Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  expand section
  expand section
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous རྣམ་དབྱེ་དང་ཚིག་ཕྲད་དབྱེ་བསྡུའི་ཁྱད་པར་གཞན་བཤད་པ། next

རྣམ་དབྱེ་དང་ཚིག་ཕྲད་དབྱེ་བསྡུའི་ཁྱད་པར་གཞན་བཤད་པ།

༈ ད་ནི་རྣམ་དབྱེ་དང་ཚིག་ཕྲད་དབྱེ་བསྡུའི་ཁྱད་པར་གཞན་བཤད་པ་ལ། རྟགས་ཀྱི་འཇུག་པར། མིང་མཐའ་དེ་དག་ཉིད་ཀྱིས་ནི། །དེ་ཉིད་རང་གི་སྒྲ་མཐུན་པའི། །ཆོས་དངོས་ལས་དང་བྱེད་པ་དང་། །སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། །གནས་དང་བོད་པའི་སྒྲ་ཡང་དྲངས། །ཞེས་སོགས་གསུངས་པ་ལྟར་གྱི་གོ་རིམ་ངེས་པས། རྩ་བའི་བདུན་པ་རྣམ་དབྱེའི་ངོ་བོ་བཤད་པ་ནི། སྤྱིར་ཡིག་འབྲུ་སིལ་བུ་པ་ཀ་དང་བ་ལྟ་བུ་དུ་མ་འདུས་པ་ལས་ཀ་བ། བུམ་པ། ལྟ་བུ་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་འབྱུང་ལ། མིང་དུ་མ་འདུས་པ་ལས་ཀ་བ་རིང་པོ། བུམ་པ་གསར་པ་ལྟ་བུ་དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་བའི་ཚིག་འབྱུང་། ཚིག་དུ་མ་འདུས་པ་ལས་བརྗོད་བྱའི་དོན་རྣམས་སྟོན་པར་བྱེད་པ་ཡིན་ཏེ། སྔ་མ་ལས། ཡི་གེའི་ཁོངས་ནས་མིང་དབྱུང་ཞིང་། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །ཅེས་གསུངས། འོན་ཀྱང་ཚིག་གི་མཐར་རྣམ་དབྱེ་དང་ཕྲད་གང་རུང་མ་ཞུགས་པར་དོན་གྱི་ཁྱད་པར་རྫོགས་པར་སྟོན་མི་ནུས་ཤིང་། རྣམ་དབྱེ་ཞེས་པའང་ལས་དང་བྱེད་པ་སོགས་དོན་དང་གཅིག་གཉིས་མང་པོ་སྟེ་གྲངས་རྣམ་པར་དབྱེ་བའི་དོན་གྱིས་ཏེ། དེ་ལ་ཡང་ལེགས་སྦྱར་གྱི་སྐད་ལ་མིང་གི་མཐར་ཚིག་ཏུ་འགྲུབ་པར་བྱེད་པའི་རྐྱེན་སི་སོགས་བདུན་གསུམ་ཉེར་གཅིག་པོ་རྣམས་ཏེ། བོད་སྐད་ལ་དངོས་སུ་མི་འབྱུང་ཡང་། དོན་ཐོབ་ཀྱི་དབང་གིས་དོན་རྗོད་པར་བྱེད་པའི་སྐད་རིགས་ཐམས་ཅད་ལ་རྣམ་དབྱེ་དེ་རྣམས་མེད་པ་མི་སྲིད་པས་སྔོན་གྱི་མཁན་པོ་ཐུ་མིས་འདི་ལྟར་སྦྱོར་བ་མཛད་དེ། རྣམ་དབྱེ་ངོ་བོ་ཙམ་སྟོན་ལས་སུ་བྱ། །བྱེད་པོ་དགོས་ཆེད་འབྱུང་ཁུངས་འབྲེལ་བའི་སྒྲ། །རྟེན་གནས་དང་བཅས་བདུན་ཡིན་དེ་ལ་ཡང་། །གཅིག་ཚིག་གཉིས་ཚིག་མང་ཚིག་རྣམ་པར་དབྱེ། །ཞེས་སྨོས་ཏེ། དེ་ཡང་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ་ནི། དོན་གྱི་ངོ་བོ་ཙམ་ལས་ཁྱད་པར་གཞན་མི་སྟོན་ཅིང་ལེགས་སྦྱར་ལ་རྣམ་དབྱེ་དང་པོའི་རྐྱེན་སྦྱོར་དུ་ཡོད་ཀྱང་བོད་སྐད་ལ་རྣམ་དབྱེ་དང་པོ་དང་མིང་རྐྱང་གཉིས་ལ་ཁྱད་པར་མེད་པས། སངས་རྒྱས། མེ་ཏོགཤིང་ལྟ་བུ་མིང་ཙམ་སྟོན་པའོ། །གཉིས་པ་ལས་སུ་བྱ་བ་ནི། སངས་རྒྱས་ལ་ཕྱག་འཚལ། མེ་ཏོག་ལ་ལྟ། ཤིང་ལ་བསྣུན་ལྟ་བུ་བྱ་བ་གང་ལ་བྱེད་པའི་ལས་ཅན་དུ་གྱུར་པ་སྟེ་དེ་ཡང་། སངས་རྒྱས། མེ་ཏོགཤིང་རྣམས་ནི། ཕྱག་འཚལ་བ་དང་། ལྟ་བ་དང་། བསྣུན་པའི་བྱ་བ་འཇུག་པའི་ཡུལ་ཡིན་པས་དེ་དག་ལ་ལས་ཀྱི་སྒྲ་འཇུག་པ་ཡིན་ནོ། །གསུམ་པ་བྱེད་པ་པོ་ནི། སངས་རྒྱས་ཀྱིས་གསུངས། མེ་ཏོག་གིས་བརྒྱན། ཤིང་གིས་ཕུག་ལྟ་བུ་བྱེད་པ་པོས་བྱ་བ་ལ་སྦྱོར་བ་སྟོན་པ་སྟེ། གསུངས་པ་དང་། བརྒྱན་པ་དང་། ཕུག་པ་རྣམས་བྱ་བ། དེ་བྱེད་མཁན། སངས་རྒྱས། མེ་ཏོགཤིང་རྣམས་ཡིན་པས་དེ་ལ་བྱེད་པ་པོའི་ཚིག་འཇུག་པའོ། །བཞི་པ་དགོས་ཆེད་ནི། སངས་རྒྱས་ལ་གདུགས་དབུབ། མེ་ཏོག་ལ་བྱི་བ་སྲུང་། ཤིང་ལ་ཆུ་འདྲེན་ལྟ་བུ་བྱ་བ་གང་ཞིག་གིས་བྱ་བའི་ཡུལ་དེའམ། དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པར་འགྱུར་བའི་ཆེད་དུ་བྱ་བའི་ལས་ལ་འཇུག་པ་སྟེ། གདུགས་དབུབ་པ། བྱི་བ་སྲུང་བ། ཆུ་འདྲེན་པ་སོགས་བྱ་བ། དེ་གང་གི་ཆེད་དུ་བྱ་བའི་ཡུལ། སངས་རྒྱས། མེ་ཏོགཤིང་རྣམས་ཡིན་པས་དེས་དེ་ལ་ཕན་འདོགས་པས་ན་དགོས་ཆེད་ཀྱི་སྒྲ་འཇུག་པའོ། །ལྔ་པ་འབྱུང་ཁུངས་ནི། སངས་རྒྱས་ལས་ཆོས། མེ་ཏོག་ལས་སྦྲང་རྩི། ཤིང་ལས་འབྲས་བུ་ལྟ་བུ་འབྱུང་ཁུངས་སམ་གང་ལས་འབྲེལ་བའི་དོན་ལ་འཇུག་པ་སྟེ། ཆོས་དང་སྦྲང་རྩི་ཤིང་འབྲས་རྣམས་ཀྱི་འབྱུང་ཁུངས་སངས་རྒྱས་དང་མེ་ཏོག་ཤིང་རྣམས་ཡིན་པས་དེའི་སྒྲ་འཇུག་པའོ། །དྲུག་པ་འབྲེལ་བའི་སྒྲ་ནི། སངས་རྒྱས་ཀྱི་མཚན་དཔེ། མེ་ཏོག་གི་ཟེ་འབྲུ། ཤིང་གི་ཡལ་ག་ལྟ་བུ་རྟེན་དང་བརྟེན་པའམ་ཡན་ལག་དང་ཡན་ལག་དང་ཡན་ལག་ཅན་སོགས་མིང་དོན་ཕན་ཚུལ་འབྲེལ་བར་བརྗོད་པའི་དོན་ཅན་ཏེ། མཚན་དཔེ་སོགས་ཡན་ལག་གམ་ཁྱད་ཆོས་དེ་རྣམས་སངས་རྒྱས་སོགས་ཡན་ལག་ཅན་ནམ་ཁྱད་གཞི་དེ་རྣམས་དང་ཕན་ཚུན་འབྲེལ་བའི་དོན་གྱིས་སོ། །བདུན་པ་གནས་གཞི་ནི། པད་གདན་ལ་སངས་རྒྱས། རྫིང་ན་མེ་ཏོགཤིང་ལ་བྱ་གནས་ལྟ་བུ་གང་ཞིག་གང་ལ་བརྟེན་པའམ་ཡོད་པའི་དོན་ཅན་ཏེ། སངས་རྒྱས། མེ་ཏོགབྱ་རྣམས་ཀྱི་རྟེན་གནས་སམ་གནས་པའི་གཞི་ནི། པད་གདན། རྫིང་བུ། ཤིང་རྣམས་ཡིན་པས་དེ་སྐད་ཅེས་བྱའོ། །བརྒྱད་པ་བོད་པ་ཞེས་ཟེར་ཡང་བོད་པའི་ཡུལ་ལ་རྣམ་དབྱེ་དང་པོ་ཉིད་འཇུག་ཅིང་ཀྱེ་དང་ཀྭ་སོགས་ནི་བོད་པ་གསལ་བྱེད་ཀྱི་སྒྲ་ཡིན་གྱི་རྣམ་དབྱེ་མ་ཡིན་པས་ལོགས་སུ་དབྱེར་མེད་དོ། །དེ་རྣམས་ཀྱང་དོན་ལ་སྦྱོར་ཚུལ་གྱི་སྒོ་ནས་དབྱེ་ན་ལེགས་སྦྱར་དང་མཐུན་པར་བདུན་པོ་རེ་རེ་ལའང་གཅིག་ཚིག་གཉིས་ཚིག་མང་ཚིག་གི་དབྱེ་བས་ཉི་ཤུ་རྩ་གཅིག་ཉིད་དུ་འགྱུར་ཏེ། ཀྱེ་སངས་རྒྱས། སངས་རྒྱས་དགསངས་རྒྱས་རྣམས་ལྟ་བུས་མཚོན་ཏེ་ཤེས་པར་བྱའོ། །སྐབས་འདིར་འགྲེལ་ཆེན་དུ། རྣམ་དབྱེ་སྦྱར་སའི་མིང་བདུད་རྩི་ལྟ་བུ་ལ་དེའི་རྗེས་སུ་སྤྱི་ལ་འཇུག་པའི་སྒྲ་གང་ཞིག་ལྟ་བུ་ཡོད་ན་མིང་སྔ་མར་རྣམ་དབྱེ་དང་པོ་འཇུག་པ་ཡིན་ཡང་བོད་སྐད་ལ་མིང་རྐྱང་དང་རྣམ་དབྱེ་དང་པོ་སོ་སོར་མཚོན་མི་ནུས་པས་མིང་རྐྱང་དེ་གར་གནས་པ་བདུད་རྩི་གང་ཞིག་ལྟ་བུར་འགྱུར་བ་དང་། མིང་དེའི་མཐར་འཚོ་བར་བྱེད་ལྟ་བུ་བྱེད་པའི་སྒྲ་ཡོད་ན་རྣམ་དབྱེ་གསུམ་པ་འཇུག་པས་བདུད་རྩིས་འཚོ་བར་བྱེད། ཅེས་པར་འགྱུར་བ་དང་། དེ་བཞིན་དུ་སྦྱར་ཏེ་མིང་དེའི་མཐར་ཆེད་དུ་སྦྱར་བའི་སྒྲ་མོས་པ་ལྟ་བུ་ཡོད་ན་རྣམ་དབྱེ་བཞི་པ་འཇུག་པས་བདུད་རྩི་ལ་མོས་པ་ཞེས་སུ་འགྱུར་བ་དང་། བརྟེན་ལྟ་བུའི་བརྟེན་བྱེད་ཀྱི་སྒྲ་ཡོད་ན་བདུན་པ་འཇུག་པས་བདུད་རྩི་ལ་བརྟེན་ཅེས་དང་། བསྒྱུར་ལྟ་བུའི་ལས་སུ་བྱ་བའི་སྒྲ་ཡོད་ན་གཉིས་པ་ཐོབ་པས་བདུད་རྩིར་བསྒྱུར་ཅེས་དང་། བླང་བར་བྱ་ལྟ་བུའི་བླང་བྱའི་སྒྲ་ཡོད་ན་ལྔ་པ་འཇུག་པས་འདུད་རྩི་ལས་བླང་བར་བྱ་ཞེས་དང་། བསྒྲུབ་བྱ་རྒྱ་མཚོ་ལྟ་བུའི་སྒྲ་ཡོད་ན་དྲུག་པ་འཇུག་པས་བདུད་རྩིའི་རྒྱ་མཚོ་ཞེས་དང་། སྔོན་དུ་འབོད་པར་འོས་པའི་མིང་བདུད་རྩི་ལྟ་བུ་ཡོད་ན་དེ་ལའང་ལས་བཅོལ་རྒྱུ་ལྟ་བུ་འབོད་པར་འོས་པའི་དོན་ཡོད་ནའང་རྣམ་དབྱེ་དང་པོ་འཇུག་ཅིང་བོད་པ་གསལ་བྱེད་ཀྱི་སྒྲའང་སྦྱར་བར་བྱ་སྟེ། བདུད་རྩི་མ་ཀྱེ་བདག་ལ་འཆི་མེད་སྩོལ། །ཅེས་པར་འགྱུར་བ་སོགས་ཤེས་པར་བྱའོ་ཞེས་གསུངས་ཏེ། བདུད་རྩི་མ་ཀྱེ་ཞེས་མིང་གི་ཐ་མར་བོད་པའི་སྒྲ་སྦྱར་ནས་བདག་ལ་འཆི་མེད་སྩོལ་ཅེས་འདོད་དོན་གསོལ་བའོ། །བརྒྱད་པ་ཚིག་གི་ཕྲད་ཀྱིས་རྒྱས་པར་བཤད་པ་ལ། ཚིག་གི་ཕྲད་ཅེས་པ་སྤྱིར་མིང་ཙམ་གཉིས་སམ་དུ་མ་སྦྲེལ་བའི་ཚེ་བར་དུ་མཚམས་སྦྱོར་བའམ་དོན་གསལ་བ་ལ་ཕན་འདོགས་པར་བྱེད་ཅིང་འགའ་ཞིག་དེ་འདྲའི་ཐོག་མཐའ་གཉིས་དང་མིང་རྐྱང་ཙམ་ལའང་དོན་གསལ་བའམ་བརྗོད་བདེ་བ་ལ་ཕན་འདོགས་པར་བྱེད་པའི་སྒྲའི་རྣམ་པ་ཞིག་སྟེ། དེ་ཡང་། ཚིག་ཕྲད་ལྟོས་དང་མི་ལྟོས་རྣམ་པ་གཉིས། །ཞེས་སྨོས་ཏེ། རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་དང་། ཕྲད་རང་དབང་ཅན་གཉིས་ལས། དང་པོར་བརྒྱད་ཡོད་སླར་བསྡུ་ལ་དོན་དང་། །ཨི་ལྡན་རྒྱན་སྡུད་ལྷག་བཅས་འབྱེད་དང་སྡུད། །འབྱུང་ཁུངས་བོད་པའི་སྒྲ་རུ་ཤེས་པར་བྱ། །དེ་ལས་དང་པོ་སླར་བསྡུ་ནི། དང་པོ་རྗེས་འཇུག་བཅུ་པོ་རང་རང་དང་། ད་དྲག་ཅན་མཐར་ཏ་ལ་རྣ་རུ་སྦྱར། །གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ། །སོ་དང་ཏོ་བཅས་བཅུ་གཅིག་དོན་གྱིས་འཐོབ། །དེ་དག་ཇི་ལྟར་སྦྱར་བའི་ཚུལ་དཔེར་བརྗོད་པ། རྟག་གོ་བཟང་ངོ་དཔལ་ཡོད་དོ། །ཡིན་ནོ་གྲུབ་བོ་དོན་བསམ་མོ། །བྱའོ་འགྱུར་རོ་རྐྱེན་སེལ་ལོ། །བྱ་བ་བྱས་སོ་ཆོས་བསྟནད་ཏོ། །མངོན་དུ་གྱུརད་ཏོ་བཀའ་སྩལད་ཏོ། །ལྟ་བུ་སྟེ། དེ་ནི་སླར་བསྡུ་རྫོགས་ཚིག་ཟླ་སྡུད་གྲགས། །ཞེས་སྨོས་ཏེ། སྐབས་བབས་ཀྱི་བརྗོད་བྱའི་དོན་ནམ་ཚིག་ཉིད་དེ་ཙམ་གྱིས་བསྡུ་བར་སོང་བས་སླར་བསྡུའི་སྒྲ་ཞེས་སམ། དོན་དེ་རེ་ཞིག་ཡར་རྫོགས་པར་བསྡུ་བས་རྫོགས་ཚིག་གམ་། མིང་ཚིག་གི་ཟླས་ཕྱེས་ནས་བསྡུ་བས་ཟླ་སྡུད་སོགས་མིང་གི་རྣམ་གྲངས་དུ་མར་གྲགས་པ་ཅན་ཏེ། དེ་ཡང་། མིང་ཚིག་གི་ཟླས་དབྱེ་བའི་མིང་ལས་གྲུབ་པ། ཀ་བའོ། །བུམ་པའོ་ལྟ་བུ་སྔོན་སོང་མིང་མཐའི་བསྡུ་བ་དང་། སྐྱབས་ཡུལ་ལོ། །དཀོན་མཆོག་གོ་ལྟ་བུ་སོ་སོར་བྱེ་བྲག་མང་པོ་ཡོད་པ་རྣམས་བསྡུས་པ་ནི་མིང་མཐའི་བསྡུ་བ་སྤྱི་སྒྲ་དང་། གདོད་མ་ཉིད་ནས་རྣམ་པར་དག་གོ །གནའ་བོའི་གཏམ་ནི་སྔོན་ནས་བྱུང་ངོ་། །རིགས་གནས་ཡོངས་སུ་རྫོགས་པར་གྱུར་ཏོ་ལྟ་བུ་རྫོགས་བསྡུ་གཉིས་ཀ་དང་། རབ་བྱེད་དགུ་པའོ། །མཐར་ཐུག་གོ །རྫོགས་སོ་ལྟ་བུ་རྫོགས་ཚིག་དངོས་དང་། འདི་ནི་ཆོས་སོ། །བསླབ་བྱའོ། །དེ་བཟང་ངོ་ལྟ་བུ་ངེས་གནས་དང་། སླད་མར་བྱའོ། །སྙམ་མོ། །བྱེད་དོ་ལྟ་བུ་བསམ་པའི་དོན་ནི་མ་འོངས་པའི་སླར་བསྡུ་དང་། གཞན་ཡང་དབྱངས་[ཅན་ཞུ་མཆན།] ལྷ་མོ་ལ་སྒྲ་དབྱངས་ལྷ་མོར་གྲགས་སོ་ལྟ་བུ་ངེས་ཚིག་དང་། དེ་དང་འདི་མི་འདྲའོ། །དེ་དང་འདི་མཚུངས་སོ་ལྟ་བུ་དབྱེ་ཚིག་གིས་མཚོན་ཏེ། མདོར་ན། འདས་པ་ལ་དེ་ལྟར་བྱུང་ཟིན་ཏོ། །ད་ལྟ་བྱུང་ངོ་། །མ་འོངས་པ་ན་འབྱུང་ངོ་ལྟ་བུ་དུས་གསུམ་ག་ལ་འཇུག་པ་སོགས་ཡོད་ཀྱང་། ཐམས་ཅད་ཀྱིས་མ་འོངས་པས་སླར་བསྡུ་བ་མཚོན་པའི་གནད་ཀ་ཤེས་པར་བྱ་གསུངས། གཉིས་པ་ལ་དོན་ནི། གཉིས་པ་སུ་ར་རུ་དུ་ན་ལ་ཏུ། །སྦྱོར་ཚུལ་ས་སུ་ག་བ་ད་དྲག་ཏུ། །ང་ད་ན་མ་ར་ལའིི་རྗེས་སུ་དུ། །འ་མཐར་ར་རུ་གང་མོས་ན་ལ་གཉིས། །ཅི་བདེར་སྦྱོར་ལ་ལ་དོན་བདུན་ཞེས་བཤད། །དེ་ཡང་སུ་ར་རུ་དུ་ན་ལ་ཏུ་སྟེ་ཡིག་འབྲུ་བདུན་པོ་སྦྱོར་ཚུལ་རྗེས་འཇུག་དང་ཡང་འཇུག་གི་ས་མཐར་སུ་དང་། ག་བ་གཉིས་དང་ད་དྲག་ཅན་གྱི་མཐར་ཏུ་དང་། ང་ད་ན་མ་ར་ལ་རྣམས་ཀྱི་རྗེས་སུ་དུ་དང་། འ་མཐའ་དངོས་སུ་སྦྱར་བའམ་མ་སྦྱར་བ། ལྷ། མི། འགྲོ་ལྟ་བུ་མཐའ་རྟེན་མེད་པའི་རིགས་རྣམས་ལའང་འ་མཐའ་དོན་གྱིས་འཐོབ་པས་ར་དང་། རྐང་པ། ཁ་སྐོང་དགོས་པའི་ཚེ་རུ་ཞེས་སྦྱར་ཏེ། སྐྱབས་སུ་རྟག་ཏུ་རབ་ཏུ་བསྟེན། །ཀུན་ཏུ་གོང་དུ་ཆེད་དུ་བཀུར། །གཏན་དུ་གམ་དུ་མྱུར་དུ་འགྲོ། །ཡུལ་དུ་ལྷ་རུ་བསྟེན་པར་བྱ། །ལྟ་བུ་དང་། འོག་ལ། འོག་ན། སྟེང་ལ། སྟེང་ན། ལྟ་བུ་ན་ལ་གཉིས་ནི་སྐབས་དང་བསྟུན་ཏེ་རྗེས་འཇུག་ཐམས་ཅད་ལ་བྱེ་བྲག་མེད་པར་ཅི་རིགས་སུ་སྦྱར་བར་བྱ་སྟེ། དེ་ལྟ་བུའི་ལ་དོན་བདུན་པོ་དེ་གང་ལ་འཇུག་ན། ལས་དང་ཆེད་དང་རྟེན་གནས་དེ་ཉིད་དང་། །ཚེ་སྐབས་དང་བཅས་རྣམ་པ་ལྔ་ལ་འཇུག །ནས་ལས་གཉིས་ལ་འཇུག་སྒོ་གཞན་ཡང་ཡོད། །ཅེས་སྨོས་ཏེ་དེ་དག་རྣམ་དབྱེ་དང་སྦྱར་ཚུལ། སྐྱབས་སུ་མཆི། ཆོས་ལ་བརྟེན། སྡིག་པར་འཛེམ། དགེ་ལ་འཇུགམཐའ་རུ་འཁྱོལ། ཕ་རོལད་ཏུ་ཕྱིན། སྟེང་ན་འགྲོ། སེམས་ལ་ལྟ། ལྟ་བུ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་། ཆོས་ཕྱོགས་སུ་དཀའ་བ་སྤྱད། དམན་པར་བརྩེ། མཐོ་རིས་ཀྱི་ཆེད་དུ་ཚུལ་ཁྲིམས་སྲུང་། ལོངས་སྤྱོད་ཀྱི་ཕྱིར་སྦྱིན་པ་གཏོང་། མཛེས་ཕྱིར་རྒྱན་ཐོགས། ཕ་ལ་གོས་ཚེམས། མ་ལ་ཟས་བྱིན། ཚོགས་ན་ནོར་འགྱེད། མཁས་པ་རུ་གཞུང་སློབ་ལྟ་བུ་བཞི་པ་དགོས་ཆེད་དང་། ཤར་ཕྱོགས་སུ་དབང་པོ་གནས། ནམ་མཁར་ཉི་ཟླ་གསལ། རྔ་ཡབ་ན་པད་འབྱུང་། སྟེང་དུ་གདུགས། འོག་ཏུ་སེང་ཁྲི། ས་གཞི་རུ་ཁྲོམ་འཚོགས། མཚོ་ལ་གཟུགས་བརྙན་སྣང་ལྟ་བུ་བདུན་པ་རྟེན་གནས་དང་། གཟུགས་སུ་གྲུབ། ལྷར་གསལ། བརྡ་རུ་བསྟན། སྲ་བར་བྱེད། འོད་དུ་འཚེར། བརྟན་པར་གྱུར་ལྟ་བུ་རྣམ་དབྱེ་གཉིས་པའི་བྱེ་བྲག་ལས་དང་བྱ་བ་ངོ་བོ་གཅིག་པ་དེ་ཁོ་ན་ཉིད་དམ་བདེན་པ་ལ་འཇུག་པ་སྟེ། འདི་ལ་ན་ལ་གཉིས་མི་འཇུག་གོ །ཡང་ནམ་མ་ལངས་བ་རུ་ལྡང་། ཉི་མ་ཤར་བ་ན་ཆོས་སྟོན། གུང་ལ་མདོ་འདོན། རྗེས་སུ་ཁ་ཏོན་བྱེད། རྟག་ཏུ་བདེན་པར་སྨྲ། ཚེས་བཅོ་ལྔ་རུ་གསོ་སྦྱོང་བྱ་ལྟ་བུ་རྣམ་དབྱེ་བདུན་པའི་བྱེ་བྲག་ཚེ་སྐབས་ཏེ་དུས་བརྗོད་པ་དང་བཅས་ལྔ་ལ་འཇུག་ཅིང་། དེར་མ་འདུས་པ་ན་དང་ལ་གཉིས་ལ་འཇུག་སྒོ་གཞན་ཡང་ཡོད་དེ། ནའི་སྒྲ་དམིགས་ཀྱིས་དབྱེ་བའི་དོན་དུ་སྦྱར་བ། མདོར་བསྡུ་ན། ངེས་པར་ན། དོན་དུ་ན་ལྟ་བུ་དང་། རྒྱུ་མཚན་གྱི་དོན་དུ་སྦྱར་བ། འདི་ཡོད་ན་འདི་འབྱུང་། མེ་ཡོད་ན་དུ་བ་འབྱུང་ལྟ་བུ་དང་། རྒྱུ་མཚན་དོན་གྱིས་བསྟན་པའི་དོན་དུ་སྦྱར་བ། འདུས་བྱས་ཡིན་ན་མི་འཇིག་པ་ག་ལ་ཡོད། ཟག་བཅས་ཡིན་ན་སྡུག་བསྔལ་ལས་འོས་ཅི་ལྟ་བུ་དང་། སྔར་ལྟར་མ་ཡིན་པའི་དོན་དུ་སྦྱར་ན། མི་འདི་སྔར་ནི་བླུན་ན་ད་ནི་མཁས་སོ། །སྔར་དགྲ་ཡིན་ན་ད་ནི་མ་ཡིན་ནོ་ལྟ་བུ་དང་། སྔ་མར་འོས་དཀའ་བ་སྦྱར་ནས། ཕྱི་མ་ངེས་པའི་དོན་དུ་སྦྱར་བ། ལྷས་ཀྱང་བཏུད་ན་མིས་ལྟ་ཅི་སྨོས། གཉེན་གྱིས་ཀྱང་བཅོམ་ན་དགྲས་ལྟ་ཅི་སྨོས་ལྟ་བུ་དང་། སྔ་མར་འོས་པ་བཀོད་ནས་ཕྱི་མར་མི་འོས་པ་སྦྱར་ཏེ་ཚིག་ཕྱི་མ་ངེས་པའི་དོན་དུ་སྦྱར་བ། དུད་འགྲོ་རྣམས་བླུན་པ་ཉིད་ན་མིའང་དེ་ལྟ་བུ་དག་མཐོང་ངོ་། །དགྲས་བསླུ་བར་བྱེད་ན་གཉེན་གྱིས་ཀྱང་བསླུས་སོ། །ལྟ་བུ་དང་། སྨོན་པའི་དོན་དུ་སྦྱར་བ། བདག་སངས་རྒྱས་སུ་གྱུར་ན་ཅི་མ་རུང་། འགྲོ་རྣམས་བདག་གཅིག་པུས་སྒྲོལ་བར་ནུས་ན་སྙམ་མོ་ལྟ་བུ་དང་། ཐེ་ཚོམ་གྱི་དོན་དུ་སྦྱར་བ། ས་བོན་ནི་བཏབ་ན། འདི་ལས་འབྲས་བུ་ལེགས་པར་འབྱུང་ངམ་མི་འབྱུང་། དོན་འདི་སྒྲུབ་ན་འགྲུབ་བམ་མི་འགྲུབ་ཅི་ཞིག་འགྱུར་ལྟ་བུ་མང་ངོ་། །ལ་ཡིག་ལྷག་བཅས་ཀྱི་དོན་དུ་སྦྱར་བ། རབ་ཏུ་བྱུང་ལ་མཁས་པར་བྱ། །དབེན་པ་བསྟེན་ལ་ཉམས་སུ་ལེན། །ལྟ་བུ་དང་། ཚིག་སྔ་ཕྱི་མཚམས་སྦྱོར་ཙམ་གྱི་དོན་ལ་སྦྱར་ན། གསལ་ཞིང་དང་ལ་དྲི་མ་མེད་པ། ངང་རྒྱུད་བརྟན་ལ་འགྱུར་བ་མེད་པ་ལྟ་བུ་འཇུག་སྒོ་མང་ངོ་། །གསུམ་པ་ཨི་ལྡན་ནི། གསུམ་པ་ཀྱི་གྱི་གི་འི་ཡི་དང་ལྔ། །སྦྱོར་ཚུལ་ད་བ་ས་ཀྱི་ག་ང་གི། །ན་མ་ར་ལར་གྱི་དང་འ་མཐར་འི། །རྐང་ཁ་སྐོང་ཚེ་ཡི་སྦྱར་འབྲེལ་བའི་སྒྲ། །རྗེས་འཇུག་ད་བ་ས་གསུམ་གྱི་མཐར་ཀྱི་དང་། ག་ང་གཉིས་ཀྱི་མཐར་གི་དང་། ན་མ་ར་ལ་བཞིའི་མཐར་གྱི་དང་། འ་མཐར་འི་ཡི་གཉིས་སྐབས་གང་བདེར་སྦྱར་བ་སྟེ། ཁྱོད་ཀྱི་རྒྱབ་ཀྱི་གཡས་ཀྱི་ཆར། །བདག་གི་ཞིང་གི་མདུན་གྱི་སར། །ལམ་གྱི་ཟུར་གྱི་དཔལ་གྱི་སྟེང་། །ལྷ་ཡི་ཁང་དེའི་ནང་དུ་འདུག །ལྟ་བུ་སྟེ། འདིར་སྔོན་གྱི་མཁས་པ་རྣམས་ད་དྲག་གི་མཐར་ཀྱི་ཐོབ་པར་བཞེད་དོ། །འདི་རྣམས་གང་ལ་འཇུག་ན་ཕན་ཚུན་འབྲེལ་བ་སྟོན་པའི་དོན་གྱིས་རྣམ་དབྱེ་དྲུག་པ་འབྲེལ་བའི་སྒྲ་སྟེ། དེ་ལ་ཡང་། ཆོས་ཀྱི་སྐུ། གསེར་གྱི་རྒྱན། ཆུའི་བརླན་ལྟ་བུ་ངོ་བོ་བདག་གཅིག་གི་འབྲེལ་དང་། མེ་ཡི་དུ་བ། ས་བོན་གྱི་མྱུ་གུ། དགེ་བའི་འབྲས་བུ་ལྟ་བུ་དེ་ལས་དེ་བྱུང་གི་འབྲེལ་དང་། ཕྱུག་པོའི་ནོར། རྒྱལ་པོའི་མངའ་འབངས། བདག་གི་གནས་མལ་ལྟ་བུ་བདག་པོ་དང་ཡུལ་གྱི་འབྲེལ་དང་། ཁྱིམ་གྱི་ལྷ། བུམ་ནང་གི་ཆུ། ཁང་བའི་གསེར་ཏོག་ལྟ་བུ་རྟེན་དང་བརྟེན་པའི་འབྲེལ་དང་། ཤིང་གི་ཡལ་གལུས་ཀྱི་ཡན་ལགལག་པའི་སོར་མོ་ལྟ་བུ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་སོགས་ནང་གི་དབྱེ་བ་མང་ཡང་རྟོགས་པར་སླའོ། །དེ་ལས་གཞན་ཡང་། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ །བདག་གི་སྐྱབས་ནི་སངས་རྒྱས་ཡིན་གྱི་དྲག་པོ་སོགས་གཞན་མ་ཡིན་ནོ། །འདི་ལྟར་འཐད་ཀྱི་འོན་ཀྱང་ལྟ་བུ་ཕྱི་ཚིག་འགལ་བའམ་མི་མཐུན་པའི་ཚིག་རྒྱན་ལ་ཡང་འཇུག་གོ །ཡང་། དེ་ལ་ས་སྦྱར་བྱེད་པ་པོ་རུ་འགྱུར། །ཞེས་སྨོས་ཏེ། གོང་སྨོས་ལྔ་པོ་ལ་རྗེས་འཇུག་གི་ས་མཐའ་སྦྱར་བ། ཀྱིས་གྱིས་གིས་འིས་ཡིས་གྲུབ་པ་ནི་རྣམ་དབྱེ་གསུམ་པ་བྱེད་པ་པོའི་སྒྲར་འགྱུར་ཏེ། ཁྱོད་ཀྱིས་ཐོབ་ཀྱིས་ཕྱོགས་ཀྱིས་མཚོན། །བདག་གིས་ལུང་གིས་ནན་གྱིས་བཤད། །རིམ་གྱིས་པིར་གྱིས་དལ་གྱིས་བྲིས། །ལྷ་ཡིས་བཀའ་སྩལ་མི་འདིས་སྒྲུབ། །ལྟ་བུ་སྟེ་རྟོགས་པར་སླ་མོད་དེང་སང་ཕྱོགས་འདིར་བརྟག་དཔྱད་མ་བཏང་བར་བྱེད་འབྲེལ་གྱི་སྒྲ་འདི་གཉིས་ཤིན་ཏུ་ནོར་བ་མང་འདུག་པས་ཞིབ་ཏུ་བརྟག་པར་མཛོད་ཅིགབཞི་པ་རྒྱན་སྡུད་ནི། བཞི་པ་ཀྱང་འང་ཡང་གསུམ་འཇུག་ཚུལ་ནི། །ག་ད་བ་ས་ད་དྲག་ཅན་མཐར་ཀྱང་། །ང་ན་མ་ར་ལ་ཡང་འ་མཐར་འང་། །རྐང་ཁ་སྐོང་ཚེ་ཡང་སྦྱར་མཐུན་པ་དང་། །མི་མཐུན་ཚིག་རྒྱན་གཉིས་དང་སྡུད་སྒྲར་འགྱུར། །རྗེས་འཇུག་ག་སོགས་བཞི་དང་ད་དྲག་ཅན་གྱི་མཐར་ཀྱང་དང་། ང་སོགས་ལྔའི་མཐར་ཡང་དང་། འ་མཐར་འང་ཡང་གཉིས་གང་བདེར་སྦྱར་བ་སྟེ། བཀག་ཀྱང་བརྩད་ཀྱང་ལན་གདབ་ཀྱང་། །དྲིས་ཀྱང་བསྟནད་ཀྱང་དོན་གང་ཡང་། །མཚོན་ཡང་ནམ་ཡང་སྐབས་འགར་ཡང་། །རྒྱལ་ཡང་ལྷ་མིའང་དགའ་ཡང་དགའ། །ལྟ་བུ་སྟེ། དོན་གང་ལ་འཇུག་ན། མཁས་ཀྱང་མཁས། བཙུན་ཡང་བཙུན། བདེའང་བདེ་ལྟ་བུ་ཚིག་སྔ་ཕྱི་གཉིས་མཐུན་པའི་ཚིག་རྒྱན་དང་། ཤེས་ཀྱང་ཉམས་སུ་མི་ལེན། མཛའང་བསླུ། བྱིན་ཀྱང་འཁང་ལྟ་བུ་ཚིག་སྔ་ཕྱི་གཉིས་མི་མཐུན་པའི་ཚིག་རྒྱན་ཏེ་དེ་གཉིས་དང་། མཛེས་ཤིང་འོད་ཀྱང་འཕྲོ། མིར་མ་ཟད་ལྷས་ཀྱང་བཏུད། ཨུཏྤ་ལའང་ཡིན་ལ་སྔོན་པོའང་ཡིན་ནོ། །མཁས་བཙུན་ཡང་ཡིན་ལ་གྲུབ་པའང་ཡིན་ནོ། །ལྟ་བུ་གཞིའམ་དོན་དེ་དངོས་པོ་གཞན་ཞིག་ལ་སྡུད་ཅིང་སྦྱོར་བའི་སྒྲར་འཇུག་པ་ཡིན་ལ། དེར་མ་ཟད། ཡང་ཡང་། སླར་ཡང་། དེ་ནས་ཡང་། ཡང་གསུངས་པ། ཡང་དང་ཡང་དུ་ལྟ་བུ་ཡང་གི་སྒྲ་ནི་བསྐྱར་བའམ་བསྣན་པའི་སྒྲར་ཡང་འགྱུར་བར་སྨྲ་སྒོ་ལས་གསུངས་སོ། །ལྔ་པ་ལྷག་བཅས་ནི། ལྔ་པ་སྟེ་ཏེ་དེ་གསུམ་སྦྱོར་ཚུལ་ནི། །ག་ད་བ་མ་འ་མཐར་ས་སྟེ་དང་། །ད་དེ་ན་ར་ལ་ས་ད་དྲག་མཐར། །ཏེ་སྦྱར་ལྷག་བཅས་སྒྲར་བརྗོད་མཚམས་སྦྱོར་དང་། །དམ་བཅའ་གཞན་འདྲེན་གསུམ་ལ་དབྱེ་བ་བརྒྱད། །མིང་མཐའི་ག་སོགས་ལྔའི་མཐར་ས་མགོ་ཅན་གྱི་སྟེ་དང་། ད་ཡི་མཐར་དེ་དང་། གཞན་རྣམས་དང་ད་དྲག་མཐར་ཏེ་རྐྱང་སྦྱར་བ་ནི་མིང་ཚིག་གང་ལ་སྦྱར་ཡང་བསྟན་བྱའི་ལྷག་མ་འདྲེན་པའི་དོན་དུ་འགྱུར་བས་ལྷག་མ་དང་བཅས་པའི་སྒྲ་ཞེས་བརྗོད་དེ། རྟག་སྟེ་གཙང་སྟེ་ལྷུན་གྲུབ་སྟེ། །འཛོམ་སྟེ་དགའ་སྟེ་སེམས་བདེ་སྟེ་། །ཡོད་དེ་སྩལད་ཏེ་ཚོགས་བསགས་ཏེ། །ཕྱིན་ཏེ་བསྐོར་ཏེ་རྟེན་མཇལ་ཏེ། །ལྟ་བུའོ། །དེ་ཉིད་དོན་ལ་སྦྱར་ཚུལ་ལ། སྨྲ་སྒོ་ལས། སྟེ་ནི་ལྷག་མ་ཡོད་པ་སྟེ། །མཚམས་སྦྱོར་བ་དང་དམ་བཅའ་དང་། །གཞན་འདྲེན་པ་དང་གསུམ་དུ་འདོད། །ཅེས་པ་ལྟར་གསུམ་ལས། མཚམས་སྦྱོར་ལའང་། མདའ་འཕངས་ཏེ་ཕོགལྷ་བསྒྲུབས་ཏེ་གྲུབ་ལྟ་བུ། ཚིག་སྔ་མ་བྱེད་པ་དང་ཕྱི་མ་བྱ་བར་སྦྱོར་བས་དེ་གཉིས་དུས་རིམ་གྱིས་འཇུག་པ་དང་། ལྷ་མཆོད་དེ་ལས་བྱ། ཕྱག་འཚལ་ཏེ་བཤད་ལྟ་བུ་ཚིག་སྔ་ཕྱི་གཉིས་ཀ་བྱ་ཚིག་ཡིན་ཀྱང་དུས་རིམ་གྱིས་འཇུག་དགོས་པ་དང་། འཛུམ་དམུལ་ཏེ་མདངས་ཕྱུང་། འཕར་ཏེ་འགྲོ། ཚེག་སྒྲ་དང་བཅས་ཏེ་འབར་ལྟ་བུ་ཚིག་སྔ་ཕྱི་གཉིས་ཀ་བྱ་ཚིག་ཡིན་ཀྱང་དུས་རིམ་གྱིས་མི་དགོས་པར་ཅིག་ཆར་གྲུབ་པ་ཞིག་དང་གསུམ་མོ། །དེ་བཞིན་དུ་དམ་བཅའ་ལའང་། ཚད་མ་ནི་གཉིས་ཏེ། མངོན་སུམ་དང་རྗེས་དཔག་གོ །བདེན་པ་ནི་བཞི་སྟེ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་མོ་ལྟ་བུ་དབྱེ་བ་འདྲེན་པ་དང་། སྒྲ་ཆོས་ཅན། མི་རྟག་སྟེ་བྱས་པ་ཡིན་པའི་ཕྱིར། ཕྱོགས་འདིར་དུ་བ་མེད་དེ་མེ་མེད་པའི་ཕྱིར་ལྟ་བུ་གཏན་ཚིགས་འདྲེན་པ་དང་། འཕགས་པ་སྟེ་སྡིག་ཏོ་མི་དགེའི་ས་ལས་རིང་དུ་འཕགས་པའི་དོན་གྱིས་སོ། །བཅོམ་ལྡན་འདས་ཏེ་བདུད་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ། སྲིད་ཞི་གཉིས་ཀའི་མཐའ་ལས་འདས་པའོ་ལྟ་བུ་ངེས་ཚིག་འདྲེན་པ་དང་། ཐེག་པ་མཐའ་དག་སྟེ། ཐུན་མོང་དུ་གྲགས་པ་ཉན་ཐོས་དང་རང་རྒྱལ་དང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་དང་། ཐུན་མོང་མ་ཡིན་པ་ཀུན་འབྱུང་འདྲེན་པ། དཀའ་ཐུབ་རིག་བྱེད། དབང་བསྒྱུར་ཐབས་ཀྱི་ཐེག་པ་སོགས་ཇི་སྲིད་སེམས་ཀྱི་འཇུག་པ་མ་ཟད་པ་དེ་སྲིད་དུ་ཐེག་པའི་མཐའ་ལ་ཐུག་པ་མེད་པས་ལྟ་བུ་རྒྱས་བཤད་འདྲེན་པ་བཅས་བཞི་དང་། གཞན་འདྲེན་ནི་མཚམས་སྦྱོར་དང་དམ་བཅའ་དེ་ཚོར་མི་གཏོགས་པའི་ལྷག་མ་ཡོད་ཙམ་སྟོན་པའི་སྒྲ་གཞན་རྣམས་ཏེ། ལྷའི་བུ་ཉི་མ་ནི་ནམ་མཁའ་ལ་གནས་ཏེེ་ཟླ་བའང་དེ་བཞིན་ནོ། །བདག་ནི་སྡུག་བསྔལ་མི་འདོད་དེ་གཞན་ཡང་དེ་དང་འདྲ་བར་སེམས་སོ་ལྟ་བུ་སྟེ། དེ་ལྟར་གསུམ་ལ་ནང་ཚན་གྱི་དབྱེ་བ་བརྒྱད་པོ་དེར་འཇུག་པ་ཡིན་ནོ། །དྲུག་པ་འབྱེད་སྡུད་ནི། དྲུག་པ་གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་དང་ད་དྲག་ཅན་མཐར་ཏམ། །སྦྱར་བ་འབྱེད་དང་སྡུད་པའི་དོན་ལ་འཇུག །དེ་ལྟར་བཅུ་གཅིག་པོ་སྔ་མ་བཅུ་རང་རང་གི་མིང་མཐའ་དང་ཕྱི་མ་ད་དྲག་གི་མཐར་སྦྱར་བ་སྟེ། བརྟག་གམ་མཐོང་ངམ་ཐོས་ཡོད་དམ། །ཡིན་ནམ་ཟབ་བམ་དོན་བསམ་མམ། །བདེ་འམ་དར་རམ་ཆོས་འཕེལ་ལམ། །བྱས་སམ་གྱུརད་ཏམ་འཛིནད་ཏམ་མཚོན། །དེ་རྣམས་དོན་ལ་སྦྱོར་བའི་ཚུལ་ཡང་། ཚིག་དོན་སོ་སོར་འབྱེད་པའི་དོན་ལ་སྦྱོར་ན། ཆོས་ནི་གཉིས་ཏེ། འདུས་བྱས་སམ་འདུས་མ་བྱས་སོ། །འགྲོ་བ་ནི་གཉིས་ཏེ། མཐོ་རིས་སམ་ངན་འགྲོའོ་ལྟ་བུ་གཅིག་ལས་ཉུང་ངུར་དབྱེ་བ་དང་། དབང་པོ་ནི་ལྔ་ཏེ། དད་པའམ། བརྩོན་འགྲུས་སམ། དྲན་པའམ་ཏིང་ངེ་འཛིན་ནམ། ཤེས་རབ་ཀྱི་དབང་པོའོ་ལྟ་བུ་མང་པོར་འབྱེད་པ་གཉིས། དེ་ཉིད་ཕྱོགས་གཅིག་ཏུ་སྡུད་པའི་དོན་དུ་སྦྱོར་ན། འདུས་བྱས་སམ། འདུས་མ་བྱས་ནི་ཆོས་སོ་ལྟ་བུ་ཉུང་ངུར་སྡུད་པ་དང་། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་ནི་ཕུང་པོའོ། །ལྟ་བུ་མང་པོ་གཅིག་ཏུ་སྡུད་པའི་དོན་ལ་འཇུག་པ་སྟེ། གཞན་ཡང་། འདི་བྱས་ན་རུང་ངམ་མི་རུང་། ཚིག་འདི་བདེན་པ་ཡིན་ནམ་མ་ཡིན་ལྟ་བུ་ཐེ་ཚོམ་དང་། ཁྱོད་ཀྱིས་གྲུབ་བམ་མ་གྲུབ། ཡོད་དམ་མེད་ལྟ་བུ་འདྲི་ཚིག་ལ་སྦྱོར་བ་ཡོད་ཀྱང་དབྱེ་གཞིའི་དོན་དེ་ལས་བརྩམས་ཏེ་ཐེ་ཚོམ་དང་དྲི་བའི་དོན་ཅན་ཡིན་པའི་ཕྱིར་གོང་གི་འབྱེད་པའི་དོན་ལས་མི་འདའོ། །བདུན་པ་འབྱུང་ཁུངས་ནི། བདུན་པ་ནས་ལས་གཉིས་ནི་ཅི་བདེར་སྦྱར། །འབྱུང་ཁུངས་ས་ཡིན་དངོས་དང་ཆ་འདྲ་དང་། །རྒྱུ་མཚན་དགར་དང་སྡུད་པའི་དོན་ལ་འཇུག །དེ་ཡང་ནས་དང་ལས་གཉིས་ནི་ཕྲད་རང་དབང་ཅན་ཡིན་པས་མཚོ་ལས་མཚོ་ནས་ལྟ་བུ་སྐབས་ཅི་བདེར་སྦྱར་བ་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱིས་ས་ཡིན་ཏེ། དེ་ཡང་། གསེར་ཁ་ནས་གསེར། རྒྱ་མཚོ་ལས་ནོར་བུ། སྤྲིན་ལས་ཆར། དཀོར་མཛོད་ནས་ཡོ་བྱད་ལྟ་བུ་གང་ལ་འབྲལ་བའི་དོན་ཅན་གྱི་འབྱུང་ཁུངས་དངོས་དང་། རྟ་ལས་ལྷུང་། སྐས་ནས་བབ། ཤར་ཕྱོགས་ནས་འོད་སྣང་ལྟ་བུ་འབྱུང་ཁུངས་དང་ཆ་འདྲ་བ་དང་། དུ་བ་ལས་མེར་ཤེས། ཆུ་སྐྱར་ལས་ཆུར་ཤེས། མྱུ་གུ་ལ་ལྟོས་ནས་ས་བོན་རྗེས་སུ་དཔོག་ལྟ་བུ་རྒྱུ་མཚན་ལ་འཇུག་པ་སྟེ། དེ་ཡང་མེར་ཤེས་པ་སོགས་རྒྱུ་མཚན་ཅན་དེ། རྟགས་དུ་བ་མཐོང་བ་སོགས་ཀྱི་རྒྱུ་མཚན་ལས་བྱུང་བའི་ཕྱིར་འབྱུང་ཁུངས་དང་རྗེས་སུ་མཐུན་པའོ། །གཞན་ཡང་། རིིགས་དང་། བྱ་བ་དང་། ཡོན་ཏན་གྱི་ཁྱད་པར་གང་ཡང་རུང་བ་ལ་ལོགས་སུ་དགར་བའི་དོན་ལ་འཇུག་པ་དེ་དག་རིམ་པར། བྲམ་ཟེ་ལས་རྒྱལ་རིགས་ཐ་དད། ཚོང་བྱས་པ་ལས་སྦྱིན་པ་གཏོང་བ་ལེགས། དཀར་པོ་ལས་ངུར་སྨྲིག་བཟང་ལྟ་བུ་གཞི་གཅིག་ལས་ལོགས་སུ་དགར་བ་དང་། མེ་ཏོག་གི་རིགས་གཞན་རྣམས་ལས་པདྨ་དཀར་པོ་མཆོགཟ་བ་དང་འགྲོ་བ་དང་གཏམ་སྨྲ་བ་སོགས་ཀྱི་སྤྱོད་ལམ་ལས་ཡི་གེ་འབྲི་བ་ལེགས། དཀར་པོ་དང་དམར་པོ་སོགས་ཁ་དོག་གཞན་ལས་མཐིང་ག་མཆོག་ལྟ་བུ་གཞི་མང་པོ་ལས་དགར་བ་རྣམས་ལ་ལས་དང་། པཎ་གྲུབ་རྣམས་ཀྱི་ནང་ནས་པད་འབྱུང་བཀའ་དྲིན་ཆེ། ལོ་ཙཱ་བའི་ནང་ནས་ཐུ་མི་སམྦྷོ་ཊ་ངོ་མཚར། མིའི་ནང་ནས་འཁོར་ལོས་སྒྱུར་རྒྱལ་མཆོག་ལྟ་བུ་ཚོགས་ཀྱི་ནང་ནས་འབྱིན་པ་ལྟ་བུའི་དགར་བ་ལ་ནས་ཉིད་འཇུག་པ་དང་། འདི་ནས་བྱང་ཆུབ་ཀྱི་བར་། དེ་རིང་ནས་སང་ཉི་མ་མ་ཤར་བར་ལྟ་བུ་དུས་ཀྱི་མཚམས་འཛིན་དང་། གསེར་རི་ནས་འཁོར་ཡུག་གི་བར། ལྷ་ས་ནས་རྡོ་རྗེ་གདན་གྱི་བར་ལྟ་བུ་ཡུལ་གྱི་དང་། གཟུགས་ནས་རེག་བྱའི་བར། རྐང་མཐིལ་ནས་སྐྲ་རྩེའི་བར་ལྟ་བུ་དངོས་པོའི་མཚམས་འཛིན་ཅིང་སྡུད་པའི་དོན་ལ་ནས་ཉིད་འཇུག་པ་སྟེ་དགར་སྡུད་ཀྱི་སྒྲ་དེ་དག་ཀྱང་རྣམ་དབྱེ་ལྔ་པའི་ཡན་ལག་ཏུ་འགྲོ་སྟེ། དགར་གཞི་དང་སྡུད་གཞི་གང་ཡིན་པ་དེ། དེ་དག་གི་འབྱུང་ཁུངས་དང་འདྲ་བའི་ཕྱིར་རོ། །དེར་མ་ཟད། ལྷ་མཆོད་ནས་ལས་བྱ། ཕྱག་འཚལ་ནས་བཤད། ཆོས་ཞུས་ནས་ཉམས་སུ་ལེན་ལྟ་བུ་ལྷག་བཅས་ལའང་འཇུག་མོད་ཕྱི་མ་གཉིས་པོ་དེར་ལས་ཀྱི་སྒྲ་ཉིད་མི་འཇུག་པའི་དབྱེ་གསལ་ཤེས་པར་བྱའོ། །བརྒྱད་པ་བོད་པའི་སྒྲ་ནི། བརྒྱད་པ་གོང་མིང་ཐོག་ཐར་མཆོག་ལ་ཀྱེ། །ཕལ་ལ་ཀ་ཡེ་ཀྭའི་སྦྱར་བོད་པའི་སྒྲ། །གང་ཡང་རུང་བའི་མིང་ཉིད་བརྗོད་པའི་ཐོག་ཐ་གང་རུང་དུ་ཡུལ་མཆོག་ལ་ཀྱེ་དང་། ཡུལ་ཕལ་བ་དག་ལ་གླུ་ལེན་པ་སོགས་སྒེག་ཆོས་དང་དྲག་ཤུལ་སོགས་དང་འབྲེལ་བར་ཀ་ཡེ་དང་ཀྭའི་སྒྲ་སྦྱར་བ་ནི་བོད་པ་གསལ་བྱེད་ཀྱི་སྒྲ་སྟེ་མིང་ནས་འབོད་པའི་དོན་རྣམ་དབྱེ་དང་པོ་ཁོ་ན་ལ་འཇུག་པ་སྟེ། རྒྱལ་བ་སྲས་བཅས་དགོངས་མཛོད་ཀྱེ། །ཀྱེ་ལགས་རྒྱལ་པོ་ཆེན་པོ་གསོན། །ཀ་ཡེ་བློན་འབངས་འདུས་པའི་ཚོགས། །ཆོས་ཁྲིམས་འདི་ལས་མ་འདའ་ཀྭ། །ལྟ་བུའོ། །དེ་ལྟར་རྩ་བ་སུམ་ཅུ་པར་དངོས་བསྟན་ལྟོས་པའི་ཕྲད་བརྒྱད་པོ་བཤད་ཟིན་ནས། ཞར་བྱུང་དུ་མིང་མཐའ་འདྲེན་ཚུལ། གཞན་ཡང་ག་ད་བ་གསུམ་ད་དྲག་མཐར། །ཅིང་ཅེས་ཅེའོ་ཅེ་ན་ཅིག་དེ་བཞིན། །ང་འ་ན་མ་ར་ལ་དྲུག་པོའི་རྗེས། །ཞིང་ཞེས་ཞེའོ་ཞེ་ན་ཞིག་དང་ནི། །ས་མཐར་ཤིང་ཤེས་ཤེའོ་ཤེ་ན་ཤིག །ཅེས་པ་རྣམས་དོན་གྱིས་དེ་ལྟར་ཐོབ་ཀྱང་ས་མཐར་ཤེས་ཞེས་པ་བརྗོད་མི་བདེ་བའི་དབང་གིས་ཕྱིས་ཀྱི་མཁས་པ་ཞྭ་ལུ་བ་སོགས་ཀྱིས་དམིགས་བསལ་དུ་ཞེས་སྦྱར་བར་མཛད་པ་བཞིན་དག་ཡིག་ངག་གི་སྒྲོན་མར་དཔེར་བརྗོད་པ། ག་ད་བ་གསུམ་གྱི་རྗེས་སུ་རིམ་པར། རྟག་ཅིག་རྟོག་ཅེས་ལྷག་ཅེའོ། །སུ་འདུག་ཅེ་ན་ཁྱོད་འདུག་ཅིག །རྒུད་ཅིང་ཟད་ཅེས་མེད་ཅེའོ། །ཅི་འཆད་ཅེ་ན་ཆོས་ཤོད་ཅིག །ཟབ་ཅིང་ཐོབ་ཅེས་ནུབ་ཅེའོ། །གང་རྒྱབ་ཅེ་ན་གྲི་རྒྱོབ་ཅིག །ཅེས་དང་། ང་སོགས་དྲུག་པོའི་མཐར། བྱང་ཞིང་དྲང་ཞེས་འབྱུང་ཞེའོ། །གང་གཟུང་ཞེ་ན་སེམས་གཟུང་ཞིག །སྙན་ཞིང་འཛིན་ཞེས་དཀོན་ཞེའོ། །ལྷ་ཡིན་ཞེ་ན་དོན་ཞིག་གཉེར། །འཇམ་ཞིང་ངོམ་ཞེས་འཛོམ་ཞེའོ། །དབེན་ནམ་ཞེ་ན་ནམ་ཞིག་དབེན། །དགའ་ཞིང་བཟའ་ཞེས་བདའ་ཞེའོ། །དུ་གདའ་ཞེ་ན་འགའ་ཞིག་གོ །དར་ཞིང་འཕྱུར་ཞེས་འགྱུར་ཞེའོ། །ཅི་འཕྱར་ཞེ་ན་དར་ཕྱོར་ཞིག །འཆོལ་ཞིང་འཆལ་ཞེས་འཁྲུལ་ཞེའོ། །གང་ཚོལ་ཞེ་ན་ཆོས་ཚོལ་ཞིག །ཟ་ཞིང་བདེ་ཞེས་སྤྲོ་ཞེའོ། །ཨེ་སྨྲ་ཞེ་ན་མ་སྨྲ་ཞིག །ཅེས་དང་། ས་མཐར། འདུས་ཤིང་འབྲལ་བར་ངེས་ཤེའོ། །ཅི་ངེས་ཤེ་ན་གཏམ་སྨྲོས་ཤིག །ཅེས་དང་། ད་དྲག་ཅན་གྱི་མཐར། མཁྱེནད་ཅིང་འཕྲལད་ཅེས་བརྒྱནད་ཅེའོ། །ཅིས་གྲོལད་ཅེ་ན་གྲོལ་གྱུརད་ཅིག །ཅེས་པ་ལྟ་བུའོ། །ཡང་མིང་མཐར་པ་དང་བ་གཉིས་ཇི་ལྟར་སྦྱོར་ཚུལ་ཡང་། ག་ད་ན་བ་མ་ས་ད་དྲག་མཐར། །པ་དང་ང་འ་ར་ལར་བ་ཉིད་སྦྱར། །མིང་མཐའི་རྗེས་འཇུག་ག་སོགས་དྲུག་དང་ད་དྲག་ཅན་ཏེ་བདུན་གྱི་མཐར་པ་དང་། གཞན་རྣམས་ལ་བ་ཉིད་སྦྱར་ཏེ། རྟག་པ་ཡོད་པ་བརྟན་པ་མཆོག །འཐོབ་པ་ཚིམ་པ་གནས་པ་དེར། །གྱུརད་པ་སྩལད་པ་མང་བ་ཡིས། །དགའ་བ་གསར་བ་འཕེལ་བ་ཉིད། །ལྟ་བུ་སྟེ། དེ་ཡང་གོང་སྨོས་ཡང་འཇུག་གཉིས་ལས་ད་དྲག་ནི་དགོས་པ་ཆུང་བར་དགོངས་ནས་ཟོལ་ཡང་བའི་ཆེད་སྔོན་གྱི་ལོ་པཎ་རྣམས་ཀྱིས་སྐད་གསར་བཅད་ཀྱི་སྐབས་བསྡུ་བར་མཛད་པས། ད་ལྟའི་བྲིས་རྒྱུན་ཕལ་ཆེར་ལ་དངོས་སུ་མི་འབྱུང་ཡང་དོན་གྱིས་དེ་ལྟར་ཐོབ་པས་ཚིག་ཕྲད་སོགས་དེ་དང་མཐུན་པར་སྦྱོར་དགོས་པ་ཡིན་ལ། ས་མཐའ་ནི་དེ་ལས་དོན་དང་དགོས་པ་ཆེ་བར་དགོངས་ནས་སྔོན་གྱི་ལོ་པཎ་མཁས་པ་རྣམས་ཀྱིས་ཀྱང་བསྡུ་བར་མ་མཛད་པས་དེ་རྣམས་ཀྱི་རྗེས་སུ་འབྲངས་ནས་རང་སོར་འཇོག་པ་ཉིད་ལེགས་སོ། །སྨོས་མ་ཐག་པའི་ཕྲད་རྣམས་ཀྱང་རང་རང་གི་རྟགས་མཚུངས་པར་འདྲེན་རྒྱུ་ཡོད་པ་རྣམས་དེར་ཟད། རྟགས་མཚུངས་འདྲེན་དུ་མེད་པ་རྣམས་ནི་བརྗོད་བདེ་འདྲེན་པའི་ལུགས་ཡིན་པ་བཅས་ཞིབ་པར་གོང་དུ་བསྟན་པ་བཞིན་ཤེས་པར་བྱའོ། །ཞར་བྱུང་ཚེག་ཤད་ཀྱི་ཁྱད་པར་ཡང་། ལྷུག་པའི་སྡེ་ཚན་མཚམས་དང་ཚིགས་བཅད་ཀྱི། །རྐང་མཐར་ག་ལ་ཆིག་ཤད་ང་མཐར་གསུམ། །གཞན་རྣམས་ཉིས་ཤད་ལེའུ་ཆེན་པོའི་མཐར། །བཞི་ཤད་འཐོབ་སོགས་རིགས་པས་འཕྲུལ་ཤེས་བྱ། །དེ་ཡང་ཚིགས་བཅད་ལྷུག་གཉིས་ཀྱི་ཚིགས་ལྷུག་གི་སྡེ་ཚན་རྫོགས་པའི་མཚམས་དང་། ཚིགས་བཅད་ཀྱི་རྐང་པ་རྫོགས་པའི་མཐའ་ལ་རྗེས་འཇུག་ག་ཡིག་ཡོད་ན་དེ་ལ་ཆིག་ཤད་དང་། ང་ཡོད་ན་སུམ་ཤད། གཞན་རྣམས་ཡོད་ན་ཉིས་ཤད་འཐོབ་པ་དང་། ལེའུ་འམ་རབ་བྱེད་ལྟ་བུ་ཆེན་པོ་རྫོགས་པའི་མཐར་ཡིན་ན་བཞི་ཤད་འཐོབ་པ་སོགས་ཇི་ལྟར་རིགས་ཤིང་འོས་པ་སྔོན་གྱི་མཁས་པའི་ལག་རྒྱུན་དང་རང་གི་རིག་པས་དཔྱད་ནས་སྦྱར་ཤེས་པར་བྱའོ། །དེས་ལྟོས་པའི་ཕྲད་རྣམས་སོང་ནས། ད་ནི་རང་དབང་ཅན་གྱི་ཕྲད་བཤད་པ་ལ། གཉིས་པ་རང་དབང་ཅན་ལའང་དྲུག་ཡོད་དེ། །ཞེས་རྣམ་གྲངས་སྤྱིར་བསྟན་ནས། དེ་ལས། དང་པོ་ནི་ནི་མཆོག་དམན་ཐ་དད་ཙམ། །དགར་དང་ནན་ཏན་བརྣན་པའི་ཚིག་ཏུ་འགྱུར། །དེ་ཡང་ནིའི་སྒྲ་ནི་གཞི་ལས་མཆོག་ཏུའམ་དམན་པར་རམ་ཐ་དད་ཙམ་དུ་དམིགས་བཟུང་ནས་དགར་བའི་དོན་དང་། དོན་གང་ཡིན་པ་དེ་ཉིད་ལ་ནན་ཏན་དུ་བརྣན་པའི་དོན་ལའང་འཇུག་པའི་ཚིག་ཏུ་འགྱུར་ཏེ། དེ་ལ་མཆོག་དགར་བ་ནི། རྐང་གཉིས་མཆོག་ནི་ཤཱཀྱའི་སྲས། །རྡོ་རྗེ་ཅན་ནི་ལྷ་ཡི་བདག །རིགས་པ་སྨྲ་བ་རྣམས་ལས་ནི། །ཆོས་ཀྱི་གྲགས་པ་མཆོག་ཡིན་ནོ། །ལྟ་བུ་དང་། དམན་པར་དགར་བ། གྲོགས་རྣམས་ལས་ནི་མི་དགེའི་བཤེས། །ལྟ་ཀུན་ལས་ནི་མེད་པར་ལྟ། །ངག་ཀུན་ལས་ནི་ཆོས་ལ་སྨོད། །འདི་གསུམ་ཐ་ཆད་གཏན་ཕུང་རྒྱུ། །ལྟ་བུ་དང་། ཐ་དད་ཙམ་དུ་དགར་བ། གཟུགས་ནི་ཚོར་བ་ལས་ཐ་དད། །འདུ་ཤེས་ལས་ནི་འདུ་བྱེད་གཞན། །རྣམ་པར་ཤེས་ནི་གཟུགས་མ་ཡིན། །འདུས་མ་བྱས་ནི་གཞན་དུའོ། །ལྟ་བུའོ། །ནན་ཏན་བརྣན་པའི་དོན་དུ་སྦྱར་བ། རང་གི་དོན་ནི་སྔོན་ནས་གྲུབ། །གཞན་དོན་ལ་ནི་གཅིག་ཏུ་སྤྲོ། །དུས་ནི་མཁྱེན་ཅིང་ཐབས་ནི་མཁས། །ཁྱོད་ནི་མགོན་ཏེ་ཁྱོད་ནི་སྐྱབས། །ལྟ་བུས་མཚོན་ནོ། །གཉིས་པ་དང་ནི་སྡུད་འབྱེད་རྒྱུ་མཚན་དང་། །ཚེ་སྐབས་དུས་དང་གདམས་ངག་ལྔ་ལ་འཇུག །དེ་ཡང་དང་གི་སྒྲ་ནི། ཚིག་སྔ་ཕྱི་ཕྱོགས་གཅིག་ཏུ་སྡུད་པ་དང་། སོ་སོར་འབྱེད་པ་དང་རྒྱུ་མཚན་ཏེ་རྒྱུའི་མཚན་ཉིད་ཀྱི་དོན་དང་། དུས་བརྗོད་པ་ཚེ་སྐབས་ཀྱི་དོན་དང་། གཞན་ལ་གདམས་ངག་བརྗོད་པའི་དོན་ཏེ་ལྔ་ལ་འཇུག་པ་སྟེ། དེ་རྣམས་དཔེར་བརྗོད་ན། དད་པ་དང་ནི་བརྩོན་འགྲུས་དང་། །དྲན་པ་དང་ནི་ཏིང་འཛིན་དང་། །ཤེས་རབ་དང་ནི་རྣམ་པ་ལྔ། །མི་མཐུན་ལས་རྒྱལ་སྟོབས་ཡིན་ནོ། །ལྟ་བུ་དུ་མ་གཅིག་ཏུ་སྡུད་པ་དང་། འཕགས་པའི་ནོར་ནི་དད་པ་དང་། །ཁྲིམས་དང་གཏོང་དང་ཐོས་པ་དང་། །ཁྲེལ་ཡོད་པ་དང་ངོ་ཚ་དང་། །ཤེས་རབ་ཕུན་ཚོགས་དང་བདུན་ནོ། །ལྟ་བུ་གཞི་གཅིག་ལས་དུ་མར་འབྱེད་པ་དང་། ཟབ་མོའི་ཆོས་རྣམས་ཐོས་པ་དང་། །ཕྱོགས་ཞེན་འཆིང་བ་རྣམ་པར་གྲོལ། །ཚུལ་བཞིན་བསམ་དང་སྒོམ་པ་དང་། །ཐེ་ཚོམ་སྨག་བྲལ་གནས་ལུགས་རྟོགས། །ལྟ་བུ་རྒྱུ་མཚན་གྱི་དོན་དང་། ཆོས་ཀྱི་མཐུན་རྐྱེན་འཛོམས་པ་དང་། །ཐོས་བསམ་ཕྱོགས་རིས་མེད་པར་བརྩོན། །གདམས་ངག་སྒྲོ་འདོགས་ཆོད་པ་དང་། །གཅིག་པུར་ནགས་སུ་གནས་པར་བྱ། །ལྟ་བུ་ཚེ་སྐབས་ཏེ་དུས་བརྗོད་པ་དང་། སྦྱིན་པ་ཐོངས་དང་ལོངས་སྤྱོད་འབྱུང་། །ཚུལ་ཁྲིམས་སྲུངས་དང་རིགས་མཐོར་སྐྱེ། །བཟོད་པ་གོམས་དང་གཟུགས་བཟང་འགྱུར། །ཤེས་རབ་བསྐྱེད་དང་རྣམ་གྲོལ་བྱེད། །ལྟ་བུ་གདམས་ངག་ལ་སྦྱར་བ་སྟེ། འདི་རྣམས་གོ་སླ་བས་དཔེར་བརྗོད་པ་ཙམ་གྱིས་གོ་བར་ཟད་དོ། །གསུམ་པ་དེ་ནི་རྣམ་གྲངས་གཞན་སྦྱོར་དང་། །ལྷག་བཅས་འདས་པའི་དུས་ཏེ་ཐ་སྙད་གསུམ། །དངོས་པོའི་དོན་དུ་བདེན་གསང་བདག་གི་བ། །ཕ་རོལ་པོ་ཡི་དངོས་ཏེ་རྣམ་པ་བཞི། །དུས་ཀྱི་དབང་དུ་འདས་འོངས་གཉིས་ལ་འཇུག །དེ་ཡང་དེ་སྒྲ་ནི་རྣམ་གྲངས་གཞན་ཞིག་ལ་སྦྱོར་རྒྱུ་ཡོད་པར་སྟོན་པའི་དོན་ཅན་དང་། ལྷག་མ་དང་བཅས་པ་དང་། དུས་གསུམ་ལས་འདས་པ་སྟེ་ཐ་སྙད་ཙམ་གྱི་དབང་དུ་བྱས་ན་དོན་གསུམ་ལ་འཇུག་པ་དང་། དངོས་པོའི་དབང་དུ་བྱས་ན། བདེན་པ་དང་། གསང་བ་དང་། བདག་གི་བ་དང་། ཕ་རོལ་པོའི་དངོས་པོ་སྟེ་བཞི་ལ་དུས་གསུམ་གར་འཇུག་པར་འགྱུར་བ་དང་། དུས་ཁོ་ནའི་དབང་དུ་བྱས་ན་འདས་པ་དང་མ་འོངས་པ་གཉིས་ལ་འཇུག་པ་ཡིན་ཏེ། དེ་ཡང་རྣམ་གྲངས་གཞན་སྦྱོར་ལ་དཔེར་མཚོན་ན། དེ་བཞིན་གཤེགས་པ། དེ་བཞིན་ནོ། །གང་ཡིན་པ་དེ། དེ་ལས་ཀྱང་གཞན། དེས་ནི་འབྲས་བུ་ཆེན་པོ་འབྱུང་ལྟ་བུ་རྣམས་ལ་རིམ་པར། ཆོས་ཉིད་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མངོན་དུ་གཤེགས་པའམ། སྔོན་གྱི་རྒྱལ་བ་རྣམས་བྱང་ཆུབ་ཏུ་གཤེགས་པར་མཛད་པ་དེ་བཞིན་དུ་གཤེགས་པ་ལྟ་བུ་དང་། ཁྱོད་ཀྱིས་སྨྲས་པའམ་དཔེ་དེ་བཞིན་ནོ་དང་། ཡུལ་གྱི་རྒྱལ་པོ་གང་ཡིན་པ་དེ། སྔར་སྨྲས་པ་དེ་ལས་ཀྱང་གཞན་བཤད་པར་བྱ་བ། ལེགས་པར་སྤྱད་པ་དེས་ནི་འབྲས་བུ་ཆེན་པོ་འབྱུང་ལྟ་བུ་རྣམ་གྲངས་སམ་ཚིག་གཞན་ཞིག་སྦྱོར་རྒྱུ་ཡོད་པའི་དོན་ཅན་ལ་རྣམ་གྲངས་གཞན་སྦྱོར་དང་། དེ་བཞིན་དུ། ཤིང་བཅད་དེ། བདེན་གྲུབ་ཏུ་ཡོད་དེ། ལྷ་མཆོད་དེ་ལྟ་བུ་ལ། ཚིག་ལྷག་མ། ཅི་ཞིག་བྱེད་དམ་འབུད། རྟག་པའི་ཕྱིར། ལས་འདི་ལ་འཇུག་པར་བྱ་ལྟ་བུ་ཚིག་ཕྱི་མ་གཞན་མ་སྦྱར་བར་དོན་སྟོན་མི་ནུས་པས་ཚིག་ལྷག་མར་བཅས་པ་སྟེ་ལྷག་བཅས་ཀྱི་སྒྲ་དང་། དུས་གསུམ་ལས་འདས་པ་ལ་འཇུག་པ་ནི་གོང་གི་རྣམ་གྲངས་གཞན་སྦྱོར་དང་ལྷག་བཅས་ཀྱི་སྒྲ་དེ་གཉིས་དུས་འདས་པ་སྟོན་པའི་ཕྱིར་ས་བཅད་ལོགས་སུ་དབྱེ་བར་མཛད་པ་ཡིན་གྱི་འདས་པ་ལ་འཇུག་པ་ཟུར་པ་མེད་དེ། འདི་ལྟར་རྣམ་གྲངས་གཞན་སྦྱོར་གྱི་དེ་སྒྲ་རྣམ་གྲངས་ཚིག་ཟིན་དུ་ཡོད་པ། མ་འོངས་པ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་ཞེས་བྱ་བ་འབྱུང་བར་འགྱུར་བ་དེ་ནི་བསྐལ་བཟང་གི་སངས་རྒྱས་དྲུག་པ་སེང་གེའི་སྒྲར་འགྱུར་རོ། །སང་གི་ཁ་ཟས་དེ་དེ་རིང་སྟ་གོན་གྱིས་ཤིག་ལྟ་བུ་ནི་སང་བཟའ་བར་བྱ་རྒྱུའི་ཁ་ཟས་གང་ཡིན་པ་དེ་སྔོན་དུ་བརྗོད་ཟིན་པའམ་ཤེས་ཟིན་པ་ཞིག་ལ་བསམས་ནས། སང་གི་ཁ་ཟས་དེ་ཙམ་ལས་མིང་ནས་མ་བཟུང་བས་མཚོན་པར་བྱེད་པར་ཡིན་པས་དུས་འདས་པ་ལ་འཇུག་པ་དང་། ཚིག་ཟིན་དུ་མེད་པ་དེ་བཞིན་གཤེགས་པ་ལ་སོགས་པ་དེའང་དེ་སྒྲ་ལ་སྦྱར་རྒྱུའི་དཔེ་དེའམ་དམིགས་སུ་གཟུང་བྱ་དེའམ་དགར་བྱ་ལ་སོགས་པ་དེ་སོང་ཟིན་པའམ་བརྗོད་ཟིན་པ་ཞིག་ལ་བསམ་པ་ཡིན་པས་འདས་པར་འགྱུར་བ་དང་། ལྷག་བཅས་ཀྱི་སྒྲ་ཤིང་བཅད་དེ་ཅི་ཞིག་བྱེད་ལྟ་བུ་ནི་དོན་འདས་མ་འདས་གང་ཡིན་ཀྱང་རུང་སྟེ་ཚིག་ཙམ་བརྗོད་ཟིན་པའི་འདས་པ་ཡིན་ནོ། །དེར་མ་ཟད་གོང་བཤད་ལྷག་བཅས་ཀྱི་སྟེ་དང་། ཏེ་རྐྱང་དང་། ནས་དང་། ལ་ཡིག་དེ་རྣམས་ཀྱང་ཚིག་ཙམ་བརྗོད་ཟིན་པའམ་དོན་སོང་ཟིན་པའི་འདས་པ་ཁོ་ན་ཡིན་ཏེ། དཔེར་ན། རྒྱས་བཏབ་སྟེ། བྱས་ཏེ། ཕྱག་བྱས་ནས། རྒྱས་བཏབ་ལ་ལྟ་བུ་དང་། བསམས་ལ། བསྒྲུབས་ལ། བསམས་ནས། བསྒྲུབས་ནས། བསམས་ཏེ། བསྒྲུབས་ཏེ་ལྟ་བུ་རྒྱ་ཆེར་ཤེས་པར་བྱའོ་ཞེས་མཁས་པ་ལྷག་བསམ་གྱིས་གསུངས། དེ་ལྟར་ཐ་སྙད་ཀྱི་དབང་དུ་གསུམ་དང་། དངོས་པོའི་དབང་དུ་བྱས་ན། ལྷག་བཅས་ཁོ་ན་དངོས་པོར་མི་འཇུག་པས་བསལ་བ་མ་གཏོགས་དེ་སྒྲའི་འཇུག་པ་ཐམས་ཅད་ལ་ཁྱབ་སྟེ། དེ་ཡང་བདེན་པའི་དོན་གྱི་དངོས་པོ་སྟོན་པ། དེ་ཁོ་ན་ཉིད་དོ། དེ་དེ་བཞིན་ནོ་ལྟ་བུ་དང་། གསང་བའི་དངོས་པོ་དེ་གཞན་གྱིས་ཤེས་ཀྱིས་དོགས་ནས་དོན་དངོས་སུ་མི་སྨྲ་བར་ཟུར་གྱིས་གོ་བར་བྱེད་པའི་ཚིགཁྱོད་ཀྱིས་དེ་གྲུབ་བམ། སྔར་གྱི་དེ་ཡོད་དམ་ལྟ་བུ་དང་། བདག་ཉིད་དང་འབྲེལ་བའི་བདག་གི་བའི་དངོས་པོ་སྟོན་པའི་ཚིགབདག་གི་ནོར་དེ། བདག་གི་ལྷ་དེ་ལྟ་བུ་དང་། གཞན་ནམ་ཕ་རོལ་པོའི་དངོས་པོར་སྟོན་པར་བྱེད་པ། མདུན་གྱི་ཀ་བ་དེ། ཁྱོད་ཀྱི་ནོར་དེ། དེས་བསྟན་པ་དེ་ནི་ལྟ་བུ་སྟེ། དེ་བཞི་གང་རུང་དུ་མ་འདུས་པའི་འཕྲད་འདིས་དངོས་པོ་བསྟན་པ་མེད་ཅིང་དངོས་པོ་མི་སྟོན་པའི་སྒྲ་དེ་སྒྲའང་ལྷག་བཅས་ཙམ་དུ་ཟད་པའི་ཕྱིར་རོ། །དེས་ན་དབྱེ་བ་འདི་སྤྱིའི་དངོས་པོའི་དོན་གཙོ་བོའི་སྒོ་ནས་ཕྱེས་པས་དུས་གསུམ་ག་ལ་ཡོད་དེ། འདས་པ་ལ་དམིགས་ནས་བརྗོད་པ། སྔོན་གྱི་ཚེ་འཕགས་པའི་ཡུལ་དེ་ན་ལྟ་བུ་དང་། ད་ལྟ་ལ། རྡོ་བ་དེ་ཁྱོད་ཀྱིས་འདེགས་ནུས་སམ་ལྟ་བུ་དང་། མ་འོངས་པ་ལ། འཚང་རྒྱ་བར་འགྱུར་བ་དེ་ལྟ་བུའི་ཚིག་གྲོགས་ཀྱིས་ཤེས་པར་བྱ་ཞིང་། མི་འཇུག་པ་ནི། རང་གིས་རང་ལ་དེ་ཞེས་མི་བརྗོད་པའི་ཕྱིར་བདག་ཉིད་ཀྱི་དངོས་པོ་ལ་མི་འཇུག་གོ །དེ་ལྟར་དངོས་པོའི་དབང་གིས་བཞི་དང་། དུས་ཁོ་ན་ཉིད་ཀྱི་དབང་དུ་བྱས་ན། སོང་ཟིན་པ་འདས་པ་ལ་འཇུག་པ། ན་ནིང་གི་ལོ་དེ། ཁར་སོང་གི་དུས་དེ། སྐད་ཅིག་སྔ་མ་དེ་ལྟ་བུའོ། །འབྱུང་འགྱུར་གྱི་དོན་མ་འོངས་པ་ལ་འཇུག་པ། དབྱར་གྱི་དུས་དེར་མེ་ཏོག་བཀྲ་བར་འགྱུར། སང་གི་ཉི་ཤར་གྱི་དུས་དེར་འགྲོ་ལྟ་བུ་སྟེ་དེ་གཉིས་ལ་འཇུག་པ་ཡིན་ཞིང་། དུས་ད་ལྟ་བ་ལ་ནི། ད་ལྟའི་ལོ་འདི། དེ་རིང་གི་དུས་ཚོད་འདི་ལྟ་བུ་ལས་དེ་ཞེས་པ་ནམ་ཡང་མི་འཇུག་གོ །བཞི་པ་གང་ནི་སྤྱི་སྒྲ་བྱེ་བྲག་འདྲི། །གང་གི་སྒྲ་ནི། དོན་གང་ཡང་དམིགས་བསལ་ངོས་མི་གཟུང་བར་སྤྱི་ལ་ཁྱབ་པའི་དོན་ཅན་གྱི་སྒྲ་སྟེ། དེ་ལའང་། གང་ཞིག་གང་དང་གང་འབྲེལ་བ། །གང་ཡང་དོན་མེད་མི་འགྱུར་བར། །གང་འདོད་འབྲས་བུ་སྦྱིན་མཛད་པ། །གང་མཆིས་དེ་ཀུན་བསྔགས་པའི་གནས། །ལྟ་བུ་སྤྱི་སྒྲ་དངོས་དང་། དེ་དང་འབྲེལ་བར། གང་ཞལ་མིག་གིས་མཐོང་བའམ། །གང་གསུང་སྒྲ་འཛིན་བཅུད་དུ་སིམ། །གང་ཐུགས་ཡུད་ཙམ་དྲན་གྱུར་པ། །གང་ཡང་དོན་ལྡན་ཁོ་བོའི་རྗེ། །ལྟ་བུ་སྤྱི་སྒྲ་བྱེ་བྲག་ལ་སྦྱར་བ་དང་། ཁྱོད་ཀྱི་སྟོན་པ་གང་ཞིག་ཡིན། །གྲུབ་མཐའ་གང་གི་ལུགས་ལྟར་སྨྲ། །འདི་རུ་བྱོན་པའི་དགོས་པ་གང་། །འདོད་དོན་གང་ཡིན་གསལ་བོར་སྨྲོས། །ལྟ་བུ་སྤྱི་སྒྲ་དྲི་བ་ལ་འཇུག་པ་སྟེ། དེ་ལྟར་གསུམ་མོ། །ལྔ་པ་པ་པོ་བདག་སྒྲ་བེམ་པོར་མིན། །དེ་ཡང་པུ་ལིངྒ་སྐྱེས་བུའི་རྟགས་མཚོན་པར་བྱེད་པའི་སྒྲ་པ་དང་པོ་གཉིས་ནི་བདག་པོའི་སྒྲ་སྟེ། དཔེར་ན། སྦྱིིན་པ་པོ་ཡི་བསོད་ནམས་ཀྱང་། །སློང་བ་པོ་ལ་རག་ལས་ཕྱིར། །སྦྱིན་པོས་ལེན་པོར་སྔོ་བྱེད་པ། །སངས་རྒྱས་པ་ཡི་ཆོས་སུ་འཚལ། །ལྟ་བུ་སྟེ། ཕྲད་དེ་སྔར་མེད་པ་ལ་གསར་དུ་སྦྱར་བས་དེ་གང་ལ་ཡོད་པའི་བདག་པོ་ཉིད་མཚོན་པར་བྱེད་པའི་སྒྲ་སྟེ། བེམ་པོ་སོགས་ལ་བདག་པོའི་ཐ་སྙད་མི་འཇུག་པས་ནམ་ཡང་ཕྲད་དེ་ཉིད་སྦྱོར་བ་མིན་ཞིང་། གཞན་ཡང་པ་དང་པོའི་སྒྲས་སྐྱེས་པར་མཚོན་པ་དེ་བཞིན་དུ་དེའི་ལྡོག་ཕྱོགས་སྟྲཱི་ལིངྒའི་བྱེ་བྲག་ཏུ་གྱུར་པ། བྱེད་པ་མོ། འབྱིན་པ་མོ། ཞི་བ་མ། ལྷ་མ། ཆོས་མ་ལྟ་བུའི་མ་དང་མོ་ཡི་སྒྲས་ཀྱང་བུད་མེད་དུ་མཚོན་པར་བྱེད་པའི་རྒྱུ་མཚན་གྱིས་སྒྲ་དེ་དང་དེ་ལ་སྐྱེས་པའི་རྟགས་དང་བུད་མེད་ཀྱི་རྟགས་ཀྱི་མིང་གིས་བསྟན་པར་ཤེས་པར་བྱ་སྟེ། དོན་ལ་རྟེན་ཕོ་མོ་ལ་སྦྱར་བའི་ཁྱད་པར་གྱིས་དངོས་དང་དེའི་ལྡོག་ཕྱོགས་སུ་འགྱུར་བ་ལས་གཉིས་ཀས་བདག་པོའི་དོན་སྟོན་པར་བྱེད་པ་ལ་ནུས་པ་མཚུངས་པའང་ཡིན་ནོ། །དྲུག་པ་མ་མི་མེད་མིན་དགག་སྒྲའོ། །དེ་ཡང་སྟྲཱིི་ལིདྒ་བུད་མེད་ཀྱི་རྟགས་དངོས་མ་དང་དེའི་ཆ་ཤས་སུ་གཏོགས་པ་མི་མེད་མིན་གསུམ་བཅས་བཞི་པོ་ནི་ཡུལ་གང་ལ་སྦྱར་བ་དེ་དགག་པའི་སྒྲར་འགྱུར་ཏེ། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །རང་བཞིན་དུས་གསུམ་འགྱུར་བ་མེད། །འདི་ཞེས་དམིགས་པར་མི་ནུས་ཕྱིར། །ཚུར་མཐོང་བྱིས་བློའི་སྤྱོད་ཡུལ་མིན། །ལྟ་བུ་སྟེ། མོ་ནི་བུད་མེད་ཀྱི་རྟགས་ཡིན་ཀྱང་དགག་སྒྲར་མི་འཇུག་པས་འདིར་མ་བཤད་དོ། །དེ་ལྟར་སུམ་ཅུ་པའི་དངོས་བསྟན་ཕྲད་རང་དབང་ཅན་དྲུག་པོ་བསྟན་ཟིན་ནས། དེ་ལས། གཞན་ཡང་སྒྲུབ་བྱེད་ཡིན་ཡོད་གཅོད་ཁོོ་ན། །འདྲི་ལ་ཅི་ཇི་སྤྱི་ལ་འཇུག་པའི་སུ། །ངེས་བཟུང་ཉིད་དང་བཞིན་སོགས་མཚུངས་སྒྲས་མཚོན། །ཚིག་ཕྲད་སྣ་ཚོགས་སྐབས་ཐོབ་སྦྱོར་ཤེས་གཅེས། །ཞེས་སྨོས་ཏེ། དེ་ཡང་ཚིག་སྦྱོར་གང་ལ་སྦྱར་བའི་དོན་དེ་ཉིད་སྒྲུབ་པར་བྱེད་པའི་དོན་ལ་ཡིན་དང་ཡོད་གཉིས་འཇུག་སྟེ། དཔེར་ན། འདི་ནི་ལུང་གི་ཚད་མ་ཡིན། །རིགས་པས་གྲུབ་པའི་གཏན་ཚིགས་ཡོད། །མན་ངག་སྟོབས་ལས་རྙེད་པ་ཡིན། །རྣམ་ཀུན་མི་བསླུའི་ངེས་པ་ཡོད། །ལྟ་བུ་དང་། གཞན་རྣམ་པར་གཅོད་པའི་དོན་ལ། ཁོ་ནའི་སྒྲ་འཇུག་སྟེ། དེ་ལའང་དབྱེ་ན་གསུམ་གྱི། མི་ལྡན་རྣམ་གཅོད་ལ་མཚོན་ན། ཉན་ཐོས་དགྲ་བཅོམ་ཟག་པ་ཟད། །ཉོན་སྒྲིབ་ཁོ་ནའི་འཆིང་ལས་གྲོལ། །ལྟ་བུ་དང་། གཞན་ལྡན་རྣམ་གཅོད་ལ་མཚོན་ན། སྒྲིབ་གཉིས་ས་བོན་གཏན་སྤངས་པ། །ཐམས་ཅད་མཁྱེན་པ་ཁོ་ན་འོ། །ལྟ་བུ་དང་། མི་སྲིད་རྣམ་གཅོད་དང་སྦྱར་ན། ཉན་རང་ཡེ་ཤེས་ལུས་ཅན་ཡང་། །ནམ་ཞིག་རྒྱལ་བའི་ཐུགས་རྗེ་ཡིས། །བསྐུལ་ནས་ཐེག་པ་ཆེན་པོ་ལ། །འཇུག་པ་སྲིད་པ་ཁོ་ནའོ། །ལྟ་བུའོ། །དེར་མ་ཟད་སེམས་ཙམ་ཞེས་པའི་ཙམ་སྒྲ་ལའང་ཕྱི་དོན་རྣམ་པར་བཅད་ནས་ཡོངས་གཅོད་རྣམ་རིག་ཏུ་སྒྲུབ་པའི་གོ་ཚུལ་སོགས་ཀྱང་ཡོད་པ་ཤེས་པར་བྱ་ཞིང་། དེ་བཞིན་དུ་གཞན་ལ་འདྲི་བའི་དོན་ཅན་གྱི་ཚིག་ལ་ཅི་དང་ཇི་གཉིས་འཇུག་སྟེ། འདི་ཡིས་བརྗོད་བྱ་ཅི་ཙམ་སྟོན། །དགོས་པ་ཅི་ཡི་སླད་དུ་ཡིན། །འདི་ཡི་ཉིང་དགོས་ཇི་ཞིག་འགྲུབ། །དེ་དག་འབྲེལ་བ་ཇི་ལྟར་ལགས། །ལྟ་བུ་དང་། གང་ལ་སྦྱར་བའི་ཡུལ་དེ་ཉིད་ངེས་བཟུང་མ་བྱས་པར་སྤྱི་ལ་ཁྱབ་པའི་དོན་ཅན་གྱི་སྒྲ་ལ་སུ་ཉིད་འཇུག་སྟེ། སུ་ཞིག་གསུམ་ལ་སྐྱབས་འགྲོ་བ། །སུ་ཡང་ངན་འགྲོར་འགྲོ་མི་འགྱུར། །དེས་ན་སེམས་ཤེས་གང་སུ་དག །འདི་ལ་བརྩོན་པར་མི་བྱེད་སུ། །ལྟ་བུ་སྟེ། དེར་མ་ཟད་གང་དང་ཅི་དང་ཇི་དང་སུ་འདི་རྣམས་རྣམ་པ་ཀུན་ཏུ་མཚུངས་པ་མ་ཡིན་ཀྱང་། གང་ཡང་རུང་། ཅིའང་རུང་། གང་ལྟར། ཇི་ལྟར། གང་དགསུ་དགསུ་ཡང་རུང་བ་ལྟ་བུ་སྤྱི་སྒྲ་དངོས་དང་། ཅི་ཞིགཇི་ལྟར། སུ་ཡིན་ལྟ་བུ་བྱེ་བྲག་དང་། དངོས་པོ་དེ་ཅི། ཇི་ཙམ་ཞིགཁྱོད་སུ་ལྟ་བུ་དྲི་བ་ལ་འཇུག་པས་མཚོན་སྐབས་ཕལ་ཆེར་འཇུག་པ་མཚུངས་པར་ཡང་གསུངས་སོ། །དེ་བཞིན་དུ་ཉིད་ཀྱི་སྒྲ་ཡང་ཡུལ་གང་ལ་སྦྱར་བ་དེ་ངེས་བཟུང་གི་དོན་དུ་འགྱུར་ཏེ། གཏན་གྱི་སྐྱབས་ནི་སངས་རྒྱས་ཉིད། །སྐྱོབ་པའི་ཆོས་ཉིད་བགྲོད་བྱའི་ལམ། །གྲོགས་ཀྱི་མཆོག་ཉིད་དགེ་འདུན་ཏེ། །གསུམ་ཅར་སྐྱབས་ཀྱི་ཡུལ་ཉིད་དོ། །ལྟ་བུ་དང་། སྙན་ངག་མེ་ལོང་ལས། བཞིན་ལྟར་ལྟ་བུ་ཇི་ལྟར་སྒྲ། །མཐུན་མཚུངས་ཡང་དག་མཚུངས་དང་མཉམ། །ཡང་དག་གསལ་དང་ངེས་པར་གསལ། །རབ་གསལ་གཟུགས་ཀྱི་ཟླ་བོ་དང་། །སོགས་ཀྱིས་བསྟན་པའི་མཚུངས་གསལ་གྱི་སྒྲ་དྲུག་ཅུ་རྩ་བཞི་པོ་རྣམས་ཀྱང་ཡུལ་གང་ལ་སྦྱོར་བའི་དཔེ་ཅན་དང་དཔེ་གཉིས་པོ་ཕན་ཚུན་མཐུན་པའི་ཆོས་སམ་མཚུངས་པ་གསལ་བར་བྱེད་པ་སྟེ། སྦྱོར་ཚུལ་ཡང་། གང་སྐུ་སྣང་བ་བརྒྱ་བྱིན་བཞིན། །གསུང་གསང་ལྷ་ཡི་རྔ་ལྟར་སྙན། །སྤྲིན་མཚུངས་མཁྱེན་བརྩེས་ཁྱབ་པའི་ཐུགས། །མཁའ་འདྲ་ཐུབ་པ་མཆོག་གིས་སྲུངས། །ཞེས་པ་ལྟ་བུ་ཞིབ་པར་སྙན་ངག་གི་དཔེར་བརྗོད་དུ་བཀོད་ཟིན་པ་ལྟ་བུས་མཚོན་ཏེ། དོན་གྱི་རྣམ་དབྱེ་དང་ཚིག་གི་ཕྲད་སོགས་རྣམ་པ་སྣ་ཚོགས་པ་ཡོད་པ་རྣམས་ལུང་དང་བླ་མའི་མན་ངག་དང་རང་གི་རིགས་པས་ལེགས་པར་དཔྱད་ནས་གནས་སྐབས་དེར་གང་ལ་གང་ཐོབ་པ་ཉིད་མ་འཆོལ་བར་སྦྱར་ཤེས་པ་ཤིན་ཏུ་གཅེས་སོ། །དགུ་{བཅུ}པ་ཞར་བྱུང་དུ་ཚིག་སྡུད་བཤད་པ་ནི། སྡུད་ཚུལ་རྣམ་དབྱེ་ཕྲད་སོགས་བསྡུ་བ་དྲུག །རིམ་པར་ལས་འཛིན་པ་དང་བ་གཉིས་པ། །གྲངས་མེད་པ་དང་འབྲུ་མང་དེའི་སྐྱེས་བུ། །ཟླས་དབྱེ་ཞེས་བྱ་ཟོར་ཡངས་མཛེས་ཕྱིར་རོ། །དེ་ཡང་ཚིགས་ལྷུག་པའི་སྡེ་ཚན་དང་ཚིགས་སུ་བཅད་པའི་སྐབས་འགའ་རེར་གོང་དུ་སྨོས་པའི་རྣམ་དབྱེ་དང་ཚིག་ཕྲད་སོགས་ཀྱི་སྦྱོར་བ་འགའ་ཞིག་དངོས་སུ་མ་སྨོས་པར་དོན་གྱིས་གོ་བར་བྱས་ཏེ་བསྡུས་པའང་ཡོད་དེ། དེ་ལའང་དབྱེ་བ་རྣམ་པ་དྲུག་ཡོད་པ་རིམ་པར་བཤད་ན། དཔེར་ན་ཨུཏྤལ་ལ་ཡང་ཡིན་ལ་སྔོན་པོའང་ཡིན་པ་དེ་ལ་ཁྱད་གཞི་དང་ཁྱད་ཆོས་དེ་གཉིས་པོ་གཞི་མཐུན་པར་བསྡུས་པ་ཨུཏྤལ་སྔོན་པོ་ཞེས་བརྗོད་པ་ལྟ་བུ་ལས་འཛིན་གྱི་བསྡུ་བ་དང་། དེ་བཞིན་དུ་བགྲང་གཞི་དང་བགྲང་བྱའི་བར་གྱི་ཚིག་བསྡུས་པ་ས་བཅུ་དང་ལམ་ལྔ་དང་བ་ལང་གཉིས་ལ་བ་གཉིས་ཞེས་བརྗོད་པ་ལྟ་བུ་བ་གཉིས་པ་ཡི་བསྡུ་བ་ཞེས་མིང་རང་གིས་ཀྱང་དཔེར་བརྗོད་མཚོན་པར་བྱས་པ་བཞིན་དང་། ཚིག་སྔ་མར་མི་ཟད་པའི་སྡེ་ཚན་དུ་བཞག་པ་གང་རུང་ཅན་གྱི་བསྡུ་བ་ལ་མི་ཟད་པའམ་གྲངས་མེད་པའི་བསྡུ་བ་ཞེས་བརྗོད་དེ། དཔེར་ན་མི་ཟད་པའི་སྡེར་བཤད་པ། པྲ་ཏི་སོགས་ཉེ་བསྒྱུར་རྣམས་དང་། སརྦ་སོགས་ཚིག་གྲོགས་ཡོད་པ། སོ་སོར་རྟོག་པ་ལ་སོར་རྟོགཀུན་ལ་ཕན་པ་ལ་ཀུན་ཕན་སོགས་སུ་བརྗོད་པ་ལྟ་བུ་དང་། བརྗོད་བྱ་དེ་ཉིད་དེ་ལ་ལྡན་པའི་དངོས་པོ་གཞན་གྱི་སྒོ་ནས་བརྗོད་པ། ཟླ་བ་དང་འདྲ་བའི་བྱད་བཞིན་ཅན་ལ། ཟླ་བའི་གདོང་ཅན་དང་། མེ་མཚམས་ལ་ཤར་ལྷོ་དང་། འབྲུ་མང་པོ་དང་ལྡན་པའི་བདག་པོ་འབྲུ་མང་པོ་ཞེས་བརྗོད་པ་ལྟ་བུ་འབྲུ་མང་པོ་ཡི་ཚིག་སྡུད་ཅེས་རང་མིང་གིས་དཔེར་བརྗོད་པ་དང་། རྣམ་དབྱེ་གཉིས་པ་ནས་བདུན་པའི་བར་གང་རུང་བསྡུས་པ་ལ་དེའི་སྐྱེས་བུའི་བསྡུ་བ་ཞེས་བྱ་སྟེ། དེ་ཡང་དཔེར་ན་གྲོང་དུ་འགྲོ་བ་ལ་གྲོང་འགྲོ་ལྟ་བུ་རྣམ་དབྱེ་གཉིས་པ་བསྡུས་པ་དང་། དེ་བཞིན་དུ། རྐང་པས་འཐུང་བ་ལ་རྐང་འཐུང་ལྟ་བུ་གསུམ་པ་དང་། འབྱུང་པོ་ལ་གཏོར་མ་གཏོང་བ་ལ་འབྱུང་གཏོར་ལྟ་བུ་བཞི་པ་དང་། ཆུ་ལས་སྐྱེས་པ་ལ་ཆུ་སྐྱེས་ལྟ་བུ་ལྔ་པ་དང་། རྒྱལ་བའི་སྲས་པོ་ལ་རྒྱལ་སྲས་ལྟ་བུ་དྲུག་པ་དང་། འབྲས་བུ་ལ་གནས་པ་ལ་འབྲས་གནས་ལྟ་བུ་རྣམ་དབྱེ་བདུན་པ་བསྡུས་པ་ལྟ་བུ་དང་། རྣམ་དབྱེ་སོགས་རིགས་མཐུན་དུ་མ་འཇུག་པ་བསྡུས་ནས་མཐར་རྣམ་དབྱེ་གཅིག་སྦྱར་བ། སངས་རྒྱས་དམ་ཆོས་དགེ་འདུན་ལ་ཕྱག་འཚལ། ལྟ་བུ་ཟླས་དབྱེའི་བསྡུ་བ་ཞེས་བྱ་སྟེ་དེ་ལྟར་བསྡུ་བ་དྲུག་པོ་ཚིག་བཅད་ལྷུག་གང་གི་སྐབས་སུའང་ཚིག་ཟོར་ཡངས་ཤིང་བརྗོད་པ་མཛེས་པའི་ཕྱིར་དུ་གསུངས་ཏེ། ངེེས་པ་དོན་གྱི་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པས། སྤྱིར་ཚིག་གང་ལའང་དོན་གོ་ངེས་པ་ལས་དགོས་མེད་ཀྱི་ཚིག་ལྷག་རྣམས་དོར་ནས་བརྗོད་ན་བརྗོད་པ་དངོས་གཙང་བ་དང་། དགོས་མེད་མིན་པར་དོན་ལ་ཐོབ་པའི་རྣམ་དབྱེ་སོགས་ཀྱང་ཅི་རིགས་སུ་བསྡུ་སྟེ། ནོར་སོ་ཡོད་པ་དང་དོན་གསལ་ངེས་སོགས་མི་བཞག་ཀ་མེད་ལས་གཞན་ཅི་རིགས་སུ་བསྡུ་ན་ཚིག་ཟོར་ཡངས་ལ་དངོས་གཙང་བ་ཞིག་འབྱུང་སྟེ། དཔེར་ན། འཇིག་རྟེན་གྱི་ཁམས་མི་མཇེད་{འབྱེད}ཅེས་བྱ་བ་འདིར་སངས་རྒྱས་བཅོམ་ལྡན་འདས་བྱོན་ནས་དམ་པའི་ཆོས་བསྟན་ཏེ་གདུལ་བྱ་ལམ་ལ་བཀོད་ཅིང་། བསྟན་པ་རྒྱས་པར་གྱུར་ནས་འཕགས་པའི་གང་ཟག་མང་དུ་བྱུང་ངོ་། །ཞེས་བརྗོད་པ་ལ། བྱོན་ནས་བསྟན་ནས་བཀོད་ནས་གྱུར་ནས་ཞེས་ཚིག་ཕྲད་ཐམས་ཅད་སྒྲ་གཅིག་ཏུ་བྱས་ན་རྣ་བར་མི་མཛེས་ཤིང་། དོན་གོ་བ་ལ་ཡང་ལྷག་བཅས་ཤ་སྟག་བརྒྱུད་པས་མི་བདེ་བའི་ཞད་ཡོད་དོ། །དེས་ན་ཚིག་མཐའ་དེ་དག་གོང་ལྟར་སྒྲ་གདངས་མི་འདྲ་བ་སོ་སོར་བསྒྱུར་ན་སྐྱོན་མེད་མོད། འོན་ཀྱང་ཕྲད་དེ་དག་བསྡུས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན། ལམ་ལ་བཀོད། བསྟན་པ་རྒྱས་པར་མཛད་པས། འཕགས་པ་མང་དུ་བྱུང་ངོ་ལྟ་བུ་བྱས་ན། ཆོས་བསྟན། ལམ་ལ་བཀོད་སོགས་གཅོད་མཚམས་ཐ་དད་པས་བྱ་དགོས་ཤིང་། དེ་ལྟར་ན་དོན་གོ་བ་ལ་ཁྱད་མེད་ཀྱང་སྒྲ་ཟོར་ཡངས་ལ་མཛེས་པར་འགྱུར་བ་འདིས་མཚོན་ནས་ཚིག་སྡུད་དྲུག་བཤད་པ་ཅི་རིགས་སུ་སྦྱར་ཏེ། དོན་གོ་བ་ལ་ཁྱད་མེད་ན་ཚིག་མང་པོ་རྣམས་ཅི་རིགས་སུ་བསྡུ་ཞིང་། བར་གྱི་མཚམས་སྦྱོར་ཚིག་ཕྲད་རེ་རེ་ཙམ་བཞག་ན་ལེགས་མོད། གནས་འདི་ལ་ཁ་ཅིག་རྟོག་དཔྱོད་གཞུག་མ་མྱོང་བར་འདུག་ལ། ཁ་ཅིག་གིས་དེའི་དོན་རགས་པ་གོ་ཡང་ཞིབ་པར་མ་དཔྱད་པ་དང་། དེའི་རྣམ་བཞག་གལ་ཆུང་དུ་བྱས་ཏེ་གསལ་བར་བརྗོད་པ་སྔར་ཡོད་པ་མ་མཐོང་ཡང་འདིར་གསལ་བར་བརྗོད་པ་འདི་སྙན་ངག་མཁན་ལ་མན་ངག་གཅིག་བདག་གིས་འདོམས་པ་ཡིན་པས་བློ་ལྡན་རྣམས་དགའ་བར་གྱིས་ཤིགཅེས་སྙན་འགྲེལ་དུ་གསུངས་པ་བཞིན་ནོ། །སྡུད་ཚུལ་ཕྱོགས་ཙམ་དཔེར་མཚོན་ན། རི་བོང་ཅན་གདོང་འདྲེན་བྱེད་ཨུཏྤལ་སྔོ། །ཕྱག་ཟུང་པད་རྩ་རབ་བརྙན་ཆུ་ཤིང་བརླ། །མཚོ་བྱུང་ལྷ་མོ་ཡིད་འོང་སྒྲ་ལྡན་མ། །སོ་སོ་རིག་བཞི་གཟུངས་སྤོབས་དཔལ་སྩོལ་ཀྱེ། །ལྟ་བུའོ། །དེ་ཉིད་གཞན་ལ་འཆད་པ་དང་འབྲེལ་བ་སོགས་ཀྱི་སྐབས་ཇི་ལྟར་བྱ་སྙམ་ན། འཆད་ཚེ་གང་ལ་ཅུང་ཟད་བསྡུས་ཡོད་པ། །བཀྲལ་སོགས་སྔོན་བྱོན་མཁས་པའི་རྗེས་འབྲང་ན། །རྩོད་འཆད་རྩོམ་པའི་བྱ་བ་གང་ལ་ཡང་། །ཐོགས་པ་མེད་པར་སྨྲ་བའི་སེང་གེར་འགྱུར། །ཞེས་སྨོས་ཏེ། དེ་ཡང་བདེ་བར་གཤེགས་པའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་དང་། དེ་དག་དང་རྗེས་སུ་འབྲེལ་བའི་ཐུན་མོང་བའི་གཙུག་ལག་གི་བསྟན་བཅོས་ཚིགས་སུ་བཅད་པ་དང་ལྷུག་པའི་སྡེ་ཚན་གང་ལ་ཡང་། དགོས་པའི་དབང་གིས་རྣམ་དབྱེ་དང་ཚིག་ཕྲད་སོགས་མཚམས་སྦྱོར་མང་པོའང་ཅུང་ཟད་བསྡུས་པར་གྱུར་པ་ཡོད་ནའང་། གཞན་ལ་འཆད་པ་སོགས་ཀྱི་ཚེ། འཆད་པ་པོས་འཆད་བདེ་བ་དང་། ཉན་པ་པོའི་རྣ་བར་སྙན་ཞིང་དོན་གོ་བ་སོགས་ལ་ཕན་པའི་དགོས་པ་མཐོང་ན། གོང་བསྟན་གྱི་དགོངས་པ་དང་མི་འགལ་བར་ལེགས་པར་སྦྱོར་ཤེས་པར་བྱ་སྟེ། གཞུང་རྩ་བར། ཚིགས་སུ་བཅད་པའི་སྦྱོར་བ་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང་། །དེ་ནི་དེ་བཞིན་སྦྱར་བར་བྱ། །ཞེས་གསུངས། དེས་ན་གོང་དུ་བཤད་པའི་སྔོན་རྗེས་མིང་གཞིའི་དབྱེ་བ་དང་། གང་གིས་གང་ལ་ཇི་ལྟར་ཅི་ཕྱིར་འཇུག་པའི་ཚུལ་རྣམ་དབྱེ་དང་ཚིག་ཕྲད་སོགས་ལེགས་པར་ཤེས་ན། མདོ་རྒྱུད་བསྟན་བཅོས་རྣམས་ཡི་གེར་འབྲི་བ་དང་། བྲིས་ཟིན་པ་རྣམས་བརྗོད་པ་དག་པར་ཀློག་པ་དང་། དེར་མ་ཟད་ཚིག་དོན་རྒྱ་ཆེར་འགྲོལ་ནས་བཤད་པ་དང་། བསྟན་བཅོས་རྩོམ་པ་དང་། གཞན་གྱི་རྒོལ་བ་ཚར་གཅོད་པའི་ཕྱིར་རྩོད་པ་སོགས་གང་གི་ཚེ་ནའང་ཚིག་དོན་སྔ་ཕྱི་མཚམས་སྦྱོར་བའི་སྒྲ་དོན་རྣམས་ལ་ཐོགས་པ་མེད་ཅིང་། ཚིག་དོན་སྔ་ཕྱི་གོ་ལོག་པ་དང་། མ་འབྲེལ་བ་དང་། འགལ་བ་སོགས་ཀྱི་སྐྱོན་མེད་པར་འཐད་པ་དང་ལྡན་ཞིང་འབྲེལ་ཆགས་པ་ཁོ་ན་སྨྲ་བའི་དབང་པོར་འགྱུར་བས་ཚོགས་ཀྱི་ནང་དུ་འཇིགས་མེད་སེང་གེ་ལྟར་རྒྱུ་ནུས་པར་འགྱུར་བ་ཡིན་ཏེ། སྔ་མ་ལས། འབྲི་དང་ཀློག་དང་བཤད་རྣམས་ཀྱི། །མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། །འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར། །ཞེས་གསུངས། དེའི་ཕྱིར་ན་བློ་གསལ་ལས་དང་པོ་པ་རྣམས་ཀྱིས་ཐོག་མར་འདི་ཙམ་ལ་བྱང་བར་བྱས་ཏེ། དེ་ནས་རིམ་པར། འཇིག་རྟེན་མིག་གཅིག་ཐུ་མི་སམྦྷོ་ཊ་སྟེ། ཐུ་མི་ནི་རུས། སམྦྷོ་ཊ་ཞེས་ཉེར་བསྒྱུར་སམ་སྔོན་མའི་བྷོ་ཊ་བོད་ཡོངས་སུ་དག་པའམ་བོད་ལེགས་མཚན་དངོས་ཀུན་ཏུ་བཟང་པོ་ཞེས་ཡོངས་སུ་གྲགས་པའི་ཞལ་སྔ་ནས་བསྩལ་པའི་བསྟན་བཅོས་རྩ་བ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས། དེའི་རྗེས་སུ་འབྲངས་པའི་བོད་ཀྱི་མཁས་པ་སྔ་ཕྱིས་མཛད་པའི་བརྡ་དག་གི་བསྟན་བཅོས་རྣམས་ལ་འདྲིས་པར་བྱས་ན། གནས་སྐབས་སུ་ཚིག་དོན་རྣམ་པར་འགྲོལ་བ་སོགས་འཆད་རྩོམ་ལ་མི་རྨོངས་པའི་ཤེས་རབ་མྱུར་དུ་འཕེལ་བ་དང་རིམ་གྱིས་སོ་སོ་ཡང་དག་པར་རིག་པ་བཞི་ལ་དབང་འབྱོར་བས་རྒྱལ་བའི་ཆོས་འཛོད་རྒྱ་མཚོ་འཛིན་ཞིང་སྲུང་བར་ནུས་པ་ནས། མཐར་ཐུག་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པས་གདུལ་བྱ་རྒྱ་མཚོའི་ཁམས་དབང་བསམ་པ་དང་མཐུན་པར་རང་རང་གི་སྐད་དང་བརྡ་ཐ་སྙད་ཀྱིས་གསལ་བར་ཆོས་ཀྱི་འཁོར་ལོ་བསྐོར་བར་ནུས་པའི་བར་འགྱུར་ཏེ། གཞུང་རྩ་བར། བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །ཞེས་གསུངས་པ་བཞིན་ལགས་པས་རྟག་ཏུ་བརྩོན་པར་རིགས་སོ། །ལྗོངས་འདིར་ལོ་པཎ་མང་བྱོན་ཀྱང་། །འཇམ་མགོན་ཐུ་མི་དང་མཚུངས་སུ། །མཁའ་ངོས་གསལ་བྱེད་མང་མོད་ཀྱི། །ཉིན་མོར་བྱེད་པ་གཉིས་ཡོད་མིན། །གང་གི་ཞབས་ཟུང་ཀེ་ཏ་ཀས། །མ་དག་ཉེས་ཀུན་བགྲུངས་པའི་རྒྱུས། །བསིལ་ལྡན་འཛིན་མའི་ལྗོངས་འདི་ཡང་། །འོག་མིན་བཞིན་དུ་བསྔགས་འོས་ཉིད། །ལེགས་མཛད་གྲགས་པའི་སྤྲིང་ཡིག་མཐའ། །དཔག་ནུས་མིན་ཡང་འདིར་ཤོང་བའི། །ཀུན་གསལ་ཁྱོན་འདི་ཆེས་ཡངས་ཤིང་། །འདེགས་བཟོད་ནོར་འཛིན་འདི་ཡང་བརླིང་། །ཁྱབ་པར་དཀྲིགས་སོ་ཆོས་ཀྱི་དབྱིངས། །ཁྱོད་ཀྱི་གསང་བ་གསུམ་གྱིས་ཏེ། །འཁོར་ཡུག་རི་བོའི་ཁོངས་འདི་ན། །ཐུབ་བསྟན་སྣང་བ་དཀར་པོས་ཀྱང་། །འདི་ན་མཆོག་དང་ཕལ་རྣམས་ཀྱི། །མགུལ་ན་སྤ་བྱས་རྒྱན་གང་ཡིན། །དེ་ནི་ཁྱོད་ཀྱི་ཕྲིན་ལས་ཕྲེང་། །ངོ་མཚར་བཀའ་དྲིན་སུ་ཡིས་དཔོག །དེ་སླད་གངས་ལྗོངས་སྣང་བའི་མིག །ཁྱོད་མཚུངས་འགའ་ཡང་མ་འཚལ་བས། །རང་ཉིད་དཔེ་ཟླར་བཞག་ལས་ཅི། །དེ་ཕྱིར་ཁྱོད་ལ་བདག་དགའ་འོ། །ཀ་ཡེ་གྲོགས་དག་མངོན་མཐོའི་གཞིར། །ལང་ཚོ་གསར་པའི་འཁྲི་ཤིང་རྩེར། །རྣམ་རིག་མེ་ཏོག་བཀྲ་དུས་འདིར། །ཐོས་བསམ་སྦྲང་རྩི་མི་འཛིན་སྨྱོས། །ཀུན་མཁྱེན་ཉེ་རྒྱུ་ཟླ་མེད་ཕུལ། །སྒྲ་ཚད་བཟོ་གསོ་ནང་དོན་རིགས། །ཀུན་རྩ་ཡི་གེ་འདི་ཁོ་ན། །དེ་སླད་ཐོག་མར་སློབས་ཤིག་གུ། །ཡི་གེའི་བརྡ་དག་གསལ་བར་བྱེད་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན་ལས། རྣམ་དབྱེ་དང་ཚིག་ཕྲད་སོགས་རྒྱས་པར་བཤད་པའི་སྐབས་ཏེ་བཞི་པའོ། །སླར་སྨྲས་པ། མཐའ་ཀླས་འགྲོ་ལ་ཕན་པ་མཆོག་སྦྱིན་པའི། །རྒྱལ་བའི་རྣམ་འཕྲུལ་མཛད་པ་བསམ་མི་ཁྱབ། །ཀུན་ལ་འཚམ་ཞིང་ཡོངས་ལ་དོན་ཆེ་བ། །ངོ་མཚར་འཕྲུལ་ཆེན་ཡི་གེ་འདི་ཁོ་ན། །ཐ་སྙད་ཆོས་ཀུན་འདི་ཡིས་གསལ་བྱེད་མོད། །ཡང་དག་དོན་ལ་སྒྲ་ཚིག་བྱ་རྩོལ་བྲལ། །བརྗོད་མེད་རྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །བདེན་གཉིས་ཟུང་འབྲེལ་ཡི་གེའི་རང་བཞིན་ལགས། །ཡི་གེའི་ངོ་བོ་སངས་རྒྱས་སྐུ་གསུང་ཐུགས། །སྣ་ཚོགས་འཕྲུལ་ཞིང་གང་འདོད་ཕན་བདེ་སྦྱིན། །མཚན་དཔེ་ཉི་མ་བརྒྱ་ཡིས་ལེགས་འཁྱུད་པའི། །ཐུབ་དབང་དངོས་སུ་མཇལ་དང་ཁྱད་པར་ཅི། །སྐྱོབ་པ་མཆོག་དེ་ཐུན་མོང་གདུལ་བྱའི་ངོར། །སྣ་ཚོགས་ཡི་གེའི་གཟུགས་སུ་རྣམ་པར་བཞུགས། །གང་ལ་གང་འཚམ་གནས་སྐབས་མཐར་ཐུག་གི། །ཕན་བདེའི་འབྲས་མང་སྦྱིན་ལ་སུ་ཡིས་སྨྱོན། །དེ་སླད་ཚུལ་འདིར་གུས་ཤིང་སྤྲོ་རྣམས་ལ། །རྣམ་གྲོལ་སྐལ་བ་ཡོད་ཀྱིས་གཞན་དུ་མིན། །རྨོངས་པ་ཁ་ཅིག་དད་མོས་སྤྲོ་བ་ལྷོད། །དེ་ལ་སངས་རྒྱས་དངོས་སུ་བྱོན་ཀྱང་ཅི། །ཕྱི་ནང་འབྱེད་ཆོས་སྐྱབས་སུ་འགྲོ་བ་སྟེ། །དེ་ཡི་རྩ་བའང་གསུང་རབ་བརྗོད་ཀུན་གཞི། །ཡིག་འབྲུ་གཅིག་ལའང་དཀོན་མཆོག་དངོས་ཉིད་དུ། །ཤེས་པར་བྱས་ནས་བཀུར་སྟི་བྱ་མིན་ནམ། །དེས་ན་རྒྱལ་བའི་བསྟན་པ་རིན་པོ་ཆེའི། །རྗེས་སུ་ཞུགས་པའི་སྐལ་བས་ཕོངས་མིན་རྣམས། །ཚུལ་འདིར་ཞུགས་ལ་དགའ་དང་སྤྲོ་བའི་བློས། །བརྩོན་པར་མཛོད་དང་དོན་གཉིས་འདོད་འཇོར་བྱེད། །གྲགས་པའི་གཏེར་གྱུར་ཡོན་ཏན་བྱེ་བའི་མཛོད། །མཁས་ཚུལ་གསུམ་གྱི་བྱ་བ་གང་ལ་ཡང་། །རྩ་བ་མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་འདི་ཉིད་མེད་ཐབས་ཅི། །རྗོད་བྱེད་ཚིག་གི་བརྡའ་ཡང་མི་ཤེས་ན། །བརྗོད་བྱའི་དོན་ཀུན་ཇི་ལྟར་འདོམས་པར་ནུས། །དེ་ཕྱིར་བསྟན་ལ་དགོངས་དང་མཁས་པའི་སར། །གཤེགས་པར་འདོད་རྣམས་ཚུལ་འདིར་བརྩོན་པར་མཛོད། །བདག་ནི་མཁས་པ་མ་ཡིན་དམ་པའང་མིན། །ཚུལ་འདིར་ཡུན་རིང་སྦྱངས་པའང་མ་ཡིན་མོད། །རང་དང་སྐལ་མཉམ་འགའ་ལ་ཕན་པའི་བློོས། །བརྗོད་ལ་ཉེས་པ་མེད་སྙམ་བརྩོན་པ་ལགས། །འདི་ལ་མ་སྦྱངས་{སྦྱང}མུ་ཅོར་སྨྲ་བའི་ངག །ཇི་སྙེད་མཆིས་ཀུན་འཕགས་དང་མཁས་པའི་ཚོགས། །ཀུན་ལ་བཤགས་སོ་བརྩེ་བས་རྗེས་དགོངས་ནས། །ལེགས་པར་འཆོས་ཏེ་འཕྲལ་ཡུན་སྒྲིབ་མེད་མཛོད། །འདི་རུ་ཅུང་ཟད་ངལ་དང་ལྷག་བསམ་མཐུས། །ཕན་བདེའི་གཞིར་གྱུར་བསྟན་མཆོག་ཡུན་གནས་ཤིང་། །མཁའ་ཁྱབ་འགྲོ་ཀུན་སྒྲིབ་གཉིས་འཆིང་རྒྱ་ལས། །རྣམ་གྲོལ་བྱང་ཆུབ་མཆོག་ལ་རེག་གྱུར་ཅིག །བདག་ཀྱང་སྐྱེ་ཀུན་གསུང་རབ་ཡི་གེའི་དོན། །ལེགས་རྟོགས་གཡོ་བའི་ཀུན་རྟོག་དྲི་བཞོན་བཅས། །བརྗོད་མེད་ནཱ་དའི་དབྱིངས་སུ་གྲོལ་བ་ཡི། །ངག་ལ་གསུང་གི་རྡོ་རྗེ་འགྲུབ་གྱུར་ཅིག །ཅེས་པའང་བློ་གསལ་དོན་གཉེར་ཅན་རྣམས་ལ་ཕན་པའི་བློས། རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་གདུལ་བྱ་ཙམ་དུ་གཏོགས་པའི་ཀུ་སཱ་ལི་འཇམ་དབྱངས་མཁས་གྲུབ་རྒྱ་མཚོའི་དབྱངས་ཅན་དགྱེས་པའི་སྡེས། རང་གནས་ཟེ་ཆེན་ཡང་དབེེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་རབ་ཚེས་ཆུ་ཁྱིའི་དུས་ཚེས་དགེ་བར་སྔར་བྲིས་པའི་བསྐྱུད་བྱང་ལས་ཅུང་ཟད་ཕྱེས་ཏེ་བྲིས་པ་དགེ། མངྒལཾ།། །།


previous རྣམ་དབྱེ་དང་ཚིག་ཕྲད་དབྱེ་བསྡུའི་ཁྱད་པར་གཞན་བཤད་པ། next