Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  collapse section
   
   
   
   
   
  collapse section
ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན།
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན། next

ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན།

རྩ་བ་སྤྱི་སྡོམ་དུ་བརྗོད་པའི་སྐབས

༄༅། །ངྷཱིརུཛཱགྲཻབེཡཾནཱམལེཁསྱསཾབིདཱིབྷཱནུཤཱསྟྲོཿཤཱསྟྲཾབིཧརཏིསྨ། །
༄༅། །ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ། །
༄༅། །ཨེ་ཝཾ་ཟུང་འཇུག་ཐབས་ཤེས་ཡི་གེའི་ལྷ། །ཡིད་བཞིན་རིན་ཆེན་སྤྲིན་ལ་ཕྱག་བྱས་ནས། །བསླབ་དང་རིག་བྱེད་མིང་ཚིག་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་མདོ་ཙམ་འདིར་བརྗོད་བྱ། །ཡི་གེའི་ངོ་བོ་ངེས་ཚིག་སྐྱེ་གནས་དང་། །བྱེད་རྩོལ་དབྱེ་བསྡུ་འཇུག་ཚུལ་རྣམ་དབྱེ་ཕྲད། །སྡུད་ཚུལ་དང་བཅས་རྣམ་གྲངས་བཅུ་རུ་འདོད། །ངོ་བོ་ཨེ་ཝཾ་ཐབས་ཤེས་ཟུང་དུ་འཇུག །ངེས་ཚིག་ཨཀྵ་ར་སྟེ་མི་འགྱུར་གསལ། །སྐྱེ་གནས་མགྲིན་པ་རྐན་སོ་མཆུ་ལྕེ་སྣ། །བྱེད་པ་རྩོལ་བ་ཕྱི་དང་ནང་གཉིས་སོ། །དབྱེ་ན་དབྱངས་གསལ་སྔོན་རྗེས་མིང་གཞི་དང་། །བརྩེགས་འདོགས་འཕུལ་དང་རྣམ་གྲངས་རྣམ་པ་དགུ། །དབྱངས་བཞི་གསལ་བྱེད་སུམ་ཅུ་སྔོན་འཇུག་ལྔ། །རྗེས་འཇུག་བཅུ་དང་མིང་གཞི་བཅུ་ཕྲག་གཉིས། །བརྩེགས་ལ་ར་ལ་ས་སྟེ་མགོ་ཅན་གསུམ། །ཞབས་འདོགས་ཡ་ར་ལ་ཝ་རྣམ་པ་བཞི། །འཕུལ་ལ་འཕུལ་བྱེད་ཡི་གེ་རྣམ་པ་ལྔས། །ཕུལ་བྱ་ཝ་འ་ཧ་ཨ་བཞི་ལ་མིན། །ར་ལ་ཕྱེད་འཕུལ་རྐྱང་མིན་བརྩེགས་ལ་ཡོད། །རྣམ་གྲངས་རྐྱང་བརྩེགས་འཕུལ་ཏེ་རྣམ་པ་གསུམ། །རྐྱང་པ་བོད་ཡིག་སུམ་ཅུ་རྩ་བདུན་ཏེ། །སྲོག་རྐྱེན་རྣམ་བདུན་གསལ་བྱེད་སུམ་ཅུའོ། །བརྩེགས་ལ་ར་མགོ་བཅུ་གཉིས་ལ་མགོ་བཅུ། །ས་མགོ་བཅུ་གཅིག་ཡ་འདོགས་རྣམ་པ་བདུན། །ར་འདོགས་བཅུ་གཉིས་ལ་འདོགས་རྣམ་པ་དྲུག །ཝ་ནི་འར་བསྡུས་ཡན་ལག་ཙམ་དུ་བཞེད། །སུམ་བརྩེགས་བཅུ་བཞི་ཡོངས་དྲིལ་བདུན་ཅུ་གཉིས། །འཕུལ་ལ་གས་འཕུལ་བཅུ་གཅིག་དས་འཕུལ་དྲུག །བས་འཕུལ་བཅུ་དང་མས་འཕུལ་བཅུ་གཅིག་དང་། །འས་འཕུལ་བཅུ་བཅས་རྐྱང་འཕུལ་བཞི་བཅུ་བརྒྱད། །བརྩེགས་འཕུལ་དས་འཕུལ་དགུ་དང་བས་འཕུལ་བ། །སུམ་ཅུ་རྩ་དྲུག་མས་འཕུལ་རྣམ་པ་བཞི། །འས་ཕུལ་དགུ་བཅས་བརྩེགས་འཕུལ་ང་བརྒྱད་དེ། །འཕུལ་བའི་ཡི་གེ་བརྒྱ་རྩ་དྲུག་ཏུ་བཞེད། །མདོར་ན་ལུས་ཀྱི་ཡི་གེ་ཉིས་བརྒྱ་བརྒྱད། །དབྱེ་ན་བརྗོད་རུང་ཚད་ཀྱི་ཡི་གེའི་གྲངས། །ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་ཞེ་ལྔ་ལས། །བོད་སྐད་སྟོང་ཕྲག་བརྒྱད་དུ་འདུ་བར་གསུངས། །བསྡུ་ན་སྒྲ་ཡིག་ཕ་མ་གཉིས་སུ་འདུ། །སྲོག་རྐྱེན་རྣམ་བདུན་ཨ་ཡི་ཁོངས་སུ་བསྡུ། །ཨ་ཉིད་མ་ལ་གཞན་རྣམས་ཕར་བཤད་དོ། །འཇུག་ཚུལ་ཕོ་མོ་མ་ནིང་རྟགས་ཀྱིས་དབྱེ། །གང་གིས་གང་ལ་འཇུག་དང་ཇི་ལྟར་འཇུག །ཅི་ཕྱིར་འཇུག་དང་རྗེས་འཇུག་སྦྱོར་ཚུལ་ལྔ། །དབྱེ་བ་མིང་གཞི་རྗེས་འཇུག་སྔོན་འཇུག་གསུམ། །མིང་གཞི་ཐབས་མཆོག་ཕོ་ཡིག་སུམ་ཅུ་པོ། །དགོས་པའི་དབང་གིས་རྣམ་པ་ལྔ་རུ་དབྱེ། །དེ་ཡང་ཀ་ཅ་ཏ་པ་ཙ་རྣམས་ཕོ། །དེ་བཞིན་ཁ་ཆ་ཐ་ཕ་ཚ་མ་ནིང་། །ག་ཇ་ད་བ་ཛ་ཝ་ཞ་ཟ་འ། །ཡ་ཤ་ས་མོ་ང་ཉ་ན་མ་བཞི། །ཤིན་ཏུ་མོ་དང་ར་ལ་ཧ་གསུམ་པོ། །མོ་གཤམ་ཨ་ནི་མཚན་མ་མེད་ཅེས་བྱ། །རྗེས་འཇུག་ག་ད་བ་ས་ཕོ་དང་ནི། །ང་མ་འ་གསུམ་མོ་དང་ན་ར་ལ། །མ་ནིང་ཞེས་བརྗོད་དེ་ལས་སྔོན་འཇུག་ལྔ། །ཕོ་བ་མ་ནིང་ག་ད་མོ་འ་དང་། །མ་ནི་ཤིན་ཏུ་མོ་རུ་ཤེས་པར་བྱ། །སྔོན་འཇུག་གང་གིས་གང་ལ་འཇུག་པའི་ཡུལ། །ཕོ་བ་ཕོ་ཡིག་ཀ་ཅ་ཏ་ཙ་བཞི། །མོ་ཡིག་ག་ང་ཇ་ཉ་ད་ན་ཛ། །ཞ་ཟ་ར་ཤ་ས་སྟེ་བཅུ་གཉིས་ལ། །དེ་ཡང་ཀ་ཅ་ཏ་ཙ་ག་ད་ཞ། །ཟ་ཤ་ས་བཅུར་རྐྱང་དང་ཀ་ག་ཟ། །ར་ས་ལྔ་ལ་འདོགས་དང་ཀ་ཏ་ཙ། །ག་ང་ཇ་ཉ་ད་ན་ཛ་བཅུ་ལ། །བརྩེགས་འཕུལ་དུ་འཇུག་དཔེར་བརྗོད་རིགས་པས་དཔྱད། །མོ་འ་མོ་ཡིག་ག་ཇ་ད་བ་ཛ། །མ་ནིང་ཁ་ཆ་ཐ་ཕ་ཚ་བཅུར་རྐྱང་། །ག་ད་བ་ཁ་ཕ་ལྔར་འདོགས་འཕུལ་འཇུག །མ་ནིང་ག་ནི་ཕོ་ཡིག་ཅ་ཏ་ཙ། །མོ་ཡིག་ཉ་ད་ན་ཞ་ཟ་ཡ་ཤ །ས་དང་བཅས་ལ་རྐྱང་འཕུལ་ཁོ་ནས་འཇུག །ད་ནི་ཕོ་ཡིག་ཀ་པ་གཉིས་དང་ནི། །མོ་ཡིག་ག་ང་བ་མར་རྐྱང་འཕུལ་དང་། །ཀ་པ་ག་བ་མ་ལྔར་འདོགས་འཕུལ་ཉིད། །ཤིན་ཏུ་མོའི་མ་མ་ནིང་ཁ་ཆ་ཐ། །ཚ་བཞི་མོ་ཡིག་ག་ཇ་ད་ཛ་བཞི། །ང་ཉ་ན་གསུམ་བཅས་ལ་རྐྱང་འཕུལ་དང་། །ཁ་ག་གཉིས་ལ་འདོགས་འཕུལ་དུ་ཡང་འཇུག །ཇི་ལྟར་འཇུག་པ་ཕོ་ཡིག་སྒྲ་རྩོལ་དྲག །མ་ནིང་གཉིས་པོ་རན་དང་མོ་ཉིད་ཞན། །ཤིན་ཏུ་མོ་ནི་མཉམ་ཞིང་ལྷོད་པས་སོ། །ཅི་ཕྱིར་ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་བདག་གཞན་ད་ལྟའི་དུས་ཏེ་གསུམ། །མོ་ནི་བདག་དང་ད་ལྟ་མ་འོངས་དུས། །ཤིན་ཏུ་མོ་ནི་བདག་གཞན་དུས་ཀུན་འཇུག །རྗེས་འཇུག་གང་གིས་གང་ལ་དབྱེ་བསལ་མེད། །ཇི་ལྟར་འཇུག་པ་སྒྲ་དང་དོན་གྱི་ཚུལ། །སྒྲ་ལ་ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །དེ་བཞིན་མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་མཚན་མེད་གསུམ། །ཕོ་ཡིག་ག་ལ་ཡང་འཇུག་ཡོད་ན་རབ། །བ་ལ་འབྲིང་དང་ཡང་འཇུག་མེད་པ་ཡི། །ག་བ་ད་སའི་མཐའ་ཅན་ཐ་སྟེ་གསུམ། །མོ་ཡིག་ང་མར་ཡོད་ན་མོ་ཙམ་དང་། །མེད་པའི་ང་མ་འ་མཐའ་ཤིན་ཏུ་མོ། །མིང་གཞི་ན་ར་ལ་གསུམ་མིང་གཞི་ཡི། །ཕོར་འཕྲད་ཡང་འཇུག་ཡོད་དམ་མེད་ཀྱང་རུང་། །མོར་འཕྲད་ཡང་འཇུག་མེད་ན་འགྱུར་བ་དང་། །མོར་འཕྲད་ད་དྲག་ཅན་ལ་མཚན་གཉིས་པ། །མ་ནིང་དང་འཕྲད་ནམ་ཡང་མཚན་མེད་ཉིད། །དོན་ལ་སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཕྱི་མ་རང་རང་མིང་མཐའ་བརྗོད་བདེ་འདྲེན། །བཀླག་ཐབས་རང་གནས་བྱེད་རྩོལ་ཟུར་ཐོན་གཅེས། །རྣམ་དབྱེ་ངོ་བོ་ཙམ་སྟོན་ལས་སུ་བྱ། །བྱེད་པོ་དགོས་ཆེད་འབྱུང་ཁུངས་འབྲེལ་བའི་སྒྲ། །རྟེན་གནས་དང་བཅས་བདུན་ཡིན་དེ་ལ་ཡང་། །གཅིག་ཚིག་གཉིས་ཚིག་མང་ཚིག་རྣམ་པར་དབྱེ། །ཚིག་ཕྲད་ལྟོས་དང་མི་ལྟོས་རྣམ་པ་གཉིས། །དང་པོར་བརྒྱད་ཡོད་སླར་བསྡུ་ལ་དོན་དང་། །ཨི་ལྡན་རྒྱན་སྡུད་ལྷག་བཅས་འབྱེད་དང་སྡུད། །འབྱུང་ཁུངས་བོད་པའི་སྒྲ་རུ་ཤེས་པར་བྱ། །དང་པོ་རྗེས་འཇུག་བཅུ་པོ་རང་རང་དང་། །ད་དྲག་ཅན་མཐར་ཏ་ལ་རྣ་རུ་སྦྱར། །གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ། །སོ་དང་ཏོ་བཅས་བཅུ་གཅིག་དོན་གྱིས་འཐོབ། །སླར་བསྡུ་ཞེས་གྲགས་རྫོགས་ཚིག་ཟླ་སྡུད་དོ། །གཉིས་པ་སུ་ར་རུ་དུ་ན་ལ་ཏུ། །སྦྱོར་ཚུལ་ས་སུ་ག་བ་ད་དྲག་ཏུ། །ང་ད་ན་མ་ར་ལའི་རྗེས་སུ་དུ། །འ་མཐར་ར་རུ་གང་འོས་ན་ལ་གཉིས། །ཅི་བདེར་སྦྱར་ལ་ལ་དོན་བདུན་ཞེས་བཤད། །ལས་དང་ཆེད་དང་རྟེན་གནས་དེ་ཉིད་དང་། །ཚེ་སྐབས་དང་བཅས་རྣམ་པ་ལྔ་ལ་འཇུག །ན་ལ་གཉིས་ལ་འཇུག་སྒོ་གཞན་ཡང་ཡོད། །གསུམ་པ་ཀྱི་གྱི་གི་འི་ཡི་དང་ལྔ། །སྦྱོར་ཚུལ་ད་བ་ས་ཀྱི་ག་ང་གི། །ན་མ་ར་ལ་གྱི་དང་འ་མཐར་འི། །རྐང་ཁ་སྐོང་ཚེ་ཡི་སྦྱར་འབྲེལ་བའི་སྒྲ། །དེ་ལ་ས་སྦྱར་བྱེད་པ་པོ་རུ་འགྱུར། །བཞི་པ་ཀྱང་འང་ཡང་གསུམ་འཇུག་ཚུལ་ནི། །ག་ད་བ་ས་ད་དྲག་ཅན་མཐར་ཀྱང་། །ང་ན་མ་ར་ལར་ཡང་འ་མཐར་འང་། །རྐང་ཁ་སྐོང་ཚེ་ཡང་སྦྱར་མཐུན་པ་དང་། །མི་མཐུན་ཚིག་རྒྱན་གཉིས་དང་སྡུད་སྒྲར་འགྱུར། །ལྔ་པ་སྟེ་ཏེ་དེ་གསུམ་སྦྱོར་ཚུལ་ནི། །ག་ད་བ་མ་འ་མཐར་ས་སྟེ་དང་། །ད་དེ་ན་ར་ལ་ས་ད་དྲག་མཐར། །ཏེ་སྦྱར་ལྷག་བཅས་སྒྲར་བརྗོད་མཚམས་སྦྱོར་དང་། །དམ་བཅའ་གཞན་འདྲེན་གསུམ་ལ་དབྱེ་བ་བརྒྱད། །དྲུག་པ་གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་དང་ད་དྲག་ཅན་མཐར་ཏམ། །སྦྱར་བ་འབྱེད་དང་སྡུད་པའི་དོན་ལ་འཇུག །བདུན་པ་ནས་ལས་གཉིས་ནི་ཅི་བདེར་སྦྱར། །འབྱུང་ཁུངས་ས་ཡིན་དངོས་དང་ཆ་འདྲ་དང་། །རྒྱུ་མཚན་དགར་དང་སྡུད་པའི་དོན་ལ་འཇུག །བརྒྱད་པ་གོང་མིང་ཐོག་མཐར་མཆོག་ལ་ཀྱེ། །ཕལ་ལ་ཀ་ཡེ་ཀྭ་སྦྱར་བོད་སྒྲའོ། །གཞན་ཡང་ག་ད་བ་གསུམ་ད་དྲག་མཐར། །ཅིང་ཅེས་ཅེའོ་ཅེ་ན་ཅིག་དེ་བཞིན། །ང་འ་ན་མ་ར་ལ་དྲུག་པོའི་རྗེས། །ཞིང་ཞེས་ཞེའོ་ཞེ་ན་ཞིག་དང་ནི། །ས་མཐར་ཤིང་ཤེས་ཤེའོ་ཤེ་ན་ཤིག །ག་ད་ན་བ་མ་ས་ད་དྲག་མཐར། །པ་དང་ང་འ་ར་ལར་བ་ཉིད་སྦྱར། །ལྷུག་པའི་སྡེ་ཚན་མཚམས་དང་ཚིགས་བཅད་ཀྱི། །རྐང་མཐར་ག་ལ་ཆིག་ཤད་ང་མཐར་གསུམ། །གཞན་དག་ཉིས་ཤད་ལེའུ་ཆེན་པོའི་མཐར། །བཞི་ཤད་འཐོབ་སོགས་རིགས་པས་འཕྲུལ་ཤེས་བྱ། །གཉིས་པ་རང་དབང་ཅན་ལ་རྣམ་པ་དྲུག །དང་པོ་ནི་ནི་མཆོག་དམན་ཐ་དད་ཙམ། །དགར་དང་ནན་ཏན་བརྣན་པའི་ཚིག་ཏུ་འགྱུར། །གཉིས་པ་དང་ནི་སྡུད་འབྱེད་རྒྱུ་མཚན་དང་། །ཚེ་སྐབས་དུས་དང་གདམས་ངག་ལྔ་ལ་འཇུག །གསུམ་པ་དེ་ནི་རྣམ་གྲངས་གཞན་སྦྱོར་དང་། །ལྷག་བཅས་འདས་པའི་དུས་ཏེ་ཐ་སྙད་གསུམ། །དངོས་པོའི་དབང་དུ་བདེན་གསང་བདག་གི་བ། །ཕ་རོལ་པོ་ཡི་དངོས་ཏེ་རྣམ་པ་བཞི། །དུས་ཀྱི་དབང་དུ་འདས་འོངས་གཉིས་ལ་འཇུག །བཞི་པ་གང་ནི་སྤྱི་སྒྲ་བྱེ་བྲག་འདྲི། །ལྔ་པ་པ་པོ་བདག་སྒྲ་བེམ་པོར་མིན། །དྲུག་པ་མ་མི་མེད་མིན་དགག་སྒྲའོ། །གཞན་ཡང་སྒྲུབ་བྱེད་ཡིན་ཡོད་གཅོད་ཁོ་ན། །འདྲི་ལ་ཅི་ཇི་སྤྱི་ལ་འཇུག་པའི་སུ། །ངེས་བཟུང་ཉིད་དང་བཞིན་སོགས་མཚུངས་སྒྲས་མཚོན། །ཚིག་ཕྲད་སྣ་ཚོགས་སྐབས་ཐོབ་སྦྱོར་ཤེས་གཅེས། །སྡུད་ཚུལ་རྣམ་དབྱེ་ཕྲད་སོགས་བསྡུ་བ་དྲུག །རིམ་བར་ལས་འཛིན་དང་ནི་བ་གཉིས་པ། །གྲངས་མེད་པ་དང་འབྲུ་མང་དེའི་སྐྱེས་བུ། །ཟླས་དབྱེ་ཞེས་བྱ་ཟོར་ཡང་མཛེས་ཕྱིར་རོ། །འཆད་ཚེ་གང་ལ་ཅུང་ཟད་བསྡུས་ཡོད་པ། །བཀྲལ་སོགས་སྔོན་བྱོན་མཁས་པའི་རྗེས་འབྲངས་ན། །འཆད་རྩོད་རྩོམ་པའི་བྱ་བ་གང་ལ་ཡང་། །ཐོགས་པ་མེད་པར་སྨྲ་བའི་སེང་གེར་འགྱུར། །ཡི་གེའི་བརྡའ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན་ལས་རྩ་བ་སྤྱི་སྡོམ་དུ་བརྗོད་པའི་སྐབས་ཏེ་དང་པོའོ། །

ཞར་བྱུང་ཚིག་སྡུད་བཤད་པ་དང་བཅས་དགུ་{བཅུ}ལས།

༈ འཇམ་དཔལ་དབྱངས་དང་ཚངས་སྲས་མ། །གངས་ཅན་ཡང་དག་མཁས་པ་ལ། །ཕྱག་བྱས་རང་དང་སྐལ་མཉམ་འགར། །སྨན་སླད་སླར་ཡང་གསལ་བར་བཤད། །དེ་ཡང་འདི་ལྟར་རྗེས་སུ་ཐོས་ཏེ། ལྷ་མོ་དྲི་མ་མེད་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་དང་། དུས་འཁོར་འགྲེལ་ཆེན་ལས་བོད་ཀྱི་ཡུལ་དུ་ནི་ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། ཞེས་ལུང་བསྟན་པ་དང་མཐུན་པར། ཤཱཀྱ་ལི་ཙ་བཱིའི་རིགས་ལས་བྱོན་ཞིང་། འཇམ་དཔལ་རྩ་རྒྱུད་ལས་རྒྱལ་པོ་མིའི་ལྷ་ཞེས་བསྔགས་པའི། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། འཕགས་པ་འཇམ་དཔལ་གྱི་རྣམ་པར་འཕྲུལ་བ་ལོ་ཙཱ་བ་ཆེན་པོ་ཐུ་མི་སཾ་བྷོ་ཊ་རྒྱ་གར་འཕགས་པའི་ཡུལ་དུ་བརྟོལ་ཏེ། པཎྜི་ཏ་ལྷ་རིག་པའི་སེངྒེ་དང་། བྲམ་ཟེ་ལི་བི་ཀ་ར་སོགས་བསྟེན་ནས་ཕྱི་ནང་གི་རིག་པའི་གནས་ཐམས་ཅད་ཁོང་དུ་ཆུབ་པར་མཛད་ནས་སླར་བོད་དུ་བྱོན་པའི་ཚེ། སྐུ་མཁར་མ་རུར་ལཱཉྩ་དང་ནཱ་ག་རའི་ཡི་གེར་དཔེར་བྱས་ནས་བོད་ཀྱི་ཡིག་གཟུགས་བརྩམས་ཏེ་བོད་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་བཏོད། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཙོ་བོར་གྱུར་པའི་བསྟན་བཅོས་བརྒྱད་མཛད་ནས་སྨག་ལ་སྒྲོན་མེ་བཏེགས་པ་བཞིན་དུ་ཤཱཀྱའི་བསྟན་པ་བྱང་ཕྱོགས་སུ་གསལ་བར་མཛད་པ་ཡིན་ཏེ། རྗེ་ཞྭ་ལུ་ལོ་ཆེན་གྱིས། བོད་ཡུལ་དབུས་ཀྱི་རྒྱལ་པོ་མཆོག །གནམ་རི་སྲོང་བཙན་ཡན་ཆད་ལ། །བོད་ལ་ཡི་གེ་མེད་ཅེས་གྲགས། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས། །མཁན་པོ་ཐོན་མི་སམྦྷོ་ཊས། །ལཱཉྩའི་ཡི་གེར་དཔེར་མཛད་ནས། །དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་མཛད། །ཅེས་དང་། བཀའ་སྲོལ་དེ་ཉིད་ལ་བརྟེན་ནས། །ལོ་པཎ་སྐྱེས་མཆོག་དུ་མ་ཡིས། །རྒྱ་གར་རྒྱ་ནག་ཁ་ཆེ་དང་། །ལི་དང་བལ་པོའི་ཡུལ་སོགས་ནས། །ཐུབ་པའི་གསུང་རབ་སྣ་ཚོགས་བསྒྱུར། །བརྡར་ཡང་མི་འདྲ་སྣ་ཚོགས་གྱུར། །ཆོས་རྒྱལ་རལ་པ་ཅན་གྱི་དུས། །སྐ་ཅོག་ཞང་སོགས་མཁས་མང་གིས། །རྒྱལ་པོའི་བཀས་བསྐུལ་གསར་བཅད་ཀྱི། །སྐད་ཀྱི་བརྡའ་སྦྱར་གཏན་ལ་ཕབ། །སླད་ནས་རིན་ཆེན་བཟང་པོ་དང་། །བློ་ལྡན་ཤེས་རབ་ལ་སོགས་པ། །མཁས་མཆོག་རྣམས་ཀྱང་དེ་ལ་བརྟེན། །ཞེས་གསུངས་ཏེ། འདིས་ནི་སྔོན་གྱི་ལོ་པཎ་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་རྣམས་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ལ་དབང་འབྱོར་པར་བསྟན་པ་ཡིན་ཞིང་། གཞན་ཡང་། གང་ཞིག་གསུང་རབ་རྣམས་ཀྱི་དོན། །གཏན་ལ་འབེབས་ན་སྨོས་ཅི་དགོས། །འཇིག་རྟེན་ཕལ་པའི་རྣམ་གཞག་ཅིག །བྱེད་ཀྱང་ཚིག་གི་སྦྱོར་བ་གཅེས། །འདི་ནི་མཁས་རྨོངས་འབྱེད་པ་སྟེ། །དོན་འདི་ཁོང་དུ་ཆུད་པའི་མི། །མང་པོ་འདུས་པའི་ནང་དག་ཏུ། །མཁས་པའི་སྟན་ལ་འདུག་པར་དབང་། །ཞེས་གསུངས་པ་བཞིན། དགོས་པ་དེ་ལྡན་གྱི་གཞུང་རྩ་བ་དེང་སང་རྒྱུན་བཞུགས་སུམ་རྟགས་དང་དེའི་རྗེས་འབྲང་སྔོན་གྱི་དམ་པ་རྣམས་ཀྱིས་ལེགས་པར་བཤད་པའི་གསུང་གི་སྣང་བ་ལ་བརྟེན་ནས་རང་འདྲའི་བློ་གྲོས་གསར་བུ་པ་རྣམས་ལ་སྨན་པའི་བསམ་པས་ཡིག་སྡེབ་ཀྱི་སྦྱོར་བ་ཉུང་ཤས་ཤིག་འགོད་པར་འདོད་ནས། ཡི་གེའི་ངོ་བོ་ངེས་ཚིག་སྐྱེ་གནས་དང་། །བྱེད་རྩོལ་དབྱེ་བསྡུ་འཇུག་ཚུལ་རྣམ་དབྱེ་ཕྲད། །སྡུད་ཚུལ་དང་བཅས་རྣམ་གྲངས་བཅུ་རུ་འདོད། །ཅེས་གོང་དུ་སྡོམ་གྱིས་བསྡུས་ཏེ། དེ་ཡང་། ཡི་གེའི་ངོ་བོ། ངེས་ཚིགསྒྲའི་སྐྱེ་གནས། རྐྱེན་གྱི་བྱེད་རྩོལ། གྲངས་ཀྱི་དབྱེ་བསྡུ། ཇི་ལྟར་འཇུག་པའི་ཚུལ། དོན་གྱི་རྣམ་དབྱེ། ཚིག་གི་ཕྲད། ཞར་བྱུང་ཚིག་སྡུད་བཤད་པ་དང་བཅས་དགུ་{བཅུ}ལས། དང་པོ་ངོ་བོ་ནི། ངོ་བོ་ཨེ་ཝཾ་ཐབས་ཤེས་ཟུང་དུ་འཇུག །ཅེས་སྨོས་ཏེ། དེ་ཡང་དབྱིངས་སྐྱེ་བ་མེད་པ་ཤེས་རབ་སྟོང་པ་ཉིད་མཚོན་པའི་ཡེ་གེ་ཨེ་དང་། ཐབས་བདེ་བ་ཆེན་པོ་འགག་མེད་ཀུན་ཁྱབ་ཀྱི་ཡེ་ཤེས་མཚོན་བྱེད་ཝཾ་སྟེ། དོན་ལ་དབྱིངས་དང་ཡེ་ཤེས་སམ་ཐབས་དང་ཤེས་རབ་ཟུང་དུ་ཆུད་པའི་ལྷག་པའི་བདེན་གཉིས་དབྱེར་མེད་གནས་ལུགས་བསམ་གྱིས་མི་ཁྱབ་པ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་འཁོར་ལོ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་སྣང་སྟོང་ཐབས་ཤེས་མཉམ་པ་ཉིད་རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀུན་བྱེད་རྒྱལ་པོ་ཉིད་ལ་ཡི་གེ་ཞེས་བྱ་སྟེ། སྒྱུ་འཕྲུལ་ལས། ཨ་ནི་སྟོང་དང་མི་སྟོང་གི། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེའི་ཕྲེང་བ་ཉིད་ལ་གནས། །ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཨེ་མ་ཧོ་ངོ་མཚར་ཡ་མཚན་གྱི། །འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་། །ཚིག་རྣམས་མ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །དངོས་མེད་ཡི་གེའི་རང་བཞིན་སེམས། །བདག་མེད་མཐའ་བྲལ་མི་དམིགས་ཀྱང་། །དབྱིབས་དང་ཁ་དོག་མིང་ཚིག་གི། །རོལ་པ་ཅིར་ཡང་སྤྲུལ་ཞིང་སྟོན། །ཞེས་དང་། སྤྱི་མདོ་ལས། རབ་འབྱོར་ཡི་གེ་ནི་དོན་དམ་པར་མ་སྐྱེས་པ་སྟེ་ཨའི་ངོ་བོ་ཉིད་དོ། །ཨའི་ངོ་བོ་གང་ཡིན་པ་དེ་ནི་སེམས་ཀྱི་རང་བཞིན་ཏེ། དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ལས་ཡང་དག་པར་འདས་པའོ། །ཞེས་དང་། ཀུན་འདུས་ལས། དབྱིངས་ལས་ཨ་བྱུང་ཨ་ལས་ནི། །ཡི་གེ་སྣ་ཚོགས་རྣམས་སུ་འཕྲོ། །ཞེས་སོ། །དེས་ན་ཡུལ་ཆོས་ཀྱི་དབྱིངས་ལ་ཡུལ་ཅན་མཚན་མ་མེད་པའི་ཤེས་རབ་ཀྱིས་བྱ་རྩོལ་མེད་པར་བྲིས་པས་ན་ཡི་གེ་ཞེས་བྱ་སྟེ། སྒྱུ་འཕྲུལ་ལས། དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །དེ་ཕྱིར་ཡི་གེ་ཞེས་ནི་བརྗོད། །ཅེས་སོ། །དེ་ཉིད་གདུལ་བྱའི་སྣང་ཚུལ་གྱི་དབང་དུ་བྱས་ན། རྒྱུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་དང་། རྐྱེན་གདུལ་བྱའི་དཀར་པོ་རྣམ་པར་སྨིན་པའི་དབང་ལས། རྟེན་འབྱུང་འགག་པ་མེད་པའི་རང་རྩལ་ཅི་ཡང་འཆར་བས་ན། མཁའ་ཁྱབ་ཀྱི་གདུལ་བྱ་རྒྱ་མཚོ་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་དཔལ་ཆེན་པོ་ལ་སྦྱོར་བའི་ཕྱིར་ངོ་བོ་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམ་པ་ཡི་གེའི་གཟུགས་སུ་འཕྲུལ་ནས་འགྲོ་བའི་དོན་མཛད་པ་ཡིན་ཏེ། མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པའི་དུས། །ང་ཉིད་ཡི་གེའི་གཟུགས་སུ་སྣང་། །ང་ཡིན་སྙམ་དུ་ཤེས་བྱོས་ལ། །དེ་ཚེ་ང་ལ་གུས་པ་བསྐྱེད། །ཅེས་དང་། ཡི་གེ་སངས་རྒྱས་སྤྲུལ་པ་སྟེ། །བསྟན་པ་ནུབ་ན་མི་འབྱུང་ཞིང་། །མུ་སྟེགས་ཀླ་ཀློ་སོགས་ལ་མེད། །དེ་ཕྱིར་ཡི་གེ་སྤྲུལ་པ་ཡིན། །ཞེས་སོ། །ཐ་སྙད་ཀྱི་དབང་དུ་བྱས་ནས་ཡི་གེས་དོན་སྟོན་པ་ནི། ཡི་གེ་འཇུག་པའི་གནས་བརྒྱད་ལ་བརྟེན་པ་ཡིན་ཏེ། སྒྲ་དང་། སྐད་དང་། མིང་དང་། མཚན་མ་དང་། བརྡ་དང་། ཐ་སྙད་དང་། ཚིག་དང་། དོན་རྣམས་སོ། །དེ་ལ་སྒྲ་ནི། སྤྱིར་ཟིན་མ་ཟིན་སོགས་ཀྱི་དབྱེ་བ་ཡོད་ཀྱང་། འདིར་ཟིན་པའི་སྒྲ་སེམས་ཅན་དུ་སྟོན་ཅིང་ལུང་སྟོན་པའོ། །སྐད་ནི། ལེགས་སྦྱར་ལ་སོགས་པ་ཡུལ་སོ་སོའི་སྐད་དེ། སྤྱིར་ཡུལ་དབུས་ལས་མཐའ་འཁོབ་པའི་སྐད་རྣམས་ཟུར་ཆག་ཏུ་བསྡུ་བར་གསུངས་པ་སོགས་ཡོད་ཀྱང་། བྱེ་བྲག་བོད་ཀྱི་སྐད་ནི། སྒྲ་དག་སྐད་སྙན་སཾ་ཀྲྀ་ཏ་དང་མཚུངས། ཞེས་མཁས་པས་བསྔགས་པར་མཛད་པའོ། །མིང་ནི། ཆོས་མངོན་པའི་ལུགས་ཀྱི་ཡི་གེ་འདུས་པའི་བདག་ཉིད་ཅན་དང་། བརྡ་སྤྲོད་པའི་ལུགས་ལ། རྣམ་དབྱེའི་མཐའ་ཅན་ནི་ཚིག་གོ །རྣམ་དབྱེ་མེད་པ་ནི་མིང་ངོ་ཞེས་འབྱུང་ཡང་། བོད་སྐད་ལ་དེ་འདྲ་མི་འབྱུང་གཤིས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་སྟེ་ཀ་བ། བུམ་པ་སོགས་དངོས་མིང་བླ་དྭགས་སོ། །མཚན་མ་ནི། མིང་དེས་དོན་དེ་མཚོན་པར་བྱེད་ཅིང་སྣང་བར་ནུས་པའི་ཆ་སྟེ། བུམ་པ་ཞེས་བརྗོད་པས་ལྟོ་ལྡིར་གྱི་རྣམ་པ་མཚོན་ནུས་པ་ལྟ་བུའོ། །བརྡ་ནི། མིང་དང་མིང་ཅན་འབྲེལ་བར་བྱེད་པ། སྒྲ་དང་དོན་སྤྱིའི་རྣམ་པ་ཅན་ཏེ། དཔེར་ན་མེ་ཞེས་བརྗོད་དུས་དེ་གཉིས་ཀའི་བློ་ལ་ཚ་འབར་གྱི་རྣམ་པ་ཅན་གྱི་དོན་སྤྱི་འཆར་ཞིང་། དེ་ལ་བརྟེན་ནས་དོན་རང་མཚན་གྱི་ཡུལ་ལ་འཇུག་ལྡོག་བྱེད་པའོ། །ཐ་སྙད་ནི། དངོས་ལ་ཐ་སྙད་མེད་པ། འཇུག་ལྡོག་བྱེད་པའི་ཕྱིར་ནན་གྱིས་བཏགས་པ་སྟེ། གདུང་འདེགས་ཀྱི་ཤིང་ལ་ཀ་བ་ཞེས་བཏགས་ནས་བསྟན་པ་ན་འདི་ཀ་བ་ཡིན་ནོ་སྙམ་པའི་ཤེས་པ་ནི་བཏགས་པའི་ཤེས་པ་དང་། དེ་སླར་ཀ་བ་ཞེས་སྒྲར་བརྗོད་པ་ནི་བརྗོད་པ། དེས་གདུང་འདེགས་སོགས་ཀྱི་བྱ་བ་ལ་འཇུག་པར་བརྩམ་པ་ནི་འཇུག་པ་སྟེ། ཤེས་བརྗོད་འཇུག་གསུམ་ག་སྐྱེ་བར་བྱེད་པའི་གཞི་བརྡ་ལས་ཐོབ་པའི་བློ་དེའོ། །ཚིག་ནི། ཆོས་མངོན་པའི་ལུགས་ཀྱིས། མིང་འདུས་ནས་དོན་གྱི་ཁྱད་པར་བརྗོད་པ་སྟེ། འདུས་བྱས་མི་རྟག་ཅེས་པ་ལྟ་བུ་དང་། བརྡ་སྤྲོད་པའི་ལུགས་ཀྱིས་རྣམ་དབྱེ་ཏིང་སུ་པྲ་གང་རུང་གི་མཐའ་ཅན་དོན་གྱི་ངོ་བོ་དང་ཁྱད་པར་ཅི་རིགས་པ་བརྗོད་པའོ། །དོན་ནི། ཆོས་རྣམས་ཀྱི་གནས་ལུགས་ཇི་ལྟར་གནས་པ་ཉིད་དོ། །དེ་ལྟར་སྒྲ་སྐད་སོགས་བརྒྱད་པོ་དེ་དག་ལ་ཡི་གེའི་འཇུག་ཚུལ་ནི། སྒྲ་དོན་འདྲེས་འཛིན་གྱི་བློའི་དབང་གིས་ཏེ། བློ་དེ་སྐྱེ་བ་ལ་ཡང་། བརྡ་བྱེད་པའི་དུས་ན་ཤེས་པ་གཞན་ལས་ཁྱད་པར་དུ་བྱེད་པའི་ཆོས་ལྔ་དང་ལྡན་དགོས་ཏེ། དེ་ཡང་། དོན་ལ་དམིགས་པས་དོན་སྤྱིའི་ནུས་པ་སྐྱེད། སྒྲ་ལས་བྱུང་བས་སྒྲ་སྤྱིའི་རྣམ་པ་སྐྱེད། མཐུན་པར་སྣང་བ་དང་ཐུན་མོང་དུ་གྲགས་པ་གཉིས་ཀྱིས་ཞེན་པ་སྐྱེ་ཞིང་གཞན་ལ་གོ་བར་བྱེད་ནུས། མངོན་པར་ཞེན་པས་ནི་མིང་དང་མིང་ཅན་འབྲེལ་བར་བྱེད་པ་ཡིན་ནོ། །དེ་ཡང་གདུང་འདེགས་ཀྱི་ཤིང་མཐོང་ན་འདིའི་མིང་ཅི་སྙམ་པ་དང་། ཀ་བ་ཞེས་པའི་སྒྲ་ཐོས་ན་འདི་གང་གི་མིང་ཡིན་སྙམ་པའི་བློ་སྐྱེ་ལ། དེའི་ཚེ་གཞན་གྱིས་བརྡ་སྤྲད་པ་ན་མིང་དང་མིང་ཅན་འབྲེལ་བའི་ཤེས་པ་སྐྱེ། དེ་མངོན་སུམ་དུ་གྱུར་ནས་ཕྱིས་དེ་དང་འདྲ་བའི་རྣམ་པ་ལ་དེ་ཉིད་དུ་མངོན་པར་ཞེན་པ་སྐྱེ། དེ་ལས་སྒྲ་དོན་འདྲེས་རུང་གི་མངོན་ཞེན་ཁོང་དུ་ཆུད་པར་འགྱུར་ལ། གང་ཟག་བསྟན་བཅོས་ལ་བློ་མ་བྱང་བ་རྣམས་ཡི་གེ་སྟོན་པའི་གཟུགས་ལ་ཡི་གེ་ཉིད་དུ་འཛིན་པ་དང་། སྒྲ་སྤྱིའི་རྣམ་པའང་ཡིག་གཟུགས་ལ་ཞེན་ཅིང་གླེགས་བམ་དུ་བྲིས་པ་ལ་བརྗོད་ཡུལ་དུ་བྱེད་པ་ཡིན། སྨྲ་བ་པོ་དང་ཉན་པོ་བརྡ་ལ་བྱང་བ་དག་ལ་སྒྲ་བྱུང་གི་ཤེས་པ་སྐྱེ་ཚུལ་ནི་སྨྲ་བ་པོས་སྒྲ་དེ་བརྗོད་པ་ན་སྔོན་བརྡ་བྱེད་པའི་དུས་ཀྱི་ཁྱད་ཆོས་ཡན་ལག་ལྔ་ལ་ཚུལ་བཞིན་དུ་འདྲིས་པར་བྱས་པས་ཐ་སྙད་འདོར་ལེན་གྱི་སྐབས་ཚུལ་དེ་འབད་མེད་དུ་འབྱུང་སྟེ། སྨྲ་བ་པོས་སྒྲ་རང་མཚན་པ་བརྗོད་པའི་ཚེ་ཉན་པ་པོས་དང་པོར་སྒྲ་ཙམ་གྱི་རྣམ་པ། དེ་ནས་དོན་གྱི་རྣམ་རྟོགདེ་ནས་སྒྲ་དོན་འདྲེས་རུང་གི་བློ། དེ་ལས་སྣང་ཞེན་གྱི་དམིགས་པ། དེ་ནས་མཐུན་པར་སྣང་བའི་ཤེས་པ། དེ་ནས་མངོན་པར་ཞེན་པའམ་ཤེས་པའི་བློ་ཚུལ་བཞིན་སྐྱེ་བ་ཡིན་ལ། ཐུན་མོང་དུ་མ་གྲགས་པའི་ཡུལ་དབུས་པས་མཐའ་འཁོབ་པའི་སྒྲ་བརྗོད་པ་ལྟ་བུ་ལ་ནི་ཡན་ལག་མ་ཚང་བས་མཚན་ཉིད་འདི་ལྟར་འབྱུང་བ་མ་ཡིན་ནོ། །གཞན་ཡང་། དཔང་ལོ་ཆེན་པོས། རྣམ་རྟོག་དབང་གི་རླུང་གཡོས་ཤིང་། །དེ་ཡིས་གནས་དང་བྱེད་པ་དང་། །རྩོལ་བ་བསྐྱེད་དེ་དབུགས་དབྱུང་དང་། །ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེ། །ཞེས་གསུངས་པས། དང་པོར་བརྗོད་[འདོད་ཞུ་མཆན།] ཀྱི་རྣམ་རྟོག་སྐྱེ། དེའི་དབང་གིས་རླུང་གཡོས་ཤིང་། དེ་ལས་འཆད་འགྱུར་གྱི་གནས་དང་བྱེད་རྩོལ་གྱི་རྐྱེན་དང་འཕྲད་པ་ལས། དབུགས་ཕྱིར་དབྱུང་བ་དང་ལྷན་དུ་ཡི་གེའི་གདངས་རྣམས་སྐྱེ་བར་འགྱུར་ལ། གདངས་དེའང་མིག་འཛུམ་གཅིག་གི་ཚད་དུ་གནས་པ་ཡིན་ཏེ། རྣམ་འགྲེལ་ལས། ཡི་གེ་བདག་ཉིད་ཀུན་མཐའ་ཡང་། །མིག་འཛུམ་ཚད་དུ་གནས་པ་ཡིན། །ཞེས་གསུངས། ཞིབ་པར་ཐུང་རིང་ཤིན་ཏུ་རིང་བ་སོགས་སྒྲའི་བཀླག་ཐབས་སོགས་ལས་ཤེས་པར་བྱ་ལ། ཡི་གེའི་གཟུགས་ནི་རྒྱ་ཆེ་རོལ་པ་ལས་ཡི་གེའི་རྣམ་གྲངས་དྲུག་ཅུ་རྩ་བཞིར་གསུངས་པ་སོགས་ཡོད་ཀྱང་། འདིར་མཁོ་བ་ནི་གོང་བཤད་ཐུ་མིས་མཛད་པ་ཉིད་ཡིན་ལ། དེ་ཡང་དཔལ་དུས་ཀྱི་འཁོར་ལོ་སོགས་གསང་རྒྱུད་རྣམས་ལས་རྩ་དང་ཐིག་ལེའི་གཟུགས་སུ་གནས་པར་གསུངས་པ་བཞིན། ཡུལ་སོ་སོའི་མིར་རྩ་ཐིག་གི་ཡི་གེའི་གཟུགས་མི་འདྲ་བ་དང་། དེ་ལས་སྐད་ཀྱི་རིགས་ཐ་དད་སོ་སོར་འབྱུང་བའི་ཕྱིར། འཇམ་མགོན་ཐུ་མིས་རྩ་ཁམས་ཀྱི་ཡི་གེའི་གནས་ཚུལ་ཇི་བཞིན་པ་གཟིགས་པས། བོད་ཡིག་དབྱངས་བཞི་དང་། གསལ་བྱེད་སུམ་ཅུར་གྲངས་ངེས་པ་ལ། ནང་གསེས་ཀྱི་དབྱེ་བ། དབུ་ཅན། འབྲུ་མ། གཤར་མ། དཀྱུས་ཡིག་སོགས་སུ་དབྱེར་ཡོད་པ་སྟེ། མདོར་ན་ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལས་ཚིགཚིག་དུ་མ་འདུས་པ་ལས་བརྗོད་བྱའི་དོན་རྫོགས་པར་སྟོན་པར་བྱེད་པ་ཡིན་ལ། འདི་གསུམ་དམ་པའི་ཆོས་མངོན་པ་ལས་ལྡན་མིན་འདུ་བྱེད་ཀྱི་ཕུང་པོར་བསྡུ་བར་བཞེད་དེ། བསྟན་བཅོས་ཆེན་པོ་ཤེས་བྱ་ཀུན་ཁྱབ་ལས་ཀྱང་། ཤེས་བྱའི་གཞི་མ་ཡི་གེའི་སྦྱོར་བ་སྟེ། །སྐད་དང་ཡི་གེའི་རིགས་གྱུར་མཐའ་ཡས་ཀྱང་། །རྩ་བ་དབྱངས་གསལ་གཉིས་ཡིན་སྒྲ་ཙམ་ནི། །རྣམ་སྨིན་སྐྱེས་མིན་རྒྱུ་མཐུན་རྒྱས་བྱུང་འདོད། །ཡི་གེའི་ངོ་བོ་སྐད་གདངས་མིག་འཛུམ་ཚད། །གཅིག་གཉིས་གསུམ་ཡུན་ཐུང་རིང་ཤིན་ཏུ་རིང་། །ཆ་ཤས་སྐད་ཅིག་རེ་རེ་གཞན་རྣམས་རྒྱུན། །ལྡན་མིན་འདུ་བྱེད་ཉིད་དུ་འཛོད་ལས་བཤད། །ཅེས་སོ། །གཉིས་པ་ངེས་ཚིག་ནི། ངེས་ཚིག་ཨཀྵ་ར་སྟེ་མི་འགྱུར་གསལ། །ཞེས་སྨོས་ཏེ། དེ་ཡང་ཇི་སྐད་དུ། མི་འགྱུར་བ་དང་གསལ་བར་བྱེད། །རྗོད་པར་བྱེད་དང་ནུས་ལྡན་ཕྱིར། །ཡི་གེ་ཞེས་ནི་བརྗོད་པ་ཡིན། །ཞེས་པ་ལྟར། ལེགས་སྦྱར་གྱི་སྐད་དུ་ཨཀྵ་ར་སྟེ་འགྱུར་མེད་དམ་མི་འགྱུར་བ་སྟེ། ཡུལ་སོ་སོའི་སྐད་འགྱུར་ཡང་དབྱངས་གསལ་གྱི་རང་བཞིན་འགྱུར་བ་མེད་པའམ། ཨའམ་ཀ་ལྟ་བུའི་གཟུགས་གཅིག་རྣམ་གྲངས་གཞན་དུ་མི་འགྱུར་བ་དང་། ཡང་བྱཉྫ་ན་སྟེ་མིང་ཚིག་མཐའ་དག་འདིས་གསལ་བས་ན་གསལ་བྱེད་དང་། ཡང་བརྞ་སྟེ་དོན་མཐའ་དག་འདིས་རྗོད་པར་བྱེད་པའི་ནུས་པ་དང་ལྡན་པའི་ཕྱིར་རྗོད་བྱེད་ཅེས་ཀྱང་བྱའོ། །གསུམ་པ་ཡི་གེའམ་སྒྲའི་སྐྱེ་གནས་ནི། སྐྱེ་གནས་མགྲིན་པ་རྐན་སོ་མཆུ་ལྕེ་སྣ། །ཞེས་སྨོས་ཏེ། སྤྱིར་སྟོན་པ་ལོངས་སྤྱོད་རྫོགས་སྐུའི་སྐུའི་གནས་སོ་སོ་ནས་ཆོ་འཕྲུལ་སྤྲུལ་པའི་ཡི་གེ་རྣམ་པར་ཕྱུང་བའི་ཚུལ་སོགས་ཕྱི་ནང་སྦྱར་བའི་འཆད་ཚུལ་ཐུན་མིན་ཡོད་མོད་ཀྱི། འདིར་ཐུན་མོང་བ་ལྟར་བཤད་ན། ཙནྡྲ་པའི་ཡི་གེའི་མདོར། གནས་དང་བྱེད་པ་དང་རྩོལ་བ་ཞེས་གསུམ་དུ་བཤད་པ། བོད་ཀྱི་ཡི་གེ་རྣམས་ལ་སྦྱོར་བའི་ཚེ། སོ་སོའི་གནས་ནི། ཀ་ཁ་ག་ང་འ་ཧ་ཨ་རྣམས་ཀྱི་སྐྱེ་གནས་མགྲིན་པ། ཅ་ཆ་ཇ་ཉ་ཙ་ཚ་ཛ་ཞ་ཡ་ཤ་ཨི་ཨེ་རྣམས་ཀྱི་སྐྱེ་གནས་རྐན། ཏ་ཐ་ད་ན་ཟ་ལ་ས་རྣམས་ཀྱི་སྐྱེ་གནས་སོ། པ་ཕ་བ་མ་ཝ་ཨུ་ཨོ་རྣམས་ཀྱི་སྐྱེ་གནས་མཆུ། ར་ཡི་སྐྱེ་གནས་ལྕེ་རྩེ་དང་ཉེ་བའི་སྤྱི་བོ་སྟེ་ལྕེ་རྩེའི་སྟེང་ཕྱོགས། ང་ཉ་ན་མ་རྣམས་རང་རང་གི་གནས་སུ་མ་ཟད་སྣ་དང་བཅས་པའོ། །
བཞི་པ་རྐྱེན་གྱི་བྱེད་རྩོལ་ནི། བྱེད་པ་རྩོལ་བ་ཕྱི་དང་ནང་གཉིས་སོ། །ཞེས་སྨོས་ཏེ། དེ་ཡང་བྱེད་པ་ནི། མགྲིན་པ་དང་མཆུ་ལས་སྐྱེས་པ་རྣམས་རང་རང་གི་གནས་ཀྱི་བྱེད་པ་ཅན་དང་། རྐན་ལས་བྱུང་བ་རྣམས་ལྕེའི་དབུས་ཀྱི་བྱེད་པ་ཅན་དང་། སོ་ལས་བྱུང་བ་རྣམས་ལྕེ་རྩེའི་བྱེད་པ་ཅན་དང་། ར་ཡིག་ནི་ལྕེ་རྩེ་དང་ཉེ་བའི་བྱེད་པ་ཅན་ནོ། །རྩོལ་བ་ལ་ཕྱི་ནང་གཉིས་ལས། ཕྱིའི་རྩོལ་བ་ནི། ཕྱི་རོལ་དུ་སྒྲ་འཐོན་པ་ལྟ་བུའི་བྱེད་རྩོལ་དང་ལྡན་པའི་ཕྱིར་ཏེ། དེ་ལའང་འཐོན་ཆེ་ཆུང་གི་དབྱེ་བས། ག་ང་ཇ་ཉ་ད་ན་བ་མ་ཛ་ཝ་འ་ཡ་ར་ལ་ཧ་ཨ་ཨི་ཨུ་ཨེ་ཨོ་རྣམས་སྒྲ་ལྡན་དང་། ཀ་ཁ་ཅ་ཆ་ཏ་ཐ་པ་ཕ་ཙ་ཚ་ཞ་ཟ་ཤ་ས་རྣམས་སྒྲ་མེད་དང་། སྒྲ་ཕྱིར་དབྱུང་བའི་ཚེ་དབུགས་ཆེ་ཆུང་གི་ཁྱད་པར་གྱིས། ཁ་ཆ་ཐ་ཕ་ཚ་ཞ་ཟ་ཤ་ས་ཧ་ཨ་ཨི་ཨུ་ཨེ་ཨོ་རྣམས་སྲོག་ཆེན་དང་། ཡི་གེ་ལྷག་མ་རྣམས་སྲོག་ཆུང་དང་། དེ་དག་ལས་ཞ་ཟ་ཤ་ས་ཧ་རྣམས་བརྗོད་པའི་ཚེ་དབུགས་དྲོ་བར་འབྱིན་པས་དྲོ་བའང་ཡིན་ནོ། །ནང་གི་རྩོལ་བ་ནི། མགྲིན་པ་གདངས་ནས་བརྗོད་དགོས་པའི་ཕྱིར་ཨ་ཡིག་མ་གཏོགས་པའི་སྲོག་ཆེན་གྱི་ཡི་གེ་རྣམས་ཕྱེ་བའི་རྩོལ་བ་ཅན་དང་། ཨ་ཡིག་མགྲིན་པ་མ་ཕྱེ་བར་བརྗོད་པའི་ཕྱིར་བཙུམ་པའི་རྩོལ་བ་ཅན་དང་། ཡི་གེའི་གནས་རྣམས་འདུ་འཕྲོད་ཀྱི་རྩོལ་བ་ཆེ་བའི་ཕྱིར་ཝ་མ་གཏོགས་པའི་སྡེ་པ་ལྔའི་ཡི་གེ་རྣམས་ཕྲད་པའི་རྩོལ་བ་ཅན་དང་། འདུ་འཕྲོད་ཀྱི་རྩོལ་བ་དེ་དག་ལས་ལྷོད་པའི་ཕྱིར་ཡ་ར་ལ་ཝ་རྣམས་ཅུང་ཟད་ཕྲད་པའི་རྩོལ་བ་ཅན་ནོ། །འདི་ནི་པཎ་ཆེན་ངྷརྨཱ་ཀ་རས་མཛད་པའི་འགྲེལ་ཆེན་ལྟར་བཀོད་པ་ཡིན་ལ། རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པའི་ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་ལས་ནི་འདི་ལྟར་གསུངས་ཏེ། འ་ཧ་ཨ་ཡི་ཡི་གེ་གསུམ། ཁོག་པ་མགྲིན་པའི་གནས་ནས་འབྱུང་། །ཀ་ཁ་ག་ངའི་ཡི་གེ་བཞི། །རྐན་ཕུག་ལྕེ་རྩེའི་ཆ་ལས་འབྱུང་། །ཡ་ཞ་ཅ་ཆ་ཇ་ཉ་ཤ །བདུན་པོ་ལྕེ་དཀྱིལ་རྐན་དབུས་ལས། །ཏ་ཐ་ད་ན་ར་ལ་དྲུག །ལྕེ་རྩེ་རྐན་མཐའི་རྙིལ་ལས་འབྱུང་། །ཙ་ཚ་ཛ་ཟ་ས་ལྔ་པོ། །ལྕེ་རྩེ་སོ་ལས་འབྱུང་བའོ། །པ་ཕ་བ་མ་ཝ་དང་ལྔ། །མཆུ་ལས་རབ་ཏུ་འབྱུང་བ་ཡིན། །ང་ཉ་ན་མའི་ཡི་གེ་བཞི། །རང་རང་གནས་དང་སྣ་ལས་འབྱུང་། །ལྷག་མ་གནས་རིམ་ཇི་བཞིན་དུ། །ཅུང་ཟད་ཙམ་གྱིས་དྲག་ཅེས་བརྗོད། །ཨི་ནི་རྐན་ཕུག་ལྕེ་རྩེའི་ཟུར། །ཨུ་ནི་མཆུ་སྨད་ཨེ་རྐན་ཕུག །ཨོ་ནི་མཆུ་སྟོད་སོ་ལས་འབྱུང་། །ཡན་ལག་རྣམས་ཀྱང་དེ་ལྟར་འབྱུང་། །དྲག་ལ་སྤྱི་བོའི་ཆ་ཅུང་ཟད། །ཡོད་ཅེས་སྔོན་གྱི་མཁས་རྣམས་སྨྲ། །དེ་ལྟར་ཡི་གེའི་གནས་ཤེས་ནས། །རང་རང་གནས་ནས་ཕྱུང་སྟེ་བརྗོད། །ཡི་གེའི་མདོ་ཞེས་བྱ་བ་ལས། །འདི་དང་འབྱུང་གནས་མི་འདྲ་ཡོད། །དེ་ནོར་འདི་བདེན་གང་ཡིན་པ། །རང་གི་ཁ་ལྕེ་ཡིད་ལ་དྲིས། །ཞེས་སོ། །
ལྔ་པ་ཡི་གེའི་གྲངས་ཀྱི་དབྱེ་བསྡུ་ནི། དབྱེ་ན་དབྱངས་གསལ་སྔོན་རྗེས་མིང་གཞི་དང་། །བརྩེགས་འདོགས་འཕུལ་དང་རྣམ་གྲངས་རྣམ་པ་དགུ། །ཞེས་སྤྱི་སྡོམ་དུ་སྨོས་ནས། བྱེ་བྲག་རིམ་པར་བཤད་པ་ལ། དབྱངས་བཞི་གསལ་བྱེད་སུམ་ཅུ་སྔོན་འཇུག་ལྔ། །རྗེས་འཇུག་བཅུ་དང་མིང་གཞིར་བཅུ་ཕྲག་གཉིས། །ཞེས་སྨོས་ཏེ། དེ་ཡང་རྩ་བ་སུམ་ཅུ་པར། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ། །ཞེས་གསུངས་པ་ལྟར། སྤྱིར་ལྷའི་སྐད་ཀྱི་དབང་གིས་དབྱངས་ཡིག་བཅུ་དྲུག་དང་། གསལ་བྱེད་སུམ་ཅུ་རྩ་གསུམ་དུ་བསྡུ་བ་སོགས་སྐད་ཀྱི་བྱེ་བྲག་དང་སྐབས་ཐོབ་ལས་སྣ་ཚོགས་པར་འགྱུར་ན་ཡང་རིགས་མཐུན་ཚོགས་པར་བྱས་པའི་དབྱངས་གསལ་གཉིས་སུ་དབྱེ་བ་ཙམ་གྱི་སྒོ་ནས་ཡི་གེ་མཐའ་དག་བསྡུས་པ་ཡིན་ལ། དེ་ལས་གངས་རིའི་ཁྲོད་འདིར་ཉེ་བར་མཁོ་བ་ནི་ཨཱ་ལིའི་བྱ་བ་གསལ་བར་མཚོན་པར་བྱེད་པའི་ཡི་གེ་ཨི་ཨུ་ཨེ་ཨོ་སྟེ། དོན་ལ་གི་གུ། ཞབས་ཀྱུ། འགྲེང་བུ། རྣ་རུ་བཞིའོ། །ཀཱ་ལི་མཚོན་པར་བྱེད་པ། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་པ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་སྟེ་སུམ་ཅུ་ཐམ་པ་ལ་སྡེ་ཚན་ཕྱེད་དང་བརྒྱད་དོ། །དེ་ལྟ་བུའི་ཀཱ་ལི་སུམ་ཅུ་པོ་དེའི་ནང་ནས། ག་ད་བ་མ་འ་སྟེ་ཡིག་འབྲུ་ལྔ་ནི་ཡི་གེ་ཀུན་གྱི་སྔོན་དུ་འཇུག་པས་སྔོན་འཇུག་ལྔའོ། །ག་ང་ད་ན་བ་མ་འ་ར་ལ་ས་སྟེ་བཅུ་པོ་ནི་ཡི་གེ་ཐམས་ཅད་ཀྱི་རྗེས་སུ་འཇུག་པས་རྗེས་འཇུག་ཅེས་བྱ་ཞིང་། དེ་ལས་ཀྱང་ད་དང་ས་གཉིས་ནི་འདས་ཚིག་སོགས་ཀྱི་སྐབས་ན་ར་ལ་གསུམ་དང་ག་ང་བ་མའི་རྗེས་སུ་མཐའ་རྟེན་གཉིས་པ་ཡང་འཇུག་པ་ཡིན་ནོ། །དེའི་ལྷག་མ། ཀ་ཁ། ཅ་ཆ་ཇ་ཉ། ཏ་ཐ། པ་ཕ། ཙ་ཚ་ཛ་ཝ། ཞ་ཟ་ཡ། ཤ་ཧ་ཨ་སྟེ་ཡི་གེ་ཉི་ཤུ་ནི་སྔོན་རྗེས་གང་དུའང་མི་འཇུག་པས་མིང་གཞིའི་ཡི་གེ་ཞེས་བྱའོ། །དེ་བཞིན་དུ། བརྩེགས་ལ་ར་ལ་ས་སྟེ་མགོ་ཅན་གསུམ། །ཞབས་འདོགས་ཡ་ར་ལ་ཝ་རྣམ་པ་བཞི། །ཞེས་སྨོས་ཏེ། ཡི་གེ་བརྩེགས་མ་ལ་ར་ལ་ས་ཡི་མགོ་ཅན་གསུམ་སྟེ། ར་མགོ་ལ་མགོ་ས་མགོ་ཅན་གསུམ་མོ། །ཞབས་འདོགས་ལ་ཡ་ར་ལ་ཝ་བཞི་སྟེ། ཡ་སྟ་ར་སྟ་ལ་བཏགས་ཝ་ཟུར་དང་བཞིའོ། །འཕུལ་ལ་འཕུལ་བྱེད་ཡི་གེ་རྣམ་པ་ལྔས། །འཕུལ་བྱ་ཝ་འ་ཧ་ཨ་བཞི་ལ་མིན། །ར་ལ་ཕྱེད་འཕུལ་རྐྱང་མིན་བརྩེགས་ལ་ཡོད། །ཅེས་འཕུལ་ཡིག་ལ་འཕུལ་བྱེད་ཀྱི་ཡི་གེ་གོང་དུ་བསྟན་པའི་སྔོན་འཇུག་ལྔ་པོ་དེས། འཕུལ་བྱ་གསལ་བྱེད་ཀཱ་ལི་སུམ་ཅུ་པོ་དེ་ལས། ཡི་གེ་ཝ་སོགས་གོང་སྨོས་བཞི་པོ་ལ་དུས་ནམ་ཡང་མི་འཇུག་ཅིང་། ར་ལ་གཉིས་ལ་ཕྱེད་འཕུལ་ཏེ་རྐྱང་པའི་ཡི་གེའི་སྐབས་སུ་མི་འཇུག་ལ་བརྩེགས་མའི་སྐབས་སུ་འཇུག་པ་སྟེ། དེ་ལྟར་སྔོན་འཇུག་གི་ཡི་གེ་སྦྱོར་ཚུལ་སོགས་ཞིབ་པར་འོག་ཏུ་སྟོན་ནོ། །ཡི་གེའི་རྣམ་གྲངས་ཀྱི་དབྱེ་བ་ལ། རྣམ་གྲངས་རྐྱང་བརྩེགས་འཕུལ་ཏེ་རྣམ་པ་གསུམ། །ཞེས་སྤྱིར་བསྟན་ནས། བྱེ་བྲག་ཏུ། རྐྱང་པ་བོད་ཡིག་སུམ་ཅུ་རྩ་བདུན་ཏེ། །སྲོག་རྐྱེན་རྣམ་བདུན་གསལ་བྱེད་སུམ་ཅུའོ། །ཞེས་སྨོས་ཏེ། སྤྱིར་ཡུལ་སོ་སོའི་སྐད་ཀྱི་བྱེ་བྲག་སོགས་ལ་ལྟོས་ནས་རྩ་བའི་ཡི་གེ་ལ་མང་ཉུང་ཅི་རིགས་སུ་འབྱུང་ན་ཡང་། བོད་ལ་མཁོ་བའི་རྐྱང་པའི་ཡི་གེའི་གྲངས་ནི་སུམ་ཅུ་རྩ་འདུན་དུ་ངེས་ཏེ། དེ་གང་སྙམ་ན། སྲོག་རྐྱེན་གྱི་ཡི་གེ་བདུན་དང་གསལ་བྱེད་ཀ་སོགས་སུམ་ཅུ་པོ་ཡིན་ལ། དེ་ལས་སྲོག་རྐྱེན་གྱི་ཡི་གེ་བདུན་ནི། གོང་དུ་སྨོས་པའི་དབྱངས་ཡིག་ཨི་སོགས་བཞིའི་སྟེང་དུ་ཁྱབ་བྱེད་ཀྱི་ཡི་གེ་གསུམ་བསྣན་པ་སྟེ། ཁྱབ་བྱེད་གསུམ་ནི། སྒྱུ་འཕྲུལ་ལས། མགོ་ནི་མ་ནོར་ལམ་ཡིན་ཏེ། །ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། །ཅེས་གསུངས་ཏེ། དེ་ཡང་ཡི་གེའི་མགོ་ནི་བེར་ཀ་རིས་ཏེ་མཚོན་བྱའི་དོན་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཐུགས་རྡོ་རྗེ་ཉིད་མཚོན་བྱེད་ཡིན་ལ། བྱེད་ལས་ཡི་གེ་རྣམས་ཀྱི་མགོ་འདྲེན་ཅིང་འཇུག་པའི་སྒོར་གྱུར་པ་སྟེ། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། མགོ་ནི་ཐོག་མར་མཚོན་པ་སྟེ། །དང་ལ་གཟུགས་སུ་གང་གསལ་བ། །དེ་ནི་ཡི་གེའི་མགོ་ཡིན་ཏེ། །བེར་ཀ་རིས་ལ་མགོ་ཞེས་བྱ། །ཞེས་སོ། །ཡི་གེ་ཏིག་ནི་ཚེག་སྟེ་དོན་ཤེས་རབ་བརྗོད་མེད་ཀྱི་རང་བཞིན་གསུང་རྡོ་རྗེ། བྱེད་ལས་ཡི་གེ་རྣམས་འདུས་པ་ལ་དབྱངས་ཀྱིས་བཅིངས་པས་དངོས་པོ་སོ་སོའི་མིང་དུ་གྲུབ་པས་མ་འདྲེས་པར་སྨྲ་བ་སྟེ། ཡོ་ག་རྒྱན་དམ་པ་ལས། སྡུད་པའི་ཕྱིར་ན་ཚེག་ནི་ཏིག །འཐོར་བ་བསྡུས་ནས་མིང་དུ་སྨྲ། །ཞེས་སོ། །ཡི་གེ་ཤད་ནི་ཐབས་སྙིང་རྗེ་ཆེན་པོས་འདུལ་བའི་རང་བཞིན་སྐུ་རྡོ་རྗེ། བྱེད་ལས་རྐང་པ་བསྡེེབས་ནས་ཚིགས་སུ་གཅོད་པར་བྱེད་པ་སྟེ། སྤྱི་མདོར། གཅོད་པར་མཚོན་པར་བྱེད་པའི་ཡི་གེ་ལ་ནི་མིང་དབྱུག་པ་ཞེས་བླ་དྭགས་སུ་བཏགས་སོ། །ཞེས་སོ། །དེ་ལྟར་ཁྱབ་བྱེད་ཐུགས་གསུང་སྐུ་རྡོ་རྗེའི་རང་བཞིན་ཅན་གྱི་ཡི་གེ་གསུམ་དང་། ཤེས་རབ་དབྱིངས་སྐྱེ་མེད་མཚོན་པའི་དབྱངས་བཞི་བཅས་བདུན་པོ་དང་། ཐབས་འགག་མེད་ཀུན་ཁྱབ་ཀྱི་ཡེ་ཤེས་མཚོན་པའི་ཀཱ་ལི་སུམ་ཅུ་པོ་རྣམས་ནི་ཕན་ཚུན་ཐབས་ཤེས་འབྲེལ་བ་ཅན་གྱི་སྒོ་ནས། ཀུན་རྫོབ་ཏུ་མིང་ཚིག་བརྗོད་པ་ཀུན་གྱི་གཞི་བྱེད་ཅིང་། དོན་དམ་པར་སྨྲ་བསམ་བརྗོད་པ་ཀུན་གྱི་ཡུལ་ལས་འདས་པའི་རང་བཞིན་བརྗོད་མེད་ནཱ་དའི་དོན་སྟོན་པར་བྱེད་པས། ནམ་ཡང་བདེན་པ་གཉིས་ཀྱི་ཚུལ་ལས་མི་འདའ་བ་ཟབ་མོ་དབུ་མའི་དོན་ཉིད་རྟོགས་ཤིང་ཁོང་དུ་ཆུབ་ན་གཟུངས་དང་སྤོབས་པའི་སྒོ་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་བར་བྱེད་པ་ཡིན་ཏེ་རྣམ་བཞག་ཞིབ་པར་གཞན་དུ་ཤེས་པར་བྱའོ། །དེ་ལས་འཕྲོས་པའི་ཡི་གེ། བརྩེགས་ལ་ར་མགོ་བཅུ་གཉིས་ལ་མགོ་བཅུ། །ས་མགོ་བཅུ་གཅིག་ཡ་འདོགས་རྣམ་པ་བདུན། །ར་འདོགས་བཅུ་གཉིས་ལ་འདོགས་རྣམ་པ་དྲུག །ཝ་ནི་འར་བསྡུས་ཡན་ལག་ཙམ་དུ་བཞེད། །སུམ་བརྩེགས་བཅུ་བཞི་ཡོངས་དྲིལ་བདུན་ཅུ་གཉིས། །ཞེས་སྨོས་ཏེ། དེ་ཡང་ཡི་གེ་བརྩེགས་མའི་གྲངས་ལ། རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་སྟེ་ར་མགོ་ཅན་བཅུ་གཉིས་དང་། ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ་སྟེ་ལ་མགོ་ཅན་བཅུ་དང་། སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་སྟེ་ས་མགོ་ཅན་བཅུ་གཅིག་གོ །ཞབས་འདོགས་ལ། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་སྟེ་ཡ་འདོགས་བདུན་ཡོངས་གྲགས་དང་ཕྱིས་ཀྱི་མཁས་པ་རྣམས་ད་དང་ཧ་གཉིས་ལ་ཡང་ཡ་འདོགས་མི་འགལ་བར་མཛད། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་སྟེ་ར་འདོགས་བཅུ་གཉིས། འདིའི་ཐྲ་ནི་འདུལ་བའི་སྐབས་ལྷྭམ་གྱི་སྒྲ་ལ་ཐྲིག་ཐྲིག་སྒྲ་ཞེས་འཇུག་པ་ཙམ་མོ། །ཀླ་གླ་བླ་ཟླ་རླ་སླ་སྟེ་ལ་འདོགས་དྲུག་སྟེ་དེ་རྣམས་ཕལ་ཆེར་ལ་ཞབས་ཀྱུ་ཡང་སྦྲེལ་བར་རུང་ངོ་། །ཝ་ནི་ཀྭ་ཁྭ་གྭ་ལྟ་བུ་ཝ་ཟུར་ཅན་ཏེ་བོད་ཀྱི་སྐད་ལ་ཡན་ལག་ཙམ་ལས་བརྩེགས་ཡིག་དངོས་སུ་མི་བགྲང་བར་བཞེད་དེ། རྗེ་བཙུན་རྩེ་མོས། ཝ་ནི་ཀུན་ལ་གདགས་རུང་ཡང་། །སྐབས་ཀྱི་བཅོ་ལྔ་དག་ལ་འཇུག །ཝ་བཏགས་གུག་སྐྱེད་མི་འཇུག་པས། །དེས་ན་ཝ་ནི་ཡན་ལག་ཡིན། །བོད་ལ་ཝ་ཉིད་འར་བསྡུས་པས། །དེས་ན་མ་ནིང་བརྗོད་ཀྱང་རུང་། །ཞེས་དང་། ཝ་ཡི་དོན་ནི་སྔར་བཤད་པས། །དེ་ནི་བརྩེགས་པར་ཡང་མི་བགྲང་། །ཞེས་སོ། །དེས་ན་ཡི་གེ་ཉིས་བརྩེགས་ཀྱི་གྲངས་ལ་ལྔ་བཅུ་རྩ་བརྒྱད་དང་། སུམ་བརྩེགས་ལ། རྐྱ་རྒྱ་རྨྱ་སྐྱ་སྒྱ་སྤྱ་སྦྱ་སྨྱ་སྟེ་ཡ་འདོགས་བརྒྱད་དང་། སྐྲ་སྒྲ་སྣྲ་སྤྲ་སྦྲ་སྨྲ་སྟེ་ར་འདོགས་དྲུག་བཅས་བཅུ་བཞིའོ། །དེ་ཐམས་ཅད་བསྡོམས་པས་ཡི་གེ་བརྩེགས་མའི་གྲངས་ལ་ཡོངས་གྲགས་བདུན་བཅུ་རྩ་གཉིས་ཏེ། དེ་ལས་གཞན་པའི་ཡི་གེ་ཆ་ཚ་ཝ་ཞ་འ་ཤ་ཨ་རྣམས་ལ་བོད་སྐད་དུ་ནམ་ཡང་བརྩེགས་འདོགས་གཉིས་ཀ་མི་འཇུག་པས་དེ་ལྟར་ཤན་ཕྱེས་ཏེ་ཀ་དཔེ་འབྲི་བ་སོགས་གཅེས་སོ། །དེ་བཞིན་དུ་འཕུལ་ཡིག་གི་གྲངས་ཀྱང་། འཕུལ་ལ་གས་འཕུལ་བཅུ་གཅིག་དས་འཕུལ་དྲུག །བས་འཕུལ་བཅུ་དང་མས་འཕུལ་བཅུ་གཅིག་དང་། །འས་འཕུལ་བཅུ་བཅས་རྐྱང་འཕུལ་བཞི་བཅུ་བརྒྱད། །བརྩེགས་འཕུལ་དས་འཕུལ་དགུ་དང་བས་འཕུལ་བ། །སུམ་ཅུ་རྩ་དྲུག་མས་འཕུལ་རྣམ་པ་བཞི། །འས་འཕུལ་དགུ་བཅས་བརྩེགས་འཕུལ་ང་བརྒྱད་དེ། །འཕུལ་བའི་ཡི་གེ་བརྒྱ་རྩ་དྲུག་ཏུ་འདོད། །འདི་རྣམས་ཀྱི་འཇུག་ཚུལ་གྱི་དབྱེ་བ་ཞིབ་པར་འོག་ཏུ་གསལ་བས་འདིར་མ་སྨོས་ལ། གྲངས་ཀྱི་དབྱེ་བ་ནི་རྗེ་བཙུན་གྱིས། དས་འཕུལ་ལ་བཅུར་གསུངས་པ་འདིར་ཅུང་གྲངས་མ་འགྲིགས་ཤིང་དགོས་གལ་ཡང་ཆུང་བའི་ཕྱིར་དམྲ་ཞེས་པ་ཚུར་ཕྲིས་ནས་དགུར་བྱས་པ་ཙམ་ལས་གཞན་རྣམས་བྱིས་པ་བདེ་འཇུག་ལྟར་ཤེས་པར་བྱ་སྟེ། ཡི་གེའི་ཕ་མ་སུམ་ཅུ་ལ། །ག་ད་བ་མ་འ་ཞེས་བྱ། །འཕུལ་བར་བྱེད་པའི་ཡི་གེ་ལྔ། །འ་ཧ་ཨ་གསུམ་འཕུལ་བ་མེད། །ཝ་ནི་ཡོད་དང་མེད་པའང་ཡིན། །ར་ལ་གཉིས་ནི་ཕྱེད་འཕུལ་ཏེ། །རྐྱང་པ་མི་འཕུལ་བརྩེགས་པ་འཕུལ། །དེ་ལ་ཡི་གེ་གས་འཕུལ་བ། །ཅ་ཉ་ཏ་ད་ན་ཙ་ཞ། །ཟ་ཡ་ཤ་ས་བཅུ་གཅིག་གོ །ཀ་ག་ང་པ་བ་མ་དྲུག །ད་ཡིས་འཕུལ་བར་བྱེད་པ་ཡིན། །ཀ་ག་ཅ་ཏ་ད་ཙ་ཞ། །ཟ་ཤ་ས་ཏེ་དེ་ལྟར་བཅུ། །ཡི་གེ་བ་ཡིས་འཕུལ་བ་ཡིན། །ཁ་ག་ང་ཆ་ཇ་ན་ཐ། །ད་ན་ཚ་ཛ་བཅུ་གཅིག་ནི། །མ་ཡིས་འཕུལ་བར་བྱེད་པ་ཡིན། །ག་ཁ་ཆ་ཇ་ཐ་ད་ཕ། །བ་ཚ་ཛ་སྟེ་བཅུ་པོ་ནི། །འ་ཡིས་འཕུལ་བར་བྱེད་པ་ཡིན། །རྐྱང་པ་འཕུལ་བ་འ་ཡི་མཐའ། །དགོས་ཀྱི་གུག་སྐྱེད་ཅན་ལ་མིན། །དེ་ལྟར་རྐྱང་པ་འཕུལ་བ་ཡི། །ཡི་གེ་བཞི་བཅུ་ཞེ་བརྒྱད་ཡོད། །ད་ནི་བརྩེགས་པའི་འཕུལ་བ་བརྗོད། །གས་འཕུལ་བ་ལ་བརྩེགས་པ་མེད། །དས་འཕུལ་ཀྱ་ཀྲ་གྱ་གྲ་དང་། །པྲ་པྱ་བྲ་བྱ་མྲ་མྱ་བཅུ། །བ་ཡིས་འཕུལ་བའི་ཡི་གེ་ལ། །ཀྱ་ཀྲ་ཀླ་གྱ་ཟླ་གླ་གྲ། །རྐ་རྒ་རྔ་རྗ་རྙ་རྟ་རྡ། །རྣ་རྩ་རྫ་རླ་ལྟ་ལྡ་སྐ། །སྒ་སྔ་སྙ་སྟ་སྡ་སྣ་སྩ། །སྲ་སླ་དེ་ལྟར་སུམ་ཅུ་དང་། །རྐྱ་རྒྱ་སྐྱ་སྐྲ་སྒྱ་སྒྲ་དྲུག །སུམ་བརྩེགས་བས་འཕུལ་སུམ་ཅུ་དྲུག །མས་འཕུལ་ཁྱ་ཁྲ་གྱ་གྲ་བཞི། །མདྲོན་ཞེས་བྱ་བ་སྲིད་པ་ཙམ། །འས་འཕུལ་བ་ལ་ཁྱ་ཁྲ་གྱ། །གྲ་དྲ་ཕྲ་ཕྱ་བྱ་བྲ་དགུ། །དེ་ལྟར་བརྩེགས་འཕུལ་དྲུག་ཅུ་སྟེ། །འཕུལ་བའི་ཡི་གེ་བརྒྱ་རྩ་བརྒྱད། །བགླ་མདྲ་གཉིས་ནི་དགོས་ཆུང་བས། །བརྒྱ་རྩ་དྲུག་ཡིན་མདོར་བསྡུ་ན། །ལུས་ཀྱི་ཡི་གེ་ཉིས་བརྒྱ་དང་། །བརྒྱད་ཀྱི་ལྷག་པར་ཡང་དག་ལྡན། །ཞེས་གསུངས། ཡི་གེ་དེ་རྣམས་ཀྱི་དབྱེ་བསྡུའི་ཁྱད་པར། མདོར་ན་ལུས་ཀྱི་ཡི་གེ་ཉིས་བརྒྱ་བརྒྱད། །དབྱེ་ན་བརྗོད་རུང་ཚད་ཀྱི་ཡི་གེའི་གྲངས། །ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་ཞེ་ལྔ་ལས། །བོད་སྐད་སྟོང་ཕྲག་བརྒྱད་དུ་འདུ་བར་གསུངས། །དེ་ཡང་རྩ་བའི་ཡི་གེ་ཀཱ་ལི་སུམ་ཅུ་བརྩེགས་ཡིག་བདུན་ཅུ་རྩ་གཉིས། འཕུལ་ཡིག་བརྒྱ་རྩ་དྲུག་བཅས་བསྡམས་པའི་ལུས་ཀྱི་ཡི་གེ་ཉིས་བརྒྱ་དང་བརྒྱད་ལ། ཡན་ལག་གི་ཡི་གེ་དབྱངས་ཡིག་བཞི་དང་རྗེས་འཇུག་ཡང་འཇུག་སོགས་བསྣན་པས་བརྗོད་རུང་གི་གྲངས་ལ། ཁྲི་ཕྲག་གཅིག་དང་སྟོང་ཕྲག་བརྒྱད་བདུན་བརྒྱ་ཞེ་ལྔ་ཡོད་པ་དེ་ཐམས་ཅད་བོད་སྐད་ལ་མི་དགོས་པས{པས་ལྷག}། བོད་སྐད་ལ་གོང་དགོས་སྟོང་ཕྲག་བརྒྱད་དུ་འདུ་བར་རྗེ་བཙུན་གྱིས་བཞེད་དོ། །བསྡུ་ཚུལ། བསྡུ་ན་སྒྲ་ཡིག་ཕ་མ་གཉིས་སུ་འདུ། །སྲོག་རྐྱེན་རྣམ་བདུན་ཨ་ཡི་ཁོངས་སུ་བསྡུ། །ཨ་ཉིད་མ་ལ་གཞན་རྣམས་ཕར་བཤད་དོ། །དེ་ལྟར་ཡང་བྱིས་པ་བདེ་འཇུག་ལས། རྒྱ་སྐད་དབྱངས་དང་གསལ་བྱེད་ཀྱི། །ཡི་གེ་ལྔ་བཅུ་ཐམ་པར་འདུས། །བོད་ཀྱི་ཡི་གེ་སུམ་ཅུ་བདུན། །སྒྲ་ཡི་ཕ་མ་སུམ་ཅུར་འདུས། །སྲོག་རྐྱེན་ཡན་ལག་ཡི་གེ་བདུན། །དེ་ནི་ཨཱ་ཡི་ཁོངས་སུ་འདུ། །ཨ་ཉིད་མ་ཡི་ཡི་གེར་བརྗོད། །ལྷག་མ་རྣམས་ནི་ཕ་ཡིན་ནོ། །ཕ་ནི་ལུས་ཞེས་བརྗོད་པ་སྟེ། །མ་ནི་ཡན་ལག་ཏུ་ཡང་འགྱུར། །དེ་བས་ཡི་གེ་མ་ལུས་པ། །ཕ་མ་གཉིས་ལས་འབྱུང་བར་བརྗོད། །ཅེས་གསུངས་སོ། །ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན་ལས། །ཡི་གེའི་ངོ་བོ་ངེས་ཚིག་རྣམ་གྲངས་སྤྱིིར་དབྱེ་བའི་སྐབས་ཏེ་གཉིས་པའོ།

རྟགས་གསུམ་གྱི་དབྱེ་བས་ཇི་ལྟར་འཇུག་པའི་ཚུལ་བཤད་པ།

༈ ད་ནི་རྩ་བའི་དྲུག་པ་རྟགས་གསུམ་གྱི་དབྱེ་བས་ཇི་ལྟར་འཇུག་པའི་ཚུལ་བཤད་པ་ལ། འཇུག་ཚུལ་ཕོ་མོ་མ་ནིང་རྟགས་ཀྱི་དབྱེ། །གང་གིས་གང་ལ་འཇུག་དང་ཇི་ལྟར་འཇུག །ཅི་ཕྱིར་འཇུག་དང་རྗེས་འཇུག་སྦྱོར་ཚུལ་ལྔ། །ཞེས་སྤྱི་སྡོམ་སྨོས་ནས་བྱེ་བྲག་དང་པོ་རྟགས་ཀྱི་དབྱེ་བ་ལ། དབྱེ་བ་མིང་གཞི་རྗེས་འཇུག་སྔོན་འཇུག་གསུམ། །དེ་ལས་དང་པོ་མིང་གཞིའི་དབྱེ་བ། མིང་གཞི་ཐབས་མཆོག་ཕོ་ཡིག་སུམ་ཅུ་པོ། །དགོས་པའི་དབང་གིས་རྣམ་པ་ལྔ་རུ་དབྱེ། །གོང་དུ་ཨཱ་ལི་ཤེས་རབ་ཀྱི་རང་བཞིན་དང་ཀཱ་ལི་ཐབས་ཀྱི་ཡི་གེར་བཤད་པའི་ཐབས་ཕ་ཡི་ཡི་གེ་སུམ་ཅུ་པོ་དགོས་པའི་དབང་གིས་སྡེ་ཚན་ལྔར་དབྱེ་སྟེ། དེ་ཡང་རྟགས་ཀྱི་འཇུག་པའི་གཞུང་ལས། ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་པ་ཕྱེད་དང་བརྒྱད་གནས་པའང་། །སྡེ་ཚན་ལྔ་རུ་དྲིལ་བྱས་ནས། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་པ་བཞི་པ་ཡན་ཆད་དབྱེ། །ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་མོ་རུ་སྦྱར། །ར་ལ་ཧ་ནི་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་གསུངས་པས། དེ་ཡང་ཀ་ཅ་ཏ་པ་ཙ་རྣམས་ཕོ། །དེ་བཞིན་ཁ་ཆ་ཐ་ཕ་ཚ་མ་ནིང་། ག་ཇ་ད་བ་ཛ་ཝ་ཞ་ཟ་འ། །ཡ་ཤ་ས་མ་ོང་ཉ་ན་མ་བཞི། །ཤིན་ཏུ་མོ་དང་ར་ལ་ཧ་གསུམ་པོ། །མ་ོགཤམ་ཨ་ནི་མཚན་མ་མེད་ཅེས་བྱ། །ཡི་གེ་དེ་རྣམས་ཀྱང་སོ་སོར་ངག་ནས་བརྗོད་པའི་ཚེ་སོ་སོའི་སྐྱེ་གནས་མགྲིན་སོ་མཆུ་རྐན་སོགས་ལ་བྱེད་རྩོལ་ཤུགས་ཆེ་ཆུང་ངམ་གྲིམ་ལྷོད་ཀྱི་དབང་གིས་ཤུགས་ཆེ་བའམ་གྲིམ་པ་རྣམས་ཕོ་ཡིག་དང་། །རན་པ་རྣམས་མ་ནིང་དང་། ཅུང་ཟད་ཆུང་བའམ་ལྷོད་པ་རྣམས་མོ་དང་། དེ་ལས་ཀྱང་ཆུང་བའམ་ལྷོད་པ་རྣམས་ཤིན་ཏུ་མོ་དང་། ཤིན་ཏུ་རྩོལ་བ་ལྷོད་ཅིང་ཞན་པ་རྣམས་མོ་གཤམ་དང་། ཨ་ནི་དེ་ལས་ཀྱང་རྩོལ་བ་ཞན་པའི་ཕྱིར་མཚན་མེད་དུ་བཞག་པའོ། །དེ་ལྟར་སྡེ་ཚན་སོ་སོར་ཕྱེ་བའི་ཕྱི་མ་གསུམ་གཅིག་ཏུ་བསྡོམས་ནས་སྤྱི་ཙམ་དུ་མོར་བཞག་པའི་ཡི་གེ་ག་ནས་ཧའི་བར་བཅུ་དགུ་པོའི་ནང་ནས་གོང་སྨོས་ལྟར་གྱི་རྗེས་འཇུག་བཅུ་དང་། དེ་ལས་སྔོན་འཇུག་ལྔ་དབྱུང་སྟེ། དེ་དག་གི་རྟགས་ཀྱི་དབྱེ་བ། རྗེས་འཇུག་ག་ད་བ་ས་ཕོ་དང་ནི། །ང་མ་འ་གསུམ་མོ་དང་ན་ར་ལ། །མ་ནིང་ཞེས་བརྗོད་དེ་ལས་སྔོན་འཇུག་ལྔ་། །ཕོ་བ་མ་ནིང་ག་ད་མོ་འ་དང་། །མ་ནི་ཤིན་ཏུ་མོ་རུ་ཤེས་པར་བྱ། །འདིའི་རྟགས་ཀྱི་དབྱེ་བ་ནི་མིང་གཞི་ལྟར་སྒྲ་གྲིམ་ལྷོད་སོགས་ཀྱིས་མ་ཡིན་ཏེ་འཆད་འགྱུར་ལྟར་དེ་དག་འཇུག་ཡུལ་གྱི་མིང་གཞི་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་ཤུགས་ཆེ་ཆུང་དུ་འགྱུར་བའི་ཆ་ནས་བཞག་པའོ། །དེ་ལྟར་བློ་ལ་ངེས་པར་བྱས་ནས། གཉིས་པ་གང་གིས་གང་ལ་འཇུག་པ་ནི། གང་གིས་འཇུག་ན་སྨོས་མ་ཐག་པའི་སྔོན་འཇུག་ལྔ་པོ་དེས། གང་ལ་འཇུག་ན་རྟགས་ཀྱི་འཇུག་པར། གང་ལ་འཇུག་པར་བྱེད་ཅེ་ན། །ཕོ་ནི་ཕོ་དང་མོ་ལ་འཇུག །མོ་ནི་མོ་དང་མ་ནིང་ལ། །མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང་། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །ཞེས་གསུངས་པས། སྔོན་འཇུག་གང་གིས་གང་ལ་འཇུག་པའི་ཡུལ། །ཕོ་བ་ཕོ་ཡིག་ཀ་ཅ་ཏ་ཙ་བཞི། །མོ་ཡིག་ག་ང་ཇ་ཉ་ད་ན་ཛ། །ཞ་ཟ་ར་ཤ་ས་སྟེ་བཅུ་གཉིས་ལ། །ཞེས་ཕོ་ཡིག་གི་འཇུག་ཡུལ་སྤྱིར་བསྟན་ནས། བྱེ་བྲག་ཏུ། དེ་ཡང་ཀ་ཅ་ཏ་ཙ་ག་ད་ཞ། །ཟ་ཤ་ས་བཅུར་རྐྱང་དང་ཀ་ག་ཟ། །ར་ས་ལྔ་ལ་འདོགས་དང་ཀ་ཏ་ཙ། །ག་ང་ཇ་ཉ་ད་ན་ཛ་བཅུ་ལ། །བརྩེགས་འཕུལ་དུ་འཇུག་དཔེར་བརྗོད་རིག་པས་དཔྱད། །དེ་ལ་དཔེར་བརྗོད་པ། བཀས་བཅད་ཕྱག་རྒྱས་བཏབ་པ་བཙལ། །གོ་བགོས་མདུན་དུ་བདར་ཏེ་བཞེངས། །བཟང་པོའི་བཤོས་གཙང་བསངས་ཤིང་སྦྱངས། །ལྟ་བུ་རྐྱང་འཕུལ་གྱི་དཔེར་བརྗོད་ཞྭ་ལུ་ལོ་ཆེན་གྱིས་གསུངས་པ་དང་། བཀྱེ། བཀྲམ། བཀླགས། བགྱིས། བགྲད། བཟླས། བརླབས། བསྲང་། བསླབ། ལྟ་བུ་འདོགས་འཕུལ་དང་། བརྐོ། བསྐོན། བརྟགབལྟམས། བསྟོད། བརྩེ། བརྒལ། བསྒོ། བརྔ། བསྔགས། བརྗིད། བརྙས། བསྙེན། བརྡར། བལྡབས། བསྡམས། བརྣགབསྣུན། བརྫང་ལྟ་བུ་ཉིས་བརྩེགས་དང་། བརྒྱད། བསྐྱེད། བསྐྲད། བརྒྱུགས། བསྒྱུར། བསྒྲུབ་ལྟ་བུ་སུམ་བརྩེགས་ཏེ། བརྩེགས་འཕུལ་ནི་བ་ཡིག་ཁོ་ན་ལས་གཞན་རྣམས་མི་འཇུག་གོ །དེ་བཞིན་དུ་མོ་འ་ཡིག་ནི། མོ་འ་མོ་ཡིག་ག་ཇ་ད་བ་ཛ། །མ་ནིང་ཁ་ཆ་ཐ་ཕ་ཚ་བཅུར་རྐྱང་། །ག་ད་བ་ཁ་ཕ་ལྔར་འདོགས་འཕུལ་འཇུག །དཔེར་བརྗོད་པ། འགའ་ཞིག་འཇིག་རྟེན་འདི་འབའ་ཞིག །འཛིན་ཅིང་འཁོད་དེ་གནས་འཆའ་བ། །མི་འཐད་འཕོ་ཚེ་བདེ་བ་འཚོལ། །ལྟ་བུ་རྐྱང་འཕུལ་དང་། འགྱེད། འགྲེལ། འདྲེན། འབྱར། འབྲལ། འཁྱལ། འཁྲས། འཕྱར། འཕྲད་ལྟ་བུ་འདོགས་འཕུལ་ལ་འཇུག་པའོ། །མ་ནིང་གི་ཡི་གེ་ག་ང་གཉིས་ལས། ག་ཡིག་ནི། མ་ནིང་ག་ནི་ཕོ་ཡིག་ཅ་ཏ་ཙ། །མོ་ཡིག་ཉ་ད་ན་ཞ་ཟ་ཡ་ཤ །ས་དང་བཅས་ལ་རྐྱང་འཕུལ་ཁོ་ནས་འཇུག །དཔེར་བརྗོད་པ། གཅིག་པུ་གཏམ་གཙང་གཉིས་མེད་གསུངས། །གདེངས་ཅན་གནས་སུ་འཚོ་ཞིང་གཞེས། །གཡེལ་མེད་གཟིགས་པའི་བདེ་གཤེགས་རྒྱལ། །ལྟ་བུ་སྟེ་རྐྱང་འཕུལ་ཁོ་ནས་འཇུག་པ་ཡིན་ནོ། །དེ་བཞིན་དུ་མ་ནིང་ད་ཡིག་ནི། །ད་ནི་ཕོ་ཡིག་ཀ་པ་གཉིས་དང་ནི། །མོ་ཡིག་ག་ང་བ་མར་རྐྱང་འཕུལ་དང་། །ཀ་པ་ག་བ་མ་ལྔར་འདོགས་འཕུལ་ཉིད། །དཔེར་བརྗོད་པ། །དཀར་པོ་དགེ་བའི་དངོས་གྲུབ་ཏུ། །དཔལ་འབྱོར་དབང་ཕྱུག་མི་དམན་ཐོབ། །ལྟ་བུ་རྐྱང་འཕུལ་དང་། དཀྱིལ། དཀྲུགས། དཔྱད། དཔྲལ། དགྱེས། དགྲམ། དབྱིགདབྲོགདམྱལ་ལྟ་བུ་འདོགས་འཕུལ་ལ་འཇུག་པའོ། །ཤིན་ཏུ་མོའི་མ་ཡིག་ནི། ཤིན་ཏུ་མོའི་མ་མ་ནིང་ཁ་ཆ་ཐ། །ཚ་བཞི་མོ་ཡིག་ག་ཇ་ད་ཛ་བཞི། །ང་ཉ་ན་གསུམ་བཅས་ལ་རྐྱང་འཕུལ་དང་། །ཁ་ག་གཉིས་ལ་འདོགས་འཕུལ་དུ་ཡང་འཇུག །དཔེར་བརྗོད་པ། མཁས་པ་མཆེད་ཀྱི་མཐོང་བའི་མཚོར། །མགོན་པོ་མཇལ་ཏེ་མདོང་གསོལ་མཛད། །མངའ་བདག་མཉེས་ནས་མནར་མེད་བསྒྲལ། །ལྟ་བུ་རྐྱང་འཕུལ་དང་། མཁྱེན། མཁྲེགས། མགྱོགས། མགྲིན་ལྟ་བུ་འདོགས་འཕུལ་དུའང་འཇུག་པ་ཡིན་ནོ། །ཞར་བྱུང་མི་འཇུག་པ་ནི། གཞུང་ལས། ཕོ་ནི་མ་ནིང་ལ་མི་འཇུག །མོ་ནི་ཕོ་ལ་འཇུག་པ་མིན། །མ་ནིང་རང་ལ་རང་མི་འཇུག །རང་གི་སྡེ་དང་འཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །ཞེས་པས། སྔོན་འཇུག་ཕོ་བ་ཡིག་མིང་གཞིའི་ཁ་ཆ་ཐ་ཕ་ཚ་རྣམས་དང་། མོ་འ་ཡིག་མིང་གཞིའི་ཕོ་ཀ་ཅ་ཏ་པ་ཙ་རྣམས་དང་། མ་ནིང་ག་ད་གཉིས་མིང་གཞིའི་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་ཅིང་། བཞི་ཚན་དུ་གནས་པའི་རང་རང་གི་སྡེ་དང་འཕྲད་ན་སྔོན་འཇུག་གི་ཕོ་བ་ཡིག་ལྟ་བུ་ཡང་མོ་མ་ཡིག་ལ་མི་འཇུག་པ་སོགས་ཞིབ་པར་གོང་དུ་བསྟན་པའི་ལྡོག་ཆ་ནས་ཤེས་པར་ནུས་སོ། །གསུམ་པ་སྔོན་འཇུག་རྣམས་སྒྲ་ཡི་སྒོ་ནས་ཇི་ལྟར་འཇུག་པའི་ཚུལ་བཤད་པ། ཇི་ལྟར་འཇུག་པ་ཕོ་ཡིག་སྒྲ་རྩོལ་དྲག །མ་ནིང་གཉིས་པོ་རན་དང་མོ་ནི་ཞན། །ཤིན་ཏུ་མོ་ནི་མཉམ་ཞིང་ལྷོད་པས་སོ། །དེ་ཡང་སྔོན་འཇུག་ཕོ་བ་ཡིག་ནི་སྐད་གདངས་དང་སྒྲའི་བྱེད་རྩོལ་དྲག་པའི་ཚུལ་གྱིས་འཇུག་སྟེ། འཇིག་རྟེན་ན་སྐྱེས་པ་སྐད་ཀྱི་ང་རོ་མཐོ་བ་བཞིན་ནོ། །དེ་བཞིན་དུ་མ་ནིང་ག་ད་གཉིས་ནི་སྒྲ་རྩོལ་རན་པ་དང་། མོ་འ་ནི་སྒྲ་རྩོལ་ཞན་པས་དང་། ཤིན་ཏུ་མོ་མ་ནི་སྒྲ་རྩོལ་མཉམ་པ་སྟེ་ཤིན་ཏུ་ལྷོད་པའི་ཚུལ་གྱིས་འཇུག་པར་བྱེད་དེ། གཞུང་ལས། ཇི་ལྟར་འཇུག་པར་བྱེད་ཅེ་ན། །ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་སོ། །བཞི་པ་དོན་གྱི་དབང་གིས་དགོས་པ་ཅིའི་ཕྱིར་འཇུག་པ་ནི། ཅི་ཕྱིར་ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་སྨོས་ཏེ། དེ་ཡང་ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། བྱེད་པ་པོའི་དངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་ནི་བདག་ཅེས་བྱ་ཞིང་། དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་བྱ་བ་དང་བཅས་པ་ལ་ནི་གཞན་ཞེས་བྱ་སྟེ། དེ་ཡང་དཔེར་ན་ཤིང་བཀའ་བ་ལྟ་བུ་ལ་མཚོན་ན། བྱེད་པོ་མི་དང་། དེའི་བྱེད་པ་ལག་པས་བཀའ་བ་དང་བཅས་པ་ལ་བདག་དང་། དེས་བཀའ་རྒྱུའི་ཡུལ་གྱི་དངོས་པོའི་ཤིང་དེ་དང་། བྱ་བ་ཤིང་དེ་གས་པ་དང་བཅས་པ་ལ་གཞན་ཞེས་བྱ། དེ་བཞིན་དུ་བྱ་བའི་ལས་ལ་ཡང་། ཤིང་བཅད་ལྟ་བུ་བྱེད་པ་པོ་དང་དངོས་སུ་འབྲེལ་བ་དང་། མ་འབྲེལ་བ་ཤིང་ཆད་ལྟ་བུ་གཉིས་ཡོད་དོ། །བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་ཇི་ལྟར་ཡང་རུང་བྱ་བ་བྱས་ཟིན་པ་ནི་དུས་འདས་པ་དང་། བྱ་བ་བྱེད་པར་འགྱུར་བ་ནི་དུས་མ་འོངས་པ་དང་། བྱ་བ་བྱེད་བཞིན་པ་ནི་ད་ལྟ་བ་ཡིན་ནོ། །གཞན་དུ་བྱེད་པའི་ལས་དང་བྱ་བའི་ལས་ཞེས་ལས་ཀྱི་ཚིག་ལ་གཉིས་སུ་དབྱེ་བའང་དབྱེ་བ་དེ་དག་ཏུ་འདུས་ཏེ་དུས་གསུམ་གྱི་དབང་གིས་བྱེད་པའི་ལས་ནི་དུས་ད་ལྟ་བ་དང་། བྱ་བའི་ལས་ནི་དུས་མ་འོངས་པར་འདུ་ཞིང་བདག་གཞན་གྱི་དབང་གིས་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་བྱེད་པ་བདག་དང་བྱ་བ་གཞན་ཡིན་པ་བཤད་མ་ཐག་པ་ལྟར་རོ། །རྒྱུ་མཚན་འདིས་དུས་གསུམ་གྱི་དབྱེ་བས་ནི་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཐམས་ཅད་ལ་ཁྱབ་ཅིང་བདག་གཞན་གྱི་དབྱེ་བས་ནི་དེ་ཙམ་དུ་ཁྱབ་པ་མ་ཡིན་ཡང་། གཞུང་འདིར་བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་བདག་གཞན་གྱི་དབྱེ་བ་ཟུར་དུ་མཛད་པ་ཡིན་ཞིང་། དེའི་ཞར་ལས་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པ་རྣམས་བསྡུས་པ་ཡིན་ནོ། །དེས་ན་སྐབས་འདིར་དུས་གསུམ་གྱི་དབྱེ་བ་བཤད་པ་རྣམས་ནི། བདག་གཞན་གྱི་དབྱེ་བས་མ་ཁྱབ་པའི་ལྷག་མ་རྣམས་བསྡུ་བའི་དོན་དུ་སི་ཏུ་ཀུན་མཁྱེན་བཞེད་དོ། །བདག་གཞན་དུས་གསུམ་གྱི་དཔེར་བརྗོད་ཀྱང་། བྱེད་པ་པོ་བདག་གི་དངོས་པོའི་སྒྲ། སྒྲུབ་པ་པོ། སྟོན་པ་པོ། གཅོད་པ་པོ། འབྱིན་པ་པོ། སྒྲུབ་བྱེད། སྟོན་བྱེད། གཅོད་བྱེད། འབྱིན་བྱེད་ལྟ་བུ་དང་། དེའི་བྱེད་པའི་ཚིག་གསལ་བར་བྱེད་པ། སྒྲུབ་པར་བྱེད། སྟོན་པར་བྱེད། གཅོད་པར་བྱེད། འབྱིན་པར་བྱེད། སྒྲུབ་བོ། །སྟོན་ཏོ། །གཅོད་དོ། །འབྱིན་ནོ་ལྟ་བུ་དང་། བྱ་བའི་ཡུལ་གཞན་གྱི་དངོས་པོའི་སྒྲ། བསྒྲུབ་པར་བྱ་བ། བསྟན་པར་བྱ་བ། གཅད་པར་བྱ་བ། དབྱུང་བར་བྱ་བ། བསྒྲུབ་བྱ། བསྟན་བྱ། གཅད་བྱ། དབྱུང་བྱ་ལྟ་བུ་དང་། དེའི་བྱ་བའི་ཚིགབསྒྲུབ་པར་བྱ། བསྟན་པར་བྱ། གཅད་པར་བྱ། དབྱུང་བར་བྱ། བསྒྲུབ་བོ། །བསྟན་ནོ། གཅད་དོ། །དབྱུང་ངོ་ལྟ་བུ་དང་། དབྱེ་བ་དེ་གཉིས་སུ་མ་འདུས་པའི་དུས་གསུམ་ལས་བྱས་ཟིན་འདས་པ། བསྒྲུབས། བསྟནད། བཅད། ཕྱུང་། གྲུབ། ཆད། བྱུང་ལྟ་བུ་དང་། བྱེད་བཞིན་ད་ལྟ་བའི་སྒྲ། ད་ལྟ་སྒྲུབ་བཞིན་པ། སྟོན་བཞིན་པ། གཅོད་བཞིན་པ། འབྱིན་བཞིན་པ། འགྲུབ་པར་བྱེད། འཆད་པར་བྱེད། འབྱུང་བར་བྱེད། འགྲུབ་བཞིན་པ། འཆད་བཞིན་པ། འབྱུང་བཞིན་པ་ལྟ་བུ་དང་། བྱ་འགྱུར་མ་འོངས་པའི་སྒྲ་ནི། འགྲུབ་པར་འགྱུར། འཆད་པར་འགྱུར། འབྱུང་བར་འགྱུར། འགྲུབ་བོ། །འཆད་དོ། །འབྱུང་ངོ། །འགྲུབ་པར་བྱ། འབྱུང་བར་བྱ་ལྟ་བུ་དང་། བྱ་བ་བྱེད་པ་དང་སྦྱོར་ཞིང་བསྐུལ་བའི་ཚིག་རྣམས་ལ་བས་འཕུལ་མེད་པས། སྒྲུབས་ཤིགསྟོནད་ཅིགཆོད་ཅིགཕྱུངས་ཤིག་དང་། གཞན་ཡང་། བྱུག་པ་སྐུས་ཤིགབརྩེ་བས་སྐྱོངས་ཤིགདཔོན་དུ་སྐོས་ཤིགདབང་སྐུར་ཅིགལེགས་པར་སློབས་ཤིགཚེ་སྲིངས་ཤིགམྱ་ངན་ལས་ཟློས་ཤིགལེགས་པར་སོམས་ཤིག་ལྟ་བུ་སྟེ། འདི་དག་གིས་མཚོན་ནས་ཀུན་ལ་བསྒྲེ་བར་བྱའོ། །འདིར་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་ཞེས་སྨོས་པ་ནི། དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་གྱིས་དངོས་སུ་སྒྲུབ་པར་བྱེད་པ་དེ་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཏེ། དཔེར་ན་ལྕགས་གསེར་དུ་བསྒྱུརད་ཟིན། བསྒྱུར་བར་བྱ། སྒྱུར་བར་བྱེད། ཤིང་བཅད་ཟིན། གཅད་པར་བྱ། གཅོད་པར་བྱེད། འབྱུང་ཁུངས་ནས་ཕྱུང་ཟིན། དབྱུང་བར་བྱ། འབྱིན་པར་བྱེད་ལྟ་བུ་དུས་གསུམ་གྱི་དབྱེ་བས་ཤེས་པར་བྱ་ཞིང་། དངོས་པོ་གང་ཞིག་ལ་ལས་བྱེད་པ་པོ་གཞན་དངོས་སུ་མེད་པར་རང་གི་ངང་གིས་འགྲུབ་པར་སྣང་བ་འདི་ནི་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་ཏེ། དཔེར་ན། ལྕགས་གསེར་དུ་འགྱུརད་ཟིན། འགྱུར་བཞིན་པ། འགྱུར་བར་འགྱུར་རོ། །ཤིང་ཆད་ཟིན། འཆད་བཞིན་པ། འཆད་པར་འགྱུར་རོ། །གནས་ནས་བྱུང་། འབྱུང་བཞིན་པ། འབྱུང་བར་འགྱུར་རོ། །ཞེས་སོགས་ཀྱིས་བསྒྲེས་ནས་རྟོགས་པར་བྱའོ། །དེ་ལས་སྔ་མའི་དོན་ནི་རྟོགས་སླ་ལ་ཕྱི་མ་ནི་དཔེར་ན་སྐྱེས་བུ་ཞིག་གི་མདུན་དུ་ལྕགས་གོང་རང་བཞིན་གྱིས་གསེར་དུ་གྱུར་པའི་ཚེ། ལྕགས་རང་ཉིད་ལ་ཡོད་པའི་འབྱུང་བ་རྣམས་ཀྱི་བྱེད་པས་དེ་བཞིན་དུ་གྱུར་ཀྱང་གཞན་གྱིས་མ་ཡིན་ལ། སྐྱེས་བུ་དེ་ཡི་བསོད་ནམས་ཀྱིས་དེ་བཞིན་དུ་གྲུབ་པས་བསོད་ནམས་ཉིད་བྱེད་པ་པོ་གཞན་ཡིན་མོད་ཀྱི་དེ་ནི་དངོས་སུ་མི་སྣང་བ་ལྟ་བུ་དང་། སྐྱེས་བུ་གང་ཞིག་གནས་ནས་འབྱིན་པ་པོ་མེད་པར་རང་ཉིད་གནས་ནས་འབྱུང་བའི་ཚེ་རང་ཉིད་བྱེད་པ་པོ་ཡིན་མོད་ཀྱི་བྱེད་པ་པོ་གཞན་མེད་པ་སོགས་ཀྱིས་མཚོན་ནས་ཞིབ་མོའི་བློས་ངེས་པར་བྱའོ་གསུངས། དེ་ལྟར་ངེས་པར་བྱས་ནས། སྔོན་འཇུག་གི་ཕོ་ཡིག་བ་ནི་དགོས་པ་དུས་གསུམ་ལས། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱས་ཟིན་འདས་པ་བསྒྲུབ་པའི་ཕྱིར་དང་། དངོས་པོ་བདག་གཞན་གཉིས་ལས་གཞན་ཏེ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བའི་ཡུལ་དང་བྱ་བ་བསྒྲུབ་པའི་ཕྱིར་འཇུག་སྟེ། དེ་ཡང་འདས་པ་ལ་འཇུག་པ་ནི། ཆུས་བཀང། གོས་བཀབ། གད་མོ་བགད། ལམ་བགགས། ནོར་གྱིས་བརྔན་ཏོ། །བཙས་མ་བརྔས། ལོགས་སུ་བཅར་ཏོ། །ཕྱག་བཅབས། ཕན་ཚུན་བརྗེས། མཆོད་ཅིང་བརྗེད་དོ། །གོས་བརྙེན་ཏོ། །རྗེས་སུ་བསྙགས། རྒྱན་བཏགས། ཁ་བཏགས། མདུན་དུ་བདར་ཏོ། །རྗེས་སུ་བདས། ནན་གྱིས་བརྣན་ཏོ། །ཡིད་ལ་བརྣགས། བུ་བཙས། ནོར་བཙལ་ཏོ། །གཞན་དུ་བརྫངས། རྐང་བས་བརྫིས། དལ་བུས་བཞབས། གནས་སུ་བཞགཟས་བཟས། ཞབས་ཐོག་བཟབས། བྱིན་གྱིས་བརླབས། ཆུས་བརླན་ཏོ། །སྦུབས་བཤངས། ཆུས་བཤལ། ཚོགས་བསགས། དྲི་མ་བསངས། སོགས་ཏེ་དེ་དག་ལ་སླར་བསྡུའི་སྒྲ་སྦྱར་བ་རྣམས་ད་ཡིག་གི་ཡང་འཇུག་ཡོད་པར་ཤེས་དགོས་སོ། །དེ་རྣམས་ཀྱང་དཔེར་ན་བུམ་པ་ཆུས་བཀང་ལྟ་བུ་སྔོན་འཇུག་ཁོ་ནའི་བྱེད་པས་འདས་ཚིག་ཏུ་གྲུབ་པ་དང་། ཐུགས་དམ་བསྐངས་ལྟ་བུ་སྔོན་འཇུག་ཕོ་ཡིག་འབྲེལ་བ་ཙམ་ལས་གཙོ་བོར་རྗེས་འཇུག་གི་བྱེད་པས་འདས་ཚིག་ཏུ་གྲུབ་པ་སོགས་བྱེད་བྲག་ཕྱེས་ནས་ཤེས་པར་བྱའོ། །དེ་བཞིན་དུ་གཞན་བྱ་བའི་ཡུལ་བསྒྲུབ་ཕྱིར་འཇུག་པ། བཀན་བྱའི་ལག་པ། བཀྱིག་བྱའི་དགྲ། བགམ་བྱའི་ཚོད། བགད་བྱའི་གད་མོ། བརྔན་བྱའི་གྲོགས། བརྔ་བྱའི་ལོ་ཏོགབཅར་བྱའི་མིགབཅང་བྱའི་སྨན། བརྗེ་བྱའི་དངོས་པོ། བརྗེད་བྱའི་དམ་པ། བརྙན་བྱའི་གོས། བསྙག་བྱའི་བུ་ལོན། བཏིག་བྱའི་ཐིགས་པ། བཏུ་བྱའི་སྔགས། མདུན་དུ་བདར་བྱའི་རྫས། བདའ་བྱའི་ཕྱུགས། བརྣག་བྱའི་དོན། བསྣན་བྱའི་ནོར། བཙལ་བྱའི་བུ། བཙལ་བྱའི་ནོར། བརྫང་བྱའི་ཕོ་ཉ། སྣོད་དུ་བརྫང་བྱའི་ནོར། གཞར་བྱའི་སྐྲ། བཞབ་བྱའི་ནོར། བཟའ་བྱའི་ཟས། བཟབ་བྱའི་མགྲོན། བྱིན་གྱིས་བརླབ་བྱ། བརླག་བྱའི་དགྲ། བཤའ་བྱའི་ལུགབཤད་བྱའི་ཆོས། བསང་བྱའི་དྲི་མ། བསམ་བྱའི་དོན་སོགས་དང་། དངོས་པོ་གཞན་བྱ་བའི་ཡུལ་དང་འབྲེལ་བའི་བྱ་བ་ཉིད་ལ་འཇུག་པ། བཀན་པར་བྱ། བཀན་ནོ། །བགམ་པར་བྱ། བགམ་མོ་སོགས་སྔར་སྨོས་པ་གཞན་ལ་སྦྱར་བས་མཚོན་ལ། འདིའི་སྐབས་སུ། བརྒྱན། བསྐར། བརྒལ་ལྟ་བུ་ན་ར་ལའི་མཐའ་ཅན་རྣམས་ནི་འདས་ཚིག་མ་ཡིན་པའི་ཕྱིར་ད་དྲག་མི་འཐོབ་པས། བརྒྱན་ནོ། །བསྒར་རོ། །བསྒལ་ལོ། །ཞེས་བརྗོད་པར་བྱའོ། །བརྒྱན་ཏོ་སོགས་སུ་མི་འགྱུར་བར་གཞན་ལའང་ཤེས་པར་བྱའོ། །དེ་བཞིན་སྔོན་འཇུག་མ་ནིང་དགོས་པ་གང་གི་ཕྱིར་འཇུག་པ་ནི། མ་ནིང་བདག་གཞན་ད་ལྟའི་དུས་ཏེ་གསུམ། །ཞེས་སྨོས་ཏེ། སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི་དངོས་པོ་བདག་དང་གཞན་གཉིས་ཀ་ལ་འཇུག་པ་དང་། དེར་མ་གཏོགས་པའི་དུས་གསུམ་ལས་ད་ལྟ་བ་སྟོན་པའི་ཕྱིར་འཇུག་སྟེ་རིམ་པར་དཔེར་བརྗོད་ན། ག་ཡིག་བདག་བྱེད་པ་པོ་ལ་འཇུག་པ། ལོགས་སུ་གཅོར་བ་པོ། གཅོར་བྱེད། བཟང་ངན་གཉུལ་བ་པོ། གཉུལ་བྱེད། ཁྲག་གཏར་བ་པོ། གཏར་བྱེད། ཁ་གདང་བ་པོ། གདང་བྱེད། འོག་ཏུ་གནོན་པ་པོ། གནོན་བྱེད། གཙག་བུས་གཙག་པ་པོ། གཙག་བྱེད། བློས་གཞིག་པ་པོ། གཞིག་བྱེད། ཕྲག་ལ་གཟར་བ་པོ། གཟར་བྱེད། གཡེང་བ་པོ། གཡེང་བྱེད། གྲལ་གཤིབས་པ་པོ། གཤིབས་བྱེད། དྲིལ་བུ་གསིལ་པ་པོ། གསིལ་བྱེད་སོགས་དང་། དེ་བཞིན་དུ་ག་ཡིག་བྱེད་པ་པོ་བདག་ལ་ཡོད་པའི་ལས་སམ་བྱེད་པ་ཙམ་ལ་འཇུག་པ་ནི། གཅར་བར་བྱེད། གཅར་རོ། གཉུལ་བར་བྱེད། གཉུལ་ལོ་སོགས་དང་། གཞན་བྱ་བའི་ཡུལ་ཉིད་ལ་འཇུག་པ། གཅད་བྱའི་ཤིང་། གཅི་བྱའི་ཆུ། གཉག་བྱའི་ཟས། གཉེར་བྱའི་དོན། གཏད་བྱའི་རྫས། གཏམ་བྱའི་ནོར། གསོལ་བ་གདབ་བྱའི་ཡུལ། རྒྱས་གདབ་བྱའི་དངོས་པོ། གཙག་བྱའི་ཤགཙུབ་བྱའི་མེ། གཞལ་བྱའི་ཚད། གཞག་བྱའི་དངོས་པོ། གཟར་བྱའི་གོས། གཟབ་བྱའི་ལས། གཡབ་བྱའི་གཡབ་མོ། གཡེང་བྱའི་ཡིད། གཤག་བྱའི་ཤིང་། གཤིབས་བྱའི་གྲལ། གསད་བྱའི་བགེགས། གསང་བྱའི་སྔགས་སོགས་དང་། བྱ་བའི་གཞི་དང་འབྲེལ་བའི་ལས་སམ་བྱ་བ་ཙམ་ལ་འཇུག་པ། གཅད་པར་བྱ། གཅད་དོ། གཉག་པར་བྱ། གཉག་གོ །གཏད་པར་བྱ། གཏད་དོ་སོགས་དང་། ད་ཡིག་བདག་བྱེད་པ་པོ་ལ་འཇུག་པ། སྣལ་མས་དཀྲི་བ་པོ། དཀྲི་བྱེད། གཞན་དུ་དགར་བ་པོ། དགར་བྱེད། དར་དཔྱོང་བ་པོ། དཔྱོང་བྱེད་། དབྱིག་གིས་དབུར་བ་པོ། དབུར་བྱེད། སྙིང་ནས་དམོད་པ་པོ། དམོད་བྱེད་སོགས་དང་། ད་ཡིག་བྱེད་པ་ཙམ་ལ་འཇུག་པ། དཀྲི་བར་བྱེད། དཀྲིའོ། དགར་བར་བྱེད། དགར་རོ་སོགས་དང་། དེ་བཞིན་ཏུ་གཞན་བྱ་བའི་ཡུལ་ལ་འཇུག་པ། དཀྲི་བྱའི་མདོས་རིས། དགར་བྱའི་གནས། དཔག་བྱའི་ལྐོག་གྱུར། དབྲལ་བྱའི་པགས་པ། དམད་བྱའི་ཉམ་སོགས་དང་། བྱ་བ་ཙམ་ལ་འཇུག་པ། དཀྲི་བར་བྱ། དཀྲིའོ། དགར་བར་བྱ། དགར་རོ་སོགས་དང་། མ་ནིང་གི་སྔོན་འཇུག་གཉིས་པོ་དེ་བཤད་མ་ཐག་པའི་བདག་གཞན་གཉིས་པོ་དེར་མི་གཏོགས་པའི་དུས་ད་ལྟ་བ་ལ་འཇུག་པའི་ཚུལ་ནི། བྱེད་པ་པོ་བདག་དང་འབྲེལ་བའི་བྱེད་པའི་ཚིག་གི་དཔེར་བརྗོད་པ་དེ་རྣམས་ཉིད་ཚིག་གྲོགས་ཀྱིས་བསྒྱུར་བ་ལས་ཤེས་པར་བྱ་སྟེ། དཔེར་ན། གཅར་བར་བྱེད། གཅར་རོ། དཀྲི་བར་བྱེད། དཀྲིའོ། ལྟ་བུ་ད་ལྟ་བའི་སྒྲ་ཡིན་མོད་ཀྱི། གཟུང་བར་བྱ། གཟུང་ངོ་། དགང་བར་བྱ། དགང་ངོ་། ལྟ་བུ་གཞན་གྱི་སྒྲ་ལའང་དེ་དང་ཤེད་མཚུངས་ཡོད་པས་སྔར་སྟོབས་མཚུངས་ཀྱིས་བདག་གཞན་དུ་ཟླས་ཕྱེ་བའི་བདག་སྒྲའི་ཁོངས་སུ་བསྡུས་ནས་བརྗོད་ཟིན་པས་འདིར་ནི་དོན་གྱིས་བདག་བྱེད་པའི་ཚིག་ཡིན་ཡང་གཞན་གྱི་སྒྲ་ལ་དེ་དང་ཤེད་མཚུངས་སྦྱར་རྒྱུ་མེད་པས་གོང་སྨོས་བདག་སྒྲའི་ཁོངས་སུ་སྡུད་པར་མི་འོས་པའི། གཅར་གྱིན་སྣང་ངོ་། གཅར་བཞིན་པའོ། དཀྲི་ཡིན་འདུག་གོ །དཀྲི་བཞིན་པའོ། །ལྟ་བུ་སྔར་སྨོས་པའི་བདག་སྒྲའི་བྱེད་ཚིག་དེ་རྣམས་ཉིད་བརྗོད་ཚུལ་ཚིག་གྲོགས་ཀྱི་ཁྱད་པར་དང་བཅས་པས་དཔེར་བརྗོད་པར་བྱའོ་གསུངས། ཡང་སྔོན་འཇུག་གི་མོ་ཡིག་དགོས་པ་གང་གི་ཕྱིར་འཇུག་པ་ནི། མོ་ནི་བདག་དང་ད་ལྟ་མ་འོངས་དུས། །ཞེས་སྨོས་ཏེ། སྔོན་འཇུག་གི་མོ་འ་ཡིག་ནི་དངོས་པོ་བདག་དང་། དུས་ད་ལྟ་བ་དང་མ་འོངས་པ་དག་བསྒྲུབ་པའི་ཕྱིར་འཇུག་སྟེ། དེ་ཡང་བདག་བྱེད་པ་པོ་ལ་འཇུག་པ། སྐུད་པ་འཁལ་བ་པོ། འཁལ་བྱེད། ཁུར་འཁུར་བ་པོ། འཁུར་བྱེད། ཕྱེ་འགམ་པ་པོ། འགམ་བྱེད། འགུགས་པ་པོ། འགུགས་བྱེད། ཆོས་འཆད་པ་པོ། འཆད་བྱེད། ཉེས་པ་འཆབ་པ་པོ། འཆབ་བྱེད། བློའམ་ཚད་ཀྱིས་འཇལ་བ་པོ། འཇལ་བྱེད། ཁུ་བ་འཇིབ་པ་པོ། འཇིབ་བྱེད། དགྲ་ལ་འཐབ་པ་པོ། འཐབ་བྱེད། ཕྱེ་མར་འཐག་པ་པོ། འཐག་བྱེད། སྐྱོ་མ་འདག་པ་པོ། འདག་བྱེད། ནོར་འདམ་པ་པོ། འདམ་བྱེད། ཕྱིར་འཕུལ་བ་པོ། འཕུལ་བྱེད། མདའ་འཕེན་པ་པོ། འཕེན་བྱེད། ལས་ལ་འབད་པ་པོ། འབད་བྱེད། སྐྲ་འབལ་བ་པོ། འབལ་བྱེད། ཕྱག་འཚལ་བ་པོ། འཚལ་བྱེད། སྐྱིན་པ་འཚབ་པ་པོ། འཚབ་བྱེད། དངོས་པོ་འཛིན་པ་པོ། འཛིན་བྱེད། སྣོད་དུ་འཛུད་པ་པོ། འཛུད་བྱེད་སོགས་ལས་སམ་བྱ་བ་དེ་ལས་བྱེད་པ་པོ་ངེས་པར་ཐ་དད་པ་ལྟར་སྣང་བའི་བྱེད་པ་པོའི་ཚིག་གཞུང་གི་དངོས་བསྟན་དང་། ཐ་མི་དད་པ་ལྟར་སྣང་བའི་བྱེད་ཚིགརྟེན་ལ་འཁར་བ་པོ། འཁར་བྱེད། ངག་འཁུན་པ་པོ། འཁུན་བྱེད། འགྱིང་བ་པོ། འགྱིང་བྱེད། འཆག་སར་འཆག་པ་པོ། འཆག་བྱེད། ཤར་ནས་འཆར་བ་པོ། འཆར་བྱེད། ནང་དུ་འཇུག་པ་པོ། འཇུག་བྱེད། ཕྱིར་འཐོན་པ་པོ། འཐོན་བྱེད། མྱ་ངན་ལས་འདའ་བ་པོ། འདའ་བྱེད། གནས་ནས་འཕག་པ་པོ། འཕག་བྱེད། སར་འབབ་པ་པོ། འབབ་བྱེད། ས་འོག་ཏུ་འཛུལ་བ་པོ། འཛུལ་བྱེད་སོགས་སོ། །བདག་དང་འབྲེལ་བའི་བྱེད་པ་ཙམ་ལ་འཇུག་པ། སྐུད་པ་འཁལ་བར་བྱེད། འཁལ་ལོ། །འཁུར་བར་བྱེད། འཁུར་རོ། འགམ་པར་བྱེད། འགམ་མོ། འགུགས་པར་བྱེད། འགུགས་སོ་ལྟ་བུ་དང་། བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བར་འཇུག་པ། འཁལ་བཞིན་པ། འཁལ་གྱིན་སྣང་སོགས་ཚིག་གྲོགས་བསྒྱུར་བ་དང་། དུས་མ་འོངས་པར་འཇུག་པ། ཁྱིམ་ལ་འཁར་བར་འགྱུར། གཞན་དུ་འཁྱར་བར་འགྱུར། ཡུལ་དུ་འཁྱམ་པར་འགྱུར། དེ་བཞིན། འགགའགས། འཆར། འཆད། འཐོན། འཐོབ། འཕགས། འཕགའབབ། འབྱམ། འཚལ། འཚོ། འཛགའཛུགས་སོགས་ཕལ་ཆེར་ཚིག་གྲོགས་ལ་ལྟོས་མི་དགོས་པར་མ་འོངས་པ་སྟོན་ནུས་པ་དང་། འགའ་ཞིག་ཚིག་གྲོགས་ཀྱི་ཁྱད་པར་གྱིས་ད་ལྟ་བ་དང་མ་འོངས་པ་ཅི་རིགས་སུ་འགྱུར་བའང་ཡོད་པ་ཤེས་པར་བྱའོ། །ཤིན་ཏུ་མོ་དགོས་པ་གང་གི་ཕྱིར་འཇུག་པ། ཤིན་ཏུ་མོ་ནི་བདག་གཞན་དུས་ཀུན་འཇུག །ཞེས་སྨྲོས་ཏེ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་སྔར་སྨོས་པའི་བདག་གཞན་དུས་གསུམ་པོ་ཀུན་ལ་དབྱེ་བསལ་མེད་པར་ཐམས་ཅད་ལ་འཇུག་པས། དཔེར་བརྗོད་ཀྱང་ཕྱོགས་གཅིག་ཏུ་བཀོད་ན། མཁས་པ་ལྟ་བུ་ནི་རྣམ་དབྱེ་སྦྱར་གཞིའི་མིང་རྐྱང་། མཁས་པར་བྱེད་ལྟ་བུ་བདགམཁས་པར་བྱ་བ་ལྟ་བུ་གཞན། མཁས་པར་བྱས་སམ་གྱུར་ལྟ་བུ་འདས་པ། མཁས་བཞིན་པ་ལྟ་བུ་ད་ལྟ་བ། མཁས་པར་འགྱུར་ལྟ་བུ་མ་འོངས་པའོ། །དེ་བཞིན་དུ། མཁྱེན། མགུ། མངའ། མཆི། མཇལ། མཉན། མཐུན། མདུད། མཚོན། མཛད་སོགས་ལ་བསྒྲེས་ཏེ་རྟོགས་པར་བྱའོ། །ལྔ་པ་རྗེས་འཇུག་ཇི་ལྟར་སྦྱོར་ཚུལ་ནི། རྗེས་འཇུག་གང་གིས་གང་ལ་དབྱེ་བསལ་མེད། །དེ་ཡང་གང་གིས་ཏེ་རྗེས་འཇུག་གི་ཡི་གེ་བཅུ་པོས། གང་ལ་ཏེ་མིང་གཞིའི་ཡི་གེ་ཐམས་ཅད་ལ་དབྱེ་བསལ་མེད་པར་འཇུག་སྟེ། དཔེར་ན་ཀ་ལྟ་བུ་ལ་མཚོན་ན། བཀགབཀང་། བཀད། བཀན། བཀབ། བཀུམ། བཀའ། བཀར། བཀལ། བཀས་ལྟ་བུ་སྟེ་དེས་བསྒྲེས་ཏེ་རྟོགས་པར་བྱའོ། །ཚུལ་ཇི་ལྟར་འཇུག་ན། ཇི་ལྟར་འཇུག་པ་སྒྲ་དང་དོན་གྱི་ཚུལ། །དེ་ལྟར་གཉིས་ལས། སྒྲ་ལ་ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །དེ་བཞིན་མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་མཚན་མེད་གསུམ། །དེ་ལྟར་སྡེ་ཚན་གསུམ་ལ་ནང་ཚན་གྱི་དབྱེ་བ་བརྒྱད་ལས། དང་པོ་གསུམ་ནི། ཕོ་ཡིག་ག་ལ་ཡང་འཇུག་ཡོད་ན་རབ། །བ་ལ་འབྲིང་དང་ཡང་འཇུག་མེད་པ་ཡི། །ག་ད་བ་སའི་མཐའ་ཅན་ཐ་སྟེ་གསུམ། །དེ་ཡང་སྐྱེས་བུ་རབ་ནི་རྗེས་འཇུག་ག་ལ་ཡང་འཇུག་གི་ས་མཐའ་ཞུགས་པས་སྒྲ་དྲག་པའི་དྲག་པར་འགྱུར་བ་སྟེ། སྐྱོགས། དཀྲིགས། འཁྱགས། འཁྲུགས། གྲགས། གྲོགས། ངོགས། བསྔགས། ལྕགས། བཅགས། འཆགས། འཇགས། འཇིགས། གཉགས། སྙོགས། རྟགས། རྟོགས། ཐོགས། ཐེགས། དོགས། འདོགས། གདགས། ནགས། བརྣོགས། པགས། ལྤགས། ཕྱགས། འཕྱུགས། བགས། བླུགས། མྱགས། དམྱུགས། གཙིགས། བཙུགས། ཚོགས། ཚེགས། འཇུགས། རྫོགས། ཞགས། ཞུགས། གཟུགས། གཟིགས། གཡོགས། གཡིགས། རིགས། རླུགས། ལེགས། ལགས། ཤགས། གཤེགས། སོགས། བསྲེགས། ཧྭགས་ལྟ་བུ་དང་། འབྲིང་ནི་རྗེས་འཇུག་བ་ལ་ཡང་འཇུག་གི་ས་མཐའ་ཡོད་པ་སྒྲ་དྲག་པའི་འབྲིང་དུ་འགྱུར་བ་སྟེ། སྐབས། ཀླུབས། འཁོབས། བསྒྲུབས། སྒྲུབས། རྔུབས། བཅབས། ཆིབས། འཇབས། བསྙབས། སྟབས། ཐོབས། དྲུབས། ལྡེབས། སྣབས། བསྣྲུབས། སྣྲུབས། མནབས། སྦབས། ཕེབས། བྱབས། གཙུབས། ཚབས། ཞབས། གཟབས། གཡབས། རབས། ཤུབས། སྲུབས་སོགས་དང་། ཐ་མ་ནི་ཡང་འཇུག་གི་ས་མཐའ་མེད་པའི་ག་བ་གཉིས་དང་ད་ས་གཉིས་ཏེ་དེ་བཞིའི་མཐའ་ཅན་ནི་སྒྲ་དྲག་པའི་ཐ་མར་གྱུར་པ་སྟེ། སྐས། སྐད། བཀགབཀབ། མཁས། འཁྲིད། ཁྲགཁྲབ། འགས། བགྲད། སྒྲོགགྲུབ། སྔས། ངེད། ངགརྔབ་ལ་སོགས་པའོ། གཉིས་པ་ལ་གཉིས་ཏེ། མོ་ཡིག་ང་མར་ཡོད་ན་མོ་ཙམ་དང་། །མེད་པའི་ང་མ་འ་མཐའ་ཤིན་ཏུ་མོ། །དེ་ཡང་རྗེས་འཇུག་ང་མ་གཉིས་ལ་ཡང་འཇུག་གི་ས་མཐའ་ཞུགས་པ་ནི་སྒྲ་ཞན་པའི་དྲག་པར་འགྱུར་བའི་མོ་ཙམ་སྟེ། བསྐངས། བསྐུམས། ཁེངས། ཁམས། གངས། བགོམས། དངངས། བརྔམས། ལྟ་བུའོ། །དེ་བཞིན་དུ་ཡང་འཇུག་མེད་པའི་ང་མ་གཉིས་དང་འ་མཐའ་ཅན་ཏེ་གསུམ་པོ་ནི་སྒྲ་ཞན་པའི་ཞན་པར་འགྱུར་བས་ཤིན་ཏུ་མོ་སྟེ། བསྐང་། ཀོང་། སྐོམ། བཀའ། ཁོང་། ཁོམ། མཁའ། གང་། སྒྲོམ། འགའ། ངང་། དངོམ། སྔའ་ལྟ་བུའོ། །གསུམ་པ་ལའང་གསུམ་སྟེ། མ་ནིང་ན་ར་ལ་གསུམ་མིང་གཞི་ཡིན། །ཕོར་འཕྲད་ཡང་འཇུག་ཡོད་དམ་མེད་ཀྱང་རུང་། །མོར་འཕྲད་ཡང་འཇུག་མེད་ན་འགྱུར་བ་དང་། །མོར་འཕྲད་ད་དྲག་ཅན་ལ་མཚན་གཉིས་པ། །མ་ནིང་དང་འཕྲད་ནམ་ཡང་མཚན་མེད་ཉིད། །རྗེས་འཇུག་མ་ནིང་གི་ཡི་གེ་ན་ར་ལ་གསུམ་པོ་མིང་གཞིའི་ཕོ་ཡིག་ཀ་ཅ་ཏ་པ་ཙ་རྣམས་ཀྱི་མཐར་ཡང་འཇུག་ད་དྲག་ཉིད་ཡོད་མེད་ཇི་ལྟར་རུང་སྒྲ་དྲག་པར་འགྱུར་ཞིང་། དེ་གསུམ་མོ་ཡིག་ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་ང་ཉ་ན་མ་ར་ལ་ཧ་སྟེ་བཅུ་དགུ་པོའི་རྗེས་སུ་ཡང་འཇུག་མེད་པར་ཞུགས་པ་མིང་གཞིའི་དབང་གིས་སྒྲ་ཞན་པར་འགྱུར་བས་འགྱུར་བ་མ་ནིང་ཞེས་བྱ་སྟེ། བསྟནད། རྐུན། བསྐོརད། བཅར། བསྟར། སྤེལ། སྩལད། བཙལ། འགྲན། འགོར། འགུལ། མཇལ། འདིར། འབར། འཛིན། གཞུར། ཟིལ། འོན། གཡར། ཤུལ། བསིལ། མངན། གཉེར། མནལ། དམན། རལ། ཧལ། ལྟ་བུ་དང་། ཡང་ན་ར་ལ་གསུམ་པོ་སྨོས་མ་ཐག་པའི་མོ་ཡིག་བཅུ་དགུ་པོའི་རྗེས་སུ་ཡང་འཇུག་ད་དྲག་དང་བཅས་ཡོད་ན་སྒྲ་དྲག་ཞན་གཉིས་ཀར་འགྱུར་བས་མཚན་གཉིས་མ་ནིང་སྟེ། འཛིནད། བརྒྱནད། གྱུརད། འབྱོརད། རོལད། བསལད། ལ་སོགས་པའོ། །དེ་བཞིན་དུ་རྗེས་འཇུག་དེ་གསུམ་མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་དང་འཕྲད་ན་ཡང་འཇུག་ཡོད་མེད་གང་ལྟར་ཡང་སྒྲ་གདངས་བར་མ་ཙམ་ལས་དྲག་ཞན་གང་དུའང་མི་འགྱུར་བས་མཚན་མེད་མ་ནིང་སྟེ། ཕྱིནད། མཐུན། ཐརད། འཐོར། འཕྲུལད། འཁྲུལ་ལ་སོགས་པ་རྣམས་ཏེ་དེ་དག་གི་མཚོན་ནས་རྒྱ་ཆེར་ཤེས་པར་བྱའོ། །དོན་གྱི་འཇུག་ཚུལ། དོན་ལ་སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཞེས་སྨོས་ཏེ། དེ་ཡང་། སྔ་མ་ཇི་ལྟར་གྱུར་པ་ནི། གོང་དུ་ཞིབ་པར་བསྟན་པ་ལྟར་གྱི་སྔོན་འཇུག་གི་ཡི་གེ་ལྔ་པོ་དེ་དངོས་པོ་བདག་གཞན་དུས་གསུམ་པོ་གང་སྟོན་པའི་ཕྱིར་དུ་ཞུགས་པ་ཡིན་ན། རྗེས་འཇུག་ཀྱང་དེ་བཞིན་དུ་སྦྱར་དགོས་ཏེ། སྔོན་འཇུག་དེ་འདས་པ་སྟོན་པའི་ཕྱིར་ཞུགས་པ་ཡིན་ན། རྗེས་འཇུག་དེ་ཡང་འདས་པ་སྟོན་པའི་སླད་དུ་སྦྱར་དགོས་པ་སོགས་རིགས་འགྲེ་བར་བྱ་ཞིང་། དེ་ཡང་གཙོ་བོར་སྔོན་འཇུག་གི་ནུས་པ་དང་སྦྱར་ནས་རྗེས་འཇུག་རྣམས་ཀྱང་ཅི་རིགས་པ་བདག་གཞན་དང་དུས་གསུམ་གྱི་དོན་རྣམས་དེ་དང་མཚུངས་པར་སྟོན་པར་འགྱུར་བ་ཡིན་གྱི་སྐབས་འགའ་ཞིག་ཏུ་མ་གཏོགས་པར་རྗེས་འཇུག་གི་ནུས་པ་གཙོ་ཆེ་བས་ནི་མ་ཡིན་ནོ། །གོ་བདེ་བའི་སླད་དུ་དཔེར་བརྗོད་ན། སྐྱེས་བུ་རབ་འབྲིང་ཐ་གསུམ་ཅི་རིགས་པར་དུས་འདས་པ་ལ་འཇུག་པ། བརྟགས། བཏགས། བཅགས། བསགས། བསྒྲུབས། བསྐྱབས། བསྟབས། བཀགབལྟས། བརྒྱབ། བཅད། ལྟ་བུ་དང་། དེ་རྣམས་བྱེད་པ་བདག་ལ་འཇུག་པ། འདོགས་བྱེད། འདེགས་བྱེད། འཇུགས་བྱེད། འགུགས་བྱེད། གཞིབས་བྱེད། གཤིབས་བྱེད། འཇོག་བྱེད། འགས་བྱེད། འགྲུབ་བྱེད། གཅོད་བྱེད་ལྟ་བུ་དང་། དེ་རྣམས་བྱ་བ་གཞན་ལ་འཇུག་པ། གདགས་བྱ། བསྡིགས་བྱ། བསྡོགས་བྱ། གཏུབས་བྱ། དགག་བྱ། བརྡས་བྱ། གཟབ་བྱ། བསྒྲུབ་བྱ། བསྟབ་བྱ། བསྐྱབ་བྱ། བསྐྱེད་བྱ་ལྟ་བུ་དང་། དེ་ལས་གཞན་ད་ལྟ་དང་། མ་འོངས་པ་ཅི་རིགས་པར་འགྱུར་བ། འདེགས་བཞིན་པ། འདོགས་བཞིན་པ། གཏུབས་བཞིན་པ། འགོག་བཞིན་པ། གཅོད་བཞིན་པ། རང་བཞིན་གྱིས་གཤེགས་པར་འགྱུར། འགྲུབ་པར་འགྱུར། འཆད་པར་འགྱུར། འཐས་པར་འགྱུར་ལྟ་བུ་རྣམས་སོ། །དེ་བཞིན་དུ་མོ་རྟགས་གཉིས་འདས་པ་ལ་འཇུག་པ། བསྐངས། བརྐྱངས། བསྐུམས། བཀང། བཀྲམ་ལྟ་བུ། བདག་ལ་འཇུག་པ། འདོམས་བྱེད། འགེངས་བྱེད། མཆོང་བྱེད། འདོང་བྱེད། འཁྱོམ་བྱེད། གསོ་བྱེད་ལྟ་བུ། གཞན་ལ་འཇུག་པ། གདམས་བྱ། འཁུམས་བྱ། བསྐང་བྱ། དགང་བྱ། བཏམ་བྱ། བཟའ་བྱ། ལྟ་བུ། ད་ལྟ་དང་མ་འོངས་པར་འཇུག་པ། འདོམས་བཞིན་པ། འགེངས་བཞིན་པ། འདོང་བཞིན་པ། གསོལ་བཞིན་པ། རང་བཞིན་གྱིས་འདོམས་པར་འགྱུར། འགྲོ་བར་འགྱུར། འགོང་བར་འགྱུར། འདམ་པར་འགྱུར་ལྟ་བུ། མ་ནིང་གསུམ་འདས་པ་ལ། བསྟནད། བཀནད། བཀརད། བསྟརད། བཙལད། མནནད། བགརད། བསལད། མཁྱེནད། མཚརད། འཁྲུལད་ལྟ་བུ་དང་། བདག་ལ། བསྟུནད་བྱེད། བརྩོན་བྱེད། གནོད་བྱེད། གཏོང་བྱེད། གསོར་བྱེད། བཀོལད་བྱེད། འགྲོལ་བྱེད། འདུནད་བྱེད། འཛེརད་བྱེད། གསོལད་བྱེད། མཐརད་བྱེད། འཁོར་བྱེད། འཕེནད་བྱེད། འཐུལ་བྱེད་ལྟ་བུ། གཞན་ལ། བསྟེན་བྱ། བསྐུར་བྱ། དགར་བྱ། བསྐོལ་བྱ། བསྐྱལ་བྱ། མཁྱེན་བྱ། འཚིར་བྱ། འཁོལ་བྱ་ལྟ་བུ། ད་ལྟ་དང་མ་འོངས་པར། བསྟུནད་བཞིན་པ། གནོན་བཞིན་པ། གཏོར་བཞིན་པ། འཛིནད་བཞིན་པ། གསོལད་བཞིན་པ། འགྲེལད་བཞིན་པ། འཐོརད་བཞིན་པ། མཁྱེནད་བཞིན་པ། རང་བཞིན་གྱིས་དཀོནད་པར་འགྱུར། འདུནད་པར་འགྱུར། མཐུན་པར་འགྱུར། གསལ་བར་འགྱུར། འཁུལ་བར་འགྱུར་ལྟ་བུ་རྒྱ་ཆེར་ཤེས་པར་བྱའོ། །ཞར་ལ་སྔོན་འཇུག་མེད་པའི་མིང་དོན་རྣམས་ལ་ཇི་ལྟར་འཇུག་པ། སྐྱེས་བུའི་རྟགས་འདས་པ་ལ་འཇུག་པ། གྲགས། ཐོགས། ཞུགས། བྱབས། བྱས། གས། བྲོས། ཕོས། ནོས། སྤྲས། ཟོས། ཕོགནོགཐུབ། གྲུབ། སྤྲད། ཆད། ཁོད། ནོད་སོགས་དང་། བདག་ལ། སྒྲོགས་བྱེད། དེ་བཞིན་དུ། སྙོགས། སྟོབས། ཀླུབས། ལྕིབས། སྒྲུབ། སྐྲོད། སྡོད། རྗེད། སྙེགརྡེགལྟོས་བྱེད་སོགས་དང་། གཞན་ལ་རྟོགས་བྱ། གྲབས། ཤས། སྒུགགློད་བྱ་སོགས་དང་། ད་ལྟ་དང་མ་འོངས་པ་ལ་འཇུག་པ། རྟོགས་བཞིན་པ། ཤེས་བཞིན་པ། སྡོད་བཞིན་པ་སོགས་དང་། རྟོགས་པར་འགྱུར། སྒུག་པར་འགྱུར། ཤེས་པར་འགྱུར་བ་སོགས་ཀྱིས་མཚོན་པར་བྱའོ། །མོ་གཉིས་འདས་པ་ལ་འཇུག་པ། སྤངས། ཁེངས། ཐེངས། གོམས། ཁྲེམས། གང་། སོང་། ཕམ། གུམ། ཆོམ། ཐེམ་སོགས་དང་། བདག་ལ། སྟོངས་བྱེད། རེངས། སྟེམས། ཉམས། མྱོང་། སྣང་། ཟློ། སྲའ། རྒྱུའ་བྱེད་ལྟ་བུ། གཞན་ལ། སྤུངས་བྱ། སྤང་། སྤྲིང་། བླང་། རློམ། སྨྲའ་བྱ་ལྟ་བུ། ད་ལྟ་དང་མ་འོངས་པར། རེངས་བཞིན་པ། སྟེམས། མྱོང། ཟློའ་བཞིན་པ། ངང་གིས་སྟོང་པར་འགྱུར། ཉམས། གང་། དམ། སྲའ་བར་འགྱུར་ལྟ་བུ། མ་ནིང་གསུམ་འདས་པར་འཇུག་པ། རྩལད། རོལད། རུལ། ཤར། བོར། སྦྲནད། བྲནད། ཟིནད། སྨིནད། བྱིནད། ཕྱིནད། ཐརད། ཚརད། ཚོར། ཐལ་སོགས་དང་། བདག་ལ། སྟོནད་བྱེད། རྟེནད། སྟེེནད། སྦྱིན། སྦྲུན། སྦྲོན། སྐུརད། སྤྲུལད། སྒྱུར། སྤེལ། ལེནད། སྨོནད། སེལད། ཉནད། ཁུར། ཕན་བྱེད་སོགས་དང་། གཞན་ལ། སྤར་བྱ། སྤེལ། སྦར། སྦྱིན། མྱུལ། སྨོན། རྒལ་བྱ་སོགས་དང་། ད་ལྟ་དང་མ་འོངས་པར་ཡང་། སྟོནད་བཞིན་པ། སྟེནད། སྒྱུར། སྒྲོལ། མྱུལ་བཞིན་པ། གྲོལ་བར་འགྱུར། སྨན་པར་འགྱུར། ཕྱིནད་པར་འགྱུར། ཐར་བར་འགྱུར་སོགས་ཀྱིས་མཚོན་པར་བྱའོ། །གཞན་ཡང་རྟགས་ཀྱི་འཇུག་པར་དངོས་སུ་མ་བསྟན་ཀྱང་རྗེས་འཇུག་ས་ཡིག་གི་འཇུག་ཡང་འཇུག་གཉི་ག་དང་། ད་ཡིག་ཡང་འཇུག་གིས་དུས་འདས་པ་སྟོན་པ་ཤིན་ཏུ་མང་ཞིང་། འ་ཡིག་འདས་པ་ལ་མི་འཇུག་པའི་ཁྱད་པར་ཙམ་ནི་གསལ་བར་མཐོང་བ་སྔོན་རྗེས་ཀྱི་དཔེར་བརྗོད་བཀོད་པ་རྣམས་སུ་གསལ་ཞིང་གྲགས་ཆེ་བ་དེར་ཟད། ས་ད་གཉིས་དང་ཁྱད་པར་ས་ཡིག་སྐུལ་ཚིག་ལ་འཇུག་པ་མང་བས་དེ་ཉིད་དཔེར་བརྗོད་ན། སྙོགས་ཤིགདེས་བསྒྲེས་ཏེ། ཀློགས། སྒྲོགས། རྟོགས། རྩིགས། ཞུགས། སྲེགས། ཚུགས། རློགས། རློབས། སློབས། སྒྲུབས། རྩིས། གྱིས། བྱོས། རྒྱུས། རྔོས། སྔོས། ལྟོས། ནོས། རྐོས། རྐུས། ཁོས། ཚོས། དྲོངས། སྲོངས། ཆིངས། སྲུངས། དེངས། སྐྱོངས། སྡོམས། སྙོམས། སོམས་ཤིགརྩོམས་ཤིག་ལྟ་བུ་ས་ཡིག་དང་། སྟོནད་ཅིགདེ་བཞིན། ཐོནད། ནོནད། སོལད། ཉོནད། སྟེནད། སྙེནད། རོལད། རྩོལད། ཕྲོལད། སྒྲོལད། སྒུརད། སྤོརད། སྟོརད། ཆོད། སོད། ཁོད། སྡོད། སློད་ཅིག་ལྟ་བུ་ད་ཡིག་དང་། རྗེས་འཇུག་གཞན། དེར་འཇུག་པ་ན་ཤོག་ཅིགཁོག་ཅིགཟློག་ཅིགཕོབ་ཅིགཐོབ་ཅིགརྒྱོབ་ཅིགསྒོང་ཞིགཟུང་ཞིགསོང་ཞིང་། མ་སྨྲའ་ཞིགམ་ལྟའ་ཞིགམ་ཟློའ་ཞིགསྣུན་ཞིགསྐྲུན་ཞིགཕྱོར་ཞིགསྦྱོར་ཞིགཚོལ་ཞིགསྐོལ་ཞིགལྟ་བུ་སྟེ་འདིས་མཚོན་ནས་རྒྱ་ཆེར་ཤེས་པར་བྱའོ། །དེས་ན་སྐུལ་ཚིག་ཕལ་ཆེར་ལ་སྔོན་འཇུག་མེད་པ་མང་ཞིང་སྔོན་འཇུག་སྦྱར་དགོས་པའང་ཡོད་དེ། བགྲོས་ཤིགབསྟོད་ཅིགབརྩོན་ཞིགབསྣོས་ཤིགགཏོརད་ཅིགགདུངས་ཤིགགསོངས་ཤིགདཀྲུགས་ཤིགདགོངས་ཤིགདཔྱོད་ཅིགམཆོད་ཅིགམཆོངས་ཤིགམཛོད་ཅིགའགོམས་ཤིགམ་འགྲོའ་ཞིགམ་འཚེའ་ཞིགཅེས་པ་ལྟ་བུ་རྣམས་སོ། །ཕྱི་མ་གང་ལྟར་འགྱུར་བ་ནི། མིང་མཐའ་དང་རྣམ་དབྱེ་སོགས་འདྲེན་པ་གཉིས་ལས། དང་པོ། ཕྱི་མ་རང་རང་མིང་མཐའ་བརྗོད་བདེ་འདྲེན། །དེ་ལ་ཐོག་མར་མིང་མཐའ་འདྲེན་པའི་ཚུལ་ནི། གཞུང་ལས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས། །མོ་ཡིས་མོ་ཡི་མིང་མཐའ་དྲངས། །མ་ནིང་གིས་ནི་མ་ནིང་ངོ་། །ཞེས་གསུངས་པས། མིང་སྔ་མའི་མཐའི་རྗེས་འཇུག་ཕོ་མོ་མ་ནིང་གསུམ་གང་ཡིན་པ་དེས། མིང་རྗེས་མའི་མིང་གཞིའི་རང་རང་གི་ཡི་གེ་འདྲེན་པར་བྱེད་པ་སྟེ། དེ་ཡང་ཕོས་ཕོ་ཡི་མིང་མཐའ་དྲངས་པ། དཔྱིད་ཀ །སྟོན་ཀ །ཐད་ཀ །སྟོད་ཀོར། བེརད་ཀ །བསྟོད་པ། མཁྱེནད་པ། བཅད་པ། ཕནད་པ། ཕྱིནད་པ། སྟེནད་པ། སྡོད་པ། རྩོད་པ། ནོད་པ། གློད་པ། ཁྱབ་པ། ཆུབ་པ། གྲུབ་པ། སྒྲུབ་པ། སྐྱོབ་པ། གདབ་པ། ཐོབ་པ། འགྲུབ་པ། ཐུབ་པ། སོས་ཀགཉིས་ཀབྱས་པ། བསྒྲུབས་པ། བརྟགས་པ། དགོངས་པ། གཏམས་པ། དངོས་པོ། དགོས་པ། གོམས་པ། བཟླས་པ། དམིགས་པ། ཆགས་པ། མཁྲིས་པ། བགས་པ། སྐྱེས་པ། རྟག་པ། འཕྲག་པ། ཟག་པ། ལྟག་པ། དག་པ། རེག་པ། ལག་པ། འདུག་པ། གདུག་པ། གཅིག་པུ། ཅིག་ཅར། བདག་ཅག་སོགས་དང་། མོས་མོའི་མིང་མཐའ་དྲངས་པ། གང་བ། བྱུང་བ། གསུང་བ། མཐོང་བ། འབྱུང་བ། འདྲོང་བ། གཏོང་བ། བསྐང་བ། དགང་བ། བཟང་བ། སྙིང་གམཐོང་གམཐིང་གལྗང་གུ། སྦང་མ། དང་མ། གདུང་མ། གསིང་མ། འདུང་མ། འདེམ་བ། གསུམ་བ། ཐམ་བ། ཟླ་བ། འདྲ་བ། དཔའ་བ། སྲ་བ། དགའ་བ། འཆའ་བ། བདེ་བ། རེ་བ། མཛའ་བ། བཀྲ་བ། གདའ་བ། ཉི་མ། དགའ་མ། གཏའ་མ། འདའ་གཡ་གཉ་གའདི་གགྲོ་གཁྱི་གུ། ལུ་གུ་སོགས་དང་། མ་ནིང་གིས་མ་ནིང་དྲངས་པ། སྟོན་ཁ། དགུན་ཁ། མོན་ཁ། དབྱར་ཁ། སེར་ཁ། གཏར་ཁ། ཤར་ཁ། མྱུར་ཁ། རལ་ཁ། ཐལ་ཁ། མཚལ་ཁ། རྒྱལ་ཁ། གསལ་ཁ། དཔལ་ཁ་སོགས་ཀྱིས་མཚོན་ཏེ། དེ་ལྟར་རྟགས་མཚུངས་འདྲེན་པར་གསུངས་པ་ནི་གཙོ་ཆེ་བའི་དབང་གིས་ཏེ། ཕལ་ཆེར་བརྗོད་བདེ་བས་སྒྲ་མཐུན་པ་དྲངས་པ་མང་སྟེ། དཔེར་ན་མ་ནིང་གིས་མོའི་རྟགས་དྲངས་བ། མངོན་བ། མཐུན་བ། བསྟར་བ། ཤར་བ། དར་བ། འཐུལ་བ། གསལ་བ། རྒྱལ་བ་ལྟ་བུ་དང་། མོ་རྟགས་མ་ཡིག་གིས་སྐྱེས་པའི་རྟགས་དྲངས་པ། དམ་པ། བསམ་པ། རྔམ་པ། སྐམ་པ། རམ་པ། རིམ་པ། ལྕམ་པ། རྣམ་པ། བུམ་པ་སོགས་དང་། ང་ཡིག་གིས་ཕོ་ཡིག་དྲངས་བ། རྐང་པ། ཁང་པ། སྟོང་པ་སོགས་དང་། ཕོས་མོ་ཡི་རྟགས་དྲངས་པ། ལྷས་མ། བཙས་མ། ལྟད་མོ། སྟག་མ་སོགས་ཀྱང་ཡོད་པས་དེའི་ཚུལ་ཤན་ཕྱེད་པར་བྱས་ནས་འཆད་འགྱུར་རྣམ་དབྱེ་དང་ཚིག་ཕྲད་ཀྱི་སྐབས་སུའང་དྲན་པར་བྱའོ། །ཞར་བྱུང་སྒྲ་ཡི་འབྱིན་ཐབས་སམ་ཡི་གེའི་ཀློག་ཚུལ་བསྟན་པ། བཀླག་ཐབས་རང་གནས་བྱེད་རྩོལ་ཟུར་ཐོན་གཅེས། །ཞེས་སྨོས་ཏེ། དེ་ཡང་ཡི་གེ་རྣམས་སོ་སོར་ཀློག་པའི་ཚེ་གོང་དུ་སྨོས་པའི་སོ་སོའི་གནས་དང་བྱེད་པ་དང་རྩོལ་བ་རྣམས་མཐུན་པ་ཞིག་གལ་ཆེ་ཞིང་གསལ་བྱེད་ལ་དབྱངས་ཡིག་སྦྱོར་བའི་ཚེ་ནའང་། ཀ་ལྟ་བུ་མགྲིན་པའི་སྐྱེ་གནས་ཅན་ལ་ཨི་ཨེ་མཚོན་བྱེད་གི་གུ་དང་འགྲེང་བུ་སྦྱར་བས་རྐན་གྱི་སྐྱེ་གནས་དང་ལྡན་པར་འགྱུར་བ་སོགས་ཤེས་པར་བྱས་ནས་དེ་དག་མཐུན་པའི་ཀློག་ཚུལ་ཐོན་དགོས་ཏེ། ཞིབ་པར་རྗེ་བཙུན་བསོད་ནམས་རྩེ་མོས། དེ་ཡང་ཡི་གེའི་གོ་རིམ་བཞིན། །བསླབས་ན་དག་པར་འགྱུར་བ་ཡིན། །དང་པོར་ཀ་ཁ་སུམ་ཅུ་བསླབ། །འབྱུང་གནས་བློ་ལ་ཞེན་པར་བྱ། །དེས་ན་དེ་ལ་གུག་སྐྱེད་ནི། །བཏགས་ཏེ་ཨི་ལ་གི་གུ་བརྗོད། །ཨུ་ལ་ཞབས་ཀྱུ་ཨེ་འགྲེང་བུ། །ཨོ་ལ་ན་རོ་བརྗོད་ཅིང་སྦྱར། །དེ་བཞིན་འབྱུང་གནས་ཤེས་པ་ཡི། །ཁ་ལྕེའི་འགྲོ་ཚུལ་ཡིད་ལ་འཆགས། །དེ་ནས་བརྩེགས་པའི་ཡི་གེ་བསླབ། །བཏགས་པའི་བརྡར་ནི་སྟ་ཞེས་བྱ། །གང་དང་གང་ལ་གང་བཏགས་པ། །གོ་རིམ་བཞིན་དུ་གནས་ནས་དབྱུང་། །དེ་ལ་ར་མགོ་ལྕེ་རྩེ་འདར། །ལ་མགོ་ལྕེ་ཀློད་རྒྱ་ཡང་བསྐྱེད། །ས་མགོ་སོ་ཡི་བར་ནས་དབྱུང་། །ལྷག་མ་རྣམས་ཀྱང་དེ་བཞིན་ཤེས། །གལ་ཏེ་མི་ཕྱིན་གྱུར་པ་ནི། །ཡི་གེ་ཕྲལ་ཏེ་བརྗོད་པར་བྱ། །དཔེར་ན་གྲ་ལ་ག་རའམ། །སྒྲ་ལ་སྒ་ར་ཇི་བཞིན་དུ། །དེ་ནས་འཕུལ་ལ་བསླབ་པར་བྱ། །གས་འཕུལ་ཐོག་མར་རྐན་ནས་དབྱུང་། །དས་འཕུལ་ལྕེ་རྩེ་ཀློད་པ་ལས། །བ་མས་འཕུལ་བ་ཐོག་མར་ནི། །མཆུ་བཙུམ་པ་ལས་ཁྱད་པར་སྣ། །འས་འཕུལ་གྲེ་བའི་ཕུགས་ནས་དབྱུང་། །འཕུལ་ཞིང་བརྩེགས་པའི་ཡི་གེ་ཡང་། །གོ་རིམ་བཞིན་དབྱུང་མ་ཕྱིན་ན། །དེ་ཡང་ཕྲལ་ཞིང་བཀླག་པ་སྟེ། །མཁྲ་ལ་མཁའ་ར་ཇི་བཞིན་ནོ། །སྦྱོར་དང་ཕྲལ་ཞིང་ནན་ཏན་བསྐྱེད། །དེ་ཡི་ཕྱི་ནས་ཤིན་ཏུ་བླ། །དེ་ནས་དེ་དག་རྣམས་ལ་ཡང་། །གུག་སྐྱེད་བཞི་པོ་སྦྱར་ཞིང་བཀླག །བརྩེགས་སམ་འཕུལ་ལམ་འཕུལ་ཞིང་བརྩེགས། །ཚེག་བར་གཅིག་ན་ཡི་གེའི་གྲངས། །དུ་ཡོད་དེ་དག་ཐམས་ཅད་ཀྱིས། གུག་སྐྱེད་མཉམ་པོར་ཐོབ་པ་ཡིན། །དཔེར་ན་སྒྲུ་ལ་སྒུ་རུའམ། །སྦྲེ་ལ་སྦེ་རེ་ཇི་བཞིན་ནོ། །དེ་ལྟར་མ་ཤེས་ཐམས་ཅད་ལ། །གུག་སྐྱེད་བཅས་ལ་ཕྲལ་ཞིང་སྦྱར། །དེ་ཡང་ལྕེ་ཡི་ཟུར་ཕྱིན་ནས། །དེ་ནས་དེ་ལ་མཐའ་བརྟན་བསླབ། །མཐའ་བརྟན་གྱི་ནི་ཡི་གེ་ལ། །བཞག་ཅེས་བྱ་བ་བརྗོད་པར་བྱ། །ཡང་ན་ལུས་དང་མཐའ་རྟེན་གྱི། །བར་དུ་ལ་ཞེས་བྱ་བ་གཞུག །སྦྱོར་ཞིང་ཀློག་པའི་དུས་ན་ནི། །མཐའ་རྟེན་ཟུར་ཕྱིན་རབ་ཏུ་བསླབས། །ཞེས་པ་ནས། ཟུར་ཕྱིན་མ་ནོར་ལྷག་ཆད་མེད། །སྒྲ་སྐད་མཉམ་ལ་ཐོགས་རྡུགས་མེད། །དལ་ཞིང་མགྲིན་པ་རབ་ཏུ་སྙན། །ཀློག་མཐར་ཕྱིན་པ་ཚད་ཡིན་ནོ། །ངག་གིས་དེ་ལྟར་མ་ཤེས་ན། །ཡིད་ཀྱིས་ཤེས་པས་ཅི་ཞིག་ཕན། །ཟས་ཉིད་ཁ་ཡིས་མ་ཟོས་ན། །ཐོས་པས་འགྲངས་ལ་མི་ཕན་བཞིན། །དེ་ཕྱིར་དང་པོ་ལེགས་པར་བསླབ། །མ་དག་པ་ཞིག་སྔར་ཤེས་ན། །སྦྱོར་བའམ་ནི་རྐྱང་ཀློག་ཏུ། །བཤིག་ནས་བསླབས་ན་མཁས་པར་འགྱུར། །ཞེས་པའི་བར་གྱིས་རྒྱ་ཆེར་གསུངས་ཏེ་ཡི་གེའི་བཀླག་ཐབས་བྱིས་པ་བདེ་འཇུག་ཏུ་བལྟ་བར་བྱའོ། །ཡི་གེའི་བརྡ་དག་གསལ་བར་བྱེད་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན་ལས་རྟགས་གསུམ་གྱི་དབྱེ་བ་ཇི་ལྟར་འཇུག་པའི་ཚུལ་བཤད་པའི་སྐབས་ཏེ་གསུམ་པའོ།། །།

རྣམ་དབྱེ་དང་ཚིག་ཕྲད་དབྱེ་བསྡུའི་ཁྱད་པར་གཞན་བཤད་པ།

༈ ད་ནི་རྣམ་དབྱེ་དང་ཚིག་ཕྲད་དབྱེ་བསྡུའི་ཁྱད་པར་གཞན་བཤད་པ་ལ། རྟགས་ཀྱི་འཇུག་པར། མིང་མཐའ་དེ་དག་ཉིད་ཀྱིས་ནི། །དེ་ཉིད་རང་གི་སྒྲ་མཐུན་པའི། །ཆོས་དངོས་ལས་དང་བྱེད་པ་དང་། །སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། །གནས་དང་བོད་པའི་སྒྲ་ཡང་དྲངས། །ཞེས་སོགས་གསུངས་པ་ལྟར་གྱི་གོ་རིམ་ངེས་པས། རྩ་བའི་བདུན་པ་རྣམ་དབྱེའི་ངོ་བོ་བཤད་པ་ནི། སྤྱིར་ཡིག་འབྲུ་སིལ་བུ་པ་ཀ་དང་བ་ལྟ་བུ་དུ་མ་འདུས་པ་ལས་ཀ་བ། བུམ་པ། ལྟ་བུ་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་འབྱུང་ལ། མིང་དུ་མ་འདུས་པ་ལས་ཀ་བ་རིང་པོ། བུམ་པ་གསར་པ་ལྟ་བུ་དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་བའི་ཚིག་འབྱུང་། ཚིག་དུ་མ་འདུས་པ་ལས་བརྗོད་བྱའི་དོན་རྣམས་སྟོན་པར་བྱེད་པ་ཡིན་ཏེ། སྔ་མ་ལས། ཡི་གེའི་ཁོངས་ནས་མིང་དབྱུང་ཞིང་། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །ཅེས་གསུངས། འོན་ཀྱང་ཚིག་གི་མཐར་རྣམ་དབྱེ་དང་ཕྲད་གང་རུང་མ་ཞུགས་པར་དོན་གྱི་ཁྱད་པར་རྫོགས་པར་སྟོན་མི་ནུས་ཤིང་། རྣམ་དབྱེ་ཞེས་པའང་ལས་དང་བྱེད་པ་སོགས་དོན་དང་གཅིག་གཉིས་མང་པོ་སྟེ་གྲངས་རྣམ་པར་དབྱེ་བའི་དོན་གྱིས་ཏེ། དེ་ལ་ཡང་ལེགས་སྦྱར་གྱི་སྐད་ལ་མིང་གི་མཐར་ཚིག་ཏུ་འགྲུབ་པར་བྱེད་པའི་རྐྱེན་སི་སོགས་བདུན་གསུམ་ཉེར་གཅིག་པོ་རྣམས་ཏེ། བོད་སྐད་ལ་དངོས་སུ་མི་འབྱུང་ཡང་། དོན་ཐོབ་ཀྱི་དབང་གིས་དོན་རྗོད་པར་བྱེད་པའི་སྐད་རིགས་ཐམས་ཅད་ལ་རྣམ་དབྱེ་དེ་རྣམས་མེད་པ་མི་སྲིད་པས་སྔོན་གྱི་མཁན་པོ་ཐུ་མིས་འདི་ལྟར་སྦྱོར་བ་མཛད་དེ། རྣམ་དབྱེ་ངོ་བོ་ཙམ་སྟོན་ལས་སུ་བྱ། །བྱེད་པོ་དགོས་ཆེད་འབྱུང་ཁུངས་འབྲེལ་བའི་སྒྲ། །རྟེན་གནས་དང་བཅས་བདུན་ཡིན་དེ་ལ་ཡང་། །གཅིག་ཚིག་གཉིས་ཚིག་མང་ཚིག་རྣམ་པར་དབྱེ། །ཞེས་སྨོས་ཏེ། དེ་ཡང་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ་ནི། དོན་གྱི་ངོ་བོ་ཙམ་ལས་ཁྱད་པར་གཞན་མི་སྟོན་ཅིང་ལེགས་སྦྱར་ལ་རྣམ་དབྱེ་དང་པོའི་རྐྱེན་སྦྱོར་དུ་ཡོད་ཀྱང་བོད་སྐད་ལ་རྣམ་དབྱེ་དང་པོ་དང་མིང་རྐྱང་གཉིས་ལ་ཁྱད་པར་མེད་པས། སངས་རྒྱས། མེ་ཏོགཤིང་ལྟ་བུ་མིང་ཙམ་སྟོན་པའོ། །གཉིས་པ་ལས་སུ་བྱ་བ་ནི། སངས་རྒྱས་ལ་ཕྱག་འཚལ། མེ་ཏོག་ལ་ལྟ། ཤིང་ལ་བསྣུན་ལྟ་བུ་བྱ་བ་གང་ལ་བྱེད་པའི་ལས་ཅན་དུ་གྱུར་པ་སྟེ་དེ་ཡང་། སངས་རྒྱས། མེ་ཏོགཤིང་རྣམས་ནི། ཕྱག་འཚལ་བ་དང་། ལྟ་བ་དང་། བསྣུན་པའི་བྱ་བ་འཇུག་པའི་ཡུལ་ཡིན་པས་དེ་དག་ལ་ལས་ཀྱི་སྒྲ་འཇུག་པ་ཡིན་ནོ། །གསུམ་པ་བྱེད་པ་པོ་ནི། སངས་རྒྱས་ཀྱིས་གསུངས། མེ་ཏོག་གིས་བརྒྱན། ཤིང་གིས་ཕུག་ལྟ་བུ་བྱེད་པ་པོས་བྱ་བ་ལ་སྦྱོར་བ་སྟོན་པ་སྟེ། གསུངས་པ་དང་། བརྒྱན་པ་དང་། ཕུག་པ་རྣམས་བྱ་བ། དེ་བྱེད་མཁན། སངས་རྒྱས། མེ་ཏོགཤིང་རྣམས་ཡིན་པས་དེ་ལ་བྱེད་པ་པོའི་ཚིག་འཇུག་པའོ། །བཞི་པ་དགོས་ཆེད་ནི། སངས་རྒྱས་ལ་གདུགས་དབུབ། མེ་ཏོག་ལ་བྱི་བ་སྲུང་། ཤིང་ལ་ཆུ་འདྲེན་ལྟ་བུ་བྱ་བ་གང་ཞིག་གིས་བྱ་བའི་ཡུལ་དེའམ། དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པར་འགྱུར་བའི་ཆེད་དུ་བྱ་བའི་ལས་ལ་འཇུག་པ་སྟེ། གདུགས་དབུབ་པ། བྱི་བ་སྲུང་བ། ཆུ་འདྲེན་པ་སོགས་བྱ་བ། དེ་གང་གི་ཆེད་དུ་བྱ་བའི་ཡུལ། སངས་རྒྱས། མེ་ཏོགཤིང་རྣམས་ཡིན་པས་དེས་དེ་ལ་ཕན་འདོགས་པས་ན་དགོས་ཆེད་ཀྱི་སྒྲ་འཇུག་པའོ། །ལྔ་པ་འབྱུང་ཁུངས་ནི། སངས་རྒྱས་ལས་ཆོས། མེ་ཏོག་ལས་སྦྲང་རྩི། ཤིང་ལས་འབྲས་བུ་ལྟ་བུ་འབྱུང་ཁུངས་སམ་གང་ལས་འབྲེལ་བའི་དོན་ལ་འཇུག་པ་སྟེ། ཆོས་དང་སྦྲང་རྩི་ཤིང་འབྲས་རྣམས་ཀྱི་འབྱུང་ཁུངས་སངས་རྒྱས་དང་མེ་ཏོག་ཤིང་རྣམས་ཡིན་པས་དེའི་སྒྲ་འཇུག་པའོ། །དྲུག་པ་འབྲེལ་བའི་སྒྲ་ནི། སངས་རྒྱས་ཀྱི་མཚན་དཔེ། མེ་ཏོག་གི་ཟེ་འབྲུ། ཤིང་གི་ཡལ་ག་ལྟ་བུ་རྟེན་དང་བརྟེན་པའམ་ཡན་ལག་དང་ཡན་ལག་དང་ཡན་ལག་ཅན་སོགས་མིང་དོན་ཕན་ཚུལ་འབྲེལ་བར་བརྗོད་པའི་དོན་ཅན་ཏེ། མཚན་དཔེ་སོགས་ཡན་ལག་གམ་ཁྱད་ཆོས་དེ་རྣམས་སངས་རྒྱས་སོགས་ཡན་ལག་ཅན་ནམ་ཁྱད་གཞི་དེ་རྣམས་དང་ཕན་ཚུན་འབྲེལ་བའི་དོན་གྱིས་སོ། །བདུན་པ་གནས་གཞི་ནི། པད་གདན་ལ་སངས་རྒྱས། རྫིང་ན་མེ་ཏོགཤིང་ལ་བྱ་གནས་ལྟ་བུ་གང་ཞིག་གང་ལ་བརྟེན་པའམ་ཡོད་པའི་དོན་ཅན་ཏེ། སངས་རྒྱས། མེ་ཏོགབྱ་རྣམས་ཀྱི་རྟེན་གནས་སམ་གནས་པའི་གཞི་ནི། པད་གདན། རྫིང་བུ། ཤིང་རྣམས་ཡིན་པས་དེ་སྐད་ཅེས་བྱའོ། །བརྒྱད་པ་བོད་པ་ཞེས་ཟེར་ཡང་བོད་པའི་ཡུལ་ལ་རྣམ་དབྱེ་དང་པོ་ཉིད་འཇུག་ཅིང་ཀྱེ་དང་ཀྭ་སོགས་ནི་བོད་པ་གསལ་བྱེད་ཀྱི་སྒྲ་ཡིན་གྱི་རྣམ་དབྱེ་མ་ཡིན་པས་ལོགས་སུ་དབྱེར་མེད་དོ། །དེ་རྣམས་ཀྱང་དོན་ལ་སྦྱོར་ཚུལ་གྱི་སྒོ་ནས་དབྱེ་ན་ལེགས་སྦྱར་དང་མཐུན་པར་བདུན་པོ་རེ་རེ་ལའང་གཅིག་ཚིག་གཉིས་ཚིག་མང་ཚིག་གི་དབྱེ་བས་ཉི་ཤུ་རྩ་གཅིག་ཉིད་དུ་འགྱུར་ཏེ། ཀྱེ་སངས་རྒྱས། སངས་རྒྱས་དགསངས་རྒྱས་རྣམས་ལྟ་བུས་མཚོན་ཏེ་ཤེས་པར་བྱའོ། །སྐབས་འདིར་འགྲེལ་ཆེན་དུ། རྣམ་དབྱེ་སྦྱར་སའི་མིང་བདུད་རྩི་ལྟ་བུ་ལ་དེའི་རྗེས་སུ་སྤྱི་ལ་འཇུག་པའི་སྒྲ་གང་ཞིག་ལྟ་བུ་ཡོད་ན་མིང་སྔ་མར་རྣམ་དབྱེ་དང་པོ་འཇུག་པ་ཡིན་ཡང་བོད་སྐད་ལ་མིང་རྐྱང་དང་རྣམ་དབྱེ་དང་པོ་སོ་སོར་མཚོན་མི་ནུས་པས་མིང་རྐྱང་དེ་གར་གནས་པ་བདུད་རྩི་གང་ཞིག་ལྟ་བུར་འགྱུར་བ་དང་། མིང་དེའི་མཐར་འཚོ་བར་བྱེད་ལྟ་བུ་བྱེད་པའི་སྒྲ་ཡོད་ན་རྣམ་དབྱེ་གསུམ་པ་འཇུག་པས་བདུད་རྩིས་འཚོ་བར་བྱེད། ཅེས་པར་འགྱུར་བ་དང་། དེ་བཞིན་དུ་སྦྱར་ཏེ་མིང་དེའི་མཐར་ཆེད་དུ་སྦྱར་བའི་སྒྲ་མོས་པ་ལྟ་བུ་ཡོད་ན་རྣམ་དབྱེ་བཞི་པ་འཇུག་པས་བདུད་རྩི་ལ་མོས་པ་ཞེས་སུ་འགྱུར་བ་དང་། བརྟེན་ལྟ་བུའི་བརྟེན་བྱེད་ཀྱི་སྒྲ་ཡོད་ན་བདུན་པ་འཇུག་པས་བདུད་རྩི་ལ་བརྟེན་ཅེས་དང་། བསྒྱུར་ལྟ་བུའི་ལས་སུ་བྱ་བའི་སྒྲ་ཡོད་ན་གཉིས་པ་ཐོབ་པས་བདུད་རྩིར་བསྒྱུར་ཅེས་དང་། བླང་བར་བྱ་ལྟ་བུའི་བླང་བྱའི་སྒྲ་ཡོད་ན་ལྔ་པ་འཇུག་པས་འདུད་རྩི་ལས་བླང་བར་བྱ་ཞེས་དང་། བསྒྲུབ་བྱ་རྒྱ་མཚོ་ལྟ་བུའི་སྒྲ་ཡོད་ན་དྲུག་པ་འཇུག་པས་བདུད་རྩིའི་རྒྱ་མཚོ་ཞེས་དང་། སྔོན་དུ་འབོད་པར་འོས་པའི་མིང་བདུད་རྩི་ལྟ་བུ་ཡོད་ན་དེ་ལའང་ལས་བཅོལ་རྒྱུ་ལྟ་བུ་འབོད་པར་འོས་པའི་དོན་ཡོད་ནའང་རྣམ་དབྱེ་དང་པོ་འཇུག་ཅིང་བོད་པ་གསལ་བྱེད་ཀྱི་སྒྲའང་སྦྱར་བར་བྱ་སྟེ། བདུད་རྩི་མ་ཀྱེ་བདག་ལ་འཆི་མེད་སྩོལ། །ཅེས་པར་འགྱུར་བ་སོགས་ཤེས་པར་བྱའོ་ཞེས་གསུངས་ཏེ། བདུད་རྩི་མ་ཀྱེ་ཞེས་མིང་གི་ཐ་མར་བོད་པའི་སྒྲ་སྦྱར་ནས་བདག་ལ་འཆི་མེད་སྩོལ་ཅེས་འདོད་དོན་གསོལ་བའོ། །བརྒྱད་པ་ཚིག་གི་ཕྲད་ཀྱིས་རྒྱས་པར་བཤད་པ་ལ། ཚིག་གི་ཕྲད་ཅེས་པ་སྤྱིར་མིང་ཙམ་གཉིས་སམ་དུ་མ་སྦྲེལ་བའི་ཚེ་བར་དུ་མཚམས་སྦྱོར་བའམ་དོན་གསལ་བ་ལ་ཕན་འདོགས་པར་བྱེད་ཅིང་འགའ་ཞིག་དེ་འདྲའི་ཐོག་མཐའ་གཉིས་དང་མིང་རྐྱང་ཙམ་ལའང་དོན་གསལ་བའམ་བརྗོད་བདེ་བ་ལ་ཕན་འདོགས་པར་བྱེད་པའི་སྒྲའི་རྣམ་པ་ཞིག་སྟེ། དེ་ཡང་། ཚིག་ཕྲད་ལྟོས་དང་མི་ལྟོས་རྣམ་པ་གཉིས། །ཞེས་སྨོས་ཏེ། རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་དང་། ཕྲད་རང་དབང་ཅན་གཉིས་ལས། དང་པོར་བརྒྱད་ཡོད་སླར་བསྡུ་ལ་དོན་དང་། །ཨི་ལྡན་རྒྱན་སྡུད་ལྷག་བཅས་འབྱེད་དང་སྡུད། །འབྱུང་ཁུངས་བོད་པའི་སྒྲ་རུ་ཤེས་པར་བྱ། །དེ་ལས་དང་པོ་སླར་བསྡུ་ནི། དང་པོ་རྗེས་འཇུག་བཅུ་པོ་རང་རང་དང་། ད་དྲག་ཅན་མཐར་ཏ་ལ་རྣ་རུ་སྦྱར། །གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ། །སོ་དང་ཏོ་བཅས་བཅུ་གཅིག་དོན་གྱིས་འཐོབ། །དེ་དག་ཇི་ལྟར་སྦྱར་བའི་ཚུལ་དཔེར་བརྗོད་པ། རྟག་གོ་བཟང་ངོ་དཔལ་ཡོད་དོ། །ཡིན་ནོ་གྲུབ་བོ་དོན་བསམ་མོ། །བྱའོ་འགྱུར་རོ་རྐྱེན་སེལ་ལོ། །བྱ་བ་བྱས་སོ་ཆོས་བསྟནད་ཏོ། །མངོན་དུ་གྱུརད་ཏོ་བཀའ་སྩལད་ཏོ། །ལྟ་བུ་སྟེ། དེ་ནི་སླར་བསྡུ་རྫོགས་ཚིག་ཟླ་སྡུད་གྲགས། །ཞེས་སྨོས་ཏེ། སྐབས་བབས་ཀྱི་བརྗོད་བྱའི་དོན་ནམ་ཚིག་ཉིད་དེ་ཙམ་གྱིས་བསྡུ་བར་སོང་བས་སླར་བསྡུའི་སྒྲ་ཞེས་སམ། དོན་དེ་རེ་ཞིག་ཡར་རྫོགས་པར་བསྡུ་བས་རྫོགས་ཚིག་གམ་། མིང་ཚིག་གི་ཟླས་ཕྱེས་ནས་བསྡུ་བས་ཟླ་སྡུད་སོགས་མིང་གི་རྣམ་གྲངས་དུ་མར་གྲགས་པ་ཅན་ཏེ། དེ་ཡང་། མིང་ཚིག་གི་ཟླས་དབྱེ་བའི་མིང་ལས་གྲུབ་པ། ཀ་བའོ། །བུམ་པའོ་ལྟ་བུ་སྔོན་སོང་མིང་མཐའི་བསྡུ་བ་དང་། སྐྱབས་ཡུལ་ལོ། །དཀོན་མཆོག་གོ་ལྟ་བུ་སོ་སོར་བྱེ་བྲག་མང་པོ་ཡོད་པ་རྣམས་བསྡུས་པ་ནི་མིང་མཐའི་བསྡུ་བ་སྤྱི་སྒྲ་དང་། གདོད་མ་ཉིད་ནས་རྣམ་པར་དག་གོ །གནའ་བོའི་གཏམ་ནི་སྔོན་ནས་བྱུང་ངོ་། །རིགས་གནས་ཡོངས་སུ་རྫོགས་པར་གྱུར་ཏོ་ལྟ་བུ་རྫོགས་བསྡུ་གཉིས་ཀ་དང་། རབ་བྱེད་དགུ་པའོ། །མཐར་ཐུག་གོ །རྫོགས་སོ་ལྟ་བུ་རྫོགས་ཚིག་དངོས་དང་། འདི་ནི་ཆོས་སོ། །བསླབ་བྱའོ། །དེ་བཟང་ངོ་ལྟ་བུ་ངེས་གནས་དང་། སླད་མར་བྱའོ། །སྙམ་མོ། །བྱེད་དོ་ལྟ་བུ་བསམ་པའི་དོན་ནི་མ་འོངས་པའི་སླར་བསྡུ་དང་། གཞན་ཡང་དབྱངས་[ཅན་ཞུ་མཆན།] ལྷ་མོ་ལ་སྒྲ་དབྱངས་ལྷ་མོར་གྲགས་སོ་ལྟ་བུ་ངེས་ཚིག་དང་། དེ་དང་འདི་མི་འདྲའོ། །དེ་དང་འདི་མཚུངས་སོ་ལྟ་བུ་དབྱེ་ཚིག་གིས་མཚོན་ཏེ། མདོར་ན། འདས་པ་ལ་དེ་ལྟར་བྱུང་ཟིན་ཏོ། །ད་ལྟ་བྱུང་ངོ་། །མ་འོངས་པ་ན་འབྱུང་ངོ་ལྟ་བུ་དུས་གསུམ་ག་ལ་འཇུག་པ་སོགས་ཡོད་ཀྱང་། ཐམས་ཅད་ཀྱིས་མ་འོངས་པས་སླར་བསྡུ་བ་མཚོན་པའི་གནད་ཀ་ཤེས་པར་བྱ་གསུངས། གཉིས་པ་ལ་དོན་ནི། གཉིས་པ་སུ་ར་རུ་དུ་ན་ལ་ཏུ། །སྦྱོར་ཚུལ་ས་སུ་ག་བ་ད་དྲག་ཏུ། །ང་ད་ན་མ་ར་ལའིི་རྗེས་སུ་དུ། །འ་མཐར་ར་རུ་གང་མོས་ན་ལ་གཉིས། །ཅི་བདེར་སྦྱོར་ལ་ལ་དོན་བདུན་ཞེས་བཤད། །དེ་ཡང་སུ་ར་རུ་དུ་ན་ལ་ཏུ་སྟེ་ཡིག་འབྲུ་བདུན་པོ་སྦྱོར་ཚུལ་རྗེས་འཇུག་དང་ཡང་འཇུག་གི་ས་མཐར་སུ་དང་། ག་བ་གཉིས་དང་ད་དྲག་ཅན་གྱི་མཐར་ཏུ་དང་། ང་ད་ན་མ་ར་ལ་རྣམས་ཀྱི་རྗེས་སུ་དུ་དང་། འ་མཐའ་དངོས་སུ་སྦྱར་བའམ་མ་སྦྱར་བ། ལྷ། མི། འགྲོ་ལྟ་བུ་མཐའ་རྟེན་མེད་པའི་རིགས་རྣམས་ལའང་འ་མཐའ་དོན་གྱིས་འཐོབ་པས་ར་དང་། རྐང་པ། ཁ་སྐོང་དགོས་པའི་ཚེ་རུ་ཞེས་སྦྱར་ཏེ། སྐྱབས་སུ་རྟག་ཏུ་རབ་ཏུ་བསྟེན། །ཀུན་ཏུ་གོང་དུ་ཆེད་དུ་བཀུར། །གཏན་དུ་གམ་དུ་མྱུར་དུ་འགྲོ། །ཡུལ་དུ་ལྷ་རུ་བསྟེན་པར་བྱ། །ལྟ་བུ་དང་། འོག་ལ། འོག་ན། སྟེང་ལ། སྟེང་ན། ལྟ་བུ་ན་ལ་གཉིས་ནི་སྐབས་དང་བསྟུན་ཏེ་རྗེས་འཇུག་ཐམས་ཅད་ལ་བྱེ་བྲག་མེད་པར་ཅི་རིགས་སུ་སྦྱར་བར་བྱ་སྟེ། དེ་ལྟ་བུའི་ལ་དོན་བདུན་པོ་དེ་གང་ལ་འཇུག་ན། ལས་དང་ཆེད་དང་རྟེན་གནས་དེ་ཉིད་དང་། །ཚེ་སྐབས་དང་བཅས་རྣམ་པ་ལྔ་ལ་འཇུག །ནས་ལས་གཉིས་ལ་འཇུག་སྒོ་གཞན་ཡང་ཡོད། །ཅེས་སྨོས་ཏེ་དེ་དག་རྣམ་དབྱེ་དང་སྦྱར་ཚུལ། སྐྱབས་སུ་མཆི། ཆོས་ལ་བརྟེན། སྡིག་པར་འཛེམ། དགེ་ལ་འཇུགམཐའ་རུ་འཁྱོལ། ཕ་རོལད་ཏུ་ཕྱིན། སྟེང་ན་འགྲོ། སེམས་ལ་ལྟ། ལྟ་བུ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་། ཆོས་ཕྱོགས་སུ་དཀའ་བ་སྤྱད། དམན་པར་བརྩེ། མཐོ་རིས་ཀྱི་ཆེད་དུ་ཚུལ་ཁྲིམས་སྲུང་། ལོངས་སྤྱོད་ཀྱི་ཕྱིར་སྦྱིན་པ་གཏོང་། མཛེས་ཕྱིར་རྒྱན་ཐོགས། ཕ་ལ་གོས་ཚེམས། མ་ལ་ཟས་བྱིན། ཚོགས་ན་ནོར་འགྱེད། མཁས་པ་རུ་གཞུང་སློབ་ལྟ་བུ་བཞི་པ་དགོས་ཆེད་དང་། ཤར་ཕྱོགས་སུ་དབང་པོ་གནས། ནམ་མཁར་ཉི་ཟླ་གསལ། རྔ་ཡབ་ན་པད་འབྱུང་། སྟེང་དུ་གདུགས། འོག་ཏུ་སེང་ཁྲི། ས་གཞི་རུ་ཁྲོམ་འཚོགས། མཚོ་ལ་གཟུགས་བརྙན་སྣང་ལྟ་བུ་བདུན་པ་རྟེན་གནས་དང་། གཟུགས་སུ་གྲུབ། ལྷར་གསལ། བརྡ་རུ་བསྟན། སྲ་བར་བྱེད། འོད་དུ་འཚེར། བརྟན་པར་གྱུར་ལྟ་བུ་རྣམ་དབྱེ་གཉིས་པའི་བྱེ་བྲག་ལས་དང་བྱ་བ་ངོ་བོ་གཅིག་པ་དེ་ཁོ་ན་ཉིད་དམ་བདེན་པ་ལ་འཇུག་པ་སྟེ། འདི་ལ་ན་ལ་གཉིས་མི་འཇུག་གོ །ཡང་ནམ་མ་ལངས་བ་རུ་ལྡང་། ཉི་མ་ཤར་བ་ན་ཆོས་སྟོན། གུང་ལ་མདོ་འདོན། རྗེས་སུ་ཁ་ཏོན་བྱེད། རྟག་ཏུ་བདེན་པར་སྨྲ། ཚེས་བཅོ་ལྔ་རུ་གསོ་སྦྱོང་བྱ་ལྟ་བུ་རྣམ་དབྱེ་བདུན་པའི་བྱེ་བྲག་ཚེ་སྐབས་ཏེ་དུས་བརྗོད་པ་དང་བཅས་ལྔ་ལ་འཇུག་ཅིང་། དེར་མ་འདུས་པ་ན་དང་ལ་གཉིས་ལ་འཇུག་སྒོ་གཞན་ཡང་ཡོད་དེ། ནའི་སྒྲ་དམིགས་ཀྱིས་དབྱེ་བའི་དོན་དུ་སྦྱར་བ། མདོར་བསྡུ་ན། ངེས་པར་ན། དོན་དུ་ན་ལྟ་བུ་དང་། རྒྱུ་མཚན་གྱི་དོན་དུ་སྦྱར་བ། འདི་ཡོད་ན་འདི་འབྱུང་། མེ་ཡོད་ན་དུ་བ་འབྱུང་ལྟ་བུ་དང་། རྒྱུ་མཚན་དོན་གྱིས་བསྟན་པའི་དོན་དུ་སྦྱར་བ། འདུས་བྱས་ཡིན་ན་མི་འཇིག་པ་ག་ལ་ཡོད། ཟག་བཅས་ཡིན་ན་སྡུག་བསྔལ་ལས་འོས་ཅི་ལྟ་བུ་དང་། སྔར་ལྟར་མ་ཡིན་པའི་དོན་དུ་སྦྱར་ན། མི་འདི་སྔར་ནི་བླུན་ན་ད་ནི་མཁས་སོ། །སྔར་དགྲ་ཡིན་ན་ད་ནི་མ་ཡིན་ནོ་ལྟ་བུ་དང་། སྔ་མར་འོས་དཀའ་བ་སྦྱར་ནས། ཕྱི་མ་ངེས་པའི་དོན་དུ་སྦྱར་བ། ལྷས་ཀྱང་བཏུད་ན་མིས་ལྟ་ཅི་སྨོས། གཉེན་གྱིས་ཀྱང་བཅོམ་ན་དགྲས་ལྟ་ཅི་སྨོས་ལྟ་བུ་དང་། སྔ་མར་འོས་པ་བཀོད་ནས་ཕྱི་མར་མི་འོས་པ་སྦྱར་ཏེ་ཚིག་ཕྱི་མ་ངེས་པའི་དོན་དུ་སྦྱར་བ། དུད་འགྲོ་རྣམས་བླུན་པ་ཉིད་ན་མིའང་དེ་ལྟ་བུ་དག་མཐོང་ངོ་། །དགྲས་བསླུ་བར་བྱེད་ན་གཉེན་གྱིས་ཀྱང་བསླུས་སོ། །ལྟ་བུ་དང་། སྨོན་པའི་དོན་དུ་སྦྱར་བ། བདག་སངས་རྒྱས་སུ་གྱུར་ན་ཅི་མ་རུང་། འགྲོ་རྣམས་བདག་གཅིག་པུས་སྒྲོལ་བར་ནུས་ན་སྙམ་མོ་ལྟ་བུ་དང་། ཐེ་ཚོམ་གྱི་དོན་དུ་སྦྱར་བ། ས་བོན་ནི་བཏབ་ན། འདི་ལས་འབྲས་བུ་ལེགས་པར་འབྱུང་ངམ་མི་འབྱུང་། དོན་འདི་སྒྲུབ་ན་འགྲུབ་བམ་མི་འགྲུབ་ཅི་ཞིག་འགྱུར་ལྟ་བུ་མང་ངོ་། །ལ་ཡིག་ལྷག་བཅས་ཀྱི་དོན་དུ་སྦྱར་བ། རབ་ཏུ་བྱུང་ལ་མཁས་པར་བྱ། །དབེན་པ་བསྟེན་ལ་ཉམས་སུ་ལེན། །ལྟ་བུ་དང་། ཚིག་སྔ་ཕྱི་མཚམས་སྦྱོར་ཙམ་གྱི་དོན་ལ་སྦྱར་ན། གསལ་ཞིང་དང་ལ་དྲི་མ་མེད་པ། ངང་རྒྱུད་བརྟན་ལ་འགྱུར་བ་མེད་པ་ལྟ་བུ་འཇུག་སྒོ་མང་ངོ་། །གསུམ་པ་ཨི་ལྡན་ནི། གསུམ་པ་ཀྱི་གྱི་གི་འི་ཡི་དང་ལྔ། །སྦྱོར་ཚུལ་ད་བ་ས་ཀྱི་ག་ང་གི། །ན་མ་ར་ལར་གྱི་དང་འ་མཐར་འི། །རྐང་ཁ་སྐོང་ཚེ་ཡི་སྦྱར་འབྲེལ་བའི་སྒྲ། །རྗེས་འཇུག་ད་བ་ས་གསུམ་གྱི་མཐར་ཀྱི་དང་། ག་ང་གཉིས་ཀྱི་མཐར་གི་དང་། ན་མ་ར་ལ་བཞིའི་མཐར་གྱི་དང་། འ་མཐར་འི་ཡི་གཉིས་སྐབས་གང་བདེར་སྦྱར་བ་སྟེ། ཁྱོད་ཀྱི་རྒྱབ་ཀྱི་གཡས་ཀྱི་ཆར། །བདག་གི་ཞིང་གི་མདུན་གྱི་སར། །ལམ་གྱི་ཟུར་གྱི་དཔལ་གྱི་སྟེང་། །ལྷ་ཡི་ཁང་དེའི་ནང་དུ་འདུག །ལྟ་བུ་སྟེ། འདིར་སྔོན་གྱི་མཁས་པ་རྣམས་ད་དྲག་གི་མཐར་ཀྱི་ཐོབ་པར་བཞེད་དོ། །འདི་རྣམས་གང་ལ་འཇུག་ན་ཕན་ཚུན་འབྲེལ་བ་སྟོན་པའི་དོན་གྱིས་རྣམ་དབྱེ་དྲུག་པ་འབྲེལ་བའི་སྒྲ་སྟེ། དེ་ལ་ཡང་། ཆོས་ཀྱི་སྐུ། གསེར་གྱི་རྒྱན། ཆུའི་བརླན་ལྟ་བུ་ངོ་བོ་བདག་གཅིག་གི་འབྲེལ་དང་། མེ་ཡི་དུ་བ། ས་བོན་གྱི་མྱུ་གུ། དགེ་བའི་འབྲས་བུ་ལྟ་བུ་དེ་ལས་དེ་བྱུང་གི་འབྲེལ་དང་། ཕྱུག་པོའི་ནོར། རྒྱལ་པོའི་མངའ་འབངས། བདག་གི་གནས་མལ་ལྟ་བུ་བདག་པོ་དང་ཡུལ་གྱི་འབྲེལ་དང་། ཁྱིམ་གྱི་ལྷ། བུམ་ནང་གི་ཆུ། ཁང་བའི་གསེར་ཏོག་ལྟ་བུ་རྟེན་དང་བརྟེན་པའི་འབྲེལ་དང་། ཤིང་གི་ཡལ་གལུས་ཀྱི་ཡན་ལགལག་པའི་སོར་མོ་ལྟ་བུ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་སོགས་ནང་གི་དབྱེ་བ་མང་ཡང་རྟོགས་པར་སླའོ། །དེ་ལས་གཞན་ཡང་། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ །བདག་གི་སྐྱབས་ནི་སངས་རྒྱས་ཡིན་གྱི་དྲག་པོ་སོགས་གཞན་མ་ཡིན་ནོ། །འདི་ལྟར་འཐད་ཀྱི་འོན་ཀྱང་ལྟ་བུ་ཕྱི་ཚིག་འགལ་བའམ་མི་མཐུན་པའི་ཚིག་རྒྱན་ལ་ཡང་འཇུག་གོ །ཡང་། དེ་ལ་ས་སྦྱར་བྱེད་པ་པོ་རུ་འགྱུར། །ཞེས་སྨོས་ཏེ། གོང་སྨོས་ལྔ་པོ་ལ་རྗེས་འཇུག་གི་ས་མཐའ་སྦྱར་བ། ཀྱིས་གྱིས་གིས་འིས་ཡིས་གྲུབ་པ་ནི་རྣམ་དབྱེ་གསུམ་པ་བྱེད་པ་པོའི་སྒྲར་འགྱུར་ཏེ། ཁྱོད་ཀྱིས་ཐོབ་ཀྱིས་ཕྱོགས་ཀྱིས་མཚོན། །བདག་གིས་ལུང་གིས་ནན་གྱིས་བཤད། །རིམ་གྱིས་པིར་གྱིས་དལ་གྱིས་བྲིས། །ལྷ་ཡིས་བཀའ་སྩལ་མི་འདིས་སྒྲུབ། །ལྟ་བུ་སྟེ་རྟོགས་པར་སླ་མོད་དེང་སང་ཕྱོགས་འདིར་བརྟག་དཔྱད་མ་བཏང་བར་བྱེད་འབྲེལ་གྱི་སྒྲ་འདི་གཉིས་ཤིན་ཏུ་ནོར་བ་མང་འདུག་པས་ཞིབ་ཏུ་བརྟག་པར་མཛོད་ཅིགབཞི་པ་རྒྱན་སྡུད་ནི། བཞི་པ་ཀྱང་འང་ཡང་གསུམ་འཇུག་ཚུལ་ནི། །ག་ད་བ་ས་ད་དྲག་ཅན་མཐར་ཀྱང་། །ང་ན་མ་ར་ལ་ཡང་འ་མཐར་འང་། །རྐང་ཁ་སྐོང་ཚེ་ཡང་སྦྱར་མཐུན་པ་དང་། །མི་མཐུན་ཚིག་རྒྱན་གཉིས་དང་སྡུད་སྒྲར་འགྱུར། །རྗེས་འཇུག་ག་སོགས་བཞི་དང་ད་དྲག་ཅན་གྱི་མཐར་ཀྱང་དང་། ང་སོགས་ལྔའི་མཐར་ཡང་དང་། འ་མཐར་འང་ཡང་གཉིས་གང་བདེར་སྦྱར་བ་སྟེ། བཀག་ཀྱང་བརྩད་ཀྱང་ལན་གདབ་ཀྱང་། །དྲིས་ཀྱང་བསྟནད་ཀྱང་དོན་གང་ཡང་། །མཚོན་ཡང་ནམ་ཡང་སྐབས་འགར་ཡང་། །རྒྱལ་ཡང་ལྷ་མིའང་དགའ་ཡང་དགའ། །ལྟ་བུ་སྟེ། དོན་གང་ལ་འཇུག་ན། མཁས་ཀྱང་མཁས། བཙུན་ཡང་བཙུན། བདེའང་བདེ་ལྟ་བུ་ཚིག་སྔ་ཕྱི་གཉིས་མཐུན་པའི་ཚིག་རྒྱན་དང་། ཤེས་ཀྱང་ཉམས་སུ་མི་ལེན། མཛའང་བསླུ། བྱིན་ཀྱང་འཁང་ལྟ་བུ་ཚིག་སྔ་ཕྱི་གཉིས་མི་མཐུན་པའི་ཚིག་རྒྱན་ཏེ་དེ་གཉིས་དང་། མཛེས་ཤིང་འོད་ཀྱང་འཕྲོ། མིར་མ་ཟད་ལྷས་ཀྱང་བཏུད། ཨུཏྤ་ལའང་ཡིན་ལ་སྔོན་པོའང་ཡིན་ནོ། །མཁས་བཙུན་ཡང་ཡིན་ལ་གྲུབ་པའང་ཡིན་ནོ། །ལྟ་བུ་གཞིའམ་དོན་དེ་དངོས་པོ་གཞན་ཞིག་ལ་སྡུད་ཅིང་སྦྱོར་བའི་སྒྲར་འཇུག་པ་ཡིན་ལ། དེར་མ་ཟད། ཡང་ཡང་། སླར་ཡང་། དེ་ནས་ཡང་། ཡང་གསུངས་པ། ཡང་དང་ཡང་དུ་ལྟ་བུ་ཡང་གི་སྒྲ་ནི་བསྐྱར་བའམ་བསྣན་པའི་སྒྲར་ཡང་འགྱུར་བར་སྨྲ་སྒོ་ལས་གསུངས་སོ། །ལྔ་པ་ལྷག་བཅས་ནི། ལྔ་པ་སྟེ་ཏེ་དེ་གསུམ་སྦྱོར་ཚུལ་ནི། །ག་ད་བ་མ་འ་མཐར་ས་སྟེ་དང་། །ད་དེ་ན་ར་ལ་ས་ད་དྲག་མཐར། །ཏེ་སྦྱར་ལྷག་བཅས་སྒྲར་བརྗོད་མཚམས་སྦྱོར་དང་། །དམ་བཅའ་གཞན་འདྲེན་གསུམ་ལ་དབྱེ་བ་བརྒྱད། །མིང་མཐའི་ག་སོགས་ལྔའི་མཐར་ས་མགོ་ཅན་གྱི་སྟེ་དང་། ད་ཡི་མཐར་དེ་དང་། གཞན་རྣམས་དང་ད་དྲག་མཐར་ཏེ་རྐྱང་སྦྱར་བ་ནི་མིང་ཚིག་གང་ལ་སྦྱར་ཡང་བསྟན་བྱའི་ལྷག་མ་འདྲེན་པའི་དོན་དུ་འགྱུར་བས་ལྷག་མ་དང་བཅས་པའི་སྒྲ་ཞེས་བརྗོད་དེ། རྟག་སྟེ་གཙང་སྟེ་ལྷུན་གྲུབ་སྟེ། །འཛོམ་སྟེ་དགའ་སྟེ་སེམས་བདེ་སྟེ་། །ཡོད་དེ་སྩལད་ཏེ་ཚོགས་བསགས་ཏེ། །ཕྱིན་ཏེ་བསྐོར་ཏེ་རྟེན་མཇལ་ཏེ། །ལྟ་བུའོ། །དེ་ཉིད་དོན་ལ་སྦྱར་ཚུལ་ལ། སྨྲ་སྒོ་ལས། སྟེ་ནི་ལྷག་མ་ཡོད་པ་སྟེ། །མཚམས་སྦྱོར་བ་དང་དམ་བཅའ་དང་། །གཞན་འདྲེན་པ་དང་གསུམ་དུ་འདོད། །ཅེས་པ་ལྟར་གསུམ་ལས། མཚམས་སྦྱོར་ལའང་། མདའ་འཕངས་ཏེ་ཕོགལྷ་བསྒྲུབས་ཏེ་གྲུབ་ལྟ་བུ། ཚིག་སྔ་མ་བྱེད་པ་དང་ཕྱི་མ་བྱ་བར་སྦྱོར་བས་དེ་གཉིས་དུས་རིམ་གྱིས་འཇུག་པ་དང་། ལྷ་མཆོད་དེ་ལས་བྱ། ཕྱག་འཚལ་ཏེ་བཤད་ལྟ་བུ་ཚིག་སྔ་ཕྱི་གཉིས་ཀ་བྱ་ཚིག་ཡིན་ཀྱང་དུས་རིམ་གྱིས་འཇུག་དགོས་པ་དང་། འཛུམ་དམུལ་ཏེ་མདངས་ཕྱུང་། འཕར་ཏེ་འགྲོ། ཚེག་སྒྲ་དང་བཅས་ཏེ་འབར་ལྟ་བུ་ཚིག་སྔ་ཕྱི་གཉིས་ཀ་བྱ་ཚིག་ཡིན་ཀྱང་དུས་རིམ་གྱིས་མི་དགོས་པར་ཅིག་ཆར་གྲུབ་པ་ཞིག་དང་གསུམ་མོ། །དེ་བཞིན་དུ་དམ་བཅའ་ལའང་། ཚད་མ་ནི་གཉིས་ཏེ། མངོན་སུམ་དང་རྗེས་དཔག་གོ །བདེན་པ་ནི་བཞི་སྟེ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་མོ་ལྟ་བུ་དབྱེ་བ་འདྲེན་པ་དང་། སྒྲ་ཆོས་ཅན། མི་རྟག་སྟེ་བྱས་པ་ཡིན་པའི་ཕྱིར། ཕྱོགས་འདིར་དུ་བ་མེད་དེ་མེ་མེད་པའི་ཕྱིར་ལྟ་བུ་གཏན་ཚིགས་འདྲེན་པ་དང་། འཕགས་པ་སྟེ་སྡིག་ཏོ་མི་དགེའི་ས་ལས་རིང་དུ་འཕགས་པའི་དོན་གྱིས་སོ། །བཅོམ་ལྡན་འདས་ཏེ་བདུད་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ། སྲིད་ཞི་གཉིས་ཀའི་མཐའ་ལས་འདས་པའོ་ལྟ་བུ་ངེས་ཚིག་འདྲེན་པ་དང་། ཐེག་པ་མཐའ་དག་སྟེ། ཐུན་མོང་དུ་གྲགས་པ་ཉན་ཐོས་དང་རང་རྒྱལ་དང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་དང་། ཐུན་མོང་མ་ཡིན་པ་ཀུན་འབྱུང་འདྲེན་པ། དཀའ་ཐུབ་རིག་བྱེད། དབང་བསྒྱུར་ཐབས་ཀྱི་ཐེག་པ་སོགས་ཇི་སྲིད་སེམས་ཀྱི་འཇུག་པ་མ་ཟད་པ་དེ་སྲིད་དུ་ཐེག་པའི་མཐའ་ལ་ཐུག་པ་མེད་པས་ལྟ་བུ་རྒྱས་བཤད་འདྲེན་པ་བཅས་བཞི་དང་། གཞན་འདྲེན་ནི་མཚམས་སྦྱོར་དང་དམ་བཅའ་དེ་ཚོར་མི་གཏོགས་པའི་ལྷག་མ་ཡོད་ཙམ་སྟོན་པའི་སྒྲ་གཞན་རྣམས་ཏེ། ལྷའི་བུ་ཉི་མ་ནི་ནམ་མཁའ་ལ་གནས་ཏེེ་ཟླ་བའང་དེ་བཞིན་ནོ། །བདག་ནི་སྡུག་བསྔལ་མི་འདོད་དེ་གཞན་ཡང་དེ་དང་འདྲ་བར་སེམས་སོ་ལྟ་བུ་སྟེ། དེ་ལྟར་གསུམ་ལ་ནང་ཚན་གྱི་དབྱེ་བ་བརྒྱད་པོ་དེར་འཇུག་པ་ཡིན་ནོ། །དྲུག་པ་འབྱེད་སྡུད་ནི། དྲུག་པ་གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་དང་ད་དྲག་ཅན་མཐར་ཏམ། །སྦྱར་བ་འབྱེད་དང་སྡུད་པའི་དོན་ལ་འཇུག །དེ་ལྟར་བཅུ་གཅིག་པོ་སྔ་མ་བཅུ་རང་རང་གི་མིང་མཐའ་དང་ཕྱི་མ་ད་དྲག་གི་མཐར་སྦྱར་བ་སྟེ། བརྟག་གམ་མཐོང་ངམ་ཐོས་ཡོད་དམ། །ཡིན་ནམ་ཟབ་བམ་དོན་བསམ་མམ། །བདེ་འམ་དར་རམ་ཆོས་འཕེལ་ལམ། །བྱས་སམ་གྱུརད་ཏམ་འཛིནད་ཏམ་མཚོན། །དེ་རྣམས་དོན་ལ་སྦྱོར་བའི་ཚུལ་ཡང་། ཚིག་དོན་སོ་སོར་འབྱེད་པའི་དོན་ལ་སྦྱོར་ན། ཆོས་ནི་གཉིས་ཏེ། འདུས་བྱས་སམ་འདུས་མ་བྱས་སོ། །འགྲོ་བ་ནི་གཉིས་ཏེ། མཐོ་རིས་སམ་ངན་འགྲོའོ་ལྟ་བུ་གཅིག་ལས་ཉུང་ངུར་དབྱེ་བ་དང་། དབང་པོ་ནི་ལྔ་ཏེ། དད་པའམ། བརྩོན་འགྲུས་སམ། དྲན་པའམ་ཏིང་ངེ་འཛིན་ནམ། ཤེས་རབ་ཀྱི་དབང་པོའོ་ལྟ་བུ་མང་པོར་འབྱེད་པ་གཉིས། དེ་ཉིད་ཕྱོགས་གཅིག་ཏུ་སྡུད་པའི་དོན་དུ་སྦྱོར་ན། འདུས་བྱས་སམ། འདུས་མ་བྱས་ནི་ཆོས་སོ་ལྟ་བུ་ཉུང་ངུར་སྡུད་པ་དང་། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་ནི་ཕུང་པོའོ། །ལྟ་བུ་མང་པོ་གཅིག་ཏུ་སྡུད་པའི་དོན་ལ་འཇུག་པ་སྟེ། གཞན་ཡང་། འདི་བྱས་ན་རུང་ངམ་མི་རུང་། ཚིག་འདི་བདེན་པ་ཡིན་ནམ་མ་ཡིན་ལྟ་བུ་ཐེ་ཚོམ་དང་། ཁྱོད་ཀྱིས་གྲུབ་བམ་མ་གྲུབ། ཡོད་དམ་མེད་ལྟ་བུ་འདྲི་ཚིག་ལ་སྦྱོར་བ་ཡོད་ཀྱང་དབྱེ་གཞིའི་དོན་དེ་ལས་བརྩམས་ཏེ་ཐེ་ཚོམ་དང་དྲི་བའི་དོན་ཅན་ཡིན་པའི་ཕྱིར་གོང་གི་འབྱེད་པའི་དོན་ལས་མི་འདའོ། །བདུན་པ་འབྱུང་ཁུངས་ནི། བདུན་པ་ནས་ལས་གཉིས་ནི་ཅི་བདེར་སྦྱར། །འབྱུང་ཁུངས་ས་ཡིན་དངོས་དང་ཆ་འདྲ་དང་། །རྒྱུ་མཚན་དགར་དང་སྡུད་པའི་དོན་ལ་འཇུག །དེ་ཡང་ནས་དང་ལས་གཉིས་ནི་ཕྲད་རང་དབང་ཅན་ཡིན་པས་མཚོ་ལས་མཚོ་ནས་ལྟ་བུ་སྐབས་ཅི་བདེར་སྦྱར་བ་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱིས་ས་ཡིན་ཏེ། དེ་ཡང་། གསེར་ཁ་ནས་གསེར། རྒྱ་མཚོ་ལས་ནོར་བུ། སྤྲིན་ལས་ཆར། དཀོར་མཛོད་ནས་ཡོ་བྱད་ལྟ་བུ་གང་ལ་འབྲལ་བའི་དོན་ཅན་གྱི་འབྱུང་ཁུངས་དངོས་དང་། རྟ་ལས་ལྷུང་། སྐས་ནས་བབ། ཤར་ཕྱོགས་ནས་འོད་སྣང་ལྟ་བུ་འབྱུང་ཁུངས་དང་ཆ་འདྲ་བ་དང་། དུ་བ་ལས་མེར་ཤེས། ཆུ་སྐྱར་ལས་ཆུར་ཤེས། མྱུ་གུ་ལ་ལྟོས་ནས་ས་བོན་རྗེས་སུ་དཔོག་ལྟ་བུ་རྒྱུ་མཚན་ལ་འཇུག་པ་སྟེ། དེ་ཡང་མེར་ཤེས་པ་སོགས་རྒྱུ་མཚན་ཅན་དེ། རྟགས་དུ་བ་མཐོང་བ་སོགས་ཀྱི་རྒྱུ་མཚན་ལས་བྱུང་བའི་ཕྱིར་འབྱུང་ཁུངས་དང་རྗེས་སུ་མཐུན་པའོ། །གཞན་ཡང་། རིིགས་དང་། བྱ་བ་དང་། ཡོན་ཏན་གྱི་ཁྱད་པར་གང་ཡང་རུང་བ་ལ་ལོགས་སུ་དགར་བའི་དོན་ལ་འཇུག་པ་དེ་དག་རིམ་པར། བྲམ་ཟེ་ལས་རྒྱལ་རིགས་ཐ་དད། ཚོང་བྱས་པ་ལས་སྦྱིན་པ་གཏོང་བ་ལེགས། དཀར་པོ་ལས་ངུར་སྨྲིག་བཟང་ལྟ་བུ་གཞི་གཅིག་ལས་ལོགས་སུ་དགར་བ་དང་། མེ་ཏོག་གི་རིགས་གཞན་རྣམས་ལས་པདྨ་དཀར་པོ་མཆོགཟ་བ་དང་འགྲོ་བ་དང་གཏམ་སྨྲ་བ་སོགས་ཀྱི་སྤྱོད་ལམ་ལས་ཡི་གེ་འབྲི་བ་ལེགས། དཀར་པོ་དང་དམར་པོ་སོགས་ཁ་དོག་གཞན་ལས་མཐིང་ག་མཆོག་ལྟ་བུ་གཞི་མང་པོ་ལས་དགར་བ་རྣམས་ལ་ལས་དང་། པཎ་གྲུབ་རྣམས་ཀྱི་ནང་ནས་པད་འབྱུང་བཀའ་དྲིན་ཆེ། ལོ་ཙཱ་བའི་ནང་ནས་ཐུ་མི་སམྦྷོ་ཊ་ངོ་མཚར། མིའི་ནང་ནས་འཁོར་ལོས་སྒྱུར་རྒྱལ་མཆོག་ལྟ་བུ་ཚོགས་ཀྱི་ནང་ནས་འབྱིན་པ་ལྟ་བུའི་དགར་བ་ལ་ནས་ཉིད་འཇུག་པ་དང་། འདི་ནས་བྱང་ཆུབ་ཀྱི་བར་། དེ་རིང་ནས་སང་ཉི་མ་མ་ཤར་བར་ལྟ་བུ་དུས་ཀྱི་མཚམས་འཛིན་དང་། གསེར་རི་ནས་འཁོར་ཡུག་གི་བར། ལྷ་ས་ནས་རྡོ་རྗེ་གདན་གྱི་བར་ལྟ་བུ་ཡུལ་གྱི་དང་། གཟུགས་ནས་རེག་བྱའི་བར། རྐང་མཐིལ་ནས་སྐྲ་རྩེའི་བར་ལྟ་བུ་དངོས་པོའི་མཚམས་འཛིན་ཅིང་སྡུད་པའི་དོན་ལ་ནས་ཉིད་འཇུག་པ་སྟེ་དགར་སྡུད་ཀྱི་སྒྲ་དེ་དག་ཀྱང་རྣམ་དབྱེ་ལྔ་པའི་ཡན་ལག་ཏུ་འགྲོ་སྟེ། དགར་གཞི་དང་སྡུད་གཞི་གང་ཡིན་པ་དེ། དེ་དག་གི་འབྱུང་ཁུངས་དང་འདྲ་བའི་ཕྱིར་རོ། །དེར་མ་ཟད། ལྷ་མཆོད་ནས་ལས་བྱ། ཕྱག་འཚལ་ནས་བཤད། ཆོས་ཞུས་ནས་ཉམས་སུ་ལེན་ལྟ་བུ་ལྷག་བཅས་ལའང་འཇུག་མོད་ཕྱི་མ་གཉིས་པོ་དེར་ལས་ཀྱི་སྒྲ་ཉིད་མི་འཇུག་པའི་དབྱེ་གསལ་ཤེས་པར་བྱའོ། །བརྒྱད་པ་བོད་པའི་སྒྲ་ནི། བརྒྱད་པ་གོང་མིང་ཐོག་ཐར་མཆོག་ལ་ཀྱེ། །ཕལ་ལ་ཀ་ཡེ་ཀྭའི་སྦྱར་བོད་པའི་སྒྲ། །གང་ཡང་རུང་བའི་མིང་ཉིད་བརྗོད་པའི་ཐོག་ཐ་གང་རུང་དུ་ཡུལ་མཆོག་ལ་ཀྱེ་དང་། ཡུལ་ཕལ་བ་དག་ལ་གླུ་ལེན་པ་སོགས་སྒེག་ཆོས་དང་དྲག་ཤུལ་སོགས་དང་འབྲེལ་བར་ཀ་ཡེ་དང་ཀྭའི་སྒྲ་སྦྱར་བ་ནི་བོད་པ་གསལ་བྱེད་ཀྱི་སྒྲ་སྟེ་མིང་ནས་འབོད་པའི་དོན་རྣམ་དབྱེ་དང་པོ་ཁོ་ན་ལ་འཇུག་པ་སྟེ། རྒྱལ་བ་སྲས་བཅས་དགོངས་མཛོད་ཀྱེ། །ཀྱེ་ལགས་རྒྱལ་པོ་ཆེན་པོ་གསོན། །ཀ་ཡེ་བློན་འབངས་འདུས་པའི་ཚོགས། །ཆོས་ཁྲིམས་འདི་ལས་མ་འདའ་ཀྭ། །ལྟ་བུའོ། །དེ་ལྟར་རྩ་བ་སུམ་ཅུ་པར་དངོས་བསྟན་ལྟོས་པའི་ཕྲད་བརྒྱད་པོ་བཤད་ཟིན་ནས། ཞར་བྱུང་དུ་མིང་མཐའ་འདྲེན་ཚུལ། གཞན་ཡང་ག་ད་བ་གསུམ་ད་དྲག་མཐར། །ཅིང་ཅེས་ཅེའོ་ཅེ་ན་ཅིག་དེ་བཞིན། །ང་འ་ན་མ་ར་ལ་དྲུག་པོའི་རྗེས། །ཞིང་ཞེས་ཞེའོ་ཞེ་ན་ཞིག་དང་ནི། །ས་མཐར་ཤིང་ཤེས་ཤེའོ་ཤེ་ན་ཤིག །ཅེས་པ་རྣམས་དོན་གྱིས་དེ་ལྟར་ཐོབ་ཀྱང་ས་མཐར་ཤེས་ཞེས་པ་བརྗོད་མི་བདེ་བའི་དབང་གིས་ཕྱིས་ཀྱི་མཁས་པ་ཞྭ་ལུ་བ་སོགས་ཀྱིས་དམིགས་བསལ་དུ་ཞེས་སྦྱར་བར་མཛད་པ་བཞིན་དག་ཡིག་ངག་གི་སྒྲོན་མར་དཔེར་བརྗོད་པ། ག་ད་བ་གསུམ་གྱི་རྗེས་སུ་རིམ་པར། རྟག་ཅིག་རྟོག་ཅེས་ལྷག་ཅེའོ། །སུ་འདུག་ཅེ་ན་ཁྱོད་འདུག་ཅིག །རྒུད་ཅིང་ཟད་ཅེས་མེད་ཅེའོ། །ཅི་འཆད་ཅེ་ན་ཆོས་ཤོད་ཅིག །ཟབ་ཅིང་ཐོབ་ཅེས་ནུབ་ཅེའོ། །གང་རྒྱབ་ཅེ་ན་གྲི་རྒྱོབ་ཅིག །ཅེས་དང་། ང་སོགས་དྲུག་པོའི་མཐར། བྱང་ཞིང་དྲང་ཞེས་འབྱུང་ཞེའོ། །གང་གཟུང་ཞེ་ན་སེམས་གཟུང་ཞིག །སྙན་ཞིང་འཛིན་ཞེས་དཀོན་ཞེའོ། །ལྷ་ཡིན་ཞེ་ན་དོན་ཞིག་གཉེར། །འཇམ་ཞིང་ངོམ་ཞེས་འཛོམ་ཞེའོ། །དབེན་ནམ་ཞེ་ན་ནམ་ཞིག་དབེན། །དགའ་ཞིང་བཟའ་ཞེས་བདའ་ཞེའོ། །དུ་གདའ་ཞེ་ན་འགའ་ཞིག་གོ །དར་ཞིང་འཕྱུར་ཞེས་འགྱུར་ཞེའོ། །ཅི་འཕྱར་ཞེ་ན་དར་ཕྱོར་ཞིག །འཆོལ་ཞིང་འཆལ་ཞེས་འཁྲུལ་ཞེའོ། །གང་ཚོལ་ཞེ་ན་ཆོས་ཚོལ་ཞིག །ཟ་ཞིང་བདེ་ཞེས་སྤྲོ་ཞེའོ། །ཨེ་སྨྲ་ཞེ་ན་མ་སྨྲ་ཞིག །ཅེས་དང་། ས་མཐར། འདུས་ཤིང་འབྲལ་བར་ངེས་ཤེའོ། །ཅི་ངེས་ཤེ་ན་གཏམ་སྨྲོས་ཤིག །ཅེས་དང་། ད་དྲག་ཅན་གྱི་མཐར། མཁྱེནད་ཅིང་འཕྲལད་ཅེས་བརྒྱནད་ཅེའོ། །ཅིས་གྲོལད་ཅེ་ན་གྲོལ་གྱུརད་ཅིག །ཅེས་པ་ལྟ་བུའོ། །ཡང་མིང་མཐར་པ་དང་བ་གཉིས་ཇི་ལྟར་སྦྱོར་ཚུལ་ཡང་། ག་ད་ན་བ་མ་ས་ད་དྲག་མཐར། །པ་དང་ང་འ་ར་ལར་བ་ཉིད་སྦྱར། །མིང་མཐའི་རྗེས་འཇུག་ག་སོགས་དྲུག་དང་ད་དྲག་ཅན་ཏེ་བདུན་གྱི་མཐར་པ་དང་། གཞན་རྣམས་ལ་བ་ཉིད་སྦྱར་ཏེ། རྟག་པ་ཡོད་པ་བརྟན་པ་མཆོག །འཐོབ་པ་ཚིམ་པ་གནས་པ་དེར། །གྱུརད་པ་སྩལད་པ་མང་བ་ཡིས། །དགའ་བ་གསར་བ་འཕེལ་བ་ཉིད། །ལྟ་བུ་སྟེ། དེ་ཡང་གོང་སྨོས་ཡང་འཇུག་གཉིས་ལས་ད་དྲག་ནི་དགོས་པ་ཆུང་བར་དགོངས་ནས་ཟོལ་ཡང་བའི་ཆེད་སྔོན་གྱི་ལོ་པཎ་རྣམས་ཀྱིས་སྐད་གསར་བཅད་ཀྱི་སྐབས་བསྡུ་བར་མཛད་པས། ད་ལྟའི་བྲིས་རྒྱུན་ཕལ་ཆེར་ལ་དངོས་སུ་མི་འབྱུང་ཡང་དོན་གྱིས་དེ་ལྟར་ཐོབ་པས་ཚིག་ཕྲད་སོགས་དེ་དང་མཐུན་པར་སྦྱོར་དགོས་པ་ཡིན་ལ། ས་མཐའ་ནི་དེ་ལས་དོན་དང་དགོས་པ་ཆེ་བར་དགོངས་ནས་སྔོན་གྱི་ལོ་པཎ་མཁས་པ་རྣམས་ཀྱིས་ཀྱང་བསྡུ་བར་མ་མཛད་པས་དེ་རྣམས་ཀྱི་རྗེས་སུ་འབྲངས་ནས་རང་སོར་འཇོག་པ་ཉིད་ལེགས་སོ། །སྨོས་མ་ཐག་པའི་ཕྲད་རྣམས་ཀྱང་རང་རང་གི་རྟགས་མཚུངས་པར་འདྲེན་རྒྱུ་ཡོད་པ་རྣམས་དེར་ཟད། རྟགས་མཚུངས་འདྲེན་དུ་མེད་པ་རྣམས་ནི་བརྗོད་བདེ་འདྲེན་པའི་ལུགས་ཡིན་པ་བཅས་ཞིབ་པར་གོང་དུ་བསྟན་པ་བཞིན་ཤེས་པར་བྱའོ། །ཞར་བྱུང་ཚེག་ཤད་ཀྱི་ཁྱད་པར་ཡང་། ལྷུག་པའི་སྡེ་ཚན་མཚམས་དང་ཚིགས་བཅད་ཀྱི། །རྐང་མཐར་ག་ལ་ཆིག་ཤད་ང་མཐར་གསུམ། །གཞན་རྣམས་ཉིས་ཤད་ལེའུ་ཆེན་པོའི་མཐར། །བཞི་ཤད་འཐོབ་སོགས་རིགས་པས་འཕྲུལ་ཤེས་བྱ། །དེ་ཡང་ཚིགས་བཅད་ལྷུག་གཉིས་ཀྱི་ཚིགས་ལྷུག་གི་སྡེ་ཚན་རྫོགས་པའི་མཚམས་དང་། ཚིགས་བཅད་ཀྱི་རྐང་པ་རྫོགས་པའི་མཐའ་ལ་རྗེས་འཇུག་ག་ཡིག་ཡོད་ན་དེ་ལ་ཆིག་ཤད་དང་། ང་ཡོད་ན་སུམ་ཤད། གཞན་རྣམས་ཡོད་ན་ཉིས་ཤད་འཐོབ་པ་དང་། ལེའུ་འམ་རབ་བྱེད་ལྟ་བུ་ཆེན་པོ་རྫོགས་པའི་མཐར་ཡིན་ན་བཞི་ཤད་འཐོབ་པ་སོགས་ཇི་ལྟར་རིགས་ཤིང་འོས་པ་སྔོན་གྱི་མཁས་པའི་ལག་རྒྱུན་དང་རང་གི་རིག་པས་དཔྱད་ནས་སྦྱར་ཤེས་པར་བྱའོ། །དེས་ལྟོས་པའི་ཕྲད་རྣམས་སོང་ནས། ད་ནི་རང་དབང་ཅན་གྱི་ཕྲད་བཤད་པ་ལ། གཉིས་པ་རང་དབང་ཅན་ལའང་དྲུག་ཡོད་དེ། །ཞེས་རྣམ་གྲངས་སྤྱིར་བསྟན་ནས། དེ་ལས། དང་པོ་ནི་ནི་མཆོག་དམན་ཐ་དད་ཙམ། །དགར་དང་ནན་ཏན་བརྣན་པའི་ཚིག་ཏུ་འགྱུར། །དེ་ཡང་ནིའི་སྒྲ་ནི་གཞི་ལས་མཆོག་ཏུའམ་དམན་པར་རམ་ཐ་དད་ཙམ་དུ་དམིགས་བཟུང་ནས་དགར་བའི་དོན་དང་། དོན་གང་ཡིན་པ་དེ་ཉིད་ལ་ནན་ཏན་དུ་བརྣན་པའི་དོན་ལའང་འཇུག་པའི་ཚིག་ཏུ་འགྱུར་ཏེ། དེ་ལ་མཆོག་དགར་བ་ནི། རྐང་གཉིས་མཆོག་ནི་ཤཱཀྱའི་སྲས། །རྡོ་རྗེ་ཅན་ནི་ལྷ་ཡི་བདག །རིགས་པ་སྨྲ་བ་རྣམས་ལས་ནི། །ཆོས་ཀྱི་གྲགས་པ་མཆོག་ཡིན་ནོ། །ལྟ་བུ་དང་། དམན་པར་དགར་བ། གྲོགས་རྣམས་ལས་ནི་མི་དགེའི་བཤེས། །ལྟ་ཀུན་ལས་ནི་མེད་པར་ལྟ། །ངག་ཀུན་ལས་ནི་ཆོས་ལ་སྨོད། །འདི་གསུམ་ཐ་ཆད་གཏན་ཕུང་རྒྱུ། །ལྟ་བུ་དང་། ཐ་དད་ཙམ་དུ་དགར་བ། གཟུགས་ནི་ཚོར་བ་ལས་ཐ་དད། །འདུ་ཤེས་ལས་ནི་འདུ་བྱེད་གཞན། །རྣམ་པར་ཤེས་ནི་གཟུགས་མ་ཡིན། །འདུས་མ་བྱས་ནི་གཞན་དུའོ། །ལྟ་བུའོ། །ནན་ཏན་བརྣན་པའི་དོན་དུ་སྦྱར་བ། རང་གི་དོན་ནི་སྔོན་ནས་གྲུབ། །གཞན་དོན་ལ་ནི་གཅིག་ཏུ་སྤྲོ། །དུས་ནི་མཁྱེན་ཅིང་ཐབས་ནི་མཁས། །ཁྱོད་ནི་མགོན་ཏེ་ཁྱོད་ནི་སྐྱབས། །ལྟ་བུས་མཚོན་ནོ། །གཉིས་པ་དང་ནི་སྡུད་འབྱེད་རྒྱུ་མཚན་དང་། །ཚེ་སྐབས་དུས་དང་གདམས་ངག་ལྔ་ལ་འཇུག །དེ་ཡང་དང་གི་སྒྲ་ནི། ཚིག་སྔ་ཕྱི་ཕྱོགས་གཅིག་ཏུ་སྡུད་པ་དང་། སོ་སོར་འབྱེད་པ་དང་རྒྱུ་མཚན་ཏེ་རྒྱུའི་མཚན་ཉིད་ཀྱི་དོན་དང་། དུས་བརྗོད་པ་ཚེ་སྐབས་ཀྱི་དོན་དང་། གཞན་ལ་གདམས་ངག་བརྗོད་པའི་དོན་ཏེ་ལྔ་ལ་འཇུག་པ་སྟེ། དེ་རྣམས་དཔེར་བརྗོད་ན། དད་པ་དང་ནི་བརྩོན་འགྲུས་དང་། །དྲན་པ་དང་ནི་ཏིང་འཛིན་དང་། །ཤེས་རབ་དང་ནི་རྣམ་པ་ལྔ། །མི་མཐུན་ལས་རྒྱལ་སྟོབས་ཡིན་ནོ། །ལྟ་བུ་དུ་མ་གཅིག་ཏུ་སྡུད་པ་དང་། འཕགས་པའི་ནོར་ནི་དད་པ་དང་། །ཁྲིམས་དང་གཏོང་དང་ཐོས་པ་དང་། །ཁྲེལ་ཡོད་པ་དང་ངོ་ཚ་དང་། །ཤེས་རབ་ཕུན་ཚོགས་དང་བདུན་ནོ། །ལྟ་བུ་གཞི་གཅིག་ལས་དུ་མར་འབྱེད་པ་དང་། ཟབ་མོའི་ཆོས་རྣམས་ཐོས་པ་དང་། །ཕྱོགས་ཞེན་འཆིང་བ་རྣམ་པར་གྲོལ། །ཚུལ་བཞིན་བསམ་དང་སྒོམ་པ་དང་། །ཐེ་ཚོམ་སྨག་བྲལ་གནས་ལུགས་རྟོགས། །ལྟ་བུ་རྒྱུ་མཚན་གྱི་དོན་དང་། ཆོས་ཀྱི་མཐུན་རྐྱེན་འཛོམས་པ་དང་། །ཐོས་བསམ་ཕྱོགས་རིས་མེད་པར་བརྩོན། །གདམས་ངག་སྒྲོ་འདོགས་ཆོད་པ་དང་། །གཅིག་པུར་ནགས་སུ་གནས་པར་བྱ། །ལྟ་བུ་ཚེ་སྐབས་ཏེ་དུས་བརྗོད་པ་དང་། སྦྱིན་པ་ཐོངས་དང་ལོངས་སྤྱོད་འབྱུང་། །ཚུལ་ཁྲིམས་སྲུངས་དང་རིགས་མཐོར་སྐྱེ། །བཟོད་པ་གོམས་དང་གཟུགས་བཟང་འགྱུར། །ཤེས་རབ་བསྐྱེད་དང་རྣམ་གྲོལ་བྱེད། །ལྟ་བུ་གདམས་ངག་ལ་སྦྱར་བ་སྟེ། འདི་རྣམས་གོ་སླ་བས་དཔེར་བརྗོད་པ་ཙམ་གྱིས་གོ་བར་ཟད་དོ། །གསུམ་པ་དེ་ནི་རྣམ་གྲངས་གཞན་སྦྱོར་དང་། །ལྷག་བཅས་འདས་པའི་དུས་ཏེ་ཐ་སྙད་གསུམ། །དངོས་པོའི་དོན་དུ་བདེན་གསང་བདག་གི་བ། །ཕ་རོལ་པོ་ཡི་དངོས་ཏེ་རྣམ་པ་བཞི། །དུས་ཀྱི་དབང་དུ་འདས་འོངས་གཉིས་ལ་འཇུག །དེ་ཡང་དེ་སྒྲ་ནི་རྣམ་གྲངས་གཞན་ཞིག་ལ་སྦྱོར་རྒྱུ་ཡོད་པར་སྟོན་པའི་དོན་ཅན་དང་། ལྷག་མ་དང་བཅས་པ་དང་། དུས་གསུམ་ལས་འདས་པ་སྟེ་ཐ་སྙད་ཙམ་གྱི་དབང་དུ་བྱས་ན་དོན་གསུམ་ལ་འཇུག་པ་དང་། དངོས་པོའི་དབང་དུ་བྱས་ན། བདེན་པ་དང་། གསང་བ་དང་། བདག་གི་བ་དང་། ཕ་རོལ་པོའི་དངོས་པོ་སྟེ་བཞི་ལ་དུས་གསུམ་གར་འཇུག་པར་འགྱུར་བ་དང་། དུས་ཁོ་ནའི་དབང་དུ་བྱས་ན་འདས་པ་དང་མ་འོངས་པ་གཉིས་ལ་འཇུག་པ་ཡིན་ཏེ། དེ་ཡང་རྣམ་གྲངས་གཞན་སྦྱོར་ལ་དཔེར་མཚོན་ན། དེ་བཞིན་གཤེགས་པ། དེ་བཞིན་ནོ། །གང་ཡིན་པ་དེ། དེ་ལས་ཀྱང་གཞན། དེས་ནི་འབྲས་བུ་ཆེན་པོ་འབྱུང་ལྟ་བུ་རྣམས་ལ་རིམ་པར། ཆོས་ཉིད་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མངོན་དུ་གཤེགས་པའམ། སྔོན་གྱི་རྒྱལ་བ་རྣམས་བྱང་ཆུབ་ཏུ་གཤེགས་པར་མཛད་པ་དེ་བཞིན་དུ་གཤེགས་པ་ལྟ་བུ་དང་། ཁྱོད་ཀྱིས་སྨྲས་པའམ་དཔེ་དེ་བཞིན་ནོ་དང་། ཡུལ་གྱི་རྒྱལ་པོ་གང་ཡིན་པ་དེ། སྔར་སྨྲས་པ་དེ་ལས་ཀྱང་གཞན་བཤད་པར་བྱ་བ། ལེགས་པར་སྤྱད་པ་དེས་ནི་འབྲས་བུ་ཆེན་པོ་འབྱུང་ལྟ་བུ་རྣམ་གྲངས་སམ་ཚིག་གཞན་ཞིག་སྦྱོར་རྒྱུ་ཡོད་པའི་དོན་ཅན་ལ་རྣམ་གྲངས་གཞན་སྦྱོར་དང་། དེ་བཞིན་དུ། ཤིང་བཅད་དེ། བདེན་གྲུབ་ཏུ་ཡོད་དེ། ལྷ་མཆོད་དེ་ལྟ་བུ་ལ། ཚིག་ལྷག་མ། ཅི་ཞིག་བྱེད་དམ་འབུད། རྟག་པའི་ཕྱིར། ལས་འདི་ལ་འཇུག་པར་བྱ་ལྟ་བུ་ཚིག་ཕྱི་མ་གཞན་མ་སྦྱར་བར་དོན་སྟོན་མི་ནུས་པས་ཚིག་ལྷག་མར་བཅས་པ་སྟེ་ལྷག་བཅས་ཀྱི་སྒྲ་དང་། དུས་གསུམ་ལས་འདས་པ་ལ་འཇུག་པ་ནི་གོང་གི་རྣམ་གྲངས་གཞན་སྦྱོར་དང་ལྷག་བཅས་ཀྱི་སྒྲ་དེ་གཉིས་དུས་འདས་པ་སྟོན་པའི་ཕྱིར་ས་བཅད་ལོགས་སུ་དབྱེ་བར་མཛད་པ་ཡིན་གྱི་འདས་པ་ལ་འཇུག་པ་ཟུར་པ་མེད་དེ། འདི་ལྟར་རྣམ་གྲངས་གཞན་སྦྱོར་གྱི་དེ་སྒྲ་རྣམ་གྲངས་ཚིག་ཟིན་དུ་ཡོད་པ། མ་འོངས་པ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་ཞེས་བྱ་བ་འབྱུང་བར་འགྱུར་བ་དེ་ནི་བསྐལ་བཟང་གི་སངས་རྒྱས་དྲུག་པ་སེང་གེའི་སྒྲར་འགྱུར་རོ། །སང་གི་ཁ་ཟས་དེ་དེ་རིང་སྟ་གོན་གྱིས་ཤིག་ལྟ་བུ་ནི་སང་བཟའ་བར་བྱ་རྒྱུའི་ཁ་ཟས་གང་ཡིན་པ་དེ་སྔོན་དུ་བརྗོད་ཟིན་པའམ་ཤེས་ཟིན་པ་ཞིག་ལ་བསམས་ནས། སང་གི་ཁ་ཟས་དེ་ཙམ་ལས་མིང་ནས་མ་བཟུང་བས་མཚོན་པར་བྱེད་པར་ཡིན་པས་དུས་འདས་པ་ལ་འཇུག་པ་དང་། ཚིག་ཟིན་དུ་མེད་པ་དེ་བཞིན་གཤེགས་པ་ལ་སོགས་པ་དེའང་དེ་སྒྲ་ལ་སྦྱར་རྒྱུའི་དཔེ་དེའམ་དམིགས་སུ་གཟུང་བྱ་དེའམ་དགར་བྱ་ལ་སོགས་པ་དེ་སོང་ཟིན་པའམ་བརྗོད་ཟིན་པ་ཞིག་ལ་བསམ་པ་ཡིན་པས་འདས་པར་འགྱུར་བ་དང་། ལྷག་བཅས་ཀྱི་སྒྲ་ཤིང་བཅད་དེ་ཅི་ཞིག་བྱེད་ལྟ་བུ་ནི་དོན་འདས་མ་འདས་གང་ཡིན་ཀྱང་རུང་སྟེ་ཚིག་ཙམ་བརྗོད་ཟིན་པའི་འདས་པ་ཡིན་ནོ། །དེར་མ་ཟད་གོང་བཤད་ལྷག་བཅས་ཀྱི་སྟེ་དང་། ཏེ་རྐྱང་དང་། ནས་དང་། ལ་ཡིག་དེ་རྣམས་ཀྱང་ཚིག་ཙམ་བརྗོད་ཟིན་པའམ་དོན་སོང་ཟིན་པའི་འདས་པ་ཁོ་ན་ཡིན་ཏེ། དཔེར་ན། རྒྱས་བཏབ་སྟེ། བྱས་ཏེ། ཕྱག་བྱས་ནས། རྒྱས་བཏབ་ལ་ལྟ་བུ་དང་། བསམས་ལ། བསྒྲུབས་ལ། བསམས་ནས། བསྒྲུབས་ནས། བསམས་ཏེ། བསྒྲུབས་ཏེ་ལྟ་བུ་རྒྱ་ཆེར་ཤེས་པར་བྱའོ་ཞེས་མཁས་པ་ལྷག་བསམ་གྱིས་གསུངས། དེ་ལྟར་ཐ་སྙད་ཀྱི་དབང་དུ་གསུམ་དང་། དངོས་པོའི་དབང་དུ་བྱས་ན། ལྷག་བཅས་ཁོ་ན་དངོས་པོར་མི་འཇུག་པས་བསལ་བ་མ་གཏོགས་དེ་སྒྲའི་འཇུག་པ་ཐམས་ཅད་ལ་ཁྱབ་སྟེ། དེ་ཡང་བདེན་པའི་དོན་གྱི་དངོས་པོ་སྟོན་པ། དེ་ཁོ་ན་ཉིད་དོ། དེ་དེ་བཞིན་ནོ་ལྟ་བུ་དང་། གསང་བའི་དངོས་པོ་དེ་གཞན་གྱིས་ཤེས་ཀྱིས་དོགས་ནས་དོན་དངོས་སུ་མི་སྨྲ་བར་ཟུར་གྱིས་གོ་བར་བྱེད་པའི་ཚིགཁྱོད་ཀྱིས་དེ་གྲུབ་བམ། སྔར་གྱི་དེ་ཡོད་དམ་ལྟ་བུ་དང་། བདག་ཉིད་དང་འབྲེལ་བའི་བདག་གི་བའི་དངོས་པོ་སྟོན་པའི་ཚིགབདག་གི་ནོར་དེ། བདག་གི་ལྷ་དེ་ལྟ་བུ་དང་། གཞན་ནམ་ཕ་རོལ་པོའི་དངོས་པོར་སྟོན་པར་བྱེད་པ། མདུན་གྱི་ཀ་བ་དེ། ཁྱོད་ཀྱི་ནོར་དེ། དེས་བསྟན་པ་དེ་ནི་ལྟ་བུ་སྟེ། དེ་བཞི་གང་རུང་དུ་མ་འདུས་པའི་འཕྲད་འདིས་དངོས་པོ་བསྟན་པ་མེད་ཅིང་དངོས་པོ་མི་སྟོན་པའི་སྒྲ་དེ་སྒྲའང་ལྷག་བཅས་ཙམ་དུ་ཟད་པའི་ཕྱིར་རོ། །དེས་ན་དབྱེ་བ་འདི་སྤྱིའི་དངོས་པོའི་དོན་གཙོ་བོའི་སྒོ་ནས་ཕྱེས་པས་དུས་གསུམ་ག་ལ་ཡོད་དེ། འདས་པ་ལ་དམིགས་ནས་བརྗོད་པ། སྔོན་གྱི་ཚེ་འཕགས་པའི་ཡུལ་དེ་ན་ལྟ་བུ་དང་། ད་ལྟ་ལ། རྡོ་བ་དེ་ཁྱོད་ཀྱིས་འདེགས་ནུས་སམ་ལྟ་བུ་དང་། མ་འོངས་པ་ལ། འཚང་རྒྱ་བར་འགྱུར་བ་དེ་ལྟ་བུའི་ཚིག་གྲོགས་ཀྱིས་ཤེས་པར་བྱ་ཞིང་། མི་འཇུག་པ་ནི། རང་གིས་རང་ལ་དེ་ཞེས་མི་བརྗོད་པའི་ཕྱིར་བདག་ཉིད་ཀྱི་དངོས་པོ་ལ་མི་འཇུག་གོ །དེ་ལྟར་དངོས་པོའི་དབང་གིས་བཞི་དང་། དུས་ཁོ་ན་ཉིད་ཀྱི་དབང་དུ་བྱས་ན། སོང་ཟིན་པ་འདས་པ་ལ་འཇུག་པ། ན་ནིང་གི་ལོ་དེ། ཁར་སོང་གི་དུས་དེ། སྐད་ཅིག་སྔ་མ་དེ་ལྟ་བུའོ། །འབྱུང་འགྱུར་གྱི་དོན་མ་འོངས་པ་ལ་འཇུག་པ། དབྱར་གྱི་དུས་དེར་མེ་ཏོག་བཀྲ་བར་འགྱུར། སང་གི་ཉི་ཤར་གྱི་དུས་དེར་འགྲོ་ལྟ་བུ་སྟེ་དེ་གཉིས་ལ་འཇུག་པ་ཡིན་ཞིང་། དུས་ད་ལྟ་བ་ལ་ནི། ད་ལྟའི་ལོ་འདི། དེ་རིང་གི་དུས་ཚོད་འདི་ལྟ་བུ་ལས་དེ་ཞེས་པ་ནམ་ཡང་མི་འཇུག་གོ །བཞི་པ་གང་ནི་སྤྱི་སྒྲ་བྱེ་བྲག་འདྲི། །གང་གི་སྒྲ་ནི། དོན་གང་ཡང་དམིགས་བསལ་ངོས་མི་གཟུང་བར་སྤྱི་ལ་ཁྱབ་པའི་དོན་ཅན་གྱི་སྒྲ་སྟེ། དེ་ལའང་། གང་ཞིག་གང་དང་གང་འབྲེལ་བ། །གང་ཡང་དོན་མེད་མི་འགྱུར་བར། །གང་འདོད་འབྲས་བུ་སྦྱིན་མཛད་པ། །གང་མཆིས་དེ་ཀུན་བསྔགས་པའི་གནས། །ལྟ་བུ་སྤྱི་སྒྲ་དངོས་དང་། དེ་དང་འབྲེལ་བར། གང་ཞལ་མིག་གིས་མཐོང་བའམ། །གང་གསུང་སྒྲ་འཛིན་བཅུད་དུ་སིམ། །གང་ཐུགས་ཡུད་ཙམ་དྲན་གྱུར་པ། །གང་ཡང་དོན་ལྡན་ཁོ་བོའི་རྗེ། །ལྟ་བུ་སྤྱི་སྒྲ་བྱེ་བྲག་ལ་སྦྱར་བ་དང་། ཁྱོད་ཀྱི་སྟོན་པ་གང་ཞིག་ཡིན། །གྲུབ་མཐའ་གང་གི་ལུགས་ལྟར་སྨྲ། །འདི་རུ་བྱོན་པའི་དགོས་པ་གང་། །འདོད་དོན་གང་ཡིན་གསལ་བོར་སྨྲོས། །ལྟ་བུ་སྤྱི་སྒྲ་དྲི་བ་ལ་འཇུག་པ་སྟེ། དེ་ལྟར་གསུམ་མོ། །ལྔ་པ་པ་པོ་བདག་སྒྲ་བེམ་པོར་མིན། །དེ་ཡང་པུ་ལིངྒ་སྐྱེས་བུའི་རྟགས་མཚོན་པར་བྱེད་པའི་སྒྲ་པ་དང་པོ་གཉིས་ནི་བདག་པོའི་སྒྲ་སྟེ། དཔེར་ན། སྦྱིིན་པ་པོ་ཡི་བསོད་ནམས་ཀྱང་། །སློང་བ་པོ་ལ་རག་ལས་ཕྱིར། །སྦྱིན་པོས་ལེན་པོར་སྔོ་བྱེད་པ། །སངས་རྒྱས་པ་ཡི་ཆོས་སུ་འཚལ། །ལྟ་བུ་སྟེ། ཕྲད་དེ་སྔར་མེད་པ་ལ་གསར་དུ་སྦྱར་བས་དེ་གང་ལ་ཡོད་པའི་བདག་པོ་ཉིད་མཚོན་པར་བྱེད་པའི་སྒྲ་སྟེ། བེམ་པོ་སོགས་ལ་བདག་པོའི་ཐ་སྙད་མི་འཇུག་པས་ནམ་ཡང་ཕྲད་དེ་ཉིད་སྦྱོར་བ་མིན་ཞིང་། གཞན་ཡང་པ་དང་པོའི་སྒྲས་སྐྱེས་པར་མཚོན་པ་དེ་བཞིན་དུ་དེའི་ལྡོག་ཕྱོགས་སྟྲཱི་ལིངྒའི་བྱེ་བྲག་ཏུ་གྱུར་པ། བྱེད་པ་མོ། འབྱིན་པ་མོ། ཞི་བ་མ། ལྷ་མ། ཆོས་མ་ལྟ་བུའི་མ་དང་མོ་ཡི་སྒྲས་ཀྱང་བུད་མེད་དུ་མཚོན་པར་བྱེད་པའི་རྒྱུ་མཚན་གྱིས་སྒྲ་དེ་དང་དེ་ལ་སྐྱེས་པའི་རྟགས་དང་བུད་མེད་ཀྱི་རྟགས་ཀྱི་མིང་གིས་བསྟན་པར་ཤེས་པར་བྱ་སྟེ། དོན་ལ་རྟེན་ཕོ་མོ་ལ་སྦྱར་བའི་ཁྱད་པར་གྱིས་དངོས་དང་དེའི་ལྡོག་ཕྱོགས་སུ་འགྱུར་བ་ལས་གཉིས་ཀས་བདག་པོའི་དོན་སྟོན་པར་བྱེད་པ་ལ་ནུས་པ་མཚུངས་པའང་ཡིན་ནོ། །དྲུག་པ་མ་མི་མེད་མིན་དགག་སྒྲའོ། །དེ་ཡང་སྟྲཱིི་ལིདྒ་བུད་མེད་ཀྱི་རྟགས་དངོས་མ་དང་དེའི་ཆ་ཤས་སུ་གཏོགས་པ་མི་མེད་མིན་གསུམ་བཅས་བཞི་པོ་ནི་ཡུལ་གང་ལ་སྦྱར་བ་དེ་དགག་པའི་སྒྲར་འགྱུར་ཏེ། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །རང་བཞིན་དུས་གསུམ་འགྱུར་བ་མེད། །འདི་ཞེས་དམིགས་པར་མི་ནུས་ཕྱིར། །ཚུར་མཐོང་བྱིས་བློའི་སྤྱོད་ཡུལ་མིན། །ལྟ་བུ་སྟེ། མོ་ནི་བུད་མེད་ཀྱི་རྟགས་ཡིན་ཀྱང་དགག་སྒྲར་མི་འཇུག་པས་འདིར་མ་བཤད་དོ། །དེ་ལྟར་སུམ་ཅུ་པའི་དངོས་བསྟན་ཕྲད་རང་དབང་ཅན་དྲུག་པོ་བསྟན་ཟིན་ནས། དེ་ལས། གཞན་ཡང་སྒྲུབ་བྱེད་ཡིན་ཡོད་གཅོད་ཁོོ་ན། །འདྲི་ལ་ཅི་ཇི་སྤྱི་ལ་འཇུག་པའི་སུ། །ངེས་བཟུང་ཉིད་དང་བཞིན་སོགས་མཚུངས་སྒྲས་མཚོན། །ཚིག་ཕྲད་སྣ་ཚོགས་སྐབས་ཐོབ་སྦྱོར་ཤེས་གཅེས། །ཞེས་སྨོས་ཏེ། དེ་ཡང་ཚིག་སྦྱོར་གང་ལ་སྦྱར་བའི་དོན་དེ་ཉིད་སྒྲུབ་པར་བྱེད་པའི་དོན་ལ་ཡིན་དང་ཡོད་གཉིས་འཇུག་སྟེ། དཔེར་ན། འདི་ནི་ལུང་གི་ཚད་མ་ཡིན། །རིགས་པས་གྲུབ་པའི་གཏན་ཚིགས་ཡོད། །མན་ངག་སྟོབས་ལས་རྙེད་པ་ཡིན། །རྣམ་ཀུན་མི་བསླུའི་ངེས་པ་ཡོད། །ལྟ་བུ་དང་། གཞན་རྣམ་པར་གཅོད་པའི་དོན་ལ། ཁོ་ནའི་སྒྲ་འཇུག་སྟེ། དེ་ལའང་དབྱེ་ན་གསུམ་གྱི། མི་ལྡན་རྣམ་གཅོད་ལ་མཚོན་ན། ཉན་ཐོས་དགྲ་བཅོམ་ཟག་པ་ཟད། །ཉོན་སྒྲིབ་ཁོ་ནའི་འཆིང་ལས་གྲོལ། །ལྟ་བུ་དང་། གཞན་ལྡན་རྣམ་གཅོད་ལ་མཚོན་ན། སྒྲིབ་གཉིས་ས་བོན་གཏན་སྤངས་པ། །ཐམས་ཅད་མཁྱེན་པ་ཁོ་ན་འོ། །ལྟ་བུ་དང་། མི་སྲིད་རྣམ་གཅོད་དང་སྦྱར་ན། ཉན་རང་ཡེ་ཤེས་ལུས་ཅན་ཡང་། །ནམ་ཞིག་རྒྱལ་བའི་ཐུགས་རྗེ་ཡིས། །བསྐུལ་ནས་ཐེག་པ་ཆེན་པོ་ལ། །འཇུག་པ་སྲིད་པ་ཁོ་ནའོ། །ལྟ་བུའོ། །དེར་མ་ཟད་སེམས་ཙམ་ཞེས་པའི་ཙམ་སྒྲ་ལའང་ཕྱི་དོན་རྣམ་པར་བཅད་ནས་ཡོངས་གཅོད་རྣམ་རིག་ཏུ་སྒྲུབ་པའི་གོ་ཚུལ་སོགས་ཀྱང་ཡོད་པ་ཤེས་པར་བྱ་ཞིང་། དེ་བཞིན་དུ་གཞན་ལ་འདྲི་བའི་དོན་ཅན་གྱི་ཚིག་ལ་ཅི་དང་ཇི་གཉིས་འཇུག་སྟེ། འདི་ཡིས་བརྗོད་བྱ་ཅི་ཙམ་སྟོན། །དགོས་པ་ཅི་ཡི་སླད་དུ་ཡིན། །འདི་ཡི་ཉིང་དགོས་ཇི་ཞིག་འགྲུབ། །དེ་དག་འབྲེལ་བ་ཇི་ལྟར་ལགས། །ལྟ་བུ་དང་། གང་ལ་སྦྱར་བའི་ཡུལ་དེ་ཉིད་ངེས་བཟུང་མ་བྱས་པར་སྤྱི་ལ་ཁྱབ་པའི་དོན་ཅན་གྱི་སྒྲ་ལ་སུ་ཉིད་འཇུག་སྟེ། སུ་ཞིག་གསུམ་ལ་སྐྱབས་འགྲོ་བ། །སུ་ཡང་ངན་འགྲོར་འགྲོ་མི་འགྱུར། །དེས་ན་སེམས་ཤེས་གང་སུ་དག །འདི་ལ་བརྩོན་པར་མི་བྱེད་སུ། །ལྟ་བུ་སྟེ། དེར་མ་ཟད་གང་དང་ཅི་དང་ཇི་དང་སུ་འདི་རྣམས་རྣམ་པ་ཀུན་ཏུ་མཚུངས་པ་མ་ཡིན་ཀྱང་། གང་ཡང་རུང་། ཅིའང་རུང་། གང་ལྟར། ཇི་ལྟར། གང་དགསུ་དགསུ་ཡང་རུང་བ་ལྟ་བུ་སྤྱི་སྒྲ་དངོས་དང་། ཅི་ཞིགཇི་ལྟར། སུ་ཡིན་ལྟ་བུ་བྱེ་བྲག་དང་། དངོས་པོ་དེ་ཅི། ཇི་ཙམ་ཞིགཁྱོད་སུ་ལྟ་བུ་དྲི་བ་ལ་འཇུག་པས་མཚོན་སྐབས་ཕལ་ཆེར་འཇུག་པ་མཚུངས་པར་ཡང་གསུངས་སོ། །དེ་བཞིན་དུ་ཉིད་ཀྱི་སྒྲ་ཡང་ཡུལ་གང་ལ་སྦྱར་བ་དེ་ངེས་བཟུང་གི་དོན་དུ་འགྱུར་ཏེ། གཏན་གྱི་སྐྱབས་ནི་སངས་རྒྱས་ཉིད། །སྐྱོབ་པའི་ཆོས་ཉིད་བགྲོད་བྱའི་ལམ། །གྲོགས་ཀྱི་མཆོག་ཉིད་དགེ་འདུན་ཏེ། །གསུམ་ཅར་སྐྱབས་ཀྱི་ཡུལ་ཉིད་དོ། །ལྟ་བུ་དང་། སྙན་ངག་མེ་ལོང་ལས། བཞིན་ལྟར་ལྟ་བུ་ཇི་ལྟར་སྒྲ། །མཐུན་མཚུངས་ཡང་དག་མཚུངས་དང་མཉམ། །ཡང་དག་གསལ་དང་ངེས་པར་གསལ། །རབ་གསལ་གཟུགས་ཀྱི་ཟླ་བོ་དང་། །སོགས་ཀྱིས་བསྟན་པའི་མཚུངས་གསལ་གྱི་སྒྲ་དྲུག་ཅུ་རྩ་བཞི་པོ་རྣམས་ཀྱང་ཡུལ་གང་ལ་སྦྱོར་བའི་དཔེ་ཅན་དང་དཔེ་གཉིས་པོ་ཕན་ཚུན་མཐུན་པའི་ཆོས་སམ་མཚུངས་པ་གསལ་བར་བྱེད་པ་སྟེ། སྦྱོར་ཚུལ་ཡང་། གང་སྐུ་སྣང་བ་བརྒྱ་བྱིན་བཞིན། །གསུང་གསང་ལྷ་ཡི་རྔ་ལྟར་སྙན། །སྤྲིན་མཚུངས་མཁྱེན་བརྩེས་ཁྱབ་པའི་ཐུགས། །མཁའ་འདྲ་ཐུབ་པ་མཆོག་གིས་སྲུངས། །ཞེས་པ་ལྟ་བུ་ཞིབ་པར་སྙན་ངག་གི་དཔེར་བརྗོད་དུ་བཀོད་ཟིན་པ་ལྟ་བུས་མཚོན་ཏེ། དོན་གྱི་རྣམ་དབྱེ་དང་ཚིག་གི་ཕྲད་སོགས་རྣམ་པ་སྣ་ཚོགས་པ་ཡོད་པ་རྣམས་ལུང་དང་བླ་མའི་མན་ངག་དང་རང་གི་རིགས་པས་ལེགས་པར་དཔྱད་ནས་གནས་སྐབས་དེར་གང་ལ་གང་ཐོབ་པ་ཉིད་མ་འཆོལ་བར་སྦྱར་ཤེས་པ་ཤིན་ཏུ་གཅེས་སོ། །དགུ་{བཅུ}པ་ཞར་བྱུང་དུ་ཚིག་སྡུད་བཤད་པ་ནི། སྡུད་ཚུལ་རྣམ་དབྱེ་ཕྲད་སོགས་བསྡུ་བ་དྲུག །རིམ་པར་ལས་འཛིན་པ་དང་བ་གཉིས་པ། །གྲངས་མེད་པ་དང་འབྲུ་མང་དེའི་སྐྱེས་བུ། །ཟླས་དབྱེ་ཞེས་བྱ་ཟོར་ཡངས་མཛེས་ཕྱིར་རོ། །དེ་ཡང་ཚིགས་ལྷུག་པའི་སྡེ་ཚན་དང་ཚིགས་སུ་བཅད་པའི་སྐབས་འགའ་རེར་གོང་དུ་སྨོས་པའི་རྣམ་དབྱེ་དང་ཚིག་ཕྲད་སོགས་ཀྱི་སྦྱོར་བ་འགའ་ཞིག་དངོས་སུ་མ་སྨོས་པར་དོན་གྱིས་གོ་བར་བྱས་ཏེ་བསྡུས་པའང་ཡོད་དེ། དེ་ལའང་དབྱེ་བ་རྣམ་པ་དྲུག་ཡོད་པ་རིམ་པར་བཤད་ན། དཔེར་ན་ཨུཏྤལ་ལ་ཡང་ཡིན་ལ་སྔོན་པོའང་ཡིན་པ་དེ་ལ་ཁྱད་གཞི་དང་ཁྱད་ཆོས་དེ་གཉིས་པོ་གཞི་མཐུན་པར་བསྡུས་པ་ཨུཏྤལ་སྔོན་པོ་ཞེས་བརྗོད་པ་ལྟ་བུ་ལས་འཛིན་གྱི་བསྡུ་བ་དང་། དེ་བཞིན་དུ་བགྲང་གཞི་དང་བགྲང་བྱའི་བར་གྱི་ཚིག་བསྡུས་པ་ས་བཅུ་དང་ལམ་ལྔ་དང་བ་ལང་གཉིས་ལ་བ་གཉིས་ཞེས་བརྗོད་པ་ལྟ་བུ་བ་གཉིས་པ་ཡི་བསྡུ་བ་ཞེས་མིང་རང་གིས་ཀྱང་དཔེར་བརྗོད་མཚོན་པར་བྱས་པ་བཞིན་དང་། ཚིག་སྔ་མར་མི་ཟད་པའི་སྡེ་ཚན་དུ་བཞག་པ་གང་རུང་ཅན་གྱི་བསྡུ་བ་ལ་མི་ཟད་པའམ་གྲངས་མེད་པའི་བསྡུ་བ་ཞེས་བརྗོད་དེ། དཔེར་ན་མི་ཟད་པའི་སྡེར་བཤད་པ། པྲ་ཏི་སོགས་ཉེ་བསྒྱུར་རྣམས་དང་། སརྦ་སོགས་ཚིག་གྲོགས་ཡོད་པ། སོ་སོར་རྟོག་པ་ལ་སོར་རྟོགཀུན་ལ་ཕན་པ་ལ་ཀུན་ཕན་སོགས་སུ་བརྗོད་པ་ལྟ་བུ་དང་། བརྗོད་བྱ་དེ་ཉིད་དེ་ལ་ལྡན་པའི་དངོས་པོ་གཞན་གྱི་སྒོ་ནས་བརྗོད་པ། ཟླ་བ་དང་འདྲ་བའི་བྱད་བཞིན་ཅན་ལ། ཟླ་བའི་གདོང་ཅན་དང་། མེ་མཚམས་ལ་ཤར་ལྷོ་དང་། འབྲུ་མང་པོ་དང་ལྡན་པའི་བདག་པོ་འབྲུ་མང་པོ་ཞེས་བརྗོད་པ་ལྟ་བུ་འབྲུ་མང་པོ་ཡི་ཚིག་སྡུད་ཅེས་རང་མིང་གིས་དཔེར་བརྗོད་པ་དང་། རྣམ་དབྱེ་གཉིས་པ་ནས་བདུན་པའི་བར་གང་རུང་བསྡུས་པ་ལ་དེའི་སྐྱེས་བུའི་བསྡུ་བ་ཞེས་བྱ་སྟེ། དེ་ཡང་དཔེར་ན་གྲོང་དུ་འགྲོ་བ་ལ་གྲོང་འགྲོ་ལྟ་བུ་རྣམ་དབྱེ་གཉིས་པ་བསྡུས་པ་དང་། དེ་བཞིན་དུ། རྐང་པས་འཐུང་བ་ལ་རྐང་འཐུང་ལྟ་བུ་གསུམ་པ་དང་། འབྱུང་པོ་ལ་གཏོར་མ་གཏོང་བ་ལ་འབྱུང་གཏོར་ལྟ་བུ་བཞི་པ་དང་། ཆུ་ལས་སྐྱེས་པ་ལ་ཆུ་སྐྱེས་ལྟ་བུ་ལྔ་པ་དང་། རྒྱལ་བའི་སྲས་པོ་ལ་རྒྱལ་སྲས་ལྟ་བུ་དྲུག་པ་དང་། འབྲས་བུ་ལ་གནས་པ་ལ་འབྲས་གནས་ལྟ་བུ་རྣམ་དབྱེ་བདུན་པ་བསྡུས་པ་ལྟ་བུ་དང་། རྣམ་དབྱེ་སོགས་རིགས་མཐུན་དུ་མ་འཇུག་པ་བསྡུས་ནས་མཐར་རྣམ་དབྱེ་གཅིག་སྦྱར་བ། སངས་རྒྱས་དམ་ཆོས་དགེ་འདུན་ལ་ཕྱག་འཚལ། ལྟ་བུ་ཟླས་དབྱེའི་བསྡུ་བ་ཞེས་བྱ་སྟེ་དེ་ལྟར་བསྡུ་བ་དྲུག་པོ་ཚིག་བཅད་ལྷུག་གང་གི་སྐབས་སུའང་ཚིག་ཟོར་ཡངས་ཤིང་བརྗོད་པ་མཛེས་པའི་ཕྱིར་དུ་གསུངས་ཏེ། ངེེས་པ་དོན་གྱི་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པས། སྤྱིར་ཚིག་གང་ལའང་དོན་གོ་ངེས་པ་ལས་དགོས་མེད་ཀྱི་ཚིག་ལྷག་རྣམས་དོར་ནས་བརྗོད་ན་བརྗོད་པ་དངོས་གཙང་བ་དང་། དགོས་མེད་མིན་པར་དོན་ལ་ཐོབ་པའི་རྣམ་དབྱེ་སོགས་ཀྱང་ཅི་རིགས་སུ་བསྡུ་སྟེ། ནོར་སོ་ཡོད་པ་དང་དོན་གསལ་ངེས་སོགས་མི་བཞག་ཀ་མེད་ལས་གཞན་ཅི་རིགས་སུ་བསྡུ་ན་ཚིག་ཟོར་ཡངས་ལ་དངོས་གཙང་བ་ཞིག་འབྱུང་སྟེ། དཔེར་ན། འཇིག་རྟེན་གྱི་ཁམས་མི་མཇེད་{འབྱེད}ཅེས་བྱ་བ་འདིར་སངས་རྒྱས་བཅོམ་ལྡན་འདས་བྱོན་ནས་དམ་པའི་ཆོས་བསྟན་ཏེ་གདུལ་བྱ་ལམ་ལ་བཀོད་ཅིང་། བསྟན་པ་རྒྱས་པར་གྱུར་ནས་འཕགས་པའི་གང་ཟག་མང་དུ་བྱུང་ངོ་། །ཞེས་བརྗོད་པ་ལ། བྱོན་ནས་བསྟན་ནས་བཀོད་ནས་གྱུར་ནས་ཞེས་ཚིག་ཕྲད་ཐམས་ཅད་སྒྲ་གཅིག་ཏུ་བྱས་ན་རྣ་བར་མི་མཛེས་ཤིང་། དོན་གོ་བ་ལ་ཡང་ལྷག་བཅས་ཤ་སྟག་བརྒྱུད་པས་མི་བདེ་བའི་ཞད་ཡོད་དོ། །དེས་ན་ཚིག་མཐའ་དེ་དག་གོང་ལྟར་སྒྲ་གདངས་མི་འདྲ་བ་སོ་སོར་བསྒྱུར་ན་སྐྱོན་མེད་མོད། འོན་ཀྱང་ཕྲད་དེ་དག་བསྡུས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན། ལམ་ལ་བཀོད། བསྟན་པ་རྒྱས་པར་མཛད་པས། འཕགས་པ་མང་དུ་བྱུང་ངོ་ལྟ་བུ་བྱས་ན། ཆོས་བསྟན། ལམ་ལ་བཀོད་སོགས་གཅོད་མཚམས་ཐ་དད་པས་བྱ་དགོས་ཤིང་། དེ་ལྟར་ན་དོན་གོ་བ་ལ་ཁྱད་མེད་ཀྱང་སྒྲ་ཟོར་ཡངས་ལ་མཛེས་པར་འགྱུར་བ་འདིས་མཚོན་ནས་ཚིག་སྡུད་དྲུག་བཤད་པ་ཅི་རིགས་སུ་སྦྱར་ཏེ། དོན་གོ་བ་ལ་ཁྱད་མེད་ན་ཚིག་མང་པོ་རྣམས་ཅི་རིགས་སུ་བསྡུ་ཞིང་། བར་གྱི་མཚམས་སྦྱོར་ཚིག་ཕྲད་རེ་རེ་ཙམ་བཞག་ན་ལེགས་མོད། གནས་འདི་ལ་ཁ་ཅིག་རྟོག་དཔྱོད་གཞུག་མ་མྱོང་བར་འདུག་ལ། ཁ་ཅིག་གིས་དེའི་དོན་རགས་པ་གོ་ཡང་ཞིབ་པར་མ་དཔྱད་པ་དང་། དེའི་རྣམ་བཞག་གལ་ཆུང་དུ་བྱས་ཏེ་གསལ་བར་བརྗོད་པ་སྔར་ཡོད་པ་མ་མཐོང་ཡང་འདིར་གསལ་བར་བརྗོད་པ་འདི་སྙན་ངག་མཁན་ལ་མན་ངག་གཅིག་བདག་གིས་འདོམས་པ་ཡིན་པས་བློ་ལྡན་རྣམས་དགའ་བར་གྱིས་ཤིགཅེས་སྙན་འགྲེལ་དུ་གསུངས་པ་བཞིན་ནོ། །སྡུད་ཚུལ་ཕྱོགས་ཙམ་དཔེར་མཚོན་ན། རི་བོང་ཅན་གདོང་འདྲེན་བྱེད་ཨུཏྤལ་སྔོ། །ཕྱག་ཟུང་པད་རྩ་རབ་བརྙན་ཆུ་ཤིང་བརླ། །མཚོ་བྱུང་ལྷ་མོ་ཡིད་འོང་སྒྲ་ལྡན་མ། །སོ་སོ་རིག་བཞི་གཟུངས་སྤོབས་དཔལ་སྩོལ་ཀྱེ། །ལྟ་བུའོ། །དེ་ཉིད་གཞན་ལ་འཆད་པ་དང་འབྲེལ་བ་སོགས་ཀྱི་སྐབས་ཇི་ལྟར་བྱ་སྙམ་ན། འཆད་ཚེ་གང་ལ་ཅུང་ཟད་བསྡུས་ཡོད་པ། །བཀྲལ་སོགས་སྔོན་བྱོན་མཁས་པའི་རྗེས་འབྲང་ན། །རྩོད་འཆད་རྩོམ་པའི་བྱ་བ་གང་ལ་ཡང་། །ཐོགས་པ་མེད་པར་སྨྲ་བའི་སེང་གེར་འགྱུར། །ཞེས་སྨོས་ཏེ། དེ་ཡང་བདེ་བར་གཤེགས་པའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་དང་། དེ་དག་དང་རྗེས་སུ་འབྲེལ་བའི་ཐུན་མོང་བའི་གཙུག་ལག་གི་བསྟན་བཅོས་ཚིགས་སུ་བཅད་པ་དང་ལྷུག་པའི་སྡེ་ཚན་གང་ལ་ཡང་། དགོས་པའི་དབང་གིས་རྣམ་དབྱེ་དང་ཚིག་ཕྲད་སོགས་མཚམས་སྦྱོར་མང་པོའང་ཅུང་ཟད་བསྡུས་པར་གྱུར་པ་ཡོད་ནའང་། གཞན་ལ་འཆད་པ་སོགས་ཀྱི་ཚེ། འཆད་པ་པོས་འཆད་བདེ་བ་དང་། ཉན་པ་པོའི་རྣ་བར་སྙན་ཞིང་དོན་གོ་བ་སོགས་ལ་ཕན་པའི་དགོས་པ་མཐོང་ན། གོང་བསྟན་གྱི་དགོངས་པ་དང་མི་འགལ་བར་ལེགས་པར་སྦྱོར་ཤེས་པར་བྱ་སྟེ། གཞུང་རྩ་བར། ཚིགས་སུ་བཅད་པའི་སྦྱོར་བ་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང་། །དེ་ནི་དེ་བཞིན་སྦྱར་བར་བྱ། །ཞེས་གསུངས། དེས་ན་གོང་དུ་བཤད་པའི་སྔོན་རྗེས་མིང་གཞིའི་དབྱེ་བ་དང་། གང་གིས་གང་ལ་ཇི་ལྟར་ཅི་ཕྱིར་འཇུག་པའི་ཚུལ་རྣམ་དབྱེ་དང་ཚིག་ཕྲད་སོགས་ལེགས་པར་ཤེས་ན། མདོ་རྒྱུད་བསྟན་བཅོས་རྣམས་ཡི་གེར་འབྲི་བ་དང་། བྲིས་ཟིན་པ་རྣམས་བརྗོད་པ་དག་པར་ཀློག་པ་དང་། དེར་མ་ཟད་ཚིག་དོན་རྒྱ་ཆེར་འགྲོལ་ནས་བཤད་པ་དང་། བསྟན་བཅོས་རྩོམ་པ་དང་། གཞན་གྱི་རྒོལ་བ་ཚར་གཅོད་པའི་ཕྱིར་རྩོད་པ་སོགས་གང་གི་ཚེ་ནའང་ཚིག་དོན་སྔ་ཕྱི་མཚམས་སྦྱོར་བའི་སྒྲ་དོན་རྣམས་ལ་ཐོགས་པ་མེད་ཅིང་། ཚིག་དོན་སྔ་ཕྱི་གོ་ལོག་པ་དང་། མ་འབྲེལ་བ་དང་། འགལ་བ་སོགས་ཀྱི་སྐྱོན་མེད་པར་འཐད་པ་དང་ལྡན་ཞིང་འབྲེལ་ཆགས་པ་ཁོ་ན་སྨྲ་བའི་དབང་པོར་འགྱུར་བས་ཚོགས་ཀྱི་ནང་དུ་འཇིགས་མེད་སེང་གེ་ལྟར་རྒྱུ་ནུས་པར་འགྱུར་བ་ཡིན་ཏེ། སྔ་མ་ལས། འབྲི་དང་ཀློག་དང་བཤད་རྣམས་ཀྱི། །མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། །འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར། །ཞེས་གསུངས། དེའི་ཕྱིར་ན་བློ་གསལ་ལས་དང་པོ་པ་རྣམས་ཀྱིས་ཐོག་མར་འདི་ཙམ་ལ་བྱང་བར་བྱས་ཏེ། དེ་ནས་རིམ་པར། འཇིག་རྟེན་མིག་གཅིག་ཐུ་མི་སམྦྷོ་ཊ་སྟེ། ཐུ་མི་ནི་རུས། སམྦྷོ་ཊ་ཞེས་ཉེར་བསྒྱུར་སམ་སྔོན་མའི་བྷོ་ཊ་བོད་ཡོངས་སུ་དག་པའམ་བོད་ལེགས་མཚན་དངོས་ཀུན་ཏུ་བཟང་པོ་ཞེས་ཡོངས་སུ་གྲགས་པའི་ཞལ་སྔ་ནས་བསྩལ་པའི་བསྟན་བཅོས་རྩ་བ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས། དེའི་རྗེས་སུ་འབྲངས་པའི་བོད་ཀྱི་མཁས་པ་སྔ་ཕྱིས་མཛད་པའི་བརྡ་དག་གི་བསྟན་བཅོས་རྣམས་ལ་འདྲིས་པར་བྱས་ན། གནས་སྐབས་སུ་ཚིག་དོན་རྣམ་པར་འགྲོལ་བ་སོགས་འཆད་རྩོམ་ལ་མི་རྨོངས་པའི་ཤེས་རབ་མྱུར་དུ་འཕེལ་བ་དང་རིམ་གྱིས་སོ་སོ་ཡང་དག་པར་རིག་པ་བཞི་ལ་དབང་འབྱོར་བས་རྒྱལ་བའི་ཆོས་འཛོད་རྒྱ་མཚོ་འཛིན་ཞིང་སྲུང་བར་ནུས་པ་ནས། མཐར་ཐུག་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པས་གདུལ་བྱ་རྒྱ་མཚོའི་ཁམས་དབང་བསམ་པ་དང་མཐུན་པར་རང་རང་གི་སྐད་དང་བརྡ་ཐ་སྙད་ཀྱིས་གསལ་བར་ཆོས་ཀྱི་འཁོར་ལོ་བསྐོར་བར་ནུས་པའི་བར་འགྱུར་ཏེ། གཞུང་རྩ་བར། བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །ཞེས་གསུངས་པ་བཞིན་ལགས་པས་རྟག་ཏུ་བརྩོན་པར་རིགས་སོ། །ལྗོངས་འདིར་ལོ་པཎ་མང་བྱོན་ཀྱང་། །འཇམ་མགོན་ཐུ་མི་དང་མཚུངས་སུ། །མཁའ་ངོས་གསལ་བྱེད་མང་མོད་ཀྱི། །ཉིན་མོར་བྱེད་པ་གཉིས་ཡོད་མིན། །གང་གི་ཞབས་ཟུང་ཀེ་ཏ་ཀས། །མ་དག་ཉེས་ཀུན་བགྲུངས་པའི་རྒྱུས། །བསིལ་ལྡན་འཛིན་མའི་ལྗོངས་འདི་ཡང་། །འོག་མིན་བཞིན་དུ་བསྔགས་འོས་ཉིད། །ལེགས་མཛད་གྲགས་པའི་སྤྲིང་ཡིག་མཐའ། །དཔག་ནུས་མིན་ཡང་འདིར་ཤོང་བའི། །ཀུན་གསལ་ཁྱོན་འདི་ཆེས་ཡངས་ཤིང་། །འདེགས་བཟོད་ནོར་འཛིན་འདི་ཡང་བརླིང་། །ཁྱབ་པར་དཀྲིགས་སོ་ཆོས་ཀྱི་དབྱིངས། །ཁྱོད་ཀྱི་གསང་བ་གསུམ་གྱིས་ཏེ། །འཁོར་ཡུག་རི་བོའི་ཁོངས་འདི་ན། །ཐུབ་བསྟན་སྣང་བ་དཀར་པོས་ཀྱང་། །འདི་ན་མཆོག་དང་ཕལ་རྣམས་ཀྱི། །མགུལ་ན་སྤ་བྱས་རྒྱན་གང་ཡིན། །དེ་ནི་ཁྱོད་ཀྱི་ཕྲིན་ལས་ཕྲེང་། །ངོ་མཚར་བཀའ་དྲིན་སུ་ཡིས་དཔོག །དེ་སླད་གངས་ལྗོངས་སྣང་བའི་མིག །ཁྱོད་མཚུངས་འགའ་ཡང་མ་འཚལ་བས། །རང་ཉིད་དཔེ་ཟླར་བཞག་ལས་ཅི། །དེ་ཕྱིར་ཁྱོད་ལ་བདག་དགའ་འོ། །ཀ་ཡེ་གྲོགས་དག་མངོན་མཐོའི་གཞིར། །ལང་ཚོ་གསར་པའི་འཁྲི་ཤིང་རྩེར། །རྣམ་རིག་མེ་ཏོག་བཀྲ་དུས་འདིར། །ཐོས་བསམ་སྦྲང་རྩི་མི་འཛིན་སྨྱོས། །ཀུན་མཁྱེན་ཉེ་རྒྱུ་ཟླ་མེད་ཕུལ། །སྒྲ་ཚད་བཟོ་གསོ་ནང་དོན་རིགས། །ཀུན་རྩ་ཡི་གེ་འདི་ཁོ་ན། །དེ་སླད་ཐོག་མར་སློབས་ཤིག་གུ། །ཡི་གེའི་བརྡ་དག་གསལ་བར་བྱེད་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན་ལས། རྣམ་དབྱེ་དང་ཚིག་ཕྲད་སོགས་རྒྱས་པར་བཤད་པའི་སྐབས་ཏེ་བཞི་པའོ། །སླར་སྨྲས་པ། མཐའ་ཀླས་འགྲོ་ལ་ཕན་པ་མཆོག་སྦྱིན་པའི། །རྒྱལ་བའི་རྣམ་འཕྲུལ་མཛད་པ་བསམ་མི་ཁྱབ། །ཀུན་ལ་འཚམ་ཞིང་ཡོངས་ལ་དོན་ཆེ་བ། །ངོ་མཚར་འཕྲུལ་ཆེན་ཡི་གེ་འདི་ཁོ་ན། །ཐ་སྙད་ཆོས་ཀུན་འདི་ཡིས་གསལ་བྱེད་མོད། །ཡང་དག་དོན་ལ་སྒྲ་ཚིག་བྱ་རྩོལ་བྲལ། །བརྗོད་མེད་རྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །བདེན་གཉིས་ཟུང་འབྲེལ་ཡི་གེའི་རང་བཞིན་ལགས། །ཡི་གེའི་ངོ་བོ་སངས་རྒྱས་སྐུ་གསུང་ཐུགས། །སྣ་ཚོགས་འཕྲུལ་ཞིང་གང་འདོད་ཕན་བདེ་སྦྱིན། །མཚན་དཔེ་ཉི་མ་བརྒྱ་ཡིས་ལེགས་འཁྱུད་པའི། །ཐུབ་དབང་དངོས་སུ་མཇལ་དང་ཁྱད་པར་ཅི། །སྐྱོབ་པ་མཆོག་དེ་ཐུན་མོང་གདུལ་བྱའི་ངོར། །སྣ་ཚོགས་ཡི་གེའི་གཟུགས་སུ་རྣམ་པར་བཞུགས། །གང་ལ་གང་འཚམ་གནས་སྐབས་མཐར་ཐུག་གི། །ཕན་བདེའི་འབྲས་མང་སྦྱིན་ལ་སུ་ཡིས་སྨྱོན། །དེ་སླད་ཚུལ་འདིར་གུས་ཤིང་སྤྲོ་རྣམས་ལ། །རྣམ་གྲོལ་སྐལ་བ་ཡོད་ཀྱིས་གཞན་དུ་མིན། །རྨོངས་པ་ཁ་ཅིག་དད་མོས་སྤྲོ་བ་ལྷོད། །དེ་ལ་སངས་རྒྱས་དངོས་སུ་བྱོན་ཀྱང་ཅི། །ཕྱི་ནང་འབྱེད་ཆོས་སྐྱབས་སུ་འགྲོ་བ་སྟེ། །དེ་ཡི་རྩ་བའང་གསུང་རབ་བརྗོད་ཀུན་གཞི། །ཡིག་འབྲུ་གཅིག་ལའང་དཀོན་མཆོག་དངོས་ཉིད་དུ། །ཤེས་པར་བྱས་ནས་བཀུར་སྟི་བྱ་མིན་ནམ། །དེས་ན་རྒྱལ་བའི་བསྟན་པ་རིན་པོ་ཆེའི། །རྗེས་སུ་ཞུགས་པའི་སྐལ་བས་ཕོངས་མིན་རྣམས། །ཚུལ་འདིར་ཞུགས་ལ་དགའ་དང་སྤྲོ་བའི་བློས། །བརྩོན་པར་མཛོད་དང་དོན་གཉིས་འདོད་འཇོར་བྱེད། །གྲགས་པའི་གཏེར་གྱུར་ཡོན་ཏན་བྱེ་བའི་མཛོད། །མཁས་ཚུལ་གསུམ་གྱི་བྱ་བ་གང་ལ་ཡང་། །རྩ་བ་མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་འདི་ཉིད་མེད་ཐབས་ཅི། །རྗོད་བྱེད་ཚིག་གི་བརྡའ་ཡང་མི་ཤེས་ན། །བརྗོད་བྱའི་དོན་ཀུན་ཇི་ལྟར་འདོམས་པར་ནུས། །དེ་ཕྱིར་བསྟན་ལ་དགོངས་དང་མཁས་པའི་སར། །གཤེགས་པར་འདོད་རྣམས་ཚུལ་འདིར་བརྩོན་པར་མཛོད། །བདག་ནི་མཁས་པ་མ་ཡིན་དམ་པའང་མིན། །ཚུལ་འདིར་ཡུན་རིང་སྦྱངས་པའང་མ་ཡིན་མོད། །རང་དང་སྐལ་མཉམ་འགའ་ལ་ཕན་པའི་བློོས། །བརྗོད་ལ་ཉེས་པ་མེད་སྙམ་བརྩོན་པ་ལགས། །འདི་ལ་མ་སྦྱངས་{སྦྱང}མུ་ཅོར་སྨྲ་བའི་ངག །ཇི་སྙེད་མཆིས་ཀུན་འཕགས་དང་མཁས་པའི་ཚོགས། །ཀུན་ལ་བཤགས་སོ་བརྩེ་བས་རྗེས་དགོངས་ནས། །ལེགས་པར་འཆོས་ཏེ་འཕྲལ་ཡུན་སྒྲིབ་མེད་མཛོད། །འདི་རུ་ཅུང་ཟད་ངལ་དང་ལྷག་བསམ་མཐུས། །ཕན་བདེའི་གཞིར་གྱུར་བསྟན་མཆོག་ཡུན་གནས་ཤིང་། །མཁའ་ཁྱབ་འགྲོ་ཀུན་སྒྲིབ་གཉིས་འཆིང་རྒྱ་ལས། །རྣམ་གྲོལ་བྱང་ཆུབ་མཆོག་ལ་རེག་གྱུར་ཅིག །བདག་ཀྱང་སྐྱེ་ཀུན་གསུང་རབ་ཡི་གེའི་དོན། །ལེགས་རྟོགས་གཡོ་བའི་ཀུན་རྟོག་དྲི་བཞོན་བཅས། །བརྗོད་མེད་ནཱ་དའི་དབྱིངས་སུ་གྲོལ་བ་ཡི། །ངག་ལ་གསུང་གི་རྡོ་རྗེ་འགྲུབ་གྱུར་ཅིག །ཅེས་པའང་བློ་གསལ་དོན་གཉེར་ཅན་རྣམས་ལ་ཕན་པའི་བློས། རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་གདུལ་བྱ་ཙམ་དུ་གཏོགས་པའི་ཀུ་སཱ་ལི་འཇམ་དབྱངས་མཁས་གྲུབ་རྒྱ་མཚོའི་དབྱངས་ཅན་དགྱེས་པའི་སྡེས། རང་གནས་ཟེ་ཆེན་ཡང་དབེེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་རབ་ཚེས་ཆུ་ཁྱིའི་དུས་ཚེས་དགེ་བར་སྔར་བྲིས་པའི་བསྐྱུད་བྱང་ལས་ཅུང་ཟད་ཕྱེས་ཏེ་བྲིས་པ་དགེ། མངྒལཾ།། །།


previous ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན། next