དཔོན་དབྱིག་གཉེན་དང་ཉི་མ་གྲུབ་གཉིས་ཀྱིས་ས་བཅུ་པའི་འགྲེལ་པ་དང་འགྲེལ་བཤད་ལས་གསུངས་པས་མཚོན་ཏེ། ཞིབ་པར་ཐེག་པ་ཆེ་ཆུང་གི་མདོ་སྡེ་སྐྱེས་རབས་སོགས་སུ་བལྟས་པས་ཤེས་པར་འགྱུར་ཏེ། ཉིད་ཀྱི་རྡོ་རྗེའི་གསུངས་ལས། ཤཱཀྱ་ཐུབ་པའི་རྒྱལ་ཚབ་ང་ཡིན་པས༔ཆོས་ལུགས་པདྨ་ང་ཡི་ལུགས་ལྟར་གྱིས༔ང་ཡི་རྣམ་ཐར་མདོ་སྡེ་རྣམས་སུ་ལྟོས༔ཞེས་གདམས་པར་མཛད་པ་ཡིན་ལ། དོན་འདི་ནི་འཕགས་པའི་སྤྱོད་ཡུལ་ལས་ཕལ་གྱིས་བསམ་བྱ་མ་ཡིན་ཞིང་། གལ་ཏེ་བསམས་ན་བྱིས་པ་རྣམ་པར་འཁྱམས་པར་འགྱུར་བས་ན་བསམ་མི་ཁྱབ་པའི་སྒྲས་བསྟན་པ་སྟེ། རྒྱུ་མཚན་དེས་ན་ཨོ་རྒྱན་དུས་གསུམ་མཁྱེན་པས་ཀྱང་། གང་འདུལ་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པར་སྲིད་པ་ཇི་སྲིད་པར་སྟོན་པར་མཛད་པ་ལས། བྱེ་བྲག་མི་མཇེད་ཀྱི་ཞིང་ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལའང་། གུ་རུ་སྤྲུལ་པའི་མཚན་བརྒྱད། ཐོད་ཕྲེང་སྡེ་ལྔ། འཕྲུལ་ཚན་ཉེར་ལྔ་སོགས་རྣམ་འཕྲུལ་ཚད་མེད་ཡོངས་ལ་གྲགས་པ་ལྟར་ལས། ཕྱོགས་གཅིག་གདུལ་བྱའི་སྣང་ངོར། གཏེར་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་བཀའ་རྩིས་ལས། རྡོ་རྗེ་གདན་ལ་མཉམ་བཞག་གནས་པའི་ཚེ༔སྤྱན་རས་གཟིགས་ཀྱིས་རབ་བསྐུལ་བོད་མཆིས་ཀྱང༔བོན་གྱིས་དབང་བསྒྱུར་དམ་ཆོས་སྤེལ་དཀའ་ནས༔གཤེན་ལྷ་འོད་དཀར་ཞེས་བྱར་སྐུར་སྤྲུལ་ཏེ༔བོད་རྒྱལ་ཐོ་ཐོ་རི་ལ་བཀའ་རྟགས་བསྩལ༔ཆོས་ཕྱོགས་མོས་བསྒྱུར་དགེ་སྡིག་ངོ་ཤེས་ཤིང༔གཤེན་རབ་རྣམས་ཀྱང་དཀར་ཆོས་བོན་བློར་བསྒྱུར༔ཞེས་ཐོག་མར་བོད་དུ་ཆོས་ཀྱི་དབུ་བརྙེས་ཚུལ་དང་། ཁྱད་པར་གཏེར་ཆེན་ཀློང་གསལ་སྙིང་པོའི་གཏེར་བྱོན་བཀའ་ཡི་ཐང་ཡིག་ལས། དེ་ནས་ཞང་ཞུང་གི་ཡུལ་དུ་བྱོན་པར་དགོངས་ནས་གཟིགས་པ་ན༔བོན་གྱིས་འདུལ་བ་ཁོ་ནར་གཟིགས་ཏེ༔དེར་སོང་སྟེ་རང་མདངས་ཀྱི་འཁོར་དང་བཅས་པས་འདི་སྐད་དོ༔ཀྱེ་རིགས་ཀྱི་བུ་རྣམས་ཤེས་པར་གྱིས་ཤིག༔ང་ཡི་ཡབ་ནི་དྲན་པ་ཡེ་ཤེས་ཀྱི་ནམ་མཁའ་འོ༔མ་ནི་ཡུམ་འོད་ལྡན་འབར་མ་ཡིན་ནོ༔གཅེན་ནི་ཚེ་དབང་རིག་འཛིན་ཡིན་ནོ༔ང་བོན་ཉིད་མི་འགྱུར་པའི་དབྱིངས་ལས་རང་བྱུང་ངོ་༔ཞེས་རྟག་པ་དང་ཆད་པའི་མཐའ་ལ་མི་གནས་པའི་བོན་གྱི་གདམས་པ་གྲངས་ལས་འདས་པའི་སྒོ་ཕྱེས་ཏེ༔ཚོམ་བུ་འབུམ་ཕྲག་བཅོ་བརྒྱད་གྲོལ་ལོ༔འབྱུང་འགྱུར་གྱི་གྲངས་ལ་མཐའ་དང་མུ་མེད་དོ༔ཞེས་གསུངས་པ་ལྟར་སྐུ་ཡི་བཀོད་པ་གཅིག་དེ་ལྟར་སྟོན་པར་མཛད་པ་ནི་གདུལ་དཀའི་འགྲོ་བ་རྗེས་སུ་འཛིན་པའི་ཐབས་མཁས་ཀྱི་ཕྲིན་ལས་འཇུག་པའི་སྒོ་ངོ་མཚར་རྨད་དུ་བྱུང་བའི་གསང་བ་ཟབ་མོ་སྟེ། འཇིག་རྟེན་མཐུན་འཇུག་གི་མདོ་ལས། གལ་ཏེ་འཇིག་རྟེན་རྣམ་འདྲེན་རྣམས། །འཇིག་རྟེན་མཐུན་པར་མི་འཇུག་ན། །སངས་རྒྱས་ཆོས་ཉིད་གང་ཡིན་དང་། །སངས་རྒྱས་སུས་ཀྱང་ཤེས་མི་འགྱུར། །འཇིག་རྟེན་ཀུན་ལ་ཕན་བཞེད་པ། །སྐྱོབ་པ་རྫུ་འཕྲུལ་ལྡན་པ་པོ། །རང་བྱུང་སྡིག་པ་མི་མངའ་བ། །དེ་དག་གཡོ་བ་བསམ་མི་ཁྱབ། །བདེ་བར་གཤེགས་པ་རྣམས་ཀྱི་སྐུ། །འཁྲིག་པ་ལས་ནི་བྱུང་མིན་ལ། །ཡབ་དང་ཡུམ་ཡང་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དེ་བཞིན་གཤེགས་པ་ཆོས་སྐུ་སྟེ། །གཅིག་ཅི་འདྲ་བར་དེ་བཞིན་ཀུན། །འོན་ཀྱང་ཐ་དད་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །མི་སྐྱེ་བ་ལ་གཅིག་པའམ། །མང་པོ་ཡོད་པ་མ་ཡིན་ཡང་། །སྣ་ཚོགས་རིམ་པ་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དེ་དག་ཐ་དད་སྐུ་མེད་ཀྱང་། །སངས་རྒྱས་ཞིང་རྣམས་དཔག་མེད་དུ། །སྐུ་ལུས་དག་ནི་སྤྲུལ་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །སྟོང་གསུམ་བྱེ་བ་བརྒྱ་བགྲང་བ། །སངས་རྒྱས་ཞིང་དུ་བརྗོད་བྱ་བ། །དེར་ནི་སྐྱེ་བ་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །གང་དུ་སེམས་ཅན་འདུལ་ཡོད་པར། །སྣང་བ་དེར་ནི་འདྲེན་པ་རྣམས། །དེ་དག་སྤྱོད་པ་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །རྫོགས་པའི་སངས་རྒྱས་གཅིག་ཡིན་ཀྱང་། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །འབྱུང་བ་དག་ནི་བསམ་མི་ཁྱབ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞེས་གསུངས་པ་དང་། ཕལ་ཆེན་ལས། རྡུལ་རྣམས་རེ་རེའི་སྟེང་ནས་ཀྱང་། །ཆོས་ཀྱི་དབྱིངས་ཀྱི་ཕྱོགས་ཚུལ་གྱིས། །སངས་རྒྱས་ཞིང་རྣམས་ཀུན་བཀང་ཞིང་། །སངས་རྒྱས་རྣམ་འཕྲུལ་སྟོན་པར་བྱེད། །ཅེས་དང་། ཡང་དག་སངས་རྒྱས་དོན་གཅིག་སྟེ། །འདྲེན་པ་ཐམས་ཅད་དོན་གཅིག་ཀྱང་། །ཚད་མེད་གཞན་དང་གཞན་དག་ཏུ། །ཕྱོགས་བཅུ་ཀུན་ནས་རབ་ཏུ་སྣང་། །ཞེས་གསུངས། ཚུལ་ཇི་ལྟ་བུ་སྙམ་ན། དཔེར་ན་བདག་ཅག་གི་སྟོན་པའང་དགོས་པའི་དབང་གིས་དྲི་ཟ་རབ་དགའ་འདུལ་ཕྱིར་དྲི་ཟ་པི་ཝཾ་ལེན་པར་སྤྲུལ་པ་དང་། རྒྱལ་པོ་ཀ་པི་ལ་འདུལ་བའི་ཕྱིར་དུ་འཁོར་ལོས་སྒྱུར་བའི་ཚུལ་བསྟན་པ་དང་། གནོད་སྦྱིན་འབྲོག་གནས་འདུལ་བའི་ཕྱིར་དེ་ལས་ཀྱང་འཇིགས་པའི་སྐུར་བསྟན་པ་སོགས་མདོ་ལས་གསུངས་པ་དང་། མདོ་ཟ་མ་ཏོག་ལས། འཕགས་པ་སྤྱན་རས་གཟིགས་ཉིད་ཕྱི་རོལ་པ་འདུལ་བའི་ཕྱིར། སརྦ་ཛྙཱ་ཞེས་པའི་ཏིང་ངེ་འཛིན་ལ་བཞུགས་ནས། མིག་ལས་ཉི་ཟླ། དཔྲལ་པ་ནས་དབང་ཕྱུགཕྲག་པ་ནས་ཚངས་པ། སྙིང་ལས་མཐུ་བོ་ཆེ། མཆེ་བ་ལས་ལྷ་མོ་དབྱངས་ཅན་མ་སོགས་སྤྲུལ་པར་གསུངས་པ་དང་། མདོ་ཁ་ཅིག་ཏུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱང་མུ་སྟེགས་བྱེད་རྣམས་འདུལ་བའི་ཕྱིར་དེ་དག་གི་སྤྱོད་པ་དང་ཆ་ལུགས་སུ་སྟོན་པར་མཛད་པར་གསུངས་པ་བཞིན་ཏེ། དེ་ལྟར་བསྟན་ཀྱང་པདྨ་ཆུ་ལ་སྐྱེས་ཀྱང་ཆུའི་རྡུལ་ལམ་དེའི་སྐྱོན་གྱིས་མ་གོས་པ་བཞིན་དུ་འཇིག་རྟེན་རང་མཚན་པའི་ཉེས་པའི་སྐྱོན་གྱིས་གོས་པར་མི་འགྱུར་ཏེ་སྤྲུལ་པ་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར། ཕལ་ཆེན་ལས། ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །ཅེས་དང་། ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་ཀྱི་རྣམ་བཤད་ལས། སེམས་ཅན་བསྐྱབ་པའི་བསམ་པ་ནི། །སྲིད་པའི་འདམ་དུ་སྐྱེ་མོད་ཀྱི། །འོན་ཀྱང་འདམ་གྱི་པདྨ་བཞིན། །སྲིད་པའི་སྐྱོན་གྱིས་གོས་པ་མེད། །ཀུན་བཟང་ལ་སོགས་རྒྱལ་སྲས་རྣམས། །སྟོང་ཉིད་ཡེ་ཤེས་མེ་ཡིས་ནི། །ཉོན་མོངས་བུད་ཤིང་བསྲེགས་མོད་ཀྱང་། །འོན་ཀྱང་ཐུགས་རྗེ་བརྟན་གྱུར་པས། །གཤེགས་དང་བལྟམས་དང་རོལ་པ་དང་། །ཁབ་ནས་འབྱུང་དང་དཀའ་བ་སྤྱོད། །བྱང་ཆུབ་ཆེ་དང་བདུད་སྡེ་བཅོམ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །ལྷ་ཡི་ཡུལ་དུ་འཇུག་པ་དང་། །དེ་བཞིན་མྱ་ངན་འདས་པ་ཡིན། །ཐུགས་རྗེའི་དབང་གིས་འཇུག་པ་ནི། །འགྲོ་བའི་མགོན་པོས་སྟོན་པར་མཛད། །ཚངས་དང་དབང་པོ་ཁྱབ་འཇུག་དང་། །དྲག་པོ་ལ་སོགས་གཟུགས་སྤྲུལ་ནས། །རྟག་ཏུ་ཐུགས་རྗེའི་རོལ་པ་ཡིས། །འགྲོ་བ་འདུལ་བའི་སྦྱོར་བ་མཛད། །ཅེས་གསུངས། འདི་ལྟར་སྟོན་པའི་འཐད་པའང་། རྒྱལ་ཚབ་མ་ཕམ་པས། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་གསུངས་པའི་རྒྱུ་མཚན་གསུམ་གྱིས་ཏེ། དེ་ཡང་། མདོ་སྡེ་པད་དཀར་ལས། སྟོན་པ་འོད་མའི་ཚལ་དུ་བཞུགས་པའི་དུས་སུ་སྨིན་མཚམས་ཀྱི་མཛོད་སྤུ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་ཏེ་བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་ལ་སོང་། དེར་གཟིགས་ཏེ་ཞལ་འཛུམ་པ་མཛད་པས། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱིས་རྒྱུ་རྐྱེན་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དུས་གསུམ་སངས་རྒྱས་གང་གིའང་གདུལ་བྱར་མ་གྱུར་པའི་གནས་འདྲེ་སྲིན་དུ་མས་གང་བའི་གནས་མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར་མ་འོངས་པ་ན་དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་ཞིག་དར་ཞིང་རྒྱས་པར་འདུགསེམས་ཅན་དེ་རྣམས་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་འགྱུར་རོ། །མཐའ་འཁོབ་ཁ་བ་ཅན་དེ་འདུལ་བའི་གཉེན་པོ་ནི་འཕགས་པ་སྤྱན་རས་གཟིགས་ཡིན་ནོ། །དེ་གང་ཞེ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེས་སྔོན་བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། སངས་རྒྱས་སྟོང་གི་སྤྱན་སྔར་སྨོན་ལམ་བཏབ་སྟེ། བདག་གིས་དུས་གསུམ་སངས་རྒྱས་གང་གིས་ཀྱང་ཞབས་ཀྱིས་མ་བཅགས་པའི་གནས་མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་ན་ཡོད་པའི་སེམས་ཅན་གདུལ་དཀའ་བ་དེ་རྣམས་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་གྱུར་ཅིགམཐའ་འཁོབ་དེ་ཡང་བདག་གིས་གདུལ་བའི་ཞིང་དུ་གྱུར་ཅིགཅེས་སྨོན་ལམ་བཏབ་པར་གསུངས་པ་བཞིན། འཕགས་པ་སྤྱན་རས་གཟིགས་ཉིད་རང་གི་ཐུགས་བསྐྱེད་སྨོན་ལམ་བཙན་པོའི་གཞན་དབང་གིས་ཁ་བ་ཅན་གྱི་རྒྱལ་ཁམས་ཀྱི་མི་དང་མི་མིན་གདུལ་བར་དཀའ་བ་མཐའ་དག་འདུལ་བའི་ཕྱིར་ཨོ་རྒྱན་དུས་གསུམ་མཁྱེན་པ་ཉིད་ཀྱི་སྐུར་བཞེངས་པ་ཡིན་ཏེ། རྡོ་རྗེའི་གསུངས་ལས། འོད་དཔག་མེད་ནི་བྱང་སེམས་ཚུལ་བཟུང་བའི༔འཕགས་པ་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས༔པདྨ་བདག་ཉིད་ཧྲཱིཿཡིག་ཚུལ་དུ་སྤྲུལ༔དེ་ཡང་བྱེ་བ་ས་ཡ་གྲངས་མེད་པ༔འཇིག་རྟེན་ཀུན་ཏུ་ཆར་བབས་ཚུལ་དུ་འོང༔རྒྱལ་བའི་མཛད་པ་བསམ་གྱིས་མི་ཁྱབ་པ༔ཚད་བཟུང་རིས་སུ་བཅད་པར་སུ་ཡིས་ནུས༔ཞེས་པ་ལྟར་ཡོངས་ལ་གྲགས་ཤིང་གྲུབ་པའི་ཕྱིར་དང་། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ་སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་དང་། ཕལ་ཆེན་ལས། གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་འགའ་ཡང་མེད་དོ། །ཞེས་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་དངོས། །ཞེས་དང་། མདོ་སྡེ་ཀུན་བཏུས་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཕྱིར་དག་གྱུར་པས། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པས་གདུལ་བྱ་བོན་གྱི་རིགས་ཅན་དེ་རྣམས་ཀྱང་རང་བཞིན་དག་པའི་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བདག་དང་སེམས་ཅན་མཚུངས་པར་གཟིགས་པས་ཕྲིན་ལས་འཇུག་པ་དོན་ཡོད་པར་མཁྱེན་པའི་ཕྱིར་དང་། ཐབས་ཚུལ་མཚན་སྐུའི་བཀོད་པ་དེ་ལྟར་བསྟན་པས་རྗེས་སུ་མ་བཟུང་ན་གདུལ་བྱ་བོད་ཀྱི་འགྲོ་བ་མཐའ་དག་འདུལ་བའི་མཛད་པ་ཡོངས་སུ་མ་རྫོགས་པར་འགྱུར་བའི་ཕྱིར་རོ། །དེས་ན་སྔོན་གྱི་དུས་སུ་ཐུགས་ཇི་ལྟ་བསྐྱེད་པ་དང་སྨོན་ལམ་ཇི་ལྟར་བཏབ་པ་བཞིན། གང་འདུལ་གདུལ་བྱའི་སྐལ་བ་དང་འཚམ་པར་ཞིང་སྐུའི་བཀོད་པ་དེ་དང་འཚམ་པར་སྟོན་པ་ཆོས་ཉིད་དེ། ཕལ་ཆེན་ལས། སངས་རྒྱས་ཐམས་ཅད་སྐུ་གཅིག་སྟེ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །ཤེས་རབ་ཐུགས་ཀྱང་གཅིག་པ་སྟེ། །མི་འཇིགས་སྟོབས་ཀྱང་དེ་བཞིན་ནོ། །སྔོན་ཆད་བྱང་ཆུབ་ཞུགས་པའི་ཚེ། །ཇི་ལྟར་ཡོངས་སུ་བསྔོ་མཛད་པ། །འཁོར་དུ་ཆོས་རྣམས་སྟོན་པ་དང་། །དེ་དག་ཞིང་ཡང་དེ་བཞིན་འགྱུར། །ཞེས་དང་། བྱམས་མགོན་གྱིས། རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བརྟེན་པ་དེ། །སེམས་ཅན་ཚོགས་རབ་སྨིན་པར་བྱེད་པ་ན། །ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་སྟོང་དུའང་སྐྱོ་མི་འགྱུར། །ཞེས་དང་། དེ་ནི་མཆོག་ཚོགས་ནང་དུ་ཏིང་ངེ་འཛིན། །དཔག་མེད་རྣམ་པར་རོལ་པ་ཀུན་སྟོན་ཅིང་། །བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པ་ཡིས། །སེམས་ཅན་ཀུན་གྱི་དོན་དུ་དུས་ཀུན་གནས། །ཞེས་དང་། བཟང་པོ་དཔལ་གྱི་ལེའུ་ལས། དབང་པོ་ལྷ་ཡི་བུ་མོ་དགུ་བཅུ་གཉིས། །དབང་པོའི་སྤྲུལ་པས་ཀུན་ཀྱང་དགའ་བར་འགྱུར། །གཅིག་ཀྱང་བདག་དང་བརྒྱ་བྱིན་རྩེ་བར་ཤེས། །གཅིག་ལྟར་ལྷ་མོ་ཀུན་ཀྱང་དེ་བཞིན་ནོ། །ལྷ་མོ་ཀུན་དང་དགའ་བར་གནས་སྣང་ཡང་། །ཆོས་བཟང་འདུ་གནས་ན་ཡང་དེ་བཞིན་འདུག །ལྷ་རྣམས་ཀུན་ལ་ཆོས་རབ་སྟོན་སྣང་ཞིང་། །བརྒྱ་བྱིན་སྐད་ཅིག་གཅིག་ལ་རྣམ་པར་འཕྲུལ། །བརྒྱ་བྱིན་ཆགས་སྡང་གཏི་མུག་ལྡན་པ་ཡང་། །སྤྲུལ་པས་རང་གི་འཁོར་རྣམས་དགའ་བྱེད་ན། །འགྲོ་དོན་མི་སྐྱོ་སྤྱོད་རྣམས་ཅི་ཡི་ཕྱིར། །རྫུ་འཕྲུལ་མཐུ་ཡིས་ཇི་ལྟར་མགུ་མི་བྱེད། །ཅེས་གསུངས་པ་བཞིན་ནོ། །དེར་མ་ཟད་གུ་རུ་ཉིད་ལ། རྟག་པ་རྒྱུན་གྱི་ཐུགས་རྗེ་ཆུ་བོའི་གཞུང་ལྟ་བུ། རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉི་མའི་འོད་ཟེར་ལྟ་བུ། བསྐུལ་ཞིང་གསོལ་བའི་ཐུགས་རྗེ་སྡུག་འཕང་ལ་ཕམ་ཕབ་སྟེར་བ་ལྟ་བུ། ཡུལ་དང་ཕྲད་པའི་ཐུགས་རྗེ་མཛེ་བོ་རྐང་ཆད་ལ་ལྷག་པར་སྟེར་བ་ལྟ་བུ་སྟེ་ཐུགས་རྗེའི་ཁྱད་པར་བཞི་དང་ལྡན་པའི་ཕྱིར། སྤྱིར་སེམས་ཅན་ཐམས་ཅད་ཐུགས་རྗེའི་ཡུལ་ཡིན་ཀྱང་ཁྱད་པར་དུ་མི་བསྲུན་གདུལ་དཀའ་ཉོན་མོངས་པའི་རིགས་ལ་ཐུགས་རྗེ་ལྷག་པར་འཇུག་པ་ཆོས་ཉིད་ཡིན་པས་ན། མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་རྣམས་གདན་འཛོམས་པའི་སྐབས། འཚེ་བ་ཆོས་སུ་སྨྲ་བ་གདོན་གཟུགས་བོན་ནག་པོའི་ཕྱོགས་རྣམས་ལུང་རིགས་དང་ནུས་མཐུས་ཚར་བཅད་ནས་ལུགས་སྲོལ་ངན་པ་དེ་སུས་ཀྱང་སྤྱོད་དུ་མེད་པར་བཀས་བཅད་ནས། སླར་ཡང་ཐབས་ཚུལ་འདི་ལྟ་བུས་རྗེས་སུ་བཟུང་སྟེ། གོང་དུ་སྨོས་པ་ལྟར་ཆོས་སྐུ་དྲི་མེད་རིན་པོ་ཆེའི་གཏེར་ལྟ་བུ་དེ་གདུལ་བྱ་བོན་གྱི་རིགས་རྣམས་ལའང་དབྱེ་བསལ་མེད་པར་ཡོད་པ་ཉིད་ཐབས་ཚུལ་དུ་མའི་སྒོ་ནས་བསྟན་ཏེ། སྐལ་བ་དང་ལྡན་པ་བོན་གྱི་རིག་འཛིན་དཔག་ཏུ་མེད་པ་ཉིད་མཐར་འབྲས་སངས་རྒྱས་ཀྱི་ས་ལ་བཀོད་པར་མཛད་པ་ནི། ཉིད་ཀྱི་རྡོ་རྗེའི་གསུངས་ལས། རྗེ་བློན་ཐར་པའི་ལམ་ལ་བཀོད༔གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔ཆོས་སྐུ་དྲི་མེད་རིན་ཆེན་བསྟན༔སྐལ་ལྡན་སངས་རྒྱས་ས་ལ་བཀོད༔ཅེས་འབྱུང་བ་བཞིན་ནོ། །རྒྱུ་མཚན་དེའི་ཕྱིར་གུ་རུ་རིན་པོ་ཆེས་མ་འོངས་པའི་གདུལ་བྱ་འདུལ་བའི་དོན་དུ་ཆོས་བོན་རྫས་གཏེར་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བསྐྱེད་བྱེད་དཔག་ཏུ་མེད་པ་སྦ་བར་མཛད་པ། ཕྱིས་དུས་ལ་བབས་པའི་ཚེ་སྤྲུལ་པའི་ལོ་པཎ་ས་ཆེན་པོ་ལ་བཞུགས་པ་རྣམས་གང་འདུལ་གདུལ་བྱའི་མགོན་དུ་བཞེངས་ཏེ་ཟབ་གཏེར་རྣམས་རིམ་པར་འབྱིན་པར་མཛད་པ་ལས། རྩོད་བྲལ་གྱི་གཏེར་ཆེན། གུ་རུ་ཆོས་དབང་། རྡོ་རྗེ་གླིང་པ། ར་ཤག་ཆོས་འབར། ཀུ་ས་སྨན་པ། ཁྱུང་པོ་དཔལ་དགེ། བོན་པོ་བྲག་ཚལ། བོན་པོ་ལྷ་འབུམ། དབོན་གསས་ཁྱུང་ཐོགགཡག་ཕྱར་སྔོན་པོ། བྱང་པ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་སོགས་དུ་མས་ཟབ་མོའི་ཆོས་གཏེར་ནམ་མཁའ་མཛོད་ཀྱི་སྒོ་འཕར་འབྱེད་པར་མཛད་པའི་ཞར་ལ། བོན་དང་སྨན་རྩིས་སོགས་མཐའ་ཡས་པ་བཞེས་ཏེ་དེ་དང་དེས་གདུལ་དུ་རུང་བའི་འགྲོ་བ་མཐའ་ཡས་པའི་དོན་མཛད་པ་དང་། བོན་གྱི་རིག་འཛིན་ཆེན་པོ་ཀུན་གྲོལ་ལས་འཕྲོ་གླིང་པ། སངས་རྒྱས་གླིང་པ། སྤྲུལ་སྐུ་བློ་ལྡན་ཉི་མ་སོགས་རྩོད་བྲལ་དུ་མའི་གཏེར་ཁ་ནས་ཀྱང་བོན་ཆོས་ངོ་མཚར་ཅན་དུ་མ་བྱོན་པ་སོགས་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེའི་འོད་ཟེར་གདུལ་བྱའི་ཞིང་ལ་མཉམ་པོར་འཇུག་པ་ནི་ཤིན་ཏུ་ངོ་མཚར་བའི་རྣམ་ཐར་ཟབ་མོ་སྟེ། སངས་རྒྱས་ཕལ་པོ་ཆེ་ལས། སེམས་གཅིག་རྒྱུད་ལ་རྒྱལ་བའི་ཡོན་ཏན་གྱི། །བདེ་གཤེགས་ཤིན་ཏུ་རྒྱ་ཆེན་སུས་དྲན་པ། །དེ་ལ་ངན་སོང་ཀུན་གྱི་འཇིགས་པ་མེད། །ཅེས་དང་། འགྲོ་བ་འདི་ན་རྩེ་དགའ་གང་བདེ་བ། །དེ་དག་ཐམས་ཅད་རྒྱལ་བའི་མཐུ་ཡིས་བྱུང་། །བསོད་ནམས་མཉམ་མེད་རྒྱལ་བ་འབྱུང་ལ་ལྟོས། །ཞེས་གསུངས་ཤིང་། ཁྱད་པར་དུ། རྒྱལ་སྲས་ཞི་བ་ལྷས། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེའི་སྟོབས་དང་སྨོན་ལམ་དང་ཡེ་ཤེས་བསམ་མི་ཁྱབ་པའི་མཐུས་གང་འབྲེེལ་བདེ་ནས་བདེ་བར་འདྲེན་པ་ཆོས་ཉིད་ཀྱི་ཕྱིར་ན། རྡོ་རྗེའི་གསུང་ལས། ད་ལྟའི་ནང་བློན་ནག་པོ་འདི་རྣམས་ཀྱང༔རྗེ་ཡི་ཐུགས་དཀྲུགས་བདག་གི་དམ་ལས་ཉམས༔ད་དུང་ངན་སོང་གསུམ་དུ་ངེས་པར་འགྲོ༔འོན་ཀྱང་ང་ཡི་ཞལ་མཐོང་གསུང་ཐོས་པས༔ཐ་མ་ལས་ངན་དག་ནས་བདག་གི་གདུལ་བྱར་སྐྱེ༔ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ཞེས་གདམས་པར་མཛད་པ་བཞིན་ནོ། །དེ་ལས་ལོ་ཆེན་བཻ་རོའི་རྣམ་འཕྲུལ་རྩོད་བྲལ་གཏེར་སྟོན་རྒྱལ་པོ་ལྔ་ཡི་ནང་ཚན་ཨོ་རྒྱན་རྡོ་རྗེ་གླིང་པའམ་བོན་རྣམས་བོན་ཞིག་གཡུང་དྲུང་གླིང་པ་ཞེས་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་ལྷོ་སྤ་གྲོ་སྟག་ཚང་ནས་སྤྱན་དྲངས་པའི་ཟབ་གཏེར་ལས་བྱོན་པའི་དྲན་པ་ཡབ་སྲས་དྲིལ་སྒྲུབ་ཀྱི་ཆ་ཤས་ཙམ། ཀུན་མཁྱེན་བླ་མ་ཡབ་སྲས་ཀྱིས་རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོར་འཇོག་གནང་བ་འདི་ལའང་། ཡང་དག་པའི་སྒྲུབ་བྱེད་ཀྱི་ཚད་མ་ཡོད་དེ། རྒྱལ་ཚབ་བྱམས་པ་མགོན་པོས་ཐེག་ཆེན་བཀར་སྒྲུབ་ལས། སྔར་ལུང་མ་བསྟན་ལྷན་ཅིག་བྱུང་། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང་། །ཡོད་དང་མེད་དང་ཡོད་མེད་དང་། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །ཞེས་གསུངས་པའི་གཏན་ཚིགས་རྣམས་འདི་ལའང་ཚང་བའི་ཕྱིར། དེ་གང་སྙམ་ན། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །བསྟན་པ་དག་ཀྱང་བསྲུང་བར་མཛད། །དུས་ལའང་ཡེ་ཤེས་མི་བསྒྲིབས་པས། །དེ་ཕྱིར་བཏང་སྙོམས་མི་རུང་ངོ་། །ཞེས་གསུངས་པས། ཚུལ་འདི་ཐབས་ལ་བསླུ་བའི་བདུད་ཆོས་མ་ཡིན་ལ་ཆོས་ལྟར་བཅོས་ནས་གདུལ་བྱ་ལོག་ལམ་དུ་དཀྲི་བ་ཞིག་ཡིན་ན་དེ་ལྟར་གསལ་པོར་ལུང་བསྟན་རིགས་པ་ལ་དེ་ལྟར་མ་བསྟན་པའི་ཕྱིར་དང་། ཐང་ཡིག་རྣམས་ལས། བཻ་རོ་ཙཱ་ནས་བོན་ཆོས་འདྲེས་མར་བསྒྱུར༔བོན་འགྱུར་ནང་དུ་གན་ཇག་ཐང་རྟ་བྲིས༔ཞེས་སོགས་དང་། བཀའ་རྩིས་ལས། བསྟན་པ་མི་ནུབ་མཐའ་བཙན་བྱ་བའི་ཕྱིར༔རྒྱལ་པོའི་བླ་གཏེར་བརྒྱ་དང་རྩ་བརྒྱད་སྦས༔ཐུན་མོང་གཏེར་ཕྲན་བྱེ་བ་རྩ་གཅིག་སྦས༔ཟབ་གཏེར་རྟེན་གཏེར་བརྒྱ་དང་ཉེར་ལྔ་སྦས༔ཡུལ་གཏེར་ཆུ་གཏེར་ནོར་གཏེར་རྟེན་གཏེར་དང་༔ཆོས་གཏེར་བོན་གཏེར་སྨན་རྩིས་བཟོ་རིགས་སོགས༔གང་ལ་གང་འཐད་ཡིད་ལ་གང་འཐད་པ༔རི་བྲག་གཙུག་ལག་ཁང་དང་མཆོད་རྟེན་དང༔ས་མཚན་ཤིང་ཆེན་ཕ་ཝོང་རྒྱལ་ཁབ་བརྩིགས༔ས་ཕུག་ལ་སོགས་ཀུན་ཁྱབ་གཏེར་གྱིས་བཀང༔ཞེས་ཐུན་མོང་དུ་བསྟན་པ་དང་། བྱེ་བྲག་ཏུ། བོན་རེས་འདྲེ་རེ་འཆོས་བྱེད་ཆེས་མང་གི༔བོན་གཅིག་འདྲེ་ཀུན་འཆོས་ཐབས་འདི་ན་མཆིས༔དེ་གང་ཞེ་ན་ཁ་སྙོམས་གཟེར་ཏིག་སྐོར༔མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ཞེས་གསུངས་པས་མཚོན། སྔོན་གྱི་དུས་སུ་མཁན་སློབ་ཆོས་གསུམ་ཞལ་འཛོམས་སངས་རྒྱས་ཀྱི་བསྟན་པ་ཉི་མ་བཞིན་དུ་གསལ་བར་མཛད་པའི་སྐབས་སུ། མ་འོངས་ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་ཏེ་ཟབ་མོའི་ཆོས་གཏེར་མཐའ་ཡས་པ་སྦ་བར་མཛད་པའི་སྐབས་སུ་བོན་གཏེར་ཚད་ལྡན་རྣམས་ཀྱང་དེ་དང་ལྷན་ཅིག་དུས་མཉམ་དུ་སྦས་པ་དང་། ཕྱིས་དུས་ལ་བབས་པའི་ཚེ་ནའང་གཏེར་འབྱིན་སྤྲུལ་པའི་སྐུ་ཆེན་པོ་རྣམས་ཀྱིས་ཆོས་བོན་གྱི་གཏེར་རྣམས་མཉམ་པོར་སྤྱན་དྲངས་ནས་སྐལ་ལྡན་སོ་སོ་ལ་སྤེལ་བའི་ཕྱིར་དང་། སངས་རྒྱས་ཕལ་པོ་ཆེ་ལས། སངས་རྒྱས་ཡེ་ཤེས་བསམ་གྱིས་མི་ཁྱབ་ལྟོས། །འགྲོ་བ་ཀུན་གྱི་བསམ་པ་རབ་ཏུ་མཁྱེན། །ཐབས་ཀྱི་རྣམ་པ་སྣ་ཚོགས་སྒོ་དག་ནས། །སྡུག་བསྔལ་ཀུན་ལས་སེམས་ཅན་རབ་ཏུ་འགྲོལ། །ཞེས་དང་། སེམས་ཅན་རྒྱ་མཚོ་འབྱུང་བ་བསམ་མི་ཁྱབ། །སངས་རྒྱས་ཡུལ་ལ་འཇུག་པ་ཤིན་ཏུ་ཟབ། །སྲིད་པའི་གནས་ཅན་དད་པ་ཆུང་བ་ཡིས། །སངས་རྒྱས་བྱང་ཆུབ་ཤེས་པར་མི་ནུས་སོ། །ཞེས་དང་། འཇམ་དཔལ་རྣམ་པར་འཕྲུལ་བ་ལས། ལྷའི་བུ། སངས་རྒྱས་ཀྱི་མཛད་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་འབར་བ་རྣམས་སུ་བཙལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཉོན་མོངས་པས་གཟིར་བ་མེད་ན། སངས་རྒྱས་ཀྱིས་ཀྱང་མཛད་པར་མི་འགྱུར་བའི་ཕྱིར། ནད་མེད་ན་སྨན་པ་བྱ་བ་མི་བྱེད་པ་ལྟར་རོ། །ཞེས་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པའི་ལེའུ་ལས། གང་གི་ཚེ་ཉོན་མོངས་པ་ཐམས་ཅད་དང་། བདུད་ཀྱི་ལས་ཐམས་ཅད་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཕན་པར་འགྱུར་བར་མཐོང་བ་དེ་ལྟ་བུ་ནི་ཐབས་ལ་མཁས་པ་ཡིན་ནོ། །ཞེས་གསུངས་པས་མཚོན། འདི་ལྟ་བུའི་ཐབས་མཁས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ནི་སྐྱེ་བོ་ཕལ་གྱི་སྤྱོད་ཡུལ་དུ་མ་གྱུར་ཞིང་ཁོང་དུ་མ་ཆུད་པས་བློ་ཆུང་བའི་རིགས་ཀྱིས་སྨོད་པས་ཀྱང་མཆོག་ཏུ་གྲུབ་པ་དང་། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་མདོ་ལས། འཇམ་དཔལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ན། མུ་སྟེགས་ཅན་གྱི་གནས་ཐམས་ཅད་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལས་བྱ་བ་ཐམས་ཅད་གང་ཅི་འབྱུང་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །ཞེས་དང་། རྡོ་རྗེ་གུར་ལས། གང་དུ་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །ཞེས་གསུངས་པས་མཚོན་ཞིབ་པར་གོང་དུ་བསྟན་པ་ལྟར། བདུད་དང་མུ་སྟེགས་སོགས་ཤིན་ཏུ་གདུལ་དཀའ་བའི་གདུལ་བྱ་རྣམས་འདུལ་བའི་ཕྲིན་ལས་ཀྱི་འཇུག་སྒོོ་ཟབ་མོ་འགའ་ཞིག་ཡོད་ན་ནི་འདིར་ཡང་ཡོད་དགོས་ཤིང་། བོད་ཡུལ་གྱི་བོན་ལྟ་བུ་གཅིག་འདུལ་བའི་ཐབས་དང་ཐུགས་རྗེ་མེད་པ་ཞིག་ན་ནི་གཞན་ལའང་ཡོད་པར་མི་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་དང་། རྒྱུད་ལས། མ་སྐྱེས་གྲངས་ལས་འདས་པའི་རང་བཞིན་ལ། །རྣམས་རྟོག་གྲངས་ལས་འདས་པའི་ཕྱག་རྒྱར་ཤར། །མཁའ་ལ་གཟུགས་བརྙན་ཆུ་ཡི་ཆུ་བུར་ལྟར། །ཇི་ལྟར་སྣང་ཡང་སྐྱེ་བ་མེད་པར་གཅིག །ཅེས་དང་། སྐུ་གསུང་ཐུགས་ཀྱི་མཚན་མ་ཇི་སྙེད་པ། །སེམས་ཅན་མོས་པའི་ཁྱད་པར་སྣང་བ་ཡིས། །ནུས་མཐུ་བྱིན་རླབས་སོ་སོར་སྣང་བ་ཡང་། །མ་སྐྱེས་སེམས་ཀྱི་ངང་ལས་གཞན་མ་མཐོང་། །ཞེས་གསུངས་པ་ལྟར་གནས་སྐབས་ཀྱི་བརྡ་དང་ཐ་སྙད་ཆོ་གའི་ཕྱག་ལེན་ཕྲ་མོའི་ཁྱད་པར་ཙམ་ལས། སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་སོགས་ཐམས་ཅད་མཐར་ཐུག་གི་དགོངས་པའི་སྐྱེལ་སོ་གཅིག་པས་སྲིད་རྩ་བདག་འཛིན་ཉོན་མོངས་པའི་གཉེན་པོར་གཅིག་ཏུ་འབབས་པ་དང་། སྤྱི་མདོ་ལས། ཐམས་ཅད་བདག་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཅན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་གསུངས་པ་ལྟར། དོན་དམ་པར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ཉིད། ཀུན་རྫོབ་རྟགས་ཀྱི་ཕྱག་རྒྱར་ཤར་བ་ལ་དྲན་པ་ཡབ་སྲས་གསུམ་ལྟ་བུའི་སྒྲ་གཞན་གྱིས་བསྟན་ནས་གཉུག་མའི་སྒོ་གསུམ་རྡོ་རྗེ་གསུམ་དུ་སྒྲུབ་པའི་ཐབས་ཆེན་བླ་ན་མེད་པའི་དགོངས་པ་ཟབ་མོ་གདོད་བླང་དུ་ཡོད་པའི་ཕྱིར་རོ། །ཚུལ་དེ་ལྟར་རྟོགས་ན་བདེ་གཤེགས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་བསྒོམས་ཤིང་བསྒྲུབ་པར་འགྱུར་ཏེ། བཀྲ་ཤིས་རིག་པ་ཁུ་བྱུག་གི་རྒྱུད་ལས། ཆོས་སྐུ་རོ་གཅིག་འགྲོ་དོན་བྱེད་མཉམ་སྟེ། །མོས་པའི་བློ་ལ་སོ་སོ་ཉིད་དུ་གསལ། །ཡེ་ཤེས་དབྱིངས་སུ་ཕྱག་རྒྱ་ཀུན་གཅིག་པས། །བདེ་གཤེགས་གཅིག་བསྒོམ་རྒྱལ་བ་ཀུན་གྱི་དངོས། །ཞེས་སོ། །ཚུལ་དེ་ལྟར་མ་ཤེས་པར་བསྒྲུབ་བྱའི་ལྷའི་བཟང་ངན་ཙམ་ལ་བློ་གདེང་འཆའ་བའང་ཡང་དག་པའི་ལྟ་བའི་གནས་ལས་གོལ་བར་གསུངས་ཏེ། རྫོགས་ཆེན་བྱང་ཆུབ་སེམས་སུ་བསྟན་པའི་མདོ་ལས། ཡེ་ནས་སངས་རྒྱས་ཡིན་པ་ལ། །སངས་རྒྱས་ཡིན་པར་མི་བལྟ་སྟེ། །སྒོམ་པས་སངས་རྒྱས་ལྟ་བ་ནི། །ལྟ་བ་དག་གི་གོལ་ས་ཡིན། །ཞེས་སོ། །དེས་ན་ཚུལ་འདིས་སྐྱབས་འགྲོའི་བསླབ་བྱ་དང་འགལ་མིན་སོགས་ཀྱི་དོགས་པ་རྨི་ལམ་ཙམ་དུའང་འཇུག་པའི་གནས་མེད་དེ། དཔེར་ན་དྲི་ཟ་རབ་དགའ་འདུལ་བའི་ཕྱིར་བཅོམ་ལྡན་འདས་ཉིད་དྲི་ཟ་པི་ཝཾ་ལེན་པ་སོགས་སུ་སྤྲུལ་པའི་ཚེ་སངས་རྒྱས་ཉིད་སྐྱབས་གནས་མིན་པར་མི་འགྱུར་བ་བཞིན་ནོ། །ཆོས་མཛོད་ཆེན་པོར་བསྡུ་བར་མཛད་པའི་དགོས་པའང་། ཉན་ཐོས་ཀྱི་རིགས་ཅན་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་འཇུག་མི་ནུས་པ་རྣམས་ཀྱི་ངོར་རེ་ཞིག་གང་ཟག་གི་བདག་མེད་ཙམ་བསྟན་ནས་གཟུགས་སོགས་ཡོད་པར་གསུངས་པ་དང་། མ་ངེས་པའི་རིགས་ཅན་ཐེག་དམན་ལ་ལྡོག་འདོད་ཅན་རྣམས་ཀྱི་ངོར་མཐར་ཐུག་གི་དོན་ལ་དགོངས་ནས་ཐེག་པ་གཅིག་ལས་མེད་པར་གསུངས་པ་དང་། དཔལ་དུས་ཀྱི་འཁོར་ལོ་ལས་དྲང་སྲོང་ཉི་མའི་ཤིང་རྟ་སོགས་གཞུག་པའི་ཆེད་དུ་དགོངས་ནས་སྣོད་ཀྱི་འཇིག་རྟེན་བྷ་ར་ཏ་ལ་སོགས་པའི་གཞུང་དང་མཐུན་པར་བསྟན་པ་བཞིན། གདུལ་བྱ་བོན་གྱི་རིགས་རྣམས་ཀྱང་ཐབས་ཚུལ་འདི་ལྟ་བུས་ཐོག་མར་དྲངས་ནས་རིམ་གྱིས་ཟབ་མོའི་ཆོས་མཛོད་ནམ་མཁའ་ལྟ་བུ་ལ་སྤྱོད་ནུས་པའི་སྐལ་བ་ཅན་དུ་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་བ་བསྟན་པའི་མདོ་ལས། རྒྱལ་པོ་འཁོར་ལོས་སྒྱུར་ལ་འཚེ་མེད་དེ། །དེ་ལ་བསྡོ་བའི་དམག་ཚོགས་ཡོད་མ་ཡིན། །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ངས་བཟུང་ན། །དེ་ལ་མུ་སྟེགས་ཅན་གྱི་ཡུལ་མེད་དོ། །ཡིད་བཞིན་ནོར་བུ་འཆིང་བུ་ཕྲད་གྱུར་པ། །བདེན་པའི་ཚུལ་དུ་ནམ་ཡང་འབྱུང་བ་མེད། །དེ་བས་སངས་རྒྱས་རིན་ཆེན་མུ་སྟེགས་ཅན། །ཞིང་གཅིག་ཏུ་ནི་ནམ་ཡང་འབྱུང་མི་འགྱུར། །མུ་སྟེགས་ཅན་སྒོ་འདི་ཀུན་བསམ་གཏན་དང་། །མངོན་ཤེས་དབང་ལ་སྒྱུར་མཁས་ཡིན་ཤེས་པར་གྱིས། །ཞེས་གསུངས་པས་ཟབ་མོ་སངས་རྒྱས་ཀྱི་སྤྱོད་ཡུལ་ཐབས་མཁས་ཀྱི་སྒོ་ཚད་མེད་པས་ཚུར་མཐོང་གི་བློས་གཞལ་བར་མི་ནུས་པའི་ཕྱིར་དང་། རང་གཞན་གང་གི་གྲུབ་མཐའ་ལའང་དགོས་མེད་དུ་སྨད་ན་རྡོ་རྗེ་ཐེག་པའི་རྩ་ལྟུང་དྲུག་པ་ཕོག་པར་གཞུང་དང་མན་ངག་ལས་གསུངས་པས་རང་སྡེ་རྣམས་ཀྱང་དེ་ལྟ་བུའི་ཉེས་པའི་གཡང་ས་ཆེན་པོ་ལས་འགོག་པའི་ཕྱིར་དང་། སོར་བཞག་ལྷ་མིའི་ཐེག་པ་ནས་རྩོལ་མེད་ཨ་ཏི་ཡོ་གའི་བར་གྱི་རིམ་དགུའི་ཐེག་པ་རྣམས་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་ལམ་སྟེགས་ཀྱི་ཐེག་པར་བཀྲལ་ནས་མཐར་ཐུག་རྫོགས་པ་ཆེན་པོའི་ཀློང་དུ་ཐམས་ཅད་མ་སྤངས་ཆོས་ཉིད་ཀྱི་དབྱིངས་སུ་རྫོགས་པས་གང་ལའང་སྤང་བླང་མེད་པའི་མཉམ་པ་ཆེན་པོར་ལམ་དུ་ཁྱེར་ཤེས་པའི་ཕྱིར་དང་། གནས་སྐབས་སུའང་རྒྱལ་བའི་ཕྲིན་ལས་རིས་སུ་མ་ཆད་པས་གདུལ་བྱ་མཐའ་དག་རྗེས་སུ་འཛིན་པའི་རྟེན་འབྲེལ་དང་། མཐར་ཐུག་བདེ་གཤེགས་སྙིང་པོའི་རང་བཞིན་ཅན་གྱི་འགྲོ་བ་མཐའ་དག་ཕྱམ་གཅིག་ཀུན་བཟང་གདོད་མའི་གྲོལ་སར་མངའ་དབང་འབྱོར་པས་འཁོར་བ་དོང་སྤྲུག་གི་མཛད་པ་མཐར་ཕྱིན་པ་སོགས་ཀྱི་དགོས་པ་ཚད་མེད་པ་དང་རྗེས་སུ་འབྲེལ་བ་ཡིན་པས་བློ་དང་ལྡན་པ་རྣམས་ཀྱིས་དག་སྣང་གི་མིག་བཟང་མཆོག་ཏུ་བསྒྲུབ་པར་བྱའོ། །དེ་ལྟར་བརྗོད་པའི་དགོས་པའང་། དེང་སང་གི་དུས་ན། དགོངས་གཞི་དང་དགོས་པ་ཅི་ཡིན་ཞིབ་པར་མ་འཚལ་ཡང་། མཁས་པ་དང་གྲུབ་པར་གྲགས་པ་ཁ་ཅིག་གིས་ཚུལ་འདི་ལ་དོགས་སློོང་གནང་རྐྱེན་གྱིས་བསོད་ཆུང་སྐལ་དམན་གྱི་འགྲོ་བ་མང་ཞིག་ཆོས་སྤོང་གི་གཡང་སར་འཕྱན་པར་ཐོས་ནས་དེ་དག་ལ་ཕན་སེམས་ཀྱིས་བརྩེ་བས་བརྗོད་པར་ཟད་ཀྱི། རང་གི་བླ་མ་དང་ཆོས་བརྒྱུད་ཡིན་པ་ཙམ་གྱི་གྲུབ་མཐའི་ཕྱོགས་ཞེན་དང་ཆགས་སྡང་གི་བསམ་པས་སྨྲས་པ་ནི་མ་ཡིན་ནོ། །དེ་ལ་ཆོས་སྤངས་པའི་ཉེས་པ་ནི་བསམ་གྱིས་མི་ཁྱབ་སྟེ། རྣམ་པར་འཐག་པ་བསྡུས་པའི་མདོ་ལས། དེ་ལྟར་མི་བླུན་པོ་དེ་དག་ངན་སོང་དུ་འགྲོ་བར་བདུད་ཀྱིས་བྱིན་གྱིས་བརླབ་པའི་ཕྱིར། དེ་ལའང་སྐྱོན་འདོགས་པར་སེམས་སོ། །དེ་བཞིན་གཤེགས་པས་གནང་བའི་ཆོས་སྨྲ་བ་དེ་ལའང་སྐྱོན་འདོགས་པར་སེམས་སོ། །ཞེས་དང་། ཚངས་པས་བྱིན་གྱིས་ཞུས་པའི་མདོ་ལས། ལེགས་པར་གསུངས་པའི་ཆོས་འདི་སྟོན་པ་ན། །སྡིག་པའི་སྤྱོད་ཡུལ་ཅན་འདི་མི་འཐད་འཛིན། །དད་མེད་ཆོས་ལ་སོམ་ཉི་བསྐྱེད་ནས་ནི། །བསྐལ་པ་བྱེ་བ་མང་པོར་སྨྱོན་པར་འགྱུར། །མ་དད་པ་ཡི་བསམ་པ་སྡིག་ཅན་འགྱུར། །བློ་སྡང་གང་གིས་སེམས་ཀྱང་བསྲུང་མི་བྱེད། །སྙིང་པོ་ཅན་ཀུན་རྣམ་པར་སྤངས་ནས་ནི། །དད་པ་མེད་པས་སྙིགས་མ་འཛིན་པར་བྱེད། །འགྱེད་པར་བྱེད་ཅིང་རྟག་ཏུ་ཁེངས་པ་སྟེ། །མ་དད་དེ་ནི་གཞན་ལ་འདུད་མི་བྱེད། །ཅེས་དང་། དེ་དག་ཆོས་མིན་ཚིག་གིས་འགལ་བར་བྱེད། །རྒྱལ་བ་རྣམས་ཀྱི་བསྟན་ལ་དྲི་མ་དེས། །མུ་སྟེགས་ཅན་ལྟར་ཐེ་ཚོམ་སོམ་ཉི་བཅས། །དེས་ནི་ཆོས་ལ་གླགས་གཏོང་འགལ་བྱས་ནས། །མ་དད་དེས་ནི་ཆོས་ཀྱང་སྤོང་བར་བྱེད། །ཅེས་དང་། སྔ་མ་ལས། འཇམ་དཔལ་གང་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་ན་དམ་པའི་ཆོས་སྤོང་བའོ། །དམ་པའི་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ་ཡིན་ནོ། །དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མ་ལས། བདག་གི་སེམས་ཀྱི་གནས་གཏན་ལ་མ་ཕེབས་པར་རྣམ་པར་འཁྲུལ་ནས་འདི་སྐད་དུ། འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ་རང་བཟོ་ཅན་གྱིས་རང་བཟོར་བྱས་པ་ཡིན་ནོ། །ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ། །གསང་བའི་བདག་པོ། མི་བླུན་པོ་དེ་ནི་འགྲོ་བ་གཉིས་སུ་འགྲོ་བར་རིགས་པར་བྱ་སྟེ། གཉིས་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་དུད་འགྲོའོ། །གསང་བའི་གདག་པོ་དེ་དག་ལ་དགེ་བའི་རྩ་བའི་རྒྱུ་ཅུང་ཟད་ཀྱང་ཡོད་པར་ང་མི་སྨྲའོ། །ཞེས་དང་། ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། འཇམ་དཔལ་མ་འོངས་པའི་དུས་ན་སེམས་ཅན་སྡིག་པ་ཅན་གང་དག་ཚུལ་འདི་ལ་ཡིད་མི་ཆེས་པ་ཡོད་དོ། །ཞེས་པ་ནས། འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ། །ཞེས་ཟེར་ཏེ་དེ་དག་ནི་བདག་ཀྱང་ཕུང་ལ་གཞན་དག་ཀྱང་ཕུང་བར་བྱེད་དོ། །དེ་ལྟར་བྱེད་པའི་སེམས་ཅན་དེ་དག་ལ་ནི་གསང་སྔགས་ཀྱི་དངོས་གྲུབ་མེད་དོ། །ཞེས་ཁོ་བོ་སྨྲའོ། །ཞེས་སོགས་དང་། ཏིང་འཛིན་རྒྱལ་པོ་ལས། གང་གིས་འཛམ་བུའི་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་པས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །ཞེས་དང་། སྟོང་ཕྲག་བརྒྱ་པ་ལས། མཚམས་མེད་པ་ལྔས་ནི་ཆོས་སྤང་བར་འགྱུར་བ་འདི་ཡི་གཟུགས་བརྙན་ཙམ་དུའང་མི་སྤྱོད་དོ། །ཤཱ་རིའི་བུ། ཆོས་སྤོང་བའི་བསམ་པས་འདི་སྐད་དུ། འདི་ལ་ཁྱེད་དང་བདག་ཅག་གིས་བསླབ་པར་མི་བྱ་སྟེ། འདི་ནི་ཆོས་མ་ཡིན་ནོ། །འདུལ་བ་མ་ཡིན་ནོ། །འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ། །ཞེས་ཟེར་ཞིང་དེ་བདག་ཉིད་ཀྱང་སྤངས་ལ་གཞན་དག་ལ་ཡང་མོས་པ་མེད་པར་བྱེད་ཅིང་བདག་གཞན་གྱི་བསམ་པ་ཉམས་པར་བྱེད་པ། བདག་གཞན་ཆུད་གསོན་པར་དགའ་བ། བདག་ཉིད་ཀྱང་ཕྱིར་སྤོང་བར་འདོད་པ། གཞན་ཡང་སྤོང་དུ་འཇུག་པ། ཆོས་འཇིག་པའི་ལས་བསགས་པ་དེའི་གཟུགས་བརྙན་དུའང་འགྱུར་རེ་སྐན་{ཀན}། ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། གང་ཞིག་ཆོས་མཆོག་གཙོ་བོ་འདི། །རྒྱལ་བས་གསུངས་པའི་ཆོས་ཀྱི་མཛོད། །ས་སྟེང་མིས་ནི་སྤོང་བྱེད་པ། །དེ་ནི་མནར་མེད་དམྱལ་བར་འགྲོ། །བསྐལ་པ་ཆེན་པོར་དེ་འཚེད་ཅེས། །རྣམ་པ་དུ་མར་དབྱེ་བ་བསྟན། །ནམ་ཞིག་གོང་དུ་འབྱུང་བ་ནི། །མི་ཡི་ལུས་སུ་སྐྱེས་ན་ཡང་། །དབུལ་ཞིང་ནད་མང་གླེན་པ་དང་། །ཀླ་ཀློ་དག་ཏུ་སྐྱེ་བར་འགྱུར། །འཇིག་རྟེན་སྨད་པར་འགྲོ་བ་སྟེ། །དེ་ནི་མཛེ་ཅན་ནད་པར་འགྱུར། །ལྐུག་ཅིང་འོན་པ་ཡན་ལག་ཉམས། །བློ་ཉམས་ལོང་བ་ཉིད་དང་ནི། །རྩུབ་ཅིང་རྟག་ཏུ་འཇིགས་པའི་གཟུགས། །ས་སྟེང་ཡི་དྭགས་ལྟ་བུར་སྣང་། །གོས་ངན་སེམས་ནི་ངན་པ་དང་། །སེན་མོ་དང་ནི་ལུས་ཀྱང་ངན། །སྲིན་བུ་རྣམས་ཀྱིས་ཟོས་པ་དང་། །ཤུ་བ་གཡན་པ་ཡང་དག་ལྡན། །མདོ་སྡེ་འདི་དག་སྤངས་པ་ན། །གང་དང་གང་གི་འགྲོ་བར་འགྱུར། །དེ་དང་དེར་ནི་སྐྱེ་བ་ན། །བློ་ངན་རྨོངས་པར་སྐྱེ་བར་འགྱུར། །ཞེས་དང་། བརྒྱད་སྟོང་པ་ལས། རབ་འབྱོར་ཆོས་ཀྱིས་ཕོངས་པར་གྱུར་པའི་ལས་བསགས་པ་དེ་ནི་ངན་སོང་ལོག་པར་ལྟུང་བ་རྣམས་སུ་སྐྱེ་ཞིང་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་ལོ། །དེར་ཡང་མེ་ཡིས་སྡུད་པའི་བསྐལ་པ་བྱུང་བ་དེའི་ཚེ་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བ་རྣམས་སུ་འདོང་ཞིང་། དེར་ཡང་མེ་ཡིས་སྡུད་པའི་བསྐལ་པ་བྱུང་ན་ཡང་གཞན་གྱི་སོགས་དཔག་ཏུ་མེད་པར་གསུངས་ཤིང་། མདོར་ན་རྒྱུད་བླ་མ་ལས། ཉོན་མོངས་རྨོངས་བདག་རྣམས་ཀྱིས་འཕགས་ལ་སྐུར་བ་དང་། །དེས་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །གོས་གཙང་ཚོན་གྱིས་རྣམ་འགྱུར་སྣུམ་གྱི་གོས་པ་བཞིན། །ཞེས་པ་ནས། ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱི་མེ་དང་ནི། །མི་བཟད་སྦྲུལ་གདུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱེད། །མེ་སྦྲུལ་དགྲ་དང་རྡོ་རྗེའི་མེ་ནི་སྲོག་དང་བྲལ་བ་ཙམ་བྱེད་དེ། །དེ་ལས་མནར་མེད་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར། །གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །ཕ་མ་དགྲ་བཅོམ་གསོད་པར་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་གསུངས་ཤིང་། དེ་བཞིན་དུ་སྟོན་པ་ཐུགས་རྗེ་ཅན་དངོས་ཀྱིས་མདོ་ཏིང་འཛིན་རྒྱལ་པོ་དང་ཡེ་ཤེས་ཕྱག་རྒྱ་དང་ལང་ཀར་གཤེགས་པ་དང་སྔ་འགྱུར་ཀལྤ་དུམ་བུའི་རྒྱུད་སོགས་ནས་དངོས་སུ་ལུང་བསྟན་པའི་འཕགས་པའི་གང་ཟག་ཆེན་པོ་འདི་ལྟ་བུ་ལ་ངན་སེམས་དང་སྐུར་འདེབས་བྱས་པའི་རྣམ་སྨིན་གྱི་འབྲས་བུའང་འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། སངས་རྒྱས་སྲས་པོ་དེ་དག་ལ། །མི་གང་མི་དགའ་བྱེད་པ་དེ། །ལྷ་དང་མི་ནི་སྤངས་ནས་སུ། །དེ་དག་དམྱལ་བ་སྤྱོད་ཡུལ་འགྱུར། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །མི་གང་ལ་ལ་གནོད་བྱེད་པ། །མིག་མེད་པའམ་ལོང་བ་དང་། །སྡུག་བསྔལ་དཔུང་གཉེན་མེད་པར་འགྱུར། །ཤི་འཕོས་ནས་ནི་མནར་མེད་འགྲོ། །དེ་ནི་འབར་ཞིར་འཇིགས་སྐྲག་འགྱུར། །ལུས་ནི་ཆེན་པོར་གྱུར་ནས་ཀྱང་། །སྡུག་བསྔལ་ཚོར་བ་མྱོང་བར་འགྱུར། །ཚེ་རབས་དེ་དང་དེ་དག་ཏུ། །དེ་ལུས་དཔག་ཚད་ཙམ་འགྱུར་ཏེ། །དེ་ནི་ཕྲུམ་ལྟར་ཟླུམ་གྱུར་ལ། །ཀུན་ནས་ཡོངས་སུ་བཟའ་བར་འགྱུར། །དེ་ཚེ་ལུས་དང་མགོ་བོ་ནི། །ལྔ་སྟོང་ཡོད་པར་འབྱུང་འགྱུར་ཞིང་། །མགོ་བོ་དེ་དག་རེ་རེ་ལའང་། །ལྕེ་ནི་ལྔ་བརྒྱ་ཐམ་པ་ཡོད། །གཅིག་ལའང་ཐང་གཤོལ་བརྒྱ་དག་གིས། །ལྕེ་ནི་རབ་ཏུ་རྨོ་བར་འགྱུར། །མནར་མེད་དེ་ནས་ཤི་འཕོས་ནས། །དེ་ནི་ཚ་དང་རབ་ཚ་བར། །བློ་གྲོས་ངན་པ་ཚོར་བ་མྱོང་། །དེ་སྔོན་ཉེས་བྱས་འབྲས་བུ་ཡིན། །ཞེས་པ་ནས། འཕགས་པ་རྣམས་ལ་སྐུར་བཏབ་པས། །མི་ཡི་ནང་ནས་ཤི་འཕོས་ནས། །ངན་སོང་དག་ཏུ་མྱུར་དུ་འགྲོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །མི་བསྡམས་གང་ཞིག་གནོད་བྱེད་པ། །བསྐལ་པ་བྱེ་བ་སྟོང་དག་ཏུ། །ནམ་ཡང་སངས་རྒྱས་མཐོང་མི་འགྱུར། །ཞེས་དང་། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་དང་བརྙས་པའི་སེམས་ཇི་ཙམ་པ་དེ་སྙེད་ཀྱི་བསྐལ་པར་སེམས་ཅན་དམྱལ་བར་གནས་པར་གོ་ཆ་བགོ་བར་བྱའོ། །ཞེས་དང་། བསྐལ་པ་དག་ནི་དུ་མར་ཡང་། །ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར། །དེ་ལ་མགོ་ཡང་ལྔ་བརྒྱ་སྟེ། །མགོ་རྣམས་རེ་རེ་དག་ལ་ཡང་། །ལྔ་བརྒྱའི་ལྕེ་ལས་ཉུང་མི་འགྱུར། །ལྕེ་གཅིག་ལ་ཡང་ཐང་གཤོལ་ནི། །ལྔ་བརྒྱར་ཚང་སྟེ་མི་ཉུང་བ། །རབ་ཏུ་འབར་བས་རྨོ་བྱེད་དེ། །སྐུར་འདེབས་སྡིག་པའི་ལས་ཀྱིས་སོ། །ཞེས་གསུངས། ཚུལ་དེ་ལ་དགོངས་ནས་རྒྱལ་སྲས་ཞི་བ་ལྷས་ཀྱང་། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་བསྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་གསུངས་པ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་། ངའམ་ང་འདྲ་བས་ཆོས་དང་གང་ཟག་གི་ཚོད་གཟུང་བར་བྱ་ཡི་གང་ཟག་གིས་གང་ཟག་དང་ཆོས་ཀྱི་ཚོད་གཟུང་བར་མི་བྱ་སྟེ། ལྟུང་བར་འགྱུར་བའི་ཕྱིར་རོ། །ཞེས་དང་། འཇམ་དཔལ་རྣམ་པར་འཕྲུལ་བ་ལས། བདག་གི་འཁྲུལ་པ་སོ་སོར་རྟོག་པ་ནི་ལེགས་པའོ། །གཞན་གྱི་འཁྲུལ་པའི་སྐྱོན་ཚོལ་བ་ནི་ལེགས་པ་མ་ཡིན་པའོ། །ཞེས་གསུངས་ཤིང་། བདེ་མཆོག་ཉུང་ངུའི་རྒྱུད་ལས། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཡུལ་གྱི་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཟབ་མོའི་ཆོས་འདི་སྟོན་པ་ན། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །གང་གིས་འདིར་བདག་ཡུལ་མིན་པ། །གང་གིས་ཆོས་ཉིད་མི་ཤེས་ཡིན། །རྫོགས་སངས་རྒྱས་དང་དེ་སྲས་དང་། །ཤེས་རབ་ཆེན་པོ་རྣམས་ཀྱིས་མཁྱེན། །ཞེས་དང་། མདོ་སྡེ་རྒྱན་ལས། དོན་སྒྲ་ཇི་བཞིན་ཡོངས་རྟོག་ན། །བདག་ཉིད་སྙེམས་ཤིང་བློ་ཉམས་འགྱུར། །ལེགས་པར་གསུངས་པའང་སྤངས་པས་ན། །བརླགས་གྱུར་ཆོས་ལ་ཁོང་ཁྲོས་སྒྲིབ། ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་བས་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་དང་། རིན་ཆེན་ཕྲེང་བར། དེ་བཞིན་གཤེགས་དགོངས་གསུངས་པ་རྣམས། །ཤེས་པར་སླ་མིན་དེ་ཡི་ཕྱིར། །ཐེག་གཅིག་ཐེག་པ་གསུམ་གསུངས་པས། །བཏང་སྙོམས་ཀྱིས་ནི་བདག་བསྲུང་བྱ། །བཏང་སྙོམས་ཀྱིས་ནི་སྡིག་མི་འགྱུར། །སྡང་བས་སྡིག་འགྱུར་དགེ་བ་མིན། །ཞེས་དང་། ལྷག་བསམ་བསྐུལ་བ་ལས། ང་ནི་བར་མ་དོར་གནས་པ་ལ་ཆོས་སྤང་བ་ཞེས་མི་སྨྲའོ། །ཞེས་གསུངས་པའི་ཚུལ་རྣམས་ཐུགས་ལ་བཅངས་ནས་རང་གཞན་ཆོས་སྤང་གི་གནས་ལ་མི་སྦྱར་བར་གསོལ་བ་འདེབས་པ་ལགས་སོ། །དག་སེམས་བཻཌཱུར་ས་གཞི་གཙང་མའི་ངོགས། །རབ་འབྱམས་རྩ་གསུམ་རྒྱལ་བའི་ལྷ་དབང་གཟུགས། །འཆར་གང་རྟེན་འབྱུང་ཟབ་མོའི་རང་གཤིས་ལ། །བློ་དང་ལྡན་པ་སུ་ཞིག་སོམ་ཉི་བསྐྱེད། །ཟབ་གསང་གདམས་པ་འཆི་མེད་རྔ་སྒྲ་ཡིས། །སྐལ་བ་མཆོག་ལྡན་རྣམ་སད་གཞོན་ནུའི་ཚོགས། །ཆོས་ཀྱིས་དབུལ་བའི་འཇིགས་ཀུན་སེལ་བྱེད་ཚེ། །སྐལ་མེད་སྦྱིན་སྐྱེས་འདར་བ་རང་བློའི་སྐྱོན། །རྒྱལ་བ་ཉི་མའི་རིང་ལུགས་འོད་པོ་ཆེ། །རྣམ་དཔྱོད་སྐྱ་རེངས་ཕོ་ཉས་བསུས་པའི་མོད། །ལོག་ལྟའི་མུན་པར་ཆུད་པ་འབྱུང་པོའི་བྱ། །མྱ་ངན་ཁུང་བུར་ཞུགས་རྣམས་སྙིང་རྗེའི་ཡུལ། །རྒྱལ་བའི་རྣམ་འཕྲུལ་རྒྱལ་བ་ཁོ་ནས་མཁྱེན། །སེམས་ཅན་ལས་སྣང་བཀོད་པའང་ཚད་བཟུང་བྲལ། །དེ་དག་ཚུར་མཐོང་བྱིས་བློས་གཞལ་བྱ་མིན། །ཆོས་ཉིད་བསམ་མི་ཁྱབ་ལ་ཡིད་རྟོན་མཛོད། །ཀྱི་ཧུད་དམ་པའི་མགོན་རྣམས་ཞིང་གཞན་གཤེགས། །ཀྱི་ཧུད་དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད། །ཀྱི་ཧུད་མུན་སྤྲུལ་དུ་མས་ཕྱོགས་ཀུན་ཁྱབ། །ཀྱི་ཧུད་ཆོས་སྤང་གཡང་ལ་འཕྱན་ཏ་རེ། །ཐུབ་བསྟན་ཉིན་བྱེད་ནུབ་རིའི་རྩེ་མོར་གཞོལ། །སྡིག་སྤྱོད་ཀླ་ཀློའི་མུན་པས་ཕྱོགས་ཀུན་ཁེབ། །ཁོམ་མིན་གཡང་ལ་དལ་རྟེན་འཕྱན་ཉེའི་ཚེ། །རང་གཞན་གྲུབ་མཐའི་ཆགས་སྡང་དེས་ཅི་བྱ། །དལ་འབྱོར་མི་ལུས་ཐོབ་པ་ད་རེས་ཙམ། །ཟློག་མེད་འཆི་བ་ནམ་ཡོང་ཆ་ཡོད་དམ། །འཆི་ཚེ་དམ་པའི་ཆོས་ལས་སྐྱབས་གཞན་སུ། །ལེགས་པར་སོམས་ལ་བརྩོན་པའི་དཔུང་སྐྱེད་འཚལ། །བྱ་བྱེད་མང་ཡང་གྲུབ་འབྲས་ཆུ་ཤིང་སྙིང་། །ལྷག་བསམ་ཡོད་ཀྱང་བསྟན་ལ་ཕན་མཐུ་ཆུང་། །དལ་འབྱོར་སྟོང་ཟད་སྤྲང་པོ་བདག་འདྲ་ལ། །ཐུགས་རྗེས་གཟིགས་ཤིག་བླ་མ་དཀོན་མཆོག་མཁྱེན། །སེམས་རྒྱུད་ཆོས་ཀྱིས་དུལ་བར་བྱིན་གྱིས་རློབས། །གཞན་ཡང་། མང་དུ་ཐོས་པ་ཡིན་ཡང་སྨྲ་བ་ཁོ་ན་ལ་དགའ་བའི་སྐྱོན་མང་པོ་ལྷག་བསམ་བསྐུལ་བའི་མདོ་ལས་གསུངས་པ། ཐོས་པས་རྒྱགས་ནས་གུས་པར་མི་འགྱུར་ཏེ། །རྣམ་པར་འགྱེད་པའི་སྨྲ་བ་རྣམས་ལ་ཆགས། །བརྗེད་པར་འགྱུར་ཞིང་ཤེས་བཞིན་མེད་པར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ནང་གི་སེམས་ལ་ཤིན་ཏུ་རིང་བར་འགྱུར། །ལུས་དང་སེམས་ཀྱང་རབ་སྦྱངས་མ་ཡིན་འགྱུར། ཁེངས་པ་དང་ནི་མདུད་པ་མང་པོར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །བྱིས་པ་དམ་པའི་ཆོས་བསམ་རབ་ཏུ་ཉམས། །སེམས་ནི་མི་མཉེན་ཤིན་ཏུ་རྩུབ་པར་འགྱུར། །ཞི་གནས་ལྷག་མཐོང་དག་དང་རབ་ཏུ་རིང་། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །རྟག་ཏུ་བླ་མ་དག་ལ་གུས་པ་མེད། །སྦགས་པའི་གཏམ་དག་ལ་ནི་དགའ་བ་སྐྱེད། །སྙིང་པོ་མེད་ལ་གནས་ཤིང་ཤེས་རབ་ཉམས། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །དེ་ནི་ལྷ་ཡི་ཚོགས་རྣམས་ཀྱིས་མི་བཀུར། །དེ་ཚེ་དེ་ལ་འདོད་པ་མི་བསྐྱེད་ལ། །སོ་སོ་ཡང་དག་རིག་ལས་ཉམས་འགྱུར་ཏེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཞེས་དང་། བདག་ནི་སྒྲུབ་ཉམས་ད་ནི་ཅི་བྱ་ཞེས། །འཆི་བའི་དུས་ཚེ་བྱིས་པ་མྱ་ངན་བྱེད། །གཏིང་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །རྩྭ་བསྐྱོད་བཞིན་དུ་འགུལ་ཞིང་གཡོ་བ་སྟེ། །དེ་ནི་དེ་ལྟར་ཐེ་ཚོམ་འགྱུར་དུ་ངེས། །དེ་ནི་ནམ་ཡང་བློ་བརྟན་མི་འགྱུར་ཏེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །གར་ལ་བལྟ་བའི་ཁྲོད་དུ་འདུག་པ་ཞིག །དཔའ་བོ་གཞན་གྱི་ཡོན་ཏན་བརྗོད་པ་བཞིན། །བདག་ཉིད་ནན་ཏན་ཉམས་པར་འགྱུར་བ་སྟེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །དེ་ནི་གཡོ་ལྡན་ཡང་ཞིང་རེ་འཆང་ཡང་། །ཕྱི་ཕྱིར་བཞིན་ནི་རྣམ་པར་འགྱེད་པ་བརྩམ། །འཕགས་པའི་དམ་པའི་ཆོས་ལས་རབ་ཏུ་རིངས། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །མཐུ་ཆུང་བསྟི་སྟང་གིས་ནི་དགའ་འགྱུར་ཏེ། །མི་ཤེས་ལྡན་པ་གཡོ་ཞིང་འགྱུར་བ་ཡིན། །སྤྲེལ་ལྟར་དེ་ཡི་སེམས་ཞི་གཡོ་བར་འགྱུར། །རང་གི་བློ་ཡིས་ཤེས་པ་དམའ་བའི་ཕྱིར། །རྨོངས་པ་དེ་ནི་གཞན་གྱི་དྲིང་ལ་འཇོག །དེ་ནི་ཉོན་མོངས་ཕྱོགས་ཀྱི་དབང་དུ་འགྲོ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །མིག་ཀྱང་འཁྲུལ་ཞིང་དེ་བཞིན་རྣ་བའང་འཁྲུལ། །སྣ་ཡང་འཁྲུལ་ཞིང་དེ་བཞིན་ལྕེ་ཡང་འཁྲུལ། །ལུས་ཀྱང་འཁྲུལ་ཞིང་ཡིད་ཀྱང་འཁྲུལ་བར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །དེ་ཡི་སེམས་ནི་རྣ་བའི་རྣམ་ཤེས་ལ། །རབ་ཏུ་ཆགས་ཤིང་སྒྲས་རྒྱགས་ཤེས་རབ་ཉམས། །ལོག་པར་སེམས་ཤིང་ལམ་ངན་འགྲོ་བར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཞེས་བྱ་བ་ལ་སོགས་པ་ནས། ཡུན་རིང་དུས་ནས་སྨྲ་ལ་དགའ་བས་ན། །དེས་ནི་བདག་ཉིད་དགའ་བ་མི་འཐོབ་བོ། །ཚིག་གང་དགའ་བ་མཐའ་ཡས་འཐོབ་འགྱུར་བ། །ཚིག་གཅིག་ཙམ་ཞིག་བསོད་ནམས་མཆོག་ཡིན་ནོ། །བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པའི་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་འགྱུར་བ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །ཅེས་པའི་བར་གྱིས་བསྟན་པ་དང་། ཏིང་འཛིན་རྒྱལ་པོ་ལས་ཀྱང་། ང་ཡིས་རབ་ཏུ་བཟང་བའི་ཆོས་བཤད་ཀྱང་། །ཁྱོད་ཀྱིས་ཐོས་ནས་ཡང་དག་མ་སྤྱད་ན། །ནད་པས་སྨན་གྱི་རྐྱལ་པ་ཐོགས་པ་དག །རང་གི་ནད་ནི་གསོ་བར་མི་ནུས་བཞིན། །ཞེས་དང་། སྡོང་པོ་བཀོད་པ་ལས། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། །དཔེར་ན་ལ་ལ་ཆུ་ཀླུང་གིས། །སྟོབས་མེད་ནན་གྱིས་ཁྱེར་བ་ཞིག །བསྐོམས་ནས་ཤི་བར་འགྱུར་བ་བཞིན། །མ་བསྒོམས་{བསྒོམ་འདིའི་རིགས་འདི་ལྟར་ཞུས།} ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་བྱིན་གྱུར་ཀྱང་། །བདག་ཉིད་བཀྲེས་ནས་ཤི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་སྨན་པ་ལ་ལ་ཞིག །སྨན་རྣམས་ཐམས་ཅད་བདོག་བཞིན་དུ། །ལྟོ་བའི་ནད་ཀྱིས་ཤི་བ་བཞིན། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་དབྱིག་གི་མཛོད་དག་ཏུ། །རིན་ཆེན་གྲངས་མང་བགྲང་བྱེད་ཀྱང་། །བདག་ཉིད་གཅིག་ཙམ་མ་ཐོབ་པ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་བདེ་བ་ཀུན་ལྡན་པའི། །རྒྱ་པོའི་ཕོ་བྲང་འཁོར་སྐྱེས་ཀྱང་། །ཟས་དང་སྐོམ་དག་མི་བདོག་པ། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་དམུས་ལོང་རི་མོ་མཁན། །ཚོང་དུས་དབུས་སུ་འབྲི{འདྲི}ར་བཅུག་ཀྱང་། །བདག་ཉིད་ཀྱིས་ནི་མ་མཐོང་བ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་མཚོ་ཆེན་མཉན་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། །བདག་ཉིད་དེ་ནང་འཆི་བ་ལྟར། མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་ལམ་གྱི་གཞི་མདོར་ཡང་། །ཕུན་སུམ་ཚོགས་པ་ཀུན་བརྗོད་ཅིང་། །བདག་གིས་ཐོབ་པ་མི་འགྱུར་བ། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་གསུངས་པའི་ཚུལ་སོགས་ཀྱང་སྙིང་ལ་བཞག་ནས་ཐོས་དོན་ཉམས་སུ་ལེན་པས་རང་རྒྱུད་ཀྱི་ཉོན་མོངས་པའི་གཉེན་པོོར་ཅི་འགྲོ་བྱ་བ་ནི་ཅིས་ཀྱང་གལ་ཆེའོ། །མི་མཆོག་སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །རིགས་ཅན་གསུམ་གྱི་གདུལ་བྱ་རྗེས་སྐྱོང་ཕྱིར། །ཟབ་རྒྱས་བདུད་རྩིའི་སྒོ་འཕར་བགྲང་ཡས་ཀྱང་། །ཀུན་གྱི་སྐྱེལ་སོ་བླ་མེད་འབྲས་བུའི་ཚུལ། །གང་དང་སུ་འཕྲད་སྲིད་པ་ཐ་མ་རུ། །ངེས་པར་ལུང་བསྟན་ཟབ་མོ་འཕགས་པའི་ཡུལ། །མངོན་སུམ་སྤྱོད་ཡོད་སྔོན་གོམས་དགེ་བའི་མཐུར། །ལེགས་པར་ཤེས་ནས་བརྩོན་པའི་དཔུང་བསྐྱེད་འཚལ། །རྒྱལ་བའི་འཁོར་ལོ་བར་ཐའི་དགོངས་པའི་བཅུད། །སྣང་སྟོང་ཟུང་འཇུག་མཉམ་པ་ཆེན་པོའི་ཀློང་། །འཁོར་འདས་ཆོས་ཀུན་ཡེ་ནས་སངས་རྒྱས་པའི། །ལྟ་བའི་གོ་ཆ་མཆོག་ཏུ་ཡངས་པ་གཅེས། །ཕུང་ཁམས་སྐྱེ་མཆེད་གདོད་ནས་གདན་གསུམ་ལྷ། །འགྲོ་འོང་སྲོག་རྩོལ་གཞོམ་མེད་ནཱ་དའི་དབྱངས། །འགྱུ་འཕྲོའི་དྲན་རྟོག་འོད་གསལ་གཉུག་མའི་བབས། །རྡོ་རྗེ་གསུམ་གྱི་རྣལ་འབྱོར་འབྲལ་མེད་གལ། །ཅིར་སྣང་ཀུན་བཟང་སྤྱོད་པའི་ཕྱག་རྒྱ་ཆེ། །གང་སྤྱད་ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་མཆོག །དུག་ལྔ་རང་གྲོལ་ཡེ་ཤེས་ཆེན་པོའི་ཀློང་། །ཚེ་གཅིག་གདོད་མའི་གྲོལ་སར་སྙོགས་མཛོད་ཀྱེ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ལྔ་པ་དེ་ལྟར་བསྡུས་པའི་དགོས་ཆེད་ཕན་ཡོན་དང་བཅས་པ་བཤད་པ་ནི། སྤྱིར་དེང་སང་ལྟ་བུ་དུས་ཀྱི་མཐའ་སངས་རྒྱས་ཀྱི་བསྟན་པ་མེ་ཤི་བའི་དུད་པ་ཙམ་དུ་ཉེ་བའི་སྐབས་འདིར། སངས་རྒྱས་ཀྱི་བཀའ་དྲིན་རྗེས་སུ་དྲན་པ་དང་། དམ་པའི་ཆོས་ཀྱི་མཛོད་ཡོངས་སུ་སྐྱོང་བ་དང་། སེམས་ཅད་ལ་སྙིང་བརྩེ་བའི་དབང་གིས། ཟང་ཟིང་མེད་པར་དམ་པའི་ཆོས་མདོ་སྡེ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་ཙམ་ཡང་ཉན་པ་དང་བཤད་པ་དང་ཁ་ཏོན་དུ་བྱེད་པ་དང་དེའི་དོན་སེམས་པ་ལྟ་ཅི། ཐ་ན་ཆོས་ཀྱི་ཕྱིར་གོམ་པ་གཅིག་འདོར་རམ། དམ་ཆོས་བསྐུལ་བའི་རྔའམ་གཎྜིའི་སྒྲ་ཐོས་པའམ། ཆོས་ཀྱི་ཕྱིར་སྤུ་ཟིང་བྱེད་པ་ཙམ་ཡང་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་སོགས་ཕན་ཡོན་གྱི་བསྔགས་པ་ཚད་མེད་པར་གསུངས་པ་བཞིན་ལ། དེ་ལས་ཀྱང་ཁྱད་པར་དུ་གྱུར་པ། གོང་དུ་སྨོས་པ་བཞིན་ལུང་གིས་བསྟན་ཅིང་རིགས་པས་གྲུབ་པའི་གསང་བདག་རྡོ་རྗེ་འཆང་ཆེན་པོ་ཉིད་སྙིགས་མའི་གདུལ་བྱ་ལ་རྗེས་སུ་བརྩེ་བས་དགོངས་ཏེ་བསམ་བཞིན་སྲིད་པ་ཉེ་བར་བཟུང་ནས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་རྗེས་འབྲང་དང་བཅས་པའི་ལུགས་སྲོལ་སྤྱི་དང་། བྱེ་བྲག་སྔ་འགྱུར་ཡོ་ག་རྣམ་པ་གསུམ་གྱི་སྙིང་པོའི་བཅུད་ཕྱུང་བའི་གསང་མཛོད་ཆེན་པོ་འདི་ལྟ་བུའི་བཀའ་ཡི་བསྡུ་བ་མཛད་པ་དང་། གཞན་ལ་འཆད་སྤེལ་གླེགས་བམ་རིན་པོ་ཆེ་སྤར་དུ་བཞེངས་པ་སོགས་ལྟ་ཅི་སྨོས་ཏེ། ཐ་ན་དེ་ལ་རྗེས་སུ་ཡི་རང་བ་བགྱིས་པ་ཙམ་གྱི་བསོད་ནམས་ཀྱི་ཕུང་པོའང་སྔ་མ་ལས་བརྒྱ་དང་སྟོང་ནས་དཔེ་དང་རྒྱུར་མི་བཟོད་པའི་བར་གྱིས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེའི་རྒྱུ་མཚན་ཡང་ངེས་དོན་མཐར་ཐུག་རྡོ་རྗེ་རྩེ་མོ་ལས་གཞན་མེད་པའི་ཕྱིར། སྒྱུ་འཕྲུལ་གསང་སྙིང་ལས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འདས་དང་ད་ལྟར་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །བསྙེན་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡི་ལྷུན་གྱིས་གྲུབ་པར་འགྱུར། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་དང་། ཡེ་ཤེས་གྲུབ་པ་ལས། སྟོན་པའི་གསང་ནི་རྒྱ་མཚོ་ཀུན། །བསྡུས་ཏེ་སྙིང་པོའི་བཅུད་ཕྱུང་བ། །གསང་ཉིད་ངེས་པ་འདི་ཡིན་ཏེ། །འདི་མ་སྣང་བར་གྲོལ་བ་མེད། །ཅེས་གསུངས། དེའི་ཕྱིར་སྤྱི་མདོ་དགོངས་འདུས་ལས་ཀྱང་། དབུ་མར་རྣམ་ཐར་གསུམ་སྒོར་དཀའ་སྤྱད་ཀྱང་། །དེ་ལ་རྒྱལ་བ་མི་དགོངས་བཀུར་མི་མཛད། །སྙིང་པོའི་དོན་རིག་སྐད་ཅིག་ཙམ་གྱིས་ཀྱང་། །བྱིན་རླབས་ཡོན་ཏན་རྒྱལ་བས་བཤད་མི་རྫོགས། །དཀར་པོ་མཐར་ཐུག་བསོད་ནམས་ཀུན། །སེན་མོའི་སྟེང་གི་རྡུལ་དང་འདྲ། །རྡོ་རྗེ་སྙིང་པོར་གཅིག་བསྐྱེད་པ། །ས་ཡི་དཀྱིལ་འཁོར་ཆེན་པོ་ཙམ། །དཀར་པོ་ཕྱོགས་ཀྱི་མཐར་ཐུག་པ། དེ་ནི་མུན་ཁང་སྒྲོན་མེ་ཙམ། །རྡོ་རྗེ་སྙིང་པོར་གཅིག་རིག་པ། །དུས་མཐའི་བསྐལ་པའི་མེ་ཆེན་འདྲ། །དབུ་མར་སྣང་བའི་ནམ་མཁའ་ནི། །གང་གི་གསེང་ཁུང་ནམ་མཁའ་འོ། །རྡོ་རྗེ་སྙིང་པོའི་ནམ་མཁའ་ནི། །འབྱུང་ཆེན་གཏོས་ཀྱི་ནམ་མཁའ་འདྲ། །ཞེས་དང་། ཤིན་ཏུ་གྲངས་མེད་བསྐལ་པ་རུ། །སངས་རྒྱས་རྣམས་ཀྱིས་གང་མཁྱེན་པ། །སྔགས་པ་རྣམས་ཀྱི་དུས་གཅིག་ཏུ། །ཚེ་གཅིག་རྫོགས་པའི་བྱང་ཆུབ་འཐོབ། །ཅེས་སོགས་གསང་རྒྱུད་ཀུན་ནས་རྒྱ་ཆེར་གསུངས་པ་བཞིན་ཏེ། མདོར་ན་ཧེ་རུ་ཀ་གལ་པོ་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །རྣལ་འབྱོར་འདིར་གྱུར་ཕྱིན་ཆད་ནི། །ཀློོག་གམ་ཡང་ན་སེམས་ཀྱང་རུང་། །དེ་ཡང་རྡོ་རྗེ་འཛིན་འདྲར་འགྱུར། ཞེས་སོ། །གཞན་ཡང་དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པའི་ཕན་ཡོན་གྱི་བསྔགས་པ་སྙིང་པོ་བསྟན་པའི་མདོ་ལས། འདི་ལྟར་རྒྱལ་བའི་ཆོས་ཀྱི་ཉེར་གནས་ཤིང་། །ཆོས་ཀྱིས་ངེས་པར་འབྱུང་གི་ཟང་ཟིང་མིན། །དེ་བས་གང་ཞིག་བདེ་གཤེགས་ཆོས་འཛིན་པས། །དེ་ནི་སངས་རྒྱས་ཀུན་ལ་བྱས་པ་གཟོ། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་དེ་བཞིན་གཤེགས་པ་བྱས་གཟོ་ཡིན། །རྒྱལ་བ་རྣམས་ཀྱི་མཛོད་འཛིན་ཡིད་བརྟན་ཅིང་། །ཕྱོགས་བཅུ་རྣམས་སུ་སངས་རྒྱས་མཆོད་པ་ཡིན། །སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་མང་པོ། །རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། །ཟད་པའི་དུས་ནི་ཇི་ལྟར་ཆོས་འཛིན་ལྟར། །བསོད་ནམས་ཕུང་པོ་དེ་ཙམ་འཕེལ་མ་ཡིན། །ཞེས་དང་། དེ་དག་རྣམས་ཀྱི་ཡོན་ཏན་ཕན་ཡོན་རྣམས། །བསྐལ་པ་རྒྱུན་མི་འཆད་པར་བརྗོད་བྱས་ཀྱང་། །དམ་ཆོས་འཛིན་པའི་ཕན་ཡོན་འདི་དག་ནི། །བརྗོད་པའི་མཐའ་མར་ཕྱིན་པར་མི་འགྱུར་རོ། །ཞེས་དང་། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། །ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པའི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །ཞེས་གསུངས་པ་དང་། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བའི་མདོ་ལས་ཀྱང་། གང་དག་ཕྱིན་ཆད་མདོ་སྡེ་འདི་འཛིན་པ། །དེ་དག་རྟག་ཏུ་ང་དང་མཐུན་པའི་སྲས། །སངས་རྒྱས་བྱེ་བས་དེ་དག་བསྔགས་བརྗོད་ཀྱང་། །དེ་དག་བསྔགས་པ་མཐར་ནི་ཕྱིན་མི་འགྱུར། །ཞེས་དང་། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །བདེ་དང་དགའ་ཐོབ་མཛོད་ནི་མང་པོར་འགྱུར། །སྔོན་གྱི་རིམ་གྲོ་བྱ་བ་འཐོབ་མྱུར་ཞིང་། །མི་ཁོམ་བརྒྱད་པོ་མ་ལུས་ཟད་པར་སྤོངས། །དཔེར་ན་ནམ་མཁའ་སྐར་མས་ཡོངས་གང་ལྟར། །རྟག་ཏུ་མཚན་གྱི་གོ་ཆར་བྱས་པ་དང་། །རབ་ཏུ་ཚིག་སྙན་ཡིད་འོང་དབྱངས་ལྡན་འགྱུར། །གང་ན་ཡིད་བདེ་མེད་ཅིང་རབ་སྡུག་པ། །རིགས་དམན་དེ་ནི་དེ་ཡིས་སྤང་བར་འགྱུར། །ཕྱུག་ཅིང་ཤིན་ཏུ་བདེ་ལ་ལོངས་སྤྱོད་ལྡན། །ཞེས་པ་ནས། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །མཆོག་ཏུ་གཟུགས་བཟང་ལྟ་ན་སྡུག་པ་དང་། །སྐྱེས་པ་བུད་མེད་ལྷ་རྣམས་དགའ་བ་དང་། །བདེ་ཞིང་མཁས་ལ་བསྔགས་ཤིང་ཤེས་རབ་ལྡན། །སྟོན་པ་སྟོབས་བཅུ་མངའ་བ་ལྷ་ཡི་ལྷས། །གང་གི་མདུན་དུ་མདོ་འདི་རབ་བཤད་པ། །མི་དེའི་ལག་ཏུ་མདོ་སྡེ་འདི་འདྲ་འདི། །ཕྱི་མའི་དུས་ཀྱི་ཚེ་ན་འཐོབ་པར་འགྱུར། །ཞེས་པའི་བར་གྱིས་གསུངས་པ་དང་། གཞན་ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། དེ་ལ་ཤཱ་རིའི་བུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པས། འདི་ལྟ་བུའི་མི་བཟད་པ་དང་མི་བསྔགས་པ་དང་། དམ་པའི་ཆོས་རབ་ཏུ་འཇིག་པ་མཐོང་ནས་བརྩོན་འགྲུས་ཆེན་པོའི་ཤུགས་རབ་ཏུ་བསྐྱེད་དེ། འདི་ལྟ་སྟེ། འདི་ལྟ་བུའི་མདོ་སྡེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་མཉན་པར་བྱ། གཟུང་བར་བྱ། ཡི་གེར་བྲིས་ནས་བཅང་བར་བྱ། གཞན་ལ་ཡང་གོ་བར་བྱ། རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །དེས་ཀྱང་འདུ་ཤེས་བཞི་བསྐྱེད་པར་བྱ་སྟེ། བཞི་གང་ཞེ་ན། བདག་གི་ཕ་ཡི་ནོར་གྱི་ཕུང་པོ་འདི་རབ་ཏུ་འཇིག་པར་འགྱུར་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ནས་བཟུང་སྟེ། དཀའ་བ་སྤྱད་པ་ཡིན་ན། དེའི་ཕྱིར་རབ་ཏུ་འཇིག་པར་མི་འགྱུར་བར་གཟུང་བར་བྱ། ཀུན་ཆུབ་པར་བྱ། གཟུང་བར་བྱ་སྟེ། ཆུད་མི་ཟ་བར་བྱའོ། །བརྩོན་འགྲུས་བརྩམ་མོ། །འདི་ལྟ་སྟེ། དཔེར་ན་ཤཱ་རིའི་བུ་སྐྱེས་བུ་ཞིག་ལ་བུ་གཅིག་ཡོད་དེ། བྱམས་སྡུག་ཡིད་དུ་འོང་ཞིང་མི་མཐུན་པ་མེད་པར་སྣང་བ་དེ་དག་གཡང་ས་ཆེན་པོར་ལྟུང་བར་གྱུར་པ་དང་། དེས་དེ་ལག་གིས་བཟུང་སྟེ་སེམས་ཅན་དམྱལ་བའི་གཡང་ས་འདིར་ལྟུང་བར་མ་གྱུར་ཅིག་གཅེས་འཛིན་རབ་ཏུ་འཛིན་པ་དེ་བཞིན་དུ། ཤཱ་རིའི་བུ་གང་སྐྱེས་བུ་དམ་པ་དེ་དག་ང་ལ་དད་ཅིང་ཆོས་དཀོན་མཆོག་བླ་ན་མེད་པ་འདི་ཡང་ཡོངས་སུ་མི་གཏོང་ཞིང་། མྱ་ངན་ལས་འདས་པ་ལ་ཡང་རེ་བར་འགྱུར་བ་དེ་དག་དེའི་དུས་ན་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བས་ངས་དེ་དག་ལ་བྱང་ཆུབ་མཆོག་འདི་གཏད་པར་བྱའོ། །འདི་ལྟ་སྟེ་དཔེར་ན། ཤཱ་རིའི་བུ་གཡུལ་ཆེན་པོའི་ནང་གང་སྐྱེ་བོ་མང་པོ་བསྲུང་བའི་ཕྱིར་དམག་གི་མདུན་ན་འདུག་པར་འགྱུར་བའི་སེམས་ཅན་དེ་དག་ནི་ཉུང་བར་འགྱུར་རོ། །ཡང་ཤཱ་རིའི་བུ་གང་དཔའ་བ་འོས་སུ་གྱུར་བར་བྱས་པ་གཡུལ་ལས་རྣམ་པར་རྒྱལ་བ་དེ་དག་དེ་ན་གཡུལ་མི་བཟད་པ་ཆེན་པོའི་དུས་ན་སྐྱེ་བོ་མང་པོའི་ཕྱིར་དམག་གི་མདུན་ན་འདུག་པ་དེ་བཞིན་དུ། ཤཱ་རིའི་བུ་དེའི་ཚེ་དམ་པའི་ཆོས་འཇིག་པར་རབ་ཏུ་ཉེ་བར་གནས་པ་ན། གང་ལྷག་པའི་བསམ་པས་ཡོངས་སུ་མྱ་ངན་ལས་འདས་པ་འདོད་པ། དཔའ་བ་བརྩོན་འགྲུས་བརྟན་པར་གོ་ཆ་སྲ་བ་བགོས་པ་དེ་དག་བརྩོན་འགྲུས་ཆེན་པོའི་སྟོབས་བསྐྱེད་དེ་བདུད་ཀྱི་དམག་ལས་རྒྱལ་ཞིང་འདི་ལྟ་བུའི་ཆོས་དཀོན་མཆོག་འདི་ལས་སྙིང་པོ་ཅུང་ཟད་ཙམ་ལེན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡོངས་སུ་སྤོང་བ་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད་ཅིང་རྩོད་པར་བྱེད་ལ་འདི་ནི་སངས་རྒྱས་ཀྱིས་བཤད་པའོ་ཞེས་སྐྱེ་བོ་མང་པོ་ལ་བསྒྲགས་ཤིང་ཤེས་པར་བྱེད་པ་དེ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལེགས་པར་བཤད་པ་ལ་རྗེས་སུ་ཡི་རང་བ་སྟེ། ཤཱ་རིའི་བུ་དེ་ལྟ་བུའི་གང་ཟག་རྣམས་ལ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཆུང་ངོ་ཞེས་ང་མི་འཆད་དེ་ནམ་མཁའ་དང་མཉམ་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྐྱེས་བུ་དམ་པ་དེ་ལྟ་བུ་ནི་ཤིན་ཏུ་དཀོན་ཏེ་སྐྱེས་བུ་མཆོག་ཅེས་བརྗོད་དོ། །སྐྱེས་བུ་རབ་ཅེས་བརྗོད་དོ། །སྐྱེས་བུ་དཔའ་བོ་ཞེས་བརྗོད་དོ། །སྐྱེས་བུ་ཆེན་པོ་ཞེས་བརྗོད་དོ། །དེ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་ཕྱོགས་སོ། །དེ་དག་སྡེར་མི་སྨྲ་མི་འཁྲུག་གོ །དེ་དག་ལ་ནན་ཏན་སྙིང་པོར་བྱེད་པ་སྟེ། ཤཱ་རིའི་བུ། འཆི་བའི་མཐའི་བར་དུ་ནན་ཏན་སྙིང་པོར་བྱའོ། །འཆི་བའི་མཐའི་བར་དུ་དམ་པའི་ཆོས་ཡོངས་སུ་གཟུང་བར་བྱའོ། །འཆི་བའི་མཐའི་བར་དུ་སྟོང་པ་ཉིད་ལ་མོས་པར་བྱའོ། །ཤཱ་རིའི་བུ་ཆོས་དེ་བཞི་དང་ལྡན་ན། དེའི་ཚེ་དེའི་དུས་ན། དམ་པའི་ཆོས་རབ་ཏུ་འཇིག་པའི་དུས། དམ་པའི་ཆོས་ནུབ་པར་འགྱུར་བའི་དུས། ཚུལ་ཁྲིམས་འཆལ་བའི་ཕྱོགས་མང་བའི་དུས། འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་ཀུན་ཏུ་ཚོལ་བ་མང་བའི་དུས། བསྐལ་པ་སྙིགས་མའི་དུས། སེམས་ཅན་སྙིགས་མའི་དུས། ཚེ་སྙིགས་མའི་དུས། ཉོན་མོངས་པ་སྙིགས་མའི་དུས། ལྟ་བ་སྙིགས་མའི་དུས། དུས་གསུམ་ལ་གནས་པར་བྱའོ། །འཐབ་མོ་ཉེ་བར་ཞི་བ་ལ་གནས་པར་བྱ། སངས་རྒྱས་ཀྱི་བྱང་ཆུབ་དང་འབྲལ་བར་མི་འགྱུར་བར་བྱ་སྟེ། ཤཱ་རིའི་བུ། དུས་འདི་གསུམ་ལ་རབ་ཏུ་གནས་པར་བྱའོ། །ཞེས་གསུངས། མདོར་ན་དེ་བཞིན་གཤེགས་པའི་གསང་བ་བསྟན་པ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་། །མཐར་མི་ཕྱིན་པར་འགྱུར་བ་ལགས། །ཞེས་གསུངས་ཤིང་། ཚུལ་དེ་དག་ལ་དགོངས་ནས་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་དཔལ་གྱི་མཚན་ཅན་གྱི་ཞལ་སྔ་ནས་ཀྱང་། ཇི་སྙེད་སྦྱིན་དང་བདེ་གཤེགས་མཆོད་བྱས་དང་། །ཚུལ་གནས་བཟོད་ལྡན་བརྩོན་པས་བསྒོམ་པ་ལ། །བསྐལ་བརྒྱར་བརྩོན་ལས་ཐེག་ཆེན་མདོ་ཟབ་མོའི། །ཚིགས་བཅད་གཅིག་བཟུང་བསོད་ནམས་འཕགས་པར་གསུངས། །བློ་གྲོས་དམན་པ་ཉོན་མོངས་སྟོང་དག་གིས། །དཀྲུགས་པའི་ཡིད་ལ་ཆོས་འཛིན་མེད་མཁྱེན་ནས། །བསྟན་པའི་མཐར་ཡང་ཡི་གེའི་གཟུགས་དག་གིས། །ཐུབ་པ་བཞུགས་ཞེས་སྐྱོབ་པའི་ཞལ་གྱིས་བཞེས། །མདོ་སྡེ་རིན་ཆེན་འདི་ནི་དེང་དུ་ཡང་། །ཐུབ་པའི་ཆོས་སྐུ་མཆོག་དང་དབྱེར་མེད་པར། །ཉན་འཆད་ཀློག་དང་འཛིན་ལ་དགྱེས་བཞུགས་ན། །སྐལ་བཟང་གྲོགས་དག་འདི་ལ་གུས་བརྩོན་རིགས། །ཕན་མཛད་ཐུགས་རྗེས་རིང་ནས་དགོངས་པ་ཅན། །མགོན་པོ་མཆོག་འདིར་རང་གི་དོན་ཉིད་དུ། །བྱས་པ་གཟོ་བའི་སྙིང་སྟོབས་མི་སྐྱེད་ན། །མ་རབས་དེ་འདྲ་རྗེས་འཇུག་ཇི་ལྟར་ཡིན། །མགོན་པོ་སྐྱོབ་དེས་སྤངས་རྟོགས་མཐར་བྱས་ན། །དེ་ལ་སུས་ཅི་ཕན་པ་བགྱིད་ཡོད་དེ། །རང་གཞན་དོན་ཕྱིར་མདོ་སྡེ་མཆོག་དག་ལ། །ཉན་འཆད་འཛིན་བརྩོན་ཐུབ་ལ་བྱས་པ་གཟོ། །ཡོན་ཏན་མཆོག་གི་ཀུན་ཏུ་གངས་ཆེན་མཚོ། །ཐུབ་པའི་ཐེག་མཆོག་བདུད་རྩིའི་གཏེར་འདྲ་བའི། །མདོ་སྡེ་མཆོག་མཐོང་ཡོན་ཏན་མཐའ་ཀླས་པ། །རྡོ་རྗེའི་ལྕེས་ཀྱང་འཆད་པར་སླ་བ་མེད། །ཅེས་སོགས་རྒྱ་ཆེར་གསུངས་པ་བཞིན་ཏེ། ཞིབ་པར་མདོ་མཐོང་གི་ཕན་ཡོན་སོགས་སུ་བལྟ་བར་བྱའོ། །སྨྲས་པ། བགྲང་ཡས་བསྐལ་པར་སྐྱོབ་པ་མཆོག་དེ་ཡིས། །སྐུ་སྲོག་བྱེ་བ་བཏང་ནས་བཙལ་བའི་དངོས། །དམ་ཆོས་རིན་ཆེན་མཛོད་ཁང་འདི་ཁོ་ན། །བརྩེ་བས་རྗེས་འཇུག་བསོད་ནམས་སྐལ་བར་གནང་། །བསགས་པ་རྒྱ་ཆེ་ཕ་ཡི་ནོར་སྐལ་མཆོག །རྗེས་འཇུག་བུ་ཡིས་བརྩོན་པས་མི་བསྲུང་ན། །སྲིད་ཞིའི་ཁོངས་ན་དེ་ལས་ཁྲེལ་ཆུང་སུ། །དེ་ལས་སྨད་འོས་དེ་ལས་བྱུར་ཆེའང་གང་། །དེ་སླད་དུས་ཀྱི་མཐར་ཡང་འཕགས་རྣམས་ཀྱི། །ཐུགས་བསྐྱེད་སྨོན་པའི་རང་གཟུགས་སྨིན་པའི་འབྲས། །ངེས་དོན་སྙིང་པོའི་གསང་མཛོད་ནོར་བུའི་སྒྲོམ། །མི་ཉམས་བཀའ་གཙིགས་ཕྱག་རྒྱའི་རེ་ཁས་བཏབ། །ཚུལ་དེར་ཡི་རང་ཐལ་མོ་སྦྱོར་ཙམ་གྱི། །བསོད་ནམས་གཟུགས་སུ་གྲུབ་ན་ཀུན་གསལ་ཁྱོན། །སྣོད་དུ་ཆུང་ན་ཚུལ་བཞིན་ཉན་པ་དང་། །འཆད་དང་སྒོམ་སྒྲུབ་བརྩོན་རྣམས་སྨོས་ཅི་འཚལ། །དེ་སླད་ཐུབ་ལ་བྱས་པ་གཟོ་འདོད་དང་། །འགྲོ་ལ་བརྩེ་དང་རྣམ་གྲོལ་དོན་གཉེར་བའི། །སེམས་ཤིག་ཡོད་ན་འདིར་ཞུགས་འདི་ལ་བརྩོན། །འདི་ལས་ཐབས་གཞན་རྒྱལ་བས་མ་གསུངས་སོ། །ཐུགས་རྗེས་དགོངས་ཤིག་མི་མཆོག་སྲས་སློབ་བཅས། །ཐུགས་དམ་མ་བསྙེལ་དཀར་ཕྱོགས་སྐྱོང་བའི་ཚོགས། །མཐུ་རྩལ་མ་ཆུང་དགོངས་པའི་རྩལ་བསྐྱེད་ལ། །བསྟན་མཆོག་ཡུན་དུ་གནས་པར་མཛད་དུ་གསོལ། །གཞན་ཡང་གལ་ཆེན་ཤེས་པར་བྱ་བ་ནི། སྤྱིར་གོང་དུ་སྨོས་པ་ལྟར་རྒྱལ་བ་ཐབས་ལ་མཁས་པས་གདུལ་བྱ་སོ་སོའི་ཁམས་དབང་བསམ་པ་དང་མཐུན་པར་ཆོས་སྒོ་མཐའ་ཡས་པར་སྩལ་པ་དེ་ཐམས་ཅད་ཀྱང་རྣམ་གྲོལ་གྱི་ལམ་དུ་གཅིག་ཅིང་། གནས་སྐབས་གདུལ་བྱ་སོ་སོའི་བློ་དང་འཚམ་པ་ཤ་སྟག་ཡིན་པས། རང་རང་གི་སྔོན་གྱི་བག་ཆགས་དང་ལས་སྨོན་གྱི་སྐལ་བས་གང་ལ་མོས་ཤིང་རང་རིགས་ཀྱི་མེ་ཏོག་གང་ལ་བབས་པའི་ལྷ་སྐལ་དུ་གྱུར་པ་གང་ཡིན་པ་དེ་ཉིད་ལ་གཙོ་བོར་གཟུང་དགོས་མོད། གཞན་གསར་རྙིང་གི་ཆོས་དང་གང་ཟག་སུ་ལའང་འཕྱ་སྨོད་དང་སྒྲོ་སྐུར་མི་བྱ་བར་ཀུན་ལ་དག་སྣང་སྦྱང་བ་ནི་རང་རྒྱུད་ལ་ཆོས་སྣང་བའི་སྒོ་མོ། བསོད་ནམས་ཚད་མེད་པའི་འཇུག་ངོོགས་སུ་ངེས་ལ། དེ་ལས་གཞན་དུ་གྱུར་ན། ཆོས་སྤང་གི་སྒྲིབ་པ་མི་བཟད་པས་རང་ཉིད་ཕུང་ལ་སྦྱོར་བར་མ་ཟད། གཞན་རང་ལ་ལྟོས་པ་རྣམས་ལའང་དེའི་ཤན་ཕོག་པས་ཆོས་བརྒྱུད་ལའང་བཀྲ་མི་ཤིས། དག་སྣང་གི་སྒོ་མོ་འགགས། ལོག་ལྟ་དང་སྐུར་འདེབས་མང་། དེའི་རྒྱུ་རྐྱེན་ལ་བརྟེན་ནས་དགེ་འདུན་པ་རྣམས་ཀྱང་ཕན་ཚུན་ཐུགས་མི་མཐུན་ཞིང་འཁྲུགས་པར་འགྱུར་བ་དང་། དེའི་དབང་གིས་སངས་རྒྱས་ཀྱི་བསྟན་པའང་ནུབ་པར་འགྱུར་བར་མདོ་སྡེ་རྣམས་ནས་གསུངས་པ་དང་། ཐ་ན་ཁྱིམ་པ་སོགས་གང་ཡང་མི་ཤེས་ཤིང་བསྟན་པའི་གཉེར་མེད་པ་རྣམས་ཀྱང་རང་རང་སོ་སོའི་ཕྱོགས་བཟུང་ནས། ཆོས་དང་གང་ཟག་ལ་སྨོད་པ་དང་། འཕགས་པ་ལ་ངན་སེམས་སོགས་ངེས་པར་ངན་འགྲོ་མུ་མཐའ་མེད་པའི་རྒྱུ་གསོག་གིན་འདུག་པ་ནི་མངོན་གྱུར་ལྟར་ལ། སངས་རྒྱས་ཀྱིས་ཆོས་ལ་བརྟག་པ་གསུམ་དང་། རྟོན་པ་བཞི་སོགས་གསུངས་པས་དང་མི་འགལ་བའི་དོན་རྣམས་ནི། བསིལ་ལྡན་འདིར་སྔོན་ཆད་ཡོངས་ལ་གྲགས་པའི་བཤད་ཀ་བཅུ་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་རྗེས་འབྲང་དང་བཅས་པའི་གཞུང་རྣམས་ཡོངས་སུ་གྲགས་ཤིང་གྲུབ་ཟིན་པས་ད་གསར་དུ་སྒྲུབ་མི་དགོས་ཤིང་། སྔོན་གྱི་མཁས་པ་ཁ་ཅིག་གིས་དགོངས་པ་ཅན་དུ་གསུངས་པའང་ཡོད་ལ། ཕལ་ཆེར་རྟོག་གེ་མཁན་གྱིས་རང་རང་གི་ཕྱོགས་ཞེན་དང་ཆགས་སྡང་གིས་བརྗོད་པའི་ངན་སྨྲས་ཀྱང་ཆེས་མང་བས། དེ་དག་གི་རྗེས་སུ་འབྲངས་ན་གངས་ཅན་གྱི་ལྗོངས་འདིར་ཆོས་རྣམ་དག་གཅིག་ཀྱང་མི་རྙེད་པ་འདྲ་སྟེ། དེ་ལྟར་མ་བྱུང་བ་སུའང་མི་སྣང་བའི་ཕྱིར་རོ། །རྒོལ་ངན་དེ་རྣམས་ཀྱང་སྔོན་གྱི་མཁས་གྲུབ་དམ་པ་རྣམས་ཀྱིས་གཏན་ཚིགས་ཡང་དག་པས་སུན་ངེས་ཟིན་པ་ཤ་སྟག་སྟེ། གཟུར་གནས་ཀྱི་བློས་གཞལ་ན་སྙིང་པོ་ཅི་ཡང་མི་སྣང་། དེས་གོང་སྨོས་ཀྱི་བཤད་སྒྲུབ་ཀྱི་བསྟན་པའི་མངའ་བདག་རེ་རེའི་བརྒྱུད་འཛིན་དང་སློབ་མའི་ཚོགས་ཀྱང་བགྲང་བར་དཀའ་ཞིང་། ཕལ་ཆེར་མཁས་གྲུབ་གཉིས་ལྡན་དུ་གྱུར་པ་ཤ་སྟག་ཏུ་སྣང་། དེས་ན་བརྒྱུད་པའི་ཁུངས་དང་། མན་ངག་གི་ཟབ་ཁྱད་སོགས་རང་རང་གི་གཞུང་ན་གསལ་བ་ལྟར་ལགས་པས་ཀུན་ལ་དག་སྣང་སྦྱང་བར་བྱ་ཞིང་། ཁྱད་པར་དེང་སང་ལྟ་བུའི་དུས་དང་གང་ཟག་ཤེར་བརྩོན་དམན་པ་ལ་ཆེད་དུ་དགོངས་ཤིང་། བསྟན་པ་རིན་པོ་ཆེ་འབའ་ཞིག་ཐུགས་ལ་བཅངས་པའི། འཇམ་མགོན་ཡབ་སྲས་རྣམས་ཀྱི་ཕྱག་རྗེས་སྔོན་མེད་མཛོད་ཆེན་ལྔ་དང་། སྒྲུབ་ཐབས་ཀུན་བཏུས། དཔོན་སློབ་རིན་པོ་ཆེས་བཀའ་བསྡུ་གནང་བའི་གསར་ལུགས་རྒྱུད་སྡེ་ཀུན་བཏུས་སོགས་ཟབ་ཅིང་གཉན་ལ་རྒྱུན་དཀོན་དེང་སང་གང་བཞུགས་ཀྱི་བརྒྱུད་པའི་ཆུ་བོ་མཐའ་དག་གཅིག་ཏུ་བསྐྱིལ་བའི་མཚོ་ཆེན། ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཟབ་དོན་ཐང་མར་བརྡལ་ཏེ་རང་རང་གང་འདོད་དུ་སྤྱོད་ཆོག་པར་མཛད་པ་འདི་ལྟ་བུའི་བཀའ་དྲིན་གྱི་ཁྱད་པར་ནི། རང་ཅག་རྗེས་འཇུག་ཕྱི་རབས་པ་རྣམས་ཀྱིས་ལུས་སྲོག་བྱེ་བ་ཕུལ་ཡང་ཆ་ཙམ་དུ་འཚོབ་ནུས་མིན་ན་གཞན་གྱིས་ལྟ་ཅི་སྨོས། དེས་ན་བསྟན་པ་ལ་དགོངས་པ་དང་བདག་ལེགས་སུ་འདོད་པ་དག་གིས། ཇི་ལྟར་སྐྱེ་བོ་ཡ་རབས་རྣམས་ཀྱིས་རང་རང་གི་ཕ་ཡི་ནོར་སྐལ་གྱི་བང་མཛོད་སྲུང་བ་བཞིན་དུ། ཉིན་མཚན་མེེད་པར་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ལ་བརྩོན་པར་མཛད་ན། རྒྱལ་བའི་གདུང་འཚོབ་པ་དང་། རིག་པ་འཛིན་པ་དང་བྱང་ཆུབ་སེམས་དཔའ་རྣམ་ཀྱིས་སྲས་དང་སྤུན་ནམ་གྲོགས་ཀྱི་ཚུལ་དུ་དགོངས་པར་འགྱུར་བ་དང་། དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་རྗེས་སུ་སྲུང་ཞིང་སྐྱོང་བ་དང་། རང་རང་གི་ཆོས་བརྒྱུད་ལའང་བཀྲ་ཤིས་ཤིང་བྱིན་ཆགས་པ་དང་། རང་ལ་ལྟོས་པ་རྣམས་ཀྱང་ཡང་དག་པའི་ལམ་དུ་བགྲོད་ཅིང་དཀར་ཆོས་ཀྱི་སྣང་སྒོ་མི་འགེག་པ་དང་། དངོས་བརྒྱུད་ནས་བསྟན་པ་རིན་པོ་ཆེ་འཕེལ་ཞིང་རྒྱས་པར་འགྱུར་བ་སོགས་ཞིབ་པར་གོང་དུ་སྨོས་པ་ལྟར་ཕན་ཡོན་ཚད་མེད་པའི་འབྱོར་པ་ཐོབ་ཅིང་། མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དཀའ་བ་མེད་པར་བགྲོད་ངེས་པ་ནི་རྒྱལ་བའི་ལུང་གིས་བསྔགས་ཤིང་རིགས་པས་ཀྱང་གྲུབ་པ་དེ་ལྟ་ལགས་པས་ཀུན་གྱིས་ཐུགས་ལ་བཅངས་ནས་དེ་དེ་བཞིན་དུ་མཛད་པར་སྙིང་ཐག་པ་ནས་གསོལ་བ་འདེབས་པ་ལགས་སོ། །སླར་སྨྲས་པ། བགྲང་ཡས་ཞིང་གི་སྲས་བཅས་རྒྱལ་རྣམས་ཀྱི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་བསྡུས་པ། །གདུལ་དཀའི་འགྲོ་བ་སྐྱོབ་པའི་ཐུགས་རྗེ་ཅན། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས་དེར་འདུད། །གང་གི་རིང་ལུགས་རྡུལ་བྲལ་མ་ཎི་ཀ །ཐུབ་བསྟན་རྒྱལ་མཚན་རྩེ་མོར་ཆེས་བརླིང་བས། །གྲོལ་བ་དྲུག་ལྡན་སྨིན་གྲོལ་འདོད་དགུའི་ཆར། །ཅི་དགར་འཇོ་བའི་དུས་སྟོན་འདི་རྨད་བྱུང་། །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་གྱི། །ཐུགས་བསྐྱེད་དུས་སུ་སྨིན་པའི་ལེགས་བྱས་སྒོ། །ངོ་མཚར་མཛོད་ཆེན་ལྔ་ཡི་ཤིང་རྟའི་སྲོལ། །གསར་དུ་འབྱེད་པོ་འདི་མཚུངས་གཞན་སུ་ཞིག །བདེན་གསུང་རྡོ་རྗེའི་གླུ་ཡིས་རྗེས་བསྔགས་འབྲས། །རིན་ཆེན་བདུན་ལྡན་ཟབ་དོན་ནོར་བུའི་ཆར། །ཅི་དགར་འཇོ་བའི་རྫོགས་ལྡན་གསེར་གྱི་སྤྲིན། །རྟེན་འབྱུང་དགེ་བའི་མཁའ་ལ་ཡོལ་མིན་མཚར། །རྒྱལ་ཀུན་གསང་བའི་ཡང་མཛོད་སྙིང་པོའི་སྲོག །རྣམ་གསུམ་ཡོ་གའི་སྒོ་འཕར་བརྒྱ་ཕྲག་སྙེད། །ཅི་དགར་འབྱེད་པའི་ལྡེ་མིག་རྒྱལ་རྣམས་ཀྱིས། །གཟོད་མ་ཉིད་ནས་གཏད་ལ་སུ་ཡིས་བསྙོོན{སྨྱོན}། །རིས་སུ་མ་ཆད་ཐུབ་བསྟན་པདྨའི་ཚལ། །ཅིག་ཅར་བཞད་པའི་རྣམ་དཔྱོད་མེ་ཤེལ་དབང་། །བློ་གྲོས་ཡངས་པའི་མཁའ་ལ་རྟག་གནས་པ། །མ་མཐོང་འབྱུང་པོའི་བྱ་རྣམས་སྐལ་བས་ནོངས། །མིག་ལྡན་ཉིན་མོའི་སྣང་བ་ལ་བརྟེན་ནས། །རང་རང་འཇུག་ལྡོག་བྱ་བར་བརྩོན་པ་བཞིན། །བློ་ལྡན་སྔོན་བསགས་འབྲས་བཟང་སྨིན་པ་རྣམས། །དོན་གཉིས་འདོད་དགུའི་དཔལ་ལ་ཅིར་ཡང་རྩེན། །བུམ་བཟང་དཔག་བསམ་ནོར་བུའི་གཏེར་སོགས་ཀྱིས། །ཆ་ཙམ་མཚོན་མིན་ཆོས་མཆོག་གསང་བའི་མཛོད། །བརྩེ་བས་རྗེས་འཇུག་སྐལ་བར་བསྩལ་ཟིན་པས། །སྐལ་བཟང་རྣམས་ཀྱིས་ཅི་དགར་སྤྱོད་པར་རིགས། །དེ་སླད་འཕགས་མཆོག་ཕྱག་ན་པད་དཀར་འཆང་། །སྙིགས་དུས་གདུལ་བྱའི་མགོན་བཞེངས་ཀརྨ་པ། །ཐམས་ཅད་མཁྱེན་དངོས་སི་ཏུ་པཎ་ཆེན་སོགས། །མཁས་གྲུབ་དུ་མས་ཆེས་ཆེར་གསལ་བྱས་འཚེངས། །ཚད་མ་གསུམ་ལྡན་ལུང་རིགས་མཚོན་རྣོན་གྱིས། །ཉེས་བཤད་གྱ་གྱུའི་སྲོག་རྩ་བཅད་ཟིན་པས། །གཞན་ཟེར་རྗེས་བརྗོད་བྲག་ཅས་ཡིད་ཚིམས་པའི། །མ་བརྟགས་གྱ་ཚོམ་སྨྲ་རྣམས་བག་ཡོད་བྱོས། །འཕགས་པའི་ཟབ་དགོངས་མཁའ་ལྡིང་དབང་པོའི་རྩལ། །བདག་ལྟ་བློ་ཆུང་སྦྲང་བུར་ཡོད་མིན་ཡང་། །རྡོ་རྗེའི་མཆེད་ཀྱི་བཀའ་ལུང་ལྕི་བའི་ཕྱིར། །ཕྱོགས་ཙམ་བརྗོད་འདིར་འགལ་བ་མེད་སྙམ་བགྱིད། །བསྟན་ལ་གུས་དང་ཆོས་མཛོད་སྲུང་བའི་ཕྱིར། །ཕྱོགས་ཙམ་སྨྲས་འདིས་རང་གཞན་ལོག་སྨྲའི་ཉེས། །རྒྱུན་ཆད་སྐྱེ་ཀུན་ཐེག་མཆོག་སྨྲ་བའི་ལྗགས། །རབ་ཡངས་གཟུངས་སྤོབས་སྣང་བས་མཛེས་གྱུར་ཅིག །རྒྱལ་བའི་རིག་འཛིན་བརྒྱུད་པའི་མན་ངག་ཀླུང་། །འབུམ་ཕྲག་གཅིག་ཏུ་བསྐྱིལ་བའི་སྔོན་མེད་མཚོ། །མཁས་གྲུབ་ཀླུ་མཆོག་བྱེ་བས་ཉེར་བརྟེན་རྒྱུས། །སྲིད་མཐའི་བར་དུ་མི་ཉམས་འཕེལ་གྱུར་ཅིག །སྐུ་གསུམ་སྟོན་པས་བསྟན་མཆོག་ནོར་བུའི་སྒྲོམ། །གང་ལ་གཏད་པ་རྒྱལ་སྲས་རིག་པ་འཛིན། །མཁའ་འགྲོ་ཆོས་སྲུང་བདེན་པའི་མཐུ་བྱིན་གྱིས། །འདི་འཛིན་རྣམས་ལ་དུས་ཀུན་ཤིས་གྱུར་ཅིག །དེའི་མཐུས་ས་གསུམ་རྒུད་པ་ཀུན་ཞི་ཞིང་། །རྫོགས་ལྡན་དུས་བཞིན་སྣོད་བཅུད་དཔལ་འབྱོར་རྒྱས། །ཀུན་ཀྱང་ལྟ་སྤྱོད་ཏིང་འཛིན་དོན་མཐུན་པས། །ཐུབ་བསྟན་ཡུན་དུ་གནས་པའི་བཀྲ་ཤིས་ཤོག །ཅེས་པའང་ཐུན་མིན་གསང་བའི་ཆོས་མཛོད་ཆེན་པོ་འདི་ལ་གདོད་ནས་སྨོན་ལམ་གྱི་མཐུ་གྲུབ་པས། སྨིན་གྲོལ་གྱི་འཆད་སྤེལ་དང་། གླེགས་བམ་ཡོངས་རྫོགས་སྤར་དུ་སྒྲུབ་པའི་བདག་རྐྱེན་སོགས་དཔེ་ཟླ་དང་བྲལ་བའི་ཐུགས་བསྐྱེད་དང་བརྩོན་པའི་གོ་ཆ་ཅན། རྡོ་རྗེའི་མཆེད་པོ་ཁྱུང་སྤྲུལ་རིན་པོ་ཆེ་རྒྱལ་སྲས་བློ་གྲོས་དྲི་མེད་གྲགས་པའམ་རིག་འཛིན་པདྨ་དབང་ཆེན་བསྟན་འཛིན་ཕྲིན་ལས་ཀྱིས། བཀྲ་ཤིས་པའི་ལྷ་རྫས། སྐུ་རྟེན་རྗེ་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་ཞལ་ཐང་ཕྱག་རྗེས་ཅན། གསུང་རྟེན་རིག་འཛིན་ཐུག་ཏིག་སོགས་གཏེར་ཆེན་ཉིད་ཀྱི་ཕྱག་སྤར་མ། ཐུགས་རྟེན་རྗེ་དེ་ཉིད་ཀྱིས་བཀའ་བརྒྱད་སྒྲུབ་རྟེན་གནང་བའི་གནམ་ལྕགས་རྡོ་རྗེ་བྱིན་ལྡན། ཡོན་ཏན་གྱི་རྟེན་བདུད་རྩི་སྨན་སྒྲུབ། ཕྲིན་ལས་ཀྱི་རྟེན་རིན་པོ་ཆེ་སྣ་ཚོགས་ཀྱི་མཎྜལ་བཅས་རིང་མོའི་ལམ་ནས་གསུང་བསྐུལ་གནང་བ་བཞིན། རྡོ་རྗེ་འཆང་རྣམ་གཉིས་ཀྱིས་ཚད་མེད་པའི་བཀའ་དྲིན་གྱིས་བསྐྱངས་པའི་སློབ་ཐ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་སམ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་དུ་འབོད་པའི་ཀུ་སཱ་ལིས། རང་གནས་ཟེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ། རྔ་ཆེན་གྱི་ལོ་རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་ཉིད་བྲིས་པ་སྟེ། འདིས་ཀྱང་ངེས་གསང་སྙིང་པོའི་བསྟན་མཆོག་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །


previousརིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོ་ལས་འཕྲོས་པའི་གཏམ་ཉུང་གསལ་དྲང་པོར་བརྗོད་པ་ལྷའི་རྔ་སྒྲ། no next