Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  collapse section
   
   
   
རྐང་པ་གསུམ་པ་དབྱངས་ཀྱི་མཚམས་སྦྱོར་དེ་རྣམས་ཀྱི་དམིགས་བསལ་ཚིག་ཟིན་འགའ་ཞིག་མཚམས་སྦྱོར་མི་ཐོབ་པ།
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྐང་པ་གསུམ་པ་དབྱངས་ཀྱི་མཚམས་སྦྱོར་དེ་རྣམས་ཀྱི་དམིགས་བསལ་ཚིག་ཟིན་འགའ་ཞིག་མཚམས་སྦྱོར་མི་ཐོབ་པ། next

རྐང་པ་གསུམ་པ་དབྱངས་ཀྱི་མཚམས་སྦྱོར་དེ་རྣམས་ཀྱི་དམིགས་བསལ་ཚིག་ཟིན་འགའ་ཞིག་མཚམས་སྦྱོར་མི་ཐོབ་པ།

༈ རྐང་པ་གསུམ་པ་དབྱངས་ཀྱི་མཚམས་སྦྱོར་དེ་རྣམས་ཀྱི་དམིགས་བསལ་ཚིག་ཟིན་འགའ་ཞིག་མཚམས་སྦྱོར་མི་ཐོབ་པ་ནི། ཨོཏ྄་མཐའ་རྣམས་དང་། ཨ་ཨི་ཨུ་ཨཱ་ནི་པཱ་ཏ་རྣམས་དབྱངས་ལ་རང་བཞིན་གྱིས་སོ། །འདིར་དབྱངས་ཨོཏ྄་མཐའ་མི་ཟད་པ་ཡིན་པ། ངོ་མཚར་བ་དང་། སྐྱོ་བ་དང་། འདྲི་བ་དང་། རྣམ་པར་དཔྱད་པ་ལ་འཇུག་པའི། ཨཧོ་ཨུཏ྄་དང་། ཨཧོ་དེ་མཚམས་སྦྱར་བ། ཨུཏཧོ་སྟེ་ཡང་ན་ལ་འཇུག་པ། བཀྲ་ཤིས་པ་དང་། དེ་མ་ཐག་རྩོམ་པ། འདྲི་བ། མཐའ་དག་རྣམས་ལ་འཇུག་པ། ཨཐོ་སྟེ་ཨོཏ྄་མཐའ་དང་། ཉེར་བསྒྱུར་ཨཱང་ལས་གཞན་པའི་ནི་པཱ་ཏ་སྟེ་མི་ཟད་པའི་ཚིག་ཕྲད་དབྱངས་གཅིག་པ་རྣམས་མཚམས་མི་སྦྱོར་ཏེ། ཅུང་ཟད་དང་དངོས་མེད་བརྗོད་པའི་ཨ། སྐྱོ་བ་དང་ཁྲོས་ཚིག་གི་ཨེ། ཡང་དག་པར་རྟོགས་པ་དང་། ཁྲོ་ཚིག་གི་ཨུ། དྲན་པའི་དོན་དང་། ངག་སྦྱོར་གྱི་ཨཱ་རྣམས་དང་། ཤུགས་བསྟན་དུ། སྲུང་བ་དང་། སྲུང་བྱེད་དང་། གཙང་བ་དང་། བྱ་བ་དང་། རྩོམ་པ་དང་། གྲངས་མེད་པ་རྣམས་ལ། ཨཱུ་ལྷའི་མ་དང་། སྨན་པའི་དོན་ལ། རྀ་ལྀ་ལྷ་མ་ཡིན་གྱི། ལ་དང་། སྨད་པའི་དོན་ལ། རཱྀ་དྲན་པ་དང་། གླུ་ལེན་པ་རྣམས་ལ། ཨི་དྲན་པ་དང་། འགྲན་པ་རྣམས་ལ། ཨ་ཕྱག་དར་ལ། ཨཿའཇུག་པ་འདི་རྣམས་ཀྱི་ཕ་རོལ་ཏུ་དབྱངས་གང་བྱུང་ཡང་། མཚམས་མི་སྦྱོར་བར་འཇོག་དགོས་པའོ། །གཉིས་ཀྱི་ཚིག་ཨ་མ་ཡིན་པའོ། །ཞེས་མོ་རྟགས་ཨཱ་རིང་མཐར་དང་། མ་ནིང་ཨ་ཐུང་མཐར། རྣམ་དབྱེ་དང་པོའི་ཨ་དང་། གཉིས་པའི་ཨ་བྱིན་པ། ཤྲངྔྷེ་གཉིས་ཛ་ལེ་གཉིས་ལྟ་བུ། ཨགྣིའི་རྟགས་ཨི་ཐུང་དང་། ཨུ་ཐུང་མཐར། ཨ་ཡིག་སྔ་མ་ལ་འོས། ཨི་དང་། ཨུ་བྱེད་མཚམས་སྦྱོར་བའོ། །ཨ་གཉིས་བྱིན་པས་ཚིག་ཏུ་གྲུབ་པ། ཨ་ཨིའོ་ཞེས་མཚམས་སྦྱོར་བའོ། །ཧརཱི་གཉིས། པཊཱུ་གཉིས། རྣམས་ཀྱིས་མཚོན། ཨའི་རང་གཟུགས་འགྱུར་བ་དེའི་ཕ་རོལ་ཏུ་དབྱངས་གང་བྱུང་ཡང་མཚམས་མི་སྦྱོར་བ་སྟེ། དཔེར་ན་འདི་བཞིན་འཇོགཤྲངྔྷེཨསྟི་དད་པ་དག་ཡོད། ཤྲངྔྷེཨཱཤྲམ་དད་པ་དག་ལ་གནས། ཛལེཨིནྡྲ་ཆུ་དག་དབང་པོ། ཛལེཨོདན་ཆུ་དག་ལ་ཟས། ཧརཱིཨིདཾསེང་གེ་དག་འདི། པཊཱུཨོཥདྷི་མཁས་པ་དག་ལ་སྨན་ལྟ་བུའོ། །མང་པོའི་ཚིག་ཨལམཱིའོ། །ཞེས་པ། སརྦནཱམའི་ཏྱད྄་ནང་ཚན། ཨདས྄་ལ་མང་ཚིག་ཛས྄{སྲ྄}བྱིན། ཨདས྄་ཛས྄{སྲ྄}བྱིན། ངྷུ་ཊ་མང་པོ་ཉིད་ལ་ནི་ཨེའོ་ཞེས་པས། དེའི་སྲོག་གི་དབྱངས་ཨ་ཨིར་བྱེད། མང་པོ་ཉིད་ལ་ཨེཏྲ་ཨཱི་ཉིད་དོ་ཅེས་པས་ཨེ་ཨཱི་བྱེད། ཏྱཏ྄་ཆོ་གཏྱད྄་སོགས་ཀྱི་རྣམ་དབྱེ་ལ་ཨའོསས྄{སྲ྄}ཨར་བསྒྱུར། ཨ་ཡིག་ལ་དབྱིའོས། དའི་སྲོག་གི་དབྱངས་ཨ་ཕྱིས། གསལ་བྱེད་དབྱངས་མེད་ཕྱིར་དྲངས་པས། ཨད་གྲུབ་པའོ། །ཛས྄{སྲ྄}ཐམས་ཅད་ཨཱིའོས། ཛས྄{སྲ྄}ཨི་བྱེད། དེ་ནས་ཛས྄{སྲ྄}ཀྱི་ཨཱི་དང་མཚུངས་འདྲ་བྱས་པས། ཨདཱི་གྲུབ། དེས་ཚིག་ཏུ་གྲུབ་ཚར་པ་ཡིན་པས། ཨདས྄་ཀྱི་ཚིག་ལ་མའོ། །ཞེས་པས། ད་མར་བསྒྱུར་བས། ཨམཱི་འདི་རྣམས། དེ་ལྟར་གྲུབ་པའི་ཨཱ་མཱི་འདི་ཁོ་ན་ཉིད། ཕ་རོལ་གྱི་དབྱངས་དང་མཚམས་མི་སྦྱོར་བ་མཚོན་ན། ཧེཨམཱིཨོཥངྷི་ཀྱེ་འདི་རྣམས་སྨན། ལྟ་བུ་རང་སར་འཇོག་གོ །ཉེ་བར་མ་བསྟན་པ་རྣམས་ཀྱང་ངོ་། །སྒྲ་གཞུང་འདིར་ཉེ་བར་མ་བསྟན་པ། སྐབས་ཐོབ་སྦྱོར་དུ་རུང་བ་གཞུང་གཞན་ནས་བཤད་པ་རྣམས་ཀྱང་ཆོག་པར། ཀྱང་ཞེས་སྡུད་པའི་སྒྲས་བསྟན་པ་སྟེ། གཞན་དུ། རྒྱང་རིང་པོ་ནས་འབོད་པ་དང་། ངུ་བ་དང་། གླུ་ལེན་པ་ལ་སོགས་པའི་དོན་ལ་པླུ་ཏ་སྦྱར་བ་སོགས། འདིར་མ་བཤད་པ། མཚམས་མི་སྦྱོར་རྒྱུ་ཡང་ཡོད་དོ། །ཧེདེཝདདྟ྅ཨཏྲ་ཀྱེ་ལྷས་བྱིན་འདིར། ལྟ་བུ། ཡི་གེ་ཤིན་ཏུ་མང་པོ་ནི་ཡུན་དུ་བརྗོད་པ་ཡང་ཡོད་དོ། །འགའ་ཞིག་གིས་དེ་འདྲའི་ཡི་གེ་མེད་ཟེར་བ་ནི། མ་བསླབས་{བསླབ}པའི་ཤེས་བྱ་ལ་རྣམ་གཞག་བྱེད་པ་ཙམ་དུ་ཟད་དོ། །ཞེས་པ་མཚམས་སྦྱོར་ལས་རྐང་པ་གསུམ་པ་རྫོགས་སོ། །


previousརྐང་པ་གསུམ་པ་དབྱངས་ཀྱི་མཚམས་སྦྱོར་དེ་རྣམས་ཀྱི་དམིགས་བསལ་ཚིག་ཟིན་འགའ་ཞིག་མཚམས་སྦྱོར་མི་ཐོབ་པ། next