Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
སྙན་ངག་དོན་རྒྱན་སོ་ལྔའི་དཔེར་བརྗོད་ཁོལ་ཕྱུང་ཡིད་སྐྱེས་གཞོན་ནུའི་ཟློས་གར།
   
   
   
   
   
   
   
   
   
   
   
   
   
   
   


 
previous སྙན་ངག་དོན་རྒྱན་སོ་ལྔའི་དཔེར་བརྗོད་ཁོལ་ཕྱུང་ཡིད་སྐྱེས་གཞོན་ནུའི་ཟློས་གར། next

སྙན་ངག་དོན་རྒྱན་སོ་ལྔའི་དཔེར་བརྗོད་ཁོལ་ཕྱུང་ཡིད་སྐྱེས་གཞོན་ནུའི་ཟློས་གར།

༄༅། །སྙན་ངག་དོན་རྒྱན་སོ་ལྔའི་དཔེར་བརྗོད་ཁོལ་ཕྱུང་ཡིད་སྐྱེས་གཞོན་ནུའི་ཟློས་གར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་སྭ་ར་སྭསྟི་ཡེ། དཔའ་བོ་གང་ཞིག་ལན་གཅིག་དྲན་པས་ཀྱང་། །ཀུན་རྨོངས་མུན་པའི་འཁྲི་ཤིང་བསྙིལ་ནུས་པའི། །རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་ལྷག་པའི་ལྷ། །དབྱེར་མེད་དྲིན་ཅན་བླ་མ་སྙིང་དབུས་རོལ། །དྲི་བྲལ་ཟླ་བ་བཞུས་པའི་ཁུ་བ་ཡིས། །བྱེད་པོས་ལན་སྟོང་བྱུགས་འདྲའི་དབྱངས་ཀྱི་རྒྱལ། །འབྲལ་མེད་མགྲིན་པའི་འོ་མཚོར་བརྟན་བཞུགས་ནས། །ཕུལ་བྱུང་ལེགས་བཤད་སྨྲ་བའི་སྤོབས་པ་སྩོལ། །ཚིག་རྒྱན་དབྱར་གྱི་དཔལ་མོ་དར་བའི་དུས། །ཡིད་ཀྱི་ཁྱེའུ་ཆུང་རྩེད་འཇོར་རོལ་བ་ལས། །དོན་རྒྱན་མེ་ཏོག་གསར་པའི་ཕྲེང་བ་འདི། །བློ་གསལ་དོན་མཐུན་གྲོགས་ལ་འབུལ་གྱིས་བཞེས། །འདིར་དོན་རྒྱན་སོ་ལྔ་ལས། དང་པོ་རང་བཞིན་བརྗོད་པའི་རྒྱན་ལའང་བཞི་ལས། ཐོག་མར་རིགས་བརྗོད་པ། སྲིད་ཞི་ཀུན་ཁྱབ་རྣམ་པར་མི་རྟོག་ཐུགས། །ཡང་དག་དོན་ལྡན་ཡན་ལག་དྲུག་ཅུའི་གསུང། །ཕུལ་བྱུང་མཚན་དཔེ་འབར་བའི་སྐུ་མངའ་བའི། །རྒྱལ་བ་མཆོག་རྣམས་ལུས་ཅན་ཡོངས་ཀྱི་སྐྱབས། ཡང་ན། རྩ་བརྟན་ཡལ་ག་རྣམ་པར་རྒྱས། །ལོ་མ་མེ་ཏོག་འབྲས་བུས་ཕྱུག །བརྟེན་ན་གྲིབ་བསིལ་དང་ལྡན་པའི། །ལྗོན་ཤིང་འདི་དག་ཡིད་དུ་འོང་། །བྱ་བ་བརྗོད་པ། མཚན་ལྡན་བཤེས་བསྟེན་སྨིན་གྲོལ་གདམས་ཟབ་གསན། །ཚེ་འདི་བློས་བཏང་དབེན་པར་དཀའ་བ་སྤྱད། །རིམ་གཉིས་ལམ་སྒོམ་ཉམས་མྱོང་དྲོད་ཚད་བརྙེས། །བླ་མ་མཆོག་རྣམས་སྐལ་ལྡན་རྗེས་འཛིན་མཛད། །ཡང་ན། ཉེས་མང་ཁྱིམ་ལས་རིང་དུ་བྱོལ། །མཁན་སློབ་དགེ་བའི་བཤེས་གཉེན་བསྟེན། །ཚུལ་གནས་ཐོས་བསམ་སྒོམ་བརྩོན་པ། །དེ་དག་ཞི་བའི་ནགས་སུ་གཤེགས། །ཡོན་ཏན་བརྗོད་པ། ལུས་སེམས་ལས་རུང་མངོན་ཤེས་རྫུ་འཕྲུལ་འགྲུབ། །ཞི་ལྷག་ཟུང་འབྲེལ་གཟུངས་སྤོབས་བློ་ཡིས་འབྱོར། །རང་གཞན་དོན་གྲུབ་མཐར་ཕྱིན་སངས་རྒྱས་རྒྱུ། །མཉམ་པར་བཞག་པའི་ཡོན་ཏན་བསམ་མི་ཁྱབ། །ཡང་ན། ཐེག་མཆོག་རིགས་ཀྱི་ནུས་པའི་མཐུས། །སྡུག་བསྔལ་གྱིས་སྐྱོ་ཞི་བར་སྤྲོ། །འགྲོ་ལ་སྙིང་བརྩེ་སྟོང་པ་ཉིད། །ཐོས་ན་དད་པའི་སྤུ་ལོང་གཡོ། །རྫས་བརྗོད་པ། བཅུ་གཉིས་ལོར་བསྒྲུབས་རང་ཤ་དམན་ལ་བྱིན། །བྱམས་པས་རྗེས་བཟུང་དགའ་ལྡན་ལྷ་ཡུལ་གཤེགས། །ཆོས་ལྔ་གསན་ནས་ཞིང་འདིར་སྤེལ་མཛད་པའི། །འཕགས་པའི་སར་བཞུགས་ཐོགས་མེད་གསལ་བར་གྱུར། །ཡང་ན། འཇིགས་གཟུགས་མགོ་དགུ་བྱ་རོག་ཞལ། །ཆུ་སྲིན་རྒྱལ་མཚན་མདའ་གཞུ་འཛིན། །ལྟོ་བར་ཞལ་ལྡན་སྦྲུལ་མཇུག་འཁྱིལ། །དྲང་སྲོང་ཆེན་པོ་གསལ་བར་གྱུར། །གཉིས་པ་དཔེ་ཡི་རྒྱན་ལ་སོ་གཉིས་ལས། ཆོས་དཔེ། སྤྲིན་བྲལ་ཟླ་བ་རྒྱས་པའི་འོད་ཟེར་གྱིས། །ཀེ་ལ་ཤ་ཡི་རི་ལ་འཁྱུད་པ་བཞིན། །དཀར་མཛེས་ལྟ་བས་མི་ངོམས་ཚངས་སྲས་མ། །བདག་ལ་སྙན་ངག་སྨྲ་བའི་སྤོབས་པ་སྩོལ། །དངོས་དཔེ། མཚོ་བྱུང་མགྲིན་པར་ཆགས་པའི་དཎྜིའི་ཞབས། །དཔལ་ལྡན་དཔའ་བོའི་རྗེས་སུ་རྐང་པ་འཇོག །གང་གསུངས་ཚིག་གི་ཉམས་འགྱུར་འབུམ་ཕྲག་ཡང་། །དབྱངས་ཅན་ཕྱག་གི་རྒྱུད་མངས་དཔེ་ཟླར་འོས། །བཟློག་པའི་དཔེ། རྒྱལ་ཡུམ་ཨཱཪྱ་ཏཱ་རེའི་ཐུགས་རྗེ་བཞིན། །རབ་དམར་གློག་གི་ཐག་པ་གཡོ་བ་མྱུར། །ཡིད་ཅན་ཀུན་ལ་ཕན་བདེ་མཆོག་སྩོལ་ལྟར། །ཀུན་གསལ་ཉི་ཟླའི་བཀའ་དྲིན་ཕྱོགས་ལྷུང་བྲལ། །ཕན་ཚུན་གྱི་དཔེ། པདྨའི་ཞལ་ཚབ་འགྱུར་མེད་རྡོ་རྗེ་བཞིན། །བདེ་གཤེགས་ཟུར་པའི་མཁྱེན་རྟོགས་ཚད་བཟུང་བྲལ། །མེས་དབོན་རྣམ་གསུམ་ཐུགས་བསྐྱེད་མཛད་ཕྲིན་ལྟར། །གཏེར་ཆེན་རྗེ་འདིས་སྔ་འགྱུར་བསྟན་སྲོག་མཐུད། །ངེས་པའི་དཔེ། བསླབ་གསུམ་མཐར་ཕྱིན་ཐུབ་བསྟན་གསལ་བའི་རྒྱན། །སྨྱོས་ཀྱི་རིགས་འཁྲུངས་ངྷརྨ་ཤྲཱི་ཡི། །དཔེར་འོས་སྔོན་བྱོན་མཁན་ཆེན་ཞི་འཚོ་ཙམ། །དེ་ལས་གཞན་འགའ་བཙལ་ཡང་སྲིད་ན་དབེན། །ངེས་མེད་དཔེ། བསིལ་ལྗོངས་མཁས་གྲུབ་བྱེ་བས་ཞབས་སྐྱེས་རྡུལ། །གཙུག་ན་མངོན་མཆོད་ཀུན་གཟིགས་མཁྱེན་བརྩེའི་དབང་། །རེ་ཞིག་མཚོ་སྐྱེས་རྒྱལ་བའི་རྗེས་སུ་འགྲོ། །གཞན་དག་དེ་མཚུངས་སྲིད་ནའང་དཔེར་འོས་ཉིད། །བསྡུས་བའི་དཔེ། ཡོངས་ཀྱི་འདྲེན་པ་བློ་གྲོས་མཐའ་ཡས་མཆོག །ཕུལ་བྱུང་མཁྱེན་རྟོགས་ཡོན་ཏན་འདི་གཅིག་པུས། །གསང་འཛིན་མགོན་པོར་མཚུངས་ཞེས་སྨྲ་མིན་ཏེ། །ངེས་གསང་བཀའ་ཡི་སྡུད་པོ་མཛད་འདིས་ཀྱང་། །ཕུལ་བྱུང་དཔེ། ཆོས་ཀྱི་གྲགས་པ་འཕགས་ཡུལ་རིགས་སྨྲའི་གཙོ། །འཇམ་དཔལ་དགྱེས་པ་བསིལ་ལྗོངས་ཐུབ་བསྟན་རྒྱན། །འདི་གཉིས་འཁྲུངས་ཡུལ་རྟེན་གྱི་ཁྱད་ཙམ་ལས། །གཞན་པའི་འབྱེད་ཆོས་བསྐལ་པར་བཙལ་ཡང་དབེན། །རབ་རྟོག་གི་དཔེ། བསོད་ནམས་བསམ་མི་ཁྱབ་ལས་གྲུབ་པ་ཡི། །ཐུབ་པའི་གཙུག་ཏོར་བལྟར་མི་མངོན་པའི་འོད། །མཚོན་པར་ནུས་སྙམ་ཉིན་བྱེད་སྙེམས་མི་འཚལ། །རིན་ཆེན་མཆོག་ལའང་དེ་ཡི་ཤས་ཡོད་ཕྱིར། །རྨད་བྱུང་དཔེ། འཛམ་བུ་ནཱ་དའི་ལྷུན་པོར་གུར་གུམ་ཆུས། །ལན་སྟོང་བྱུགས་ལ་བརྒྱ་ཕྲག་རྒྱན་མཆོག་གིས། །མཛེས་བྱས་མཁྱེན་བརྩེས་འགྲོ་ཁམས་སྐྱོང་ནུས་ན། །སྨྲ་བའི་རྒྱལ་པོ་ཁྱོད་སྐུའི་སྤུན་ཟླར་འོས། །རྨོངས་པའི་དཔེ། སྤྲིན་བྲལ་སྟོན་ཟླའི་མཛེས་སྡུག་ངོམ་པའི་མོད། །དབྱངས་ཅན་དགྱེས་ཞལ་ཡིན་སྙམ་དགའ་བས་བྲེལ། །སླད་ནས་འཕགས་མའི་མཚན་དཀྱིལ་མཐོང་བའི་ཚེ། །བདེ་འབྱུང་གཙུག་གི་རྒྱན་སྙམ་རྩོལ་བ་ལྷོད། །ཐེ་ཚོམ་དཔེ། རབ་དཀར་ལྟ་བས་མི་ངོམ་མཛེས་སྡུག་དཔལ། །འདྲེན་བྱེད་དཔྱིད་དུ་གྱུར་འདི་ཟླ་གཞོན་དང་། །དབྱངས་ཅན་ཞལ་རས་གང་ཡིན་མ་འཚལ་ནས། ཁོ་བོའི་ཡིད་ནི་སོམ་ཉིའི་སྦུབས་སུ་ཆུད། །གཏན་ཕེབས་དཔེ། ཞིབ་མོར་བརྟགས་ཚེ་རིན་ཆེན་རྒྱན་མང་དང་། །ཕྱག་སོར་རྒྱུད་མང་སྦྲེང་བའི་དབྱངས་དང་བཅས། །དོན་ཟབ་སྙན་པའི་གླུ་ལེན་འདི་ཐོས་པས། །རི་བོང་ཅན་མིན་ལྷག་པའི་ལྷ་མོར་ངེས། །སྦྱར་བའི་དཔེ། དཀར་མཛེས་ལྟ་བས་མི་ངོམ་རི་དྭགས་ཅན། །མཚོ་བྱུང་སྲིད་པའི་མུན་འཕྲོག་སིམ་སྟེར་ཞིང་། །ཆེན་པོ་རྣམས་ཀྱི་གཙུག་གི་རྒྱན་གྱུར་པས། །ངག་དབང་ལྷ་མོ་རྒྱུ་སྐར་བདག་པོ་བཞིན། །མཉམ་ཉིད་དཔེ། དཔྱིད་སོས་ལང་ཚོ་དར་བའི་ནོར་འཛིན་མ། །མཐོང་བས་ཡིད་འཕྲོག་ངག་གི་དཔལ་མོ་བཞིན། །བེམ་དངོས་མ་ལགས་མཁྱེན་པས་མཛེས་མ་ཡིན། །སྒྲུབ་ལ་བློ་གྲོས་སྣང་བ་སྟེར་མི་བྱེད། །སྨད་པའི་དཔེ། དྲི་བྲལ་ཟླ་བའི་དཀྱིལ་འཁོར་འཕེལ་འགྲིབ་ལྡན། །མཚར་སྡུག་ཆུ་སྐྱེས་མཛེས་པའང་ཟག་པའི་རྒྱུ། །དེས་ན་དེ་དག་ལས་ནི་དཔལ་མོའི་ཞལ། །མཚུངས་པ་ལ་ཡང་ཁྱད་པར་དུ་མས་འཕགས། །ཡང་ན། དཔག་བསམ་ཤིང་མཆོག་རྒྱས་ཀྱང་བེམ་པོའི་དངོས། །ཡིད་བཞིན་ནོར་བུ་གདུག་པ་ལག་འགྲོས་བཟུང་། །དེས་ན་དེ་དག་ལས་ནི་མི་ཡི་ལྷ། །མཚུངས་ལས་ཡོན་ཏན་དུ་མས་ཁྱད་འཕགས་ཉིད། །བསྔགས་པའི་དཔེ། དཔག་བསམ་ཤིང་མཆོག་ལྷ་དབང་འབྱོར་པའི་གཞི། །ཡིད་བཞིན་ནོར་བུ་ཀླུ་རྒྱལ་གཙུག་གི་རྒྱན། །དེ་དག་དང་ནི་ས་སྐྱོང་མི་ཡི་ལྷ། །མེས་དབོན་རྣམ་གསུམ་ཀུན་ནས་མཚུངས་པ་ཉིད། །བརྗོད་འདོད་དཔེ། ལངྐ་དམན་པའི་རིགས་ཀྱིས་སྐྱོན་གྱུར་ཏམ། །ཏནྟྲའི་སྡུད་པོར་གྱུར་བས་བསྔགས་ཀྱང་རུང་། །རྒྱལ་པོ་ཛ་དང་བློ་གྲོས་ཐབས་ལྡན་གཉིས། །མཚུངས་ཞེས་བརྗོད་འདོད་བདག་གི་ཡིད་ལ་སྐྱེས། །འགལ་བའི་དཔེ། དྲི་བྲལ་དྭངས་བསིལ་རྙོག་མེད་ལྷ་ཆུའི་རྒྱུན། །སྲིད་ལམ་མགྲོན་པོའི་ངལ་སྟེགས་ལྗོན་ཤིང་གྲིབ། །ཐུབ་གསུངས་ཟག་མེད་ཡན་ལག་བརྒྱད་ལྡན་ཆེ། །འདི་གསུམ་ངོ་བོ་གཅིག་ཀྱང་རྣམ་པ་འགལ། །དགག་པའི་དཔེ། དྲང་སྲོང་དམོད་པ་གྲུབ་ལ་ངོ་མཚར་འཛིན། །ལྷ་ཆེན་མ་ཞི་ལག་ན་མཚོན་ཆ་ཐོགས། །དེས་ན་སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་པ། །ཐུབ་མཆོག་ཉག་གཅིག་གཞན་གྱིས་འགྲན་ནུས་མིན། །ངོ་བསྟོད་ཀྱི་དཔེ། ཨེ་ཀ་ཛ་ཊི་སྤྱན་གཅིག་ཁོ་ན་སྟེ། །ཁྱབ་འཇུག་ཆེན་པོ་ལུས་ཀུན་མིག་གིས་གང་། །དེ་ལྟ་ན་ཡང་ཉམས་པ་སྒྲོལ་བ་དང་། །དམ་ལྡན་སྐྱོང་ལ་གཟིགས་པ་མཉམ་པ་ཉིད། །དེ་ཉིད་བརྗོད་པ། འདི་ནི་ཐུབ་དབང་སྲས་ཀྱིས་བསྐོར་རྣམས་ཏེ། །གསེར་གྱི་ལྷུན་པོར་ཉིན་བྱེད་འཕོས་པ་མིན། །རྣམ་དག་ཚུལ་ཁྲིམས་གཙང་མའི་བསུང་ཡིན་གྱི། །མ་ལ་ཡ་སྐྱེས་དྲི་བཞོན་ག་ལ་ཡིན། །ཐུན་མོང་མིན་པའི་དཔེ། རྨད་བྱུང་ཐུགས་བསྐྱེད་ཆེན་པོ་ལྔ་བརྒྱའི་རྒྱུས། །གདུལ་དཀའ་རྩོད་དུས་ཡོངས་བཟུང་ངོ་མཚར་དཔལ། །བསྐལ་བཟང་འདྲེན་པ་གཞན་ལ་མ་མཐོང་བས། །ཐུབ་ཆེན་རང་ཉིད་དཔེ་ཟླར་བཞག་ལས་ཅི། །བྱུང་མིན་གྱི་དཔེ། མ་ལུས་ཕྱོགས་དུས་བདེ་གཤེགས་སྲས་བཅས་ཀྱི། །ཕུལ་བྱུང་མཁྱེན་ནུས་བརྩེ་བའི་ཡོན་ཏན་ཚོགས། །གཅིག་ཏུ་བསྡུས་པ་ཇི་བཞིན་མཚོ་སྐྱེས་རྗེའི། །གསང་གསུམ་རྣམ་ཐར་བཀའ་དྲིན་ཚད་བཟུང་བྲལ། །སྲིད་མིན་དཔེ། ཡིད་བཞིན་ནོར་མཆོག་ཐོབ་པ་དབུལ་ཕོངས་དང་། །འཆི་མེད་བདུད་རྩིར་སྤྱོད་གང་བཀྲེས་སྐོམ་ཉེན། །འཁོར་ལོས་སྒྱུར་རྒྱལ་དགྲས་འཇིགས་མི་སྲིད་བཞིན། །མགོན་ཁྱོད་བསྙེན་ལ་རྒུད་པ་ནམ་ཡང་མིན། ཡང་ན། དུག་སྦྲུལ་ཁ་ནས་བདུད་རྩི་དང་། །མི་གཙང་བ་ལས་དྲི་ཞིམ་བཞིན། །རང་དོན་ཆེད་གཉེར་བྱིས་པ་ལས། །གཏན་དུ་ཕན་པའི་དོན་མི་སྲིད། །མང་བའི་དཔེ། སྨྲ་བ་ངག་ལ་དབང་ཐོབ་འཇམ་དཔལ་དབྱངས། །ལེགས་བཤད་བྱེ་བའི་གཏེར་གྱུར་དྲི་མེད་གྲགས། །ལུང་རིགས་མངའ་བདག་རྒྱན་དྲུག་མཆོག་གཉིས་བཞིན། ཁོ་བོའི་འདྲེན་མཆོག་སྤོབས་པ་ཟད་མི་ཤེས། །རྣམ་འགྱུར་དཔེ། མགོན་ཁྱོད་མཁྱེན་རབ་ངག་གི་མེ་ལོང་དང་། །ཕུལ་བྱུང་བརྩེ་བ་སྙིང་རྗེའི་ལྷ་མཆོག་སྟེ། །ནུས་མཐུ་གསང་བདག་ཐུགས་ལས་མངོན་ཕྱུང་ཞིང་། །མཛད་འཕྲིན་སྟོན་མཆོག་དངོས་ལས་དྲངས་པ་བཞིན། །ཕྲེང་བའི་དཔེ། འདོད་འབྱིན་མཐུ་ཡིས་ཡིད་བཞིན་ནོར་བུ་དང་། །དེ་ཡིས་ལྷ་ཀླུ་མི་ཡི་རེ་བའི་དཔལ། །དེས་ཀྱང་འཇིག་རྟེན་རྒྱན་དུ་བྱེད་པ་བཞིན། །བྱང་ཆུབ་སེམས་ཀྱིས་རྣམ་གྲོལ་མཆོག་སྦྱིན་བྱེད། །ཡང་ན། དེད་དཔོན་རྒྱ་མཚོའི་གླིང་བགྲོད་དེ་ཡིས་ཀྱང་། །རིན་ཆེན་མཆོག་ཐོབ་དེ་མཆོད་དེ་ཡིས་ནི། །འདོད་དགུའི་ཆར་ཕབ་སྐྱེ་དགུའི་རེ་སྐོང་བཞིན། །བཻ་རོ་ཙ་ནས་བསྟན་འགྲོའི་དོན་ཆེན་མཛད། །ངག་དོན་གྱི་དཔེ་ལས། བཞིན་སྒྲ་གཅིག་པ། སྦྱངས་པའི་ཡོན་ཏན་ལ་གནས་དགེ་སློང་ཆེའི། །ཚུལ་ཁྲིམས་རྣམ་པར་དག་པའི་བསུང་ཞིམ་མཆོག །ལྷོ་ཕྱོགས་མ་ལ་ཡ་ཡི་ནགས་ཀླུང་ཆེ། །དྲི་བཞོན་དལ་བུས་བསྐྱོད་བཞིན་ཡིད་དུ་འོང་། །ཡང་ན། གྲོགས་ངན་ཁྲོ་གཉེར་ཅན་གྱི་བཞིན། །དམར་བའི་སྡང་མིག་བསྐྱོད་པ་དག །དབྱར་གྱི་ཆུ་འཛིན་འཐུག་པོའི་ངོགས། །གློག་གི་ཕྲེང་བ་གཡོ་བཞིན་རྔམས། །བཞིན་སྒྲ་དུ་མ་ཅན། དཀར་གསལ་འོ་མའི་མཚོ་བཞིན་དབྱངས་ཅན་ཞལ། །ཨུཏྤལ་རྒྱན་གྱིས་མཛེས་བཞིན་སྤྱན་ཟུང་བཀྲ། །ཆགས་ལྡན་བུང་བས་རྩེན་བཞིན་ཁོ་བོ་ཡིས། །ཡང་ཡང་བསྙེན་ཅིང་བསྙེན་ཅིང་ལོངས་སྤྱོད་དོ། །ཡང་ན། གསེར་གྱི་ལྷུན་པོ་བཞིན་དུ་ཐུབ་དབང་སྐུ། །ཉི་མའི་འོད་ཀྱིས་འཁྱུད་བཞིན་མཚན་དཔེ་གསལ། །དྲང་སྲོང་ཚོགས་ཀྱིས་བརྟེན་བཞིན་འཁོར་རྣམ་བཞིས། །ཀུན་ནས་ཀུན་ཏུ་བསྐོར་ཞིང་ཆོས་མཉན་ནོ། །ཟླ་བོ་དངོས་པོའི་དཔེ། བསིལ་ལྗོངས་མཁས་གྲུབ་སྐྱེས་ཆེན་མང་བྱོན་ཀྱང་། །ཀུན་མཁྱེན་ཆོས་རྗེའི་མཁྱེན་རྟོགས་འགྲན་ནུས་སུ། །མཁའ་ངོས་གསལ་བྱེད་ཕྲེང་བ་ཆེས་མང་ཡང་། །ཉིན་མོར་བྱེད་པ་གཅིག་ལས་གཉིས་ཡོད་མིན། །མཚུངས་སྦྱོར་གྱི་དཔེ། རིགས་ལྡན་དྲག་པོས་བྱང་ཕྱོགས་ཤམ་བྷ་ལ། །ཕོ་ལྷ་ཐལ་ཇིས་དབུས་གཙང་མངའ་དབང་བསྒྱུར། །དེས་ནི་མི་བསྲུན་ཀླ་ཀློའི་དཔུང་ཚོགས་དང་། །ཁྱོད་ཀྱིས་ལྗོངས་འདིའི་འགལ་བྱེད་སྡེར་བཅས་བཅོམ། །རྒྱུ་དཔེ། མི་དབང་ཁྱོད་ཉིད་བརྟན་པས་ལྷུན་པོ་དང་། །བློ་གྲོས་མཆོག་ཏུ་ཟབ་པས་དག་བྱེད་གཏེར། །ཆབ་འབངས་ཡོངས་ལ་སྙོམས་པས་ཉིན་བྱེད་དབང་། །ཕས་རྒོལ་འཇོམས་པས་དྲག་པོའི་རྗེས་སུ་བྱེད། །དཔེའི་སྐྱོན་སེལ་ལས་རྟགས་ཐ་དད་ཀྱང་སྐྱོན་མེད། དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་ཉིད། །འཇམ་དཔལ་དབྱངས་བཞིན་ཤེས་བྱའི་ཆོས་ཀུན་མཁྱེན། །མུ་མེད་འགྲོ་ལ་བརྩེ་བའི་ཕྲིན་ལས་ཀྱང་། །གངས་ཅན་མགོན་པོའི་རྣམ་ཐར་རྗེས་སུ་འགྲོ། །ཚིག་ཐ་དད་ཀྱང་སྐྱོན་མེད། སྐལ་བཟང་འདྲེན་པ་སྟོང་གི་ཐུགས་བསྐྱེད་བཞིན། །བློ་གྲོས་མཐའ་ཡས་རྣམ་ཐར་ཚད་བཟུང་བྲལ། །ཁྱོད་སྲས་མཁས་དང་གྲུབ་པའི་ཚོགས་རྣམས་ཀྱིས། །གྲགས་སྙན་ལྷ་ཡི་རྔ་སྒྲ་གཅིག་པུས་མཚོན། །དཔེ་དོན་དམན་མཆོག་བྱུང་ཡང་སྐྱོན་མེད་པ། །འཇིག་རྟེན་འདི་ན་མ་མ་སྡུ་གུ་བཞིན། །ཨཱཪྱ་ཏཱ་རེས་འགྲོ་ཀུན་འཇིགས་ལས་སྲུང་། །རབ་མྱུར་གློག་གི་ཟློས་གར་གཡོ་བ་ལྟར། །འཕགས་མའི་ཕྲིན་ལས་ཟབ་མྱུར་ཚད་བཟུང་བྲལ། །དེ་རྣམས་སྦྱོར་མ་ཤེས་ན་སྐྱོན་དུ་འགྱུར། །གཡོན་ཅན་བུད་མེད་བཞིན་དུ་ཁྱབ་འཇུག་མཁས། །གཞན་སྡེ་འཇོམས་ལ་ནོར་སྐྱོང་བཞིན་དུ་གཏུམ། །སྲིད་འདིར་བྱས་པ་མི་གཟོའི་ཚོགས་ཇི་བཞིན། །ཁྱོད་གཅིག་དཱ་ནུའི་བུ་ཡི་དཔལ་ལ་རྔམས། །གསུམ་པ་གཟུགས་ཅན་གྱི་རྒྱན་ལ་ཉི་ཤུ་ལས། བསྡུས་པའི་གཟུགས་ཅན། ཚོགས་གཉིས་ཆུ་གཏེར་བསྲུབས་ལས་ཉེར་ཐོན་དཔལ། །བྲལ་སྨིན་ཡོན་ཏན་ཡོངས་གང་རི་བོང་ཅན། །ཉེས་ཚོགས་མུན་ཀུན་སེལ་མཛད་བཅོམ་ལྡན་འདས། །ཆོས་དང་དགེ་འདུན་བཅས་ལ་ཕྱག་བགྱིའོ། །ཡང་ན། དལ་འབྱོར་ཡོན་ཏན་ཀུན་རྫོགས་འཁྲི་ཤིང་རྩེར། །རྣམ་རིག་མེ་ཏོག་ཆེས་བཀྲ་དོན་མཐུན་གྲོགས། །བསླབ་གསུམ་སྦྲང་རྩི་འཛིན་ལ་བརྩོན་མཛོད་དང་། །དབྱིངས་ནས་སྲས་བཅས་རྒྱལ་རྣམས་དགྱེས་པར་ངེས། །མ་བསྡུས་པའི་གཟུགས་ཅན། བསླབ་གསུམ་རྣམ་པར་དག་པའི་ཀ་ལཱ་ཤ །ཐོས་བསམ་སྒོམ་པའི་བཅུད་ཀྱིས་ཡོངས་གཏམས་ཤིང་། །གཞན་ཕན་སྙིང་རྗེའི་རྒྱན་མཛེས་དགེ་བའི་བཤེས། །བསྟེན་འདི་ཉེས་བརྒྱའི་དྲི་མ་འཁྲུད་བྱེད་ཉིད། །བསྡུས་ཤིང་མ་བསྡུས་པ། མཆོག་བྱིན་ཉིན་བྱེད་སྣང་བ་འཇུག་པའི་རྟེན། །དོན་གཉིས་རྐང་དྲུག་དགའ་སྟོན་དར་བའི་གཞི། །དད་གསུམ་སྙིང་གི་པདྨོ་རྒྱས་པའི་གར། །དོན་ཡོད་རྣམ་བཞིའི་ཀེ་སར་བཞད་ལ་རག །མཐའ་དག་གཟུགས་ཅན། ངེས་འབྱུང་རླུང་གིས་བརྩོན་པའི་བ་དན་མཆོག །ཉེར་བསྐུལ་སྡུག་བསྔལ་སྲིད་པའི་མཚོ་ཆེན་ལས། །རབ་བརྒལ་རྣམ་གྲོལ་རིན་ཆེན་ལེན་འདོད་པའི། །སྐལ་བཟང་དོན་མཐུན་དེད་དཔོན་མཆོག་རྣམས་དགེ། །ཆ་ཤས་གཟུགས་ཅན། སྲིད་ལ་མངོན་པར་དགའ་བའི་སྐྱེ་བོ་ཕལ། །འདོད་ཡོན་ཚྭ་ཆུ་འཐུང་བས་མ་ངོམས་བཞིན། །ཚེ་སྲོག་གློོག་གི་ཟློས་གར་གཡོ་བ་ཡིས། །འཆི་བདག་ཆུ་སྲིན་ཁ་རུ་ཆུད་འདིས་སྐྱོ། །ཆ་ཤས་ཅན་གཟུགས། བག་ལྡན་སྐྱེ་བོ་ཅང་ཤེས་རྟ་ཡི་མཆོག །ནམ་ཡང་ཉེས་པར་སྤྱོད་ལ་འཇུག་མིན་ཞིང་། །དམ་པས་བསྔགས་པའི་ཚུལ་ལ་ཡིད་གཞོལ་བས། །གནས་སྐབས་མཐར་ཐུག་རང་གཞན་ཕན་བདེར་བྱེད། །ཡན་ལག་གཟུགས་ཅན་ལས། །གཅིག་གཟུགས། འཆི་སྙམ་ཡིད་ལ་མེད་པའི་སྐྱེ་བོ་རྣམས། །ལོ་ཟླ་ཞག་དུས་དམག་གིས་དམ་བཅིངས་ནས། །སྐད་ཅིག་སྡོད་པའི་དབང་མེད་འཆི་བ་ལ། །ཇེ་ཉེར་གྱུར་འདི་མ་ཚོར་ཀྱེ་མ་བླུན། །གཉིས་གཟུགས། དགེ་ལ་མི་སྤྲོ་སྡིག་ལ་ཡིད་གཞོལ་བའི། །དམན་རྣམས་འཆི་ནད་ཀྱིས་ཐེབས་འགྱོད་པའི་མེས། །ཆེས་གདུངས་སྡུག་བསྔལ་མི་བཟད་མཚོན་རྣོན་པོས། །རྨས་པར་གྱུར་ཚེ་བསོད་ནམས་འདོད་ཀྱང་འཕྱིས། །གསུམ་གཟུགས། དྲན་ཤེས་བག་ཡོད་བྲལ་བའི་རང་གཞན་འགྲོ། །བླང་དོར་འཆོལ་བའི་ནགས་སུ་གཏན་འཁྱམས་ན། །ཉེས་སྤྱོད་སྟག་མོའི་ཁར་ཆུད་ཐར་པའི་སྲོག །འཚོ་བའི་སྐབས་མིན་དེ་སླད་སེམས་བསྲུང་གལ། །ལྡན་གཟུགས། ལས་འབྲས་ཡིད་ཆེས་རྙོག་བྲལ་རྫིང་བུ་རུ། །དགེ་བཅུའི་ཆུ་བ་བརླིང་བའི་པདྨ་དཀར། །ཐབས་ཤེས་འདབ་རྒྱ་གྲོལ་བའི་ཀེ་ས་རར། །དོན་གཉིས་རྐང་དྲུག་དགའ་བའི་གར་གྱིས་རྩེན། །ལྡན་མིན་ནམ་འོས་མིན་གྱི་གཟུགས། མི་དགེའི་བཤེས་གྲོགས་ལྕགས་ཀྱུས་བཀོལ་བའི་འགྲོ། །ལོག་སྤྱོད་རྦ་ཀློང་འཁྲུགས་པའི་ཆུ་གཏེར་ཆེར། །སྡུག་བསྔལ་གསུམ་གྱི་མེ་ཆེན་ཆེས་འབར་བའི། །མུ་མེད་ངན་འགྲོའི་མུན་པར་འཕྱན་འདིས་སྐྱོ། །མི་མཉམ་པའི་གཟུགས། འདུ་བྱེད་མི་རྟག་གློག་གི་ཟློས་གར་མཁན། །ཟག་བཅས་ཉིད་ཕྱིར་སྡུག་བསྔལ་གསུམ་གྱི་སྣོད། །དེ་དང་བྲལ་བའི་འགོག་བདེན་ཞི་བསིལ་སྨན། །ཐོབ་འདོད་འཕགས་པའི་བདེན་བཞིར་བརྩོན་པར་འཚལ། །ཁྱད་པར་གཟུགས་ཅན། དད་བསོད་དུ་ཀཱུ་ལ་ཡི་གོས་བཟང་རྩེར། །མཆོག་གསུམ་ནོར་བུའི་ཏོག་གིས་མངོན་མཛེས་པས། །སྲིད་པའི་ཚད་གདུང་སྐྱོབ་པའི་གདུགས་དཀར་པོ། །སྐྱེ་དགུའི་གཙུག་ན་འབྲལ་མེད་བརྟན་གྱུར་ཅིག །འགལ་གཟུགས། སྐབས་གསུམ་གྲོང་ནས་འབད་པས་མ་ཕབ་ཅིང་། །གདུག་པའི་དྲང་སྲོང་ལྟོ་ནས་སྐྱུག་མིན་པའི། །རྣམ་དག་འདུལ་ཁྲིམས་གཙང་མའི་གདྒཱ་འདིས། །ཉེས་མང་སྲིད་པའི་འཆིང་ཀུན་འགྲོལ་ཞིང་བསྲེག །རྒྱུའི་གཟུགས་ཅན། ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་སེམས། །ཉེས་པའི་བུད་ཤིང་བསྲེགས་པས་དུས་མཐའི་མེ། །དགེ་ཚོགས་མི་ཟད་འཕེལ་བས་དཔག་བསམ་ལྗོན། །སྲས་བཅས་རྒྱལ་རྣམས་བསྐྱེད་ཕྱིར་ཡབ་ཀྱང་ཡིན། །སྦྱར་གཟུགས། ཐེག་མཆོག་རིག་པ་འཛིན་པའི་སྡེ་སྣོད་ཕུལ། །སྔོན་མེད་ལྷ་ཡི་སྐྱེད་ཚལ་ཉམས་དགའ་བ། །རྡོ་རྗེ་ཅན་གྱི་རྟག་ཏུ་སྤྱོད་གྱུར་དེར། །བདེ་མྱུར་བགྲོད་རྣམས་འཇིགས་མེད་སྐལ་བཟང་འཐོབ། །དཔེ་གཟུགས། འཆལ་སྤྱོད་ཉེས་པའི་མུན་ཚོགས་སེལ་ནུས་པའི། །སྡོམ་གསུམ་ཡར་ལྡན་རྫོགས་པའི་མ་ཎི་ཀ །དཀར་ཆོས་ཡོན་ཏན་ཀུན་གྱི་གཞིར་གྱུར་ཕྱིར། །སྣ་ཚོགས་འཛིན་མ་འདི་དང་རིགས་མཐུན་ཉིད། །ལྡོག་གཟུགས། དབྱར་དུས་བྷྲ་མ་རཿརྣམས་སྦྲང་རྩི་འཚོལ། །བདག་ནི་བསླབ་གསུམ་བདུད་རྩིའི་ཟིལ་དངར་གསོག །དེ་ནི་མི་བརྟན་རྩོད་བཅས་མྱ་ངན་རྒྱུ། །འདིས་ནི་གཏན་དུ་འཆི་བ་འཕྲོག་པར་བྱེད། །འགོག་གཟུགས། དྲི་མེད་ཐོས་བསམ་སྒོམ་པའི་ཉ་རྒྱས་ཟླ། །འཆད་རྩོད་རྩོམ་པའི་བསིལ་ཟེར་འཕྲོ་བྱེད་ཀྱང་། །དེང་དུས་ཕྱོགས་ཞེན་ཅན་འགའི་སྙིང་ལ་མུན། །གྱུར་འདིས་གཅིག་ཏུ་ཟླ་བར་བརྗོད་རུང་ངམ། །མཉམ་འཇོགཡང་དག་ཚད་མ་གསུམ་འབྲེལ་ངེས་དོན་སྲོལ། །གསལ་བྱེད་ལེགས་བཤད་སེང་གེའི་ང་རོ་ཡིས། །ལྟ་དམན་ཝ་སྐྱེས་བརྒྱལ་འདི་ལུང་རིགས་དབལ། །རྩུབ་པར་མ་ཟད་རང་རྒྱུད་ལོག་ལྟའི་སྐྱོན། །ཡང་ན། ངེས་དོན་ཟབ་གནས་འདོམས་པ་ལྷ་ཡི་རྔས། །བདག་རྒྱུད་ཀུན་རྨོངས་གཉིད་ལས་སད་བྱས་གང་། །མཚུངས་མེད་བླ་མ་མཆོག་གི་ཐུགས་རྗེ་དང་། །རང་ཡང་སྔོན་གོམས་དགེ་བའི་དཔལ་གྱིས་སོ། །གཟུགས་ཅན་གྱི་གཟུགས་ཅན། སྔ་འགྱུར་རིང་ལུགས་རྫིང་བུའི་སྐྱེད་ཚལ་དུ། །མཁས་གྲུབ་སྐྱེས་ཆེན་པད་དཀར་ལྗོན་བཟང་ཚོགས། །བཤད་སྒྲུབ་ཀེ་སར་ཡལ་ག་ཆེར་རྒྱས་པས། །རྫོགས་ལྡན་དང་པོའི་དུས་སྟོན་དར་བར་བྱས། །བསྙོན་དོར་གྱི་གཟུགས་ཅན། དམར་སེར་བླ་གོས་མདངས་མིན་ཐུན་མཚམས་སྤྲིན། །ཚུལ་ཁྲིམས་བསུང་ཞིམ་མ་ཡིན་ལྷོ་ཡི་རླུང་། །འདུས་པའི་འཁོར་མིན་གསེར་རིའི་ཕྲེང་བཟང་མཆོག །མི་མིན་ཐུབ་པའི་དབང་དངོས་བླ་མས་སྐྱོངས། །བཞི་པ་གསལ་བྱེད་རྒྱན་ལ་བཅུ་དྲུག་ལས། རིགས་བརྗོད་པ་ཐོག་མའི་གསལ་བྱེད། ལེགས་པར་སྨྲ་རྣམས་རང་གི་དཔལ་བསྐྱེད་ཅིང་། །གཞན་གྱི་ཕྱོགས་ཀྱང་ཡིད་དབང་འཕྲོག་པར་ནུས། །དེ་ཡིས་འདིར་བདེ་ཕྱི་མའང་སྐྱིད་པ་འཐོབ། །རིང་མོའི་དུས་སུའང་གྲགས་པ་མི་ཉམས་གསལ། །བྱ་བ་ཐོག་གསལ། བསྒྱུར་བར་བྱས་སོ་སྔོན་བྱོན་ལོ་པཎ་གྱིས། །མདོ་སྔགས་གཞུང་ཀུན་གངས་ཅན་བརྡ་ལ་སྟེ། །དེང་དུས་དམ་པའི་ལེགས་བཤད་གདམས་ཟབ་མཐུས། །སྐལ་བཟང་འདུན་མ་དགེ་བའི་ཕྱོགས་སུ་ཡང་། །ཡོན་ཏན་ཐོག་གསལ། དཀར་པོར་སྣང་ངོ་བསིལ་ལྡན་ར་བའི་ལྗོངས། །ཆོས་རྒྱལ་མེས་དབོན་དགེ་བཅུའི་བཀའ་ཁྲིམས་ཏེ། །གཟའ་བྲལ་ཟླ་བ་རྒྱས་པའི་འོད་ཟེར་གྱིས། །རེག་པའི་ཀེ་ལ་ཤ་ཡི་རི་བོ་ཡང་། །རྫས་ཐོག་གསལ། ས་སྐྱ་པཎ་ཆེན་རྩོད་ངག་ལུང་རིགས་ཀྱིས། །འཕྲོག་བྱེད་རལ་པ་འཛིན་པའི་གྲགས་པའི་དཔུང་། །གང་དུ་བཏང་ཞིང་ཕྱོགས་ལས་རྣམ་རྒྱལ་བའི། །སྙན་པའི་དཔལ་དེ་ཁྱོད་ཀྱིས་གང་ནས་བླངས། །རིགས་བར་གསལ། བདུད་སྡེ་དཔུང་བཅས་དགའ་བའི་རུ་མཚོན་ཆེ། །ས་ལ་སྙིལ་བར་བྱེད་པོ་སངས་རྒྱས་ཉིད། །དཀར་ཕྱོགས་གདུལ་བྱའི་དད་པའི་ཞིང་ས་ལ། །ངེས་ལེགས་དམ་ཆོས་སྣང་བ་སྦྱིན་བྱེད་ཀྱང་། །བྱ་བ་བར་གསལ། རིགས་གསུམ་རྣམ་འཕྲུལ་མཁན་སློབ་ཆོས་གསུམ་གྱིས། །བྷོ་ཊའི་ལྗོངས་འདིར་ཀུན་མཁྱེན་ཐུབ་པའི་བསྟན། །གསལ་བར་བྱས་སོ་མཁས་གྲུབ་རིམ་བྱོན་གྱི། །བཤད་སྒྲུབ་མཐུ་ཡིས་དེང་ཡང་ངེས་གསང་མཆོག །ཡོན་ཏན་བར་གསལ། རབ་མཛེས་ངུར་སྨྲིག་གསར་པའི་བླ་གོས་ཅན། །ཞི་དུལ་འཕགས་པའི་ཀུན་སྤྱོད་ཡིད་དུ་འོང་། །འགྲོ་ལ་བྱམས་པས་གཟིགས་པའི་སྤྱན་རས་དང་། །རྣམ་དག་ཚུལ་ཁྲིམས་གཙང་མའི་དྲི་བསུང་ཡང་། །རྫས་བར་གསལ། དུས་གསུམ་རྒྱལ་བའི་གསང་བའི་མཛོད་འཛིན་ཅིང་། །འགྲོ་ལ་ཕན་བདེ་སྦྱིན་དེ་རྡོ་རྗེ་ཅན། །གང་ཞིག་དྲན་པས་བདུད་རིགས་བྱེ་བའི་དཔུང་། །བྲེད་འཐོམ་གྱུར་ནས་ཕྱོགས་བཅུར་འབྱེར་བྱེད་ཀྱང་། །རིགས་མཐའ་གསལ། འགའ་ཞིག་རླུང་སེམས་དབང་འབྱོར་རས་དཀར་གསོལ། །ལ་ལ་ངུར་སྨྲིག་གར་གྱིས་འཆད་རྩོམ་བརྩོན། །ཕལ་ཆེར་ནགས་སུ་མཉམ་པར་འཇོག་པ་ཡིས། །དོན་གཉིས་སྒྲུབ་པ་དྭགས་པོ་བཀའ་བརྒྱུད་ཚོགས། །བྱ་བ་མཐའ་གསལ། སྐྱེ་བོ་དམན་པ་འདོད་པས་གཟིར་རྣམས་ཀྱིས། །ཆུང་མར་བཅས་པའི་ཁྱིམ་གྱི་དཔལ་དང་ནི། །ཆགས་བྲལ་རྣམས་ནི་དཀའ་ཐུབ་ཞི་བའི་ནགས། །སྔོན་བྱོན་དམ་པའི་བསྟི་གནས་འཚོལ་ལ་བརྩོན། །ཡོན་ཏན་མཐའ་གསལ། བཙན་རྒོད་ཇག་ལ་ཆས་པས་ཁྲོས་པའི་ཞལ། །མགྱོགས་འགྲོ་རླུང་གི་གཤོག་ལྡན་བརྗིད་པའི་མདངས། །ལོག་འདྲེན་རྐེ་ནས་འཆིང་བྱེད་ཞགས་པ་ཆེ། །བསྟན་དགྲའི་སྙིང་འབིགས་མདུང་དར་བཅས་ཀུན་དམར། །རྫས་མཐའ་གསལ། ངོ་མཚར་བཀའ་བབས་བདུན་གྱི་གསང་མཛོད་འཛིན། །རིས་བྲལ་ཐུབ་བསྟན་འཛིན་པ་ཡོངས་ཀྱི་མགོན། །ལྷར་བཅས་སྐྱེ་དགུའི་གཙུག་རྒྱན་ཟླ་མེད་པ། །ཤེས་བྱ་ཀུན་མཁྱེན་པདྨ་མདོ་སྔགས་གླིང་། །ཕྲེང་བའི་གསལ་བྱེད། མགོན་འདིས་སྒྲུབ་བརྒྱུད་བརྒྱད་ཀྱི་རིང་ལུགས་ཀུན། །རྒྱས་པར་མཛད་དེས་བསིལ་ལྡན་མཁས་གྲུབ་ཚོགས། །དེ་ཡིས་འགྲོ་ལ་ཆོས་སྣང་དད་པའི་སྒོ། །དེས་ཀྱང་ཐར་གྲོལ་དགེ་བའི་ཡོན་ཏན་ཚོགས། །འགལ་དོན་གསལ་བྱེད། འཇམ་མགོན་ཡབ་སྲས་ཐུགས་བསྐྱེད་བརྩོན་པའི་མཐུས། །ངེས་གསང་བཀའ་ཡི་བསྡུ་བ་མཛད་འདི་ཡིས། །ལྷར་བཅས་སྐྱེ་དགུའི་དགའ་སྟོན་ཆེར་འཕེལ་ཡང་། །ཕྱོགས་ཞེན་ཅན་འགའི་རེ་བ་འབྲས་མེད་བྱས། །དོན་གཅིག་གསལ་བྱེད། སྔོན་མེད་མཛོད་ལྔའི་གསང་སྒོ་འབྱེད་མཛད་འདིས། །རིས་བྲལ་བསྟན་པའི་མངའ་ཐང་ཆེར་རྒྱས་ཤིང་། །ཐར་འདོད་སྐལ་བཟང་ཡིད་ཀྱི་རེ་བ་སྐོང་། །བདག་ཀྱང་དལ་འབྱོར་ཐོབ་པ་དོན་ལྡན་བྱས། །སྦྱར་བའི་གསལ་བྱེད། འཇིག་རྟེན་སྣང་བྱེད་སྐྱེ་བོ་ཀུན་དགའི་གཉེན། །ཆེན་པོའི་གཙུག་ན་བཀུར་གྱུར་ཟླ་བ་སྟེ། །མཚོ་སྐྱེས་རྒྱུ་སྐར་ལམ་དུ་རྒྱུ་བྱེད་ལ། །མཁས་པ་མཆོག་ནི་དབུས་འགྱུར་འཆང་ནའོ། །ལྔ་པ་བསྐོར་བའི་རྒྱན་ལ་གསུམ་ལས། དོན་བསྐོར། མགོན་ཁྱོད་མཐུ་ཡིས་བཀའ་གདམས་རིང་ལུགས་གསལ། །གསང་ཆེན་སློབ་བཤད་འཛིན་པའི་དགའ་སྟོན་འཕེལ། །མར་ཤངས་སྒྲུབ་བརྒྱུད་སྙིང་པོའི་བསྟན་སྲོག་མཐུད། །སྔ་འགྱུར་བཀའ་གཏེར་བཤད་སྒྲུབ་དར་བར་གྱུར། །ཚིག་བསྐོར་བ། དབང་ཆེན་གྲུབ་པ་རྒྱལ་བ་མཆོག་དབྱངས་ཀྱིས། །གཡོ་མེད་བསྐྱེད་རྗོགས་ཏིང་འཛིན་ལྷག་པར་གསལ། །གྲུབ་རྟགས་མངོན་གྱུར་དབུ་གཙུག་རྟ་ཡི་ཞལ། །བཞད་པའི་འཚེར་སྒྲ་ཕྱོགས་ཀུན་ལྷག་པར་གསལ། །གཉིས་ཀ་བསྐོར་བ། ངེས་འབྱུང་སྙིང་ལ་ཞེན་པའི་སྒྲུབ་བརྩོན་དེ། །དབེན་པའི་གནས་སུ་གཅིག་པུར་བག་ཕེབས་རོལ། །བཤོལ་མ་ཐེབས་པའི་གཉེན་གྲོགས་ཚོགས་རྣམས་ཀྱང་། །རེ་ཐག་ཆད་ནས་ཁྱིམ་ན་བག་ཕེབས་རོལ། །དྲུག་པ་འགོག་པའི་རྒྱན་ལ་ཉེར་གསུམ་ལས། བྱུང་བ་འགོག་པ། ཡེ་ཤེས་སྒྱུ་མ་རྡོ་རྗེ་ལྟ་བུའི་སྐུ། །ཐུབ་དབང་ཞབས་མཐིལ་སེང་ལྡེང་ཚེར་མ་ཡིས། །རྨས་པར་གྱུར་ཞེས་གྲགས་པའི་གཏམ་དེ་བརྫུན། །འོན་ཀྱང་ལས་སྣང་རྣམ་འཕྲུལ་བསམ་མི་ཁྱབ། །མངོན་གྱུར་འགོག་པ། ཁྱོད་དྲུང་བཟང་སྤོས་བསྲེགས་པའི་དུད་སྤྲིན་གྱིས། །མིག་ལ་ཟུག་རྔུ་{ངུ}བསྐྱེད་འདི་ཅི་ཕྱིར་སྒྲུབ། །དེ་ཡིས་བརྒྱ་སྟོང་ཆར་ཡང་མི་ཉེ་བའི། །རྣམ་དག་ཚུལ་ཁྲིམས་བསུང་ཞིམ་མངའ་མིན་ནམ། །འབྱུང་འགྱུར་འགོག་པ། འདི་ན་གསར་ཞུགས་ཁྱེད་ཅག་གྲོང་ཆོས་ལ། །སླད་ནས་འཇུག་པར་སྤྲོ་བའི་སྐབས་སྲིད་ན། །བདག་སོགས་མཁན་སློབ་བཅས་པའི་འདུས་པའི་གྲལ། །སླད་ནས་མཐོང་བའི་སྐབས་མིན་གཞན་དུ་ཤེས། །ཆོས་འགོག་པ། ཟླ་བ་ཆུ་ཤེལ་བསིལ་བའི་རང་བཞིན་ཞེས། །འཇིག་རྟེན་འདི་ན་མངོན་པར་གྲགས་པ་རྫུན། །ངེས་པར་བདེན་ན་སོ་གའི་དུས་ཀྱི་ཆར། །ཡི་དྭགས་རྣམས་ནི་ཅི་ཕྱིར་གདུང་བར་བྱེད། །ཆོས་ཅན་འགོག་པ། འདོད་ལྡན་བུད་མེད་མཛེས་སམ་མི་མཛེས་ཞེས། །གཡོ་བའི་རྣམ་རིག་འདི་ནི་ཅི་ལས་སྐྱེས། །ཕྲ་མོའི་རྡུལ་ཚོགས་བསགས་པ་ཙམ་ཞིག་ལས། །ལུས་ཞེས་བྱ་བའི་དངོས་པོ་སུ་ཡིས་མཐོང་། །རྒྱུ་འགོག་པ། འདི་ན་ཚུལ་འཆལ་གནས་ནས་སྐྲོད་བྱེད་པའི། །གཎྜིའི་སྒྲ་ནི་དྲག་ཏུ་ཐོས་མོད་ཀྱི། །བདག་ནི་ཚངས་པར་སྤྱོད་པའི་བརྟུལ་ཞུགས་ལས། །ཤས་ཙམ་ཉམས་པ་མེད་ཕྱིར་ཅི་ཡིས་འཇིགས། །འབྲས་བུ་འགོག་པ། གཡོན་ཅན་འདོད་པའི་སྒྱུ་རྩལ་ལ་གོམས་པའི། །ལང་ཚོ་མ་རྣམས་ཡང་ཡང་རྒྱུ་བྱེད་ཅིང་། །གཞན་གྱིས་མཐོང་ཐོས་དོགས་མེད་སྐབས་ཐོབ་ཀྱང་། །ཁོ་བོའི་ཚངས་སྤྱོད་འཆལ་བས་རྨས་མ་གྱུར། །རྗེས་གནང་གིས་འགོག་པ། འདུས་པའི་འཁོར་དག་ཆོས་མིན་སྤྱོད་པ་ལ། །འཇུག་པར་སྤྲོ་ན་ད་ནི་ཅི་དགྱེས་མཛོད། ཁོ་བོ་གཅིག་པུར་དབེན་པའི་ནགས་སུ་འགྲོ། །སླད་ནས་གནས་འདིར་འཇུག་པའི་སྐབས་མི་བགྱིད། །དབང་གིས་འགོག་པ། གསུམ་པའི་དབང་རྟེན་པདྨའི་ཟེ་འབྲུ་ཅན། །ཐབས་ཀྱིས་ཟིན་ན་ལམ་གྱི་གྲོགས་སུ་འགྱུར། །གནད་ཀྱིས་མི་འགལ་སྡོམ་གསུམ་ཡར་ལྡན་མོད། །འོན་ཀྱང་ནམ་ཡང་ཁྱོད་ཀྱིས་བསྟེན་བྱར་མིན། །མ་གུས་པས་འགོག་པ། བདག་ནི་མཁན་སློབ་དགེ་འདུན་ཚོགས་གྲལ་སྤྲོ། །ཉེས་མང་ཁྱིམ་གྱི་འཆིང་བ་དེ་ལྟར་མིན། །གྲོགས་ཁྱོད་སྤྱོད་ལམ་ཇི་ལྟར་དགེ་ཡང་རུང་། །རང་གི་བསམ་ཚོད་ཕྱོགས་ཙམ་སྨྲས་པར་ཟད། །ཤིས་བརྗོད་ཀྱིས་འགོག་པ། གྲོགས་ཁྱོད་ཁྱིམ་གྱི་དཔལ་ལ་མངོན་དགའ་ན། །དེ་དོན་ལེགས་འགྲུབ་སྲིད་ཀྱིས་འབྱོར་གྱུར་ཅིག །བདག་ནི་སྐྱེ་ཀུན་དེ་འདྲའི་འཆིང་བ་ལ། །ཕྱི་མིག་མི་བལྟ་ཚངས་སྤྱོད་དོན་གཉེར་སྨོན། །རྩུབ་མོས་འགོག་པ། དམན་པའི་གྲོགས་ཁྱོད་རི་དྭགས་མིག་ཡངས་མ། །ཆགས་པའི་མིག་གིས་བསྲུང་ཞེས་ཐོས་བདེན་ན། །རང་མགོ་འདོན་ནུས་སྐྱབས་གཞན་མྱུར་དུ་ཚོལ། །ཁོ་བོ་གཅིག་པུར་དགེ་འདུན་ཚོགས་གྲལ་རྒྱུ། །གྲོས་ཀྱིས་འགོག་པ། གྲོགས་ཁྱོད་རི་དྭགས་ཅན་དང་ལྷན་ཅིག་ཏུ། །འདོད་པའི་དགའ་སྟོན་གཉེར་བཞེད་མྱུར་དུ་བརྩོན། །རིང་མིན་འཆི་བདག་ཕོ་ཉས་ཟིན་གྱུར་ན། །འགྲོགས་པའི་དབང་མེད་འགྱོད་པས་གདུང་བར་ངེས། །འབད་པས་འགོག་པ། ལྷོད་པོ་ཁྱོད་འདོད་བཞིན་དུ་བག་ཡངས་ཀྱི། །སྤྱོད་པ་ཅི་བདེར་མཛོད་ཅེས་སྨྲ་འོས་ཀྱང་། །ཚངས་པར་སྤྱོད་པས་རང་རྒྱུད་སྡོམ་མཛོད་ཅེས། །དྲན་ཚུལ་ངག་ཏུ་ཐོན་ལ་ཅི་བྱར་ཡོད། །གཞན་དབང་གིས་འགོག་པ། ཐུབ་པའི་བསླབ་ཁྲིམས་བག་ཡངས་སྤྱོད་ཆོག་པའི། །གནང་བ་འདི་ནི་ཐོག་མར་བཅས་པ་པོ། །སྟོན་པ་མཆོག་ལ་ཞུས་མཛོད་དེས་གནང་ན། །བདག་ནི་དེའི་གསུངས་གཞན་དབང་ཅན་དུ་ངེས། །ཐབས་ཀྱིས་འགོག་པ། ལོ་ཀའི་ཆོས་བརྒྱད་མཐུ་ཡིས་སྒྲུབ་པའི་ཟོང་། །གང་རྙེད་སྡུད་པའི་ངལ་འདི་བཟོད་བགྱི་ཡིས། །རང་གཞན་གཏན་དུ་རྣམ་སྨིན་རྩུབ་མོའི་མདས། །རྨས་པར་མི་འགྱུར་རྡོ་རྗེའི་གོ་ཁྲབ་སྩོལ། །ཁྲོ་བས་འགོག་པ། དམན་ཁྱོད་ཆུང་མར་བཅས་པའི་ཁྱིམ་གྱི་དཔལ། །དོན་གཉེར་ཚིག་གི་འཕྲིན་པ་སྔར་བྱུང་ཟིན། །ད་ཀོ་རང་བཞིན་བརྟན་པར་གནས་ན་ཡང་། །དཔྱོད་ལྡན་བདག་བློ་ཇི་ལྟར་མགུ་བར་འགྱུར། །སྙིང་རྗེས་འགོག་པ། ཁྲིམས་གཙང་དགེ་བའི་རྟེན་དུ་མ་གྱུར་ཅིང་། །དོན་ལྡན་གནས་རྟེན་སྐོར་ཕྱག་བགྱིས་མིན་པའི། །འཆལ་སྤྱོད་གཞོན་ནུའི་ལུས་འདི་བས་མཐའ་རུ། །ཀྱེ་མ་དེ་རིང་བྱ་ཁྱིས་སྤྱད་བྱར་གྱུར། །འགྱོད་པས་འགོག་པ། དམ་པའི་མགོན་དང་མཇལ་ཡང་མོས་གུས་ཆུང་། །གདམས་ངག་ཟབ་དགུ་ཐོབ་ཀྱང་ཉམས་མ་ལོན། །དོན་མེད་བྱ་བྱེད་མང་ཡང་གྲུབ་འབྲས་སྟོང་། །མི་ཚེ་སྟོང་ཟད་གྱུར་པ་ད་གདོད་མཐོང་། །ཐེ་ཚོམ་འགོག་པ། མི་འདོད་བཞིན་བྱུང་དོན་མེད་གྲགས་སྐམ་འདི། །སྔོན་བསགས་མཐུའམ་འདོད་ལྷའི་བར་ཆད་ཉིད། །ལེགས་པར་བརྟགས་པས་ཉིན་བཞིན་རང་གི་རྒྱུད། །ཆོས་ལས་རིང་འདིས་དམ་པ་མིན་པར་ཤེས། །སྦྱར་བའི་འགོག་པ། འབྱུང་དཀོན་དྲི་བྲལ་མཐུ་ལྡན་འཇིག་རྟེན་གྱི། །རྒྱན་དང་མཆོག་གྱུར་རང་བཞིན་འགྱུར་མེད་པའི། །མཆོག་གསུམ་རཏྣ་གཏན་གྱི་སྐྱབས་ཐོབ་ན། །བེམ་དངོས་འཇོག་པོའི་གཙུག་གི་རྒྱན་དེས་ཅི། །ཡང་ན། དཀར་གསལ་དྲི་མས་ཡོངས་བཏང་མཚོ་ལས་སྐྱེས། །བཅུ་དྲུག་ཆ་རྫོགས་སིམ་སྟེར་རི་དྭགས་ཅན། །དབྱངས་ཅན་ཞབས་ཀྱི་ཟླ་ཚེས་ཡོད་བཞིན་དུ། །བདེ་འབྱུང་གཙུག་གི་ནོར་དེས་སུ་ལ་ཅི། །དོན་གཞན་འགོག་པ། མི་རྟག་མྱུར་སྟོན་བརྡ་ཐབས་སྟོང་མཐོང་ཡང་། །ངན་གོམས་བདག་བློའི་ངང་རིང་མི་ལྡོག་ཅི། །རི་གཟར་ཆུ་དྲག་ཐུར་དུ་རྒྱུག་པ་ལ། །སྐྱེས་བུས་རྩོལ་ཡང་གྱེན་དུ་ཟློག་ནུས་སམ། །ཡང་ན། འགྲོ་རྣམས་ཇི་ཙམ་འབྱོར་ཡང་ངོམས་མེད་པར། །ཅུང་ཟད་རེ་ཡང་འབད་པས་སྒྲུབ་འདི་མཚར། །འོན་ཀྱང་འབར་བའི་སྒྲ་ལ་བུད་ཤིང་ཚོགས། །ཇི་ཙམ་བསྣན་ཡང་ཚིམ་པ་ནམ་ཞིག་མཐོང་། །རྒྱུའི་འགོག་པ། སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་རིང་ལུགས་ཆེར། །ཕྱག་རྗེས་ཆེ་ཞེས་མགོན་ཁྱོད་མི་བསྟོད་དེ། །གསང་འཛིན་མགོན་པོ་རང་གི་བསྟན་པ་མཆོག །སྤེལ་ཕྱིར་སྤྲུལ་པའི་རྣམ་རོལ་བསྟན་དེའི་ཕྱིར། །ཡང་ན། འདི་ན་སྐྱེ་བོ་ཕལ་ལ་གྲགས་པ་ལྟར། །ལོ་གསར་དུས་སྟོན་བདག་ལ་མི་སྤྲོ་སྟེ། །བསྒྲང་བྱའི་དམག་གིས་བཟུར་མེད་འཆི་བདག་ཁར། །འདེད་པའི་ཕོ་ཉ་ཐོག་མར་ཆས་དེས་སོ། །བདུན་པ་དོན་གཞན་བཀོད་པའི་རྒྱན་ལ་རྒྱད་ལས། ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ། ཚངས་དབང་བདེ་འབྱུང་འཁོར་ལོས་སྒྱུར་སོགས་ཀྱང་། །འཆི་བདག་བདུད་ཀྱི་དབང་དུ་གྱུར་ལ་ལྟོས། །འདུས་བྱས་མི་རྟག་གཡོ་བའི་ཆོས་ཉིད་ལ། །མཐུ་དང་ལྡན་ཡང་ཇི་ལྟར་འགོང་བར་ནུས། །ཁྱད་པར་གྱི། མི་དགེའི་བཤེས་ཀྱིས་ཟིན་པའི་སྐྱེ་བོ་རྣམས། །རང་མིན་ཉེས་པའི་སྐྱོན་གྱིས་མ་རུངས་[རུང་འདིའི་རིགས་འདི་ལྟར་ཞུས།] བྱེད། །མི་གཙང་ཉ་རོས་དཀྲིས་པའི་ཀུ་ཤ་ཡང་། །རིང་པོར་མི་ཐོགས་དེ་ཡི་ངང་ཚུལ་སྟོན། །སྦྱར་བའི། མཆོག་གསུམ་སྐྱབས་སུ་བརྟེན་པའི་སྐལ་བཟང་རྣམས། །སྲིད་ལས་རྣམ་གྲོལ་དོན་གཉིས་འབྱོར་པས་ཕྱུག །ནོར་བུ་རིན་ཆེན་གང་གིས་ཐོབ་པའི་མི། །ནམ་ཡང་རྒུད་པར་མི་འགྱུར་དངོས་པོའི་གཤིས། །འགལ་བའི། སེམས་མཆོག་བསྐྱེད་གང་ནན་ཏན་དང་བྲལ་ཡང་། །ཉན་རང་འཕགས་པ་ཕལ་ལས་ཁྱད་པར་འཕགས། །རྡོ་རྗེ་རིན་ཆེན་ཆག་རྡུལ་ཕྲ་མོ་ཡང་། །རྒྱན་མཆོག་བརྒྱ་ཕྲག་ཕལ་གྱིས་བསྐྲུན་བྱར་མིན། །ཡང་ན། མཁས་པ་རྣམས་ནི་རྒས་ཤིང་རྒུད་གྱུར་ཀྱང་། །བློ་ལྡན་བྱེ་བའི་ཡིད་འཕྲོག་ལམ་སྟོན་འགྱུར། །ཉིན་མོར་བྱེད་ལ་གཡོ་བའི་སེམས་བྲལ་ཡང་། །འགྲོ་ལ་ཕན་པ་རྒྱ་ཆེན་སྒྲུབ་པར་ནུས། །མི་འོས་པའི། རང་དོན་ཡལ་དོར་གཞན་ཕན་ལྷུར་ལེན་པས། །སྲིད་མཐར་མི་སྐྱོ་རྒྱལ་སྲས་སྤྱོད་པ་ཆེར། །མི་བཟོད་དོན་སྙིང་བྱེར་འདྲའི་མྱ་ངན་མཁན། །སྐལ་ངན་འདོད་ལྷའི་བདག་པོའི་སྐྱོན་འདི་འདྲ། །འོས་པའི། རྩོལ་བྲལ་ཨ་ཏི་ཡོ་གའི་དགོངས་སྤྱོད་ཀྱིས། །དམན་ལམ་གྲུབ་མཐའི་ཚོགས་རྣམ་ཟིལ་གྱིས་མནན། །འོད་གསལ་རང་བཞིན་ཉི་མཁའ་ལྟ་བུ་ཡིས། །བྱེད་ཆོས་དེ་ལྟར་སྣང་ལ་མི་འོས་ཅི། །འོས་ཤིང་མི་འོས་པའི། དམན་ལམ་འཕྱན་རྣམས་ཐེག་མཆོག་འདིར་འཁུ་མོད། །ཐེག་ཆེན་འཛིན་པར་སྨྲ་རྣམས་ཅི་ཕྱིར་རྒོལ། །ཡི་དྭགས་རྣམས་ལ་རོ་བརྒྱ་ལྡན་པའི་ཟས། །ངན་སྐྱུགས་མཐོང་མོད་མི་རྣམས་ཅི་ཡིས་འཛིན། །མི་འོས་ཤིང་འོས་པའི། རྟོགས་གྲོལ་དུས་མཉམ་ཕལ་ལ་མི་འཚམ་ཡང་། །དབང་རབ་སྐལ་བ་མཆོག་གི་སྤྱོད་ཡུལ་ཉིད། །མ་བཏབ་ས་ལུ་ཕྱོགས་འདིར་མི་འཁྲུང་ཡང་། །སྒྲ་མི་སྙན་པ་རྣམས་ལ་མངོན་སུམ་ཉིད། །བརྒྱད་པ་ལྡོག་པ་ཅན་ལ་བཅུ་ལས། གཅིག་གི་ལྡོག་པ། ལྷར་བཅས་སྐྱེ་བོས་མཐོང་ན་ཡིད་དུ་འོངས། །ཡོངས་ལ་གྲགས་ཤིང་སྨོན་པའི་གནས་གྱུར་པས། །ལྷག་པའི་ཚུལ་ཁྲིམས་མཆོག་དང་རིན་ཆེན་རྒྱན། །མཚུངས་མོད་སྔ་མ་ཆགས་བྲལ་འཕགས་པའི་འོ། །ཡང་ན། མི་བརྟན་གཡོ་ཞིང་གྱ་གྱུ་འཕེལ་འགྲིབ་ཆེ། །འཁྱོག་པོའི་རང་བཞིན་གཡོན་ཅན་ཆང་མིག་མ། །ཁྱོད་དང་ཐུར་བབས་ཆུ་བོ་མཚུངས་ཐ་དད། །ཁྱོད་ཉིད་བསྟེན་པས་མི་ཁའི་བུན་ལོང་འཕེལ། །གཉིས་ལྡོགཟག་མེད་ཏིང་ངེ་འཛིན་དང་རོ་བརྒྱའི་ཟས། །གང་བརྟེན་བདེ་བས་ཚིམ་དང་ལུས་རྒྱས་ཀྱང་། །དེ་ནི་མི་གཙང་རྒྱུར་གྱུར་དམན་པ་སྟེ། །བསམ་གཏན་གཟུངས་སྤྲིན་མངོན་ཤེས་ཡོན་ཏན་སྒོ། །སྦྱར་ལྡོགཤེས་རབ་མཆོག་དང་ཏོག་གི་བློ་གྲོས་དཔལ། །རབ་གསལ་དྲི་མེད་མུན་སེལ་མཐུ་དང་ལྡན། །ཙིནྟ་མ་ཎི་ལག་འགྲོ་རྨོངས་པའི་རྒྱན། །ཆོས་རབ་རྣམ་འབྱེད་ཕལ་གྱི་སྤྱོད་ཡུལ་ཅི། །གཏན་ཚིགས་ཅན། རབ་དཀར་བཅུ་དྲུག་ཆ་རྫོགས་འོད་ཟེར་འགྱེད། །འགྲོ་ལ་སིམ་པ་མཆོག་སྟེར་མཚུངས་མོད་ཀྱི། །བེམ་པོའི་རང་བཞིན་འཕེལ་འགྲིབ་དང་ལྡན་ཕྱིར། །དབྱངས་ཅན་ཞལ་ལས་རི་བོང་འཛིན་པ་དམན། །རྟེན་གྱི་དབྱེ་བ་ཅན། སྟོན་པའི་གསུང་དབྱངས་ཡན་ལག་རྒྱ་མཚོ་དང་། །ངོ་མཚར་ནོར་བུའི་རྒྱུད་མང་སྦྲེངས་པའི་སྒྲ། །འདི་གཉིས་འབྱེད་ཆོས་མཚན་བཟང་ཆོས་དུང་དང་། །རྒྱ་མཚོའི་ལྷ་མོའི་ཕྱག་སོར་རྩེ་ནའོ། །དཔེ་ཅན་ལྷག་པ། བརྒྱ་ཕྲག་ལྷ་ཡི་རོལ་མོའི་སྙན་དབྱངས་ལ། །གང་འདུལ་འགྲོ་ངོར་རང་སྐད་དང་འཚམ་པར། །ཆོས་སྒོ་བསམ་འདས་སྟོན་པའི་ནུས་པ་མེད། །བཅོམ་ལྡན་ཁྱོད་གསུང་ཡོན་ཏན་དེ་ཡིས་མཛེས། །མཚུངས་ཆོས་འབྱེད་བྱེད་གཉིས་ཀ་ཅན། དད་སོགས་བདུན་དང་འདོད་འབྱུང་ནོར་བུའི་གཏེར། །འཛད་མེད་རང་གཞན་འབྱོར་པའི་དཔལ་མང་སྦྱིན། །སྔ་མ་ཡོན་གནས་འཕགས་པའི་ཚོགས་རྣམས་དང་། །ཕྱི་མར་ལྷ་ཀླུ་གནོད་སྦྱིན་ཆེ་རྣམས་སྤྱོད། །འབྱེད་བྱེད་སྒྲས་ཟིན། བསླབ་གསུམ་སྦྱངས་ཡོན་བཅུ་གཉིས་རབ་བྱུང་རྒྱན། །ཁྲེལ་འཛེམ་བག་ཡོད་ནོར་མང་སྐྱེ་བོའི་རྒྱན། །འཕགས་རྣམས་ལྷར་བཅས་སྐྱེ་དགུའི་མཆོད་གནས་ཏེ། །ཡ་རབས་སྐྱེ་བོ་དཔྱོད་ལྡན་བསྔགས་པའི་ཡུལ། །རིགས་མཐུན་ལྡོག་པ་ཅན། བརྒྱ་ཕྲག་ནོར་བུའི་གཟི་ཡིས་མི་འཕྲོག་ཅིང་། །ཉི་ཟླ་སྒྲོན་མེའི་འོད་ཀྱིས་མི་སེལ་བའི། །ལུས་ཅན་སྙིང་ལ་ཉལ་བའི་མུན་པ་འདིས། །ཡང་དག་ལྟ་བའི་ལམ་བཟང་བསྒྲིབས་པར་བྱས། །དགུ་པ་སྲིད་པ་ཅན་གྱི་རྒྱན་ལ་གསུམ་ལས། ཕྱི་དུས་ལ་སྦྱར་བ། ཆེད་དུ་མ་བསྐྱོད་རྩི་སྨན་ལོ་འབྲས་ཟག །བོས་པ་མིན་ཡང་གྲང་རེག་མགྲོན་དུ་ཁུག །མ་གསོལ་རི་ཀླུང་གངས་དང་འཁྱགས་པས་གཡོགས། །དགུན་གྱི་གནས་སྐབས་འདི་ནི་ཡ་རེ་ང་། །ནང་ལང་ཚོ་ལ་སྦྱར་བ། མ་དཀྲུགས་རླུང་མཁྲིས་བད་ཀན་འདུ་བ་འཁྲུགས། །བསྐྲད་མིན་ཉིན་མཚན་གཉིད་ཀྱི་རྒྱུ་བ་འགགས། །བསྐུལ་མིན་ཟུག་རྔུའི་ཚོར་བ་རྒྱུན་མི་ཆད། །ལྔ་པའི་གནས་སྐབས་འབྱུང་རྣམས་སྙིང་རྩ་འདར། །ངོ་བོ་ཙམ་སྟོན་པ། རྒྱུ་རྐྱེན་རྩོལ་བས་མ་བསྐྱེད་སྙིང་པོའི་ཁམས། །བསལ་མིན་དྲི་མས་ཡོངས་བཏང་གདོད་ནས་གཙང་། །གསར་སྦྱར་མ་ཡིན་སྣང་སྟོང་ཟུང་འཇུག་ཆེར། །མ་བཀོད་ཟག་མེད་ཡོན་ཏན་འབུམ་གྱིས་མཛེས། །བཅུ་པ་བསྡུས་བརྗོད་ཀྱི་རྒྱན་ལ་བཞི་ལས། སྤྱིའི་བསྡུས་བརྗོད། སྦྲང་རྒོད་ཆང་གིས་རབ་མྱོས་གླང་པོའི་སྣར། །མི་བཟད་མཚོན་ཆའི་འཁོར་ལོ་བསྐོར་བ་ཡིས། །གཞན་སྡེ་དཔུང་བཅས་བརླགས་པས་མ་ངོམས་པར། །རང་གི་སྡེ་ཡང་མ་རུངས་བྱས་ལ་ལྟོས། །ཁྱད་གཞི་ཐ་དད་ཁྱད་ཆོས་གཅིག་པའི་བསྡུས་བརྗོད། རབ་ཡངས་རྟག་སྡོད་ངོགས་སུ་གློག་ལྡན་ཕྲེང་། །ལྷུན་སྟུག་སྤྲིན་གྱི་མེ་ཏོག་སིལ་མ་ཡིས། །འཛིན་མའི་ཕང་པར་མྱུ་གུ་གསར་པའི་ཕྲེང་། །བསྐྱེད་འདི་ཨེ་མ་ཁོ་བོའི་དཔལ་དུ་ཐོབ། །ཁྱད་ཆོས་ཐ་དད་དང་ཐ་དད་མིན་པ། འཇིགས་གཟུགས་རལ་པའི་ཁུར་བརྗིད་མཆེ་སྡེར་རྣོ། །ཁྲོས་འཁྲུགས་ང་རོའི་སྒྲ་ལྡན་གངས་རིར་འགྱིང། །གཞན་སྡེའི་སྙིང་ཁྲག་ཐང་ལ་འཕོ་བྱེད་པའི། །སྟོབས་ལྡན་འཕྲོག་བྱེད་མིག་འདི་སུ་ཞིག་ཡིན། །སྔོན་མེད་བསྡུས་བརྗོད། སྒྲ་གཅན་གདུག་པའི་ལག་པས་སུབ་མིན་ཞིང་། །གྲང་རེག་གདུང་བ་འཕྲོག་པའི་ཚ་ཟེར་འཕྲོ། །བྲི་མེད་རྟག་ཏུ་གང་བའི་ཟླ་བ་འདི། །ཨེ་མ་ལེགས་བྱས་གསར་པའི་མཁའ་ལ་སྣང་། །བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་ལ་བཞི་ལས། ཁྱད་འཕགས་བརྗོད་པ་ཕུལ་བྱུང་། ཉེས་བྲལ་འོད་ཟེར་སྟོང་གི་དྲྭ་བ་ཡིས། །ཡོངས་འཁྱུད་ལྷ་རྫས་དཀར་པོའི་སྟོད་གཡོགས་ཅན། །རིགས་ཀུན་བདག་པོ་བཛྲ་ས་ཏྭའི་སྐུ། །ཟླ་གཞོན་བྱེ་བའི་དཔལ་ལ་མཚོན་མ་ཡིན། །ཐེ་ཚོམ་ཕུལ་བྱུང་། གང་མཚན་རིགས་སྔགས་མཐུ་ཡིས་སྲིད་ལམ་གྱི། །རྒྱུ་བ་བགགས་པར་མ་བྱས་ལོག་སྲེད་ཅན། །འགའ་ཞིག་འཇིག་རྟེན་འདི་ན་ཡོད་མེད་ཅེས། །བདག་གི་ཡིད་ནི་ཐེ་ཚོམ་དྲྭ་བས་བཅིངས། །ངེས་པ་ཕུལ་བྱུང་། ལེགས་པར་བརྟགས་པས་རིགས་ལྔ་གངས་ཆེན་མཚོའི། །བཀོད་པ་མི་ཟད་ཆོས་ཀྱི་དབྱིངས་མཉམ་ཕྱིར། །སྣ་ཚོགས་ཞིང་སྐུའི་རྣམ་རོལ་ཚད་མེད་པས། །གདུལ་བྱའི་ཡུལ་གྱུར་ཟད་པ་མེད་པར་ཤེས། །གྲགས་པ་ཕུལ་བྱུང་། མི་ཟད་རྒྱན་འཁོར་ལྔ་ཡི་བཀོད་པའི་སྤྲིན། །དཔག་མེད་དུས་གསུམ་རྒྱལ་བས་གཞལ་དཀའ་ཡང་། །དེ་ཀུན་ཡོངས་སུ་རྫོགས་པར་གྱུར་པ་ཡི། །ཨེ་མ་ཆོས་ཀྱི་དབྱིངས་འདི་ཤིན་ཏུ་ཡངས། །བཅུ་གཉིས་པ་རབ་རྟོག་གི་རྒྱན་ལ་དྲུག་ལས། སེམས་ལྡན་རབ་རྟོག་སྙམ་སྒྲ་ཅན། གངས་ཁྲོད་བསིལ་བུས་རེག་པའི་མཚོ་བྱུང་མ། །མཁས་མང་མགྲིན་དབུས་རྒྱུད་མང་སྦྲེང་ཟོལ་གྱིས། །ཡིབ་པར་གཟིགས་ནས་སྨྲ་བའི་རྒྱལ་པོ་ཡང་། །གཞོན་ནུའི་ཚུལ་གྱིས་ཡང་ཡང་རྒྱུ་འམ་སྙམ། །སེམས་མེད་རབ་རྟོག་འདྲ་སྒྲ་ཅན། གང་སྐུའི་མཛེས་སྡུག་འགྲན་ལ་ཆས་པ་ཡི། །ལང་ཚོས་ཡོངས་དུད་པད་དཀར་ཉ་རྒྱས་ཟླ། །སྐྱེངས་ནས་ཁྱོད་ཞབས་བསྟེན་ཏེ་གནས་པ་ལ། །བཻཌཱུའི་རྒྱུད་མང་འཕྱ་བས་དགོད་པ་འདྲ། །བཞིན་སྒྲ་ཅན། བདག་ཅག་མཛེས་པ་འདི་ཡིས་འཕྲོགས་སོ་ཞེས། །རིན་ཆེན་རྒྱན་མང་དག་གིས་བཟུང་མཐོང་ནས། །མི་བརྟན་གྱ་གྱུའི་རང་བཞིན་བརྒྱ་བྱིན་ཚོན། །ཀུན་ཀྱང་ཁྱོད་སྐུར་འཁྱུད་ལ་རིངས་པ་བཞིན། །དོགས་སྒྲ་ཅན། ལྷ་དང་དྲི་ཟ་གྲུབ་པའི་བུ་མོའི་ཚོགས། །ཀུན་གྱིས་མཆོད་མཐོང་ཁྱོད་སྐུའི་རྣམ་འགྱུར་འབུམ། །དུས་གཅིག་བལྟ་བར་འདོད་པའི་མཐོ་རིས་བདག །འདྲེན་བྱེད་སྟོང་དུ་སྤྲུལ་ཡང་མ་ངོམས་དོགས། །ངེས་སྒྲ་ཅན། བརྟན་གཡོའི་སྙན་འགྱུར་སྒྲ་སྐད་ཇི་སྙེད་པ། །བྱེད་པོ་རང་གིས་བསྡུས་ཏེ་ཁྱོད་ཉིད་ལ། །བྱིན་ནས་སླར་ལ་མཉན་ཕྱིར་ཐོས་འཛིན་དབང་། །ཟུང་བཞིར་སྤྲུལ་པའི་ངལ་བ་བརྟེན་པར་ངེས། །མིན་ནམ་སྒྲ་ཅན། ཁྱོད་ཐུགས་མཁྱེན་བརྩེའི་ཕ་མཐར་འགྲན་བཟོད་པའི། །སྔོ་བསངས་སྤྲིན་ཐག་ཆད་པའི་སྒེག་འཆང་མ། །རྒྱུ་སྐར་སོ་ཡི་འོད་ཟེར་ངོམ་བཞིན་དུ། །ཡང་ཡང་དགོད་པ་མིན་ནམ་དབྱངས་ཀྱི་རྒྱལ། །བཅུ་གསུམ་པ་རྒྱུ་ཡི་རྒྱན་ལ་བཅུ་དྲུག་ལས། འགྲུབ་བྱེད་འོས་པའི་རྒྱུ། འཇམ་དབྱངས་ཕྱག་གི་རལ་གྲི་ཡང་ཡང་དུ། །གཏད་ནས་འཁྲུལ་རྟོག་དྲྭ་བ་ཆོད་ཅིག་ཅེས། །རྗེས་གནང་བློ་གྲོས་དྲི་མེད་སྤོབས་པ་ཡིས། །གཟུར་གནས་མཁས་མང་སྤྲོ་བ་འཕེལ་བར་བྱེད། །མི་འོས་པའི་རྒྱུ། ངེས་དོན་མདོ་རྒྱུད་དགོངས་པའི་ཟབ་གནད་ཀུན། །རྣམ་དག་རིགས་པའི་ལམ་དུ་ཉེར་དྲངས་པ། །དེང་དུས་མ་བརྟགས་མུ་ཅོར་སྨྲ་བ་འགའི། །ཡིད་ཀྱི་ཟུག་རྔུ་བསྐྱེད་ཕྱིར་ཉེ་བར་གནས། །རྣམ་འགྱུར་གྱི་རྒྱུ། ཚུར་མཐོང་རྟོག་གེའི་རིགས་པས་ལན་སྟོང་དུ། །དཔྱད་ཀྱང་བརྫི་བར་མི་ནུས་ཟབ་མོའི་དོན། །མ་དཀྱོགས་དྲང་པོར་བཤད་པའི་ལེགས་བཤད་གཏེར། །ཕྱོགས་ཞེན་དབང་གིས་རྣ་བར་དུག་ཏུ་གྱུར། །འཐོབ་བྱའི་རྒྱུ། མགོན་ཁྱོད་ཤེས་བྱའི་ཆོས་ཀུན་ཐུགས་ཆུབ་ཀྱང་། །ད་དུང་ལེགས་བཤད་ཚོལ་ལ་སྤྲོ་ཚུལ་བསྟན། །དེ་ཡིས་གཟུར་གནས་བློ་ལྡན་གཞན་རྣམས་ཀྱི། །སེམས་ལ་འཕྲིག་ཚུད་ཉིན་མཚན་བརྩོན་པས་སྦྲེེལ། །ཕྱི་དུས་ཤེས་བྱེད། ལོ་འདབ་གསར་རྒྱས་ལྕུག་ཕྲན་ལྡེམ་པའི་རྩེར། །གཞན་གསོས་མགྲིན་པ་བཏེགས་ནས་གླུ་ལེན་ཞིང་། །པད་དཔལ་བུང་བའི་དགའ་སྟོན་དར་དུས་འདིར། །བདག་ཀྱང་ཟླ་གསུམ་གནས་པའི་གཡར་དམ་འཆའ། །ནང་ཤེས་བྱེད། སྐལ་བཟང་སྔོན་བསགས་ལས་ཀྱི་འཕྲོ་ཡོད་པ། །དེང་འདིར་སྲིད་པའི་བདེ་ལ་མ་ཆགས་ཤིང་། །ཐར་པ་དོན་གཉེར་དགེ་བའི་བཤེས་ལ་གུས། །ཚུལ་གནས་ཐོས་བསམ་སྒོམ་ལ་བརྩོན་འདིས་རྟོགས། །སྔ་ན་མེད་པའི་བྱེད་རྒྱུ། འདུལ་ཁྲིམས་གཙང་མའི་རྟེན་དུ་མ་བྱས་ཤིང་། །རྣམ་གསུམ་ངུར་སྨྲིག་གོས་ཀྱིས་ཀླུབ་མིན་ལ། །ཕྱག་སྐོར་དོན་ལྡན་བགྱི་བའང་བྱས་མིན་པའི། །ལུས་དབང་འཁོགས་པར་གྱུར་འདིས་སྣང་བ་སྐྱོ། །ཞིག་ནས་མེད་པའི་བྱེད་རྒྱུ། འདོད་ལྔ་དང་དུ་ལེན་པའི་རྨོངས་པ་སངས། །དགྲ་འདུལ་གཉེན་སྐྱོང་སོ་ནམ་སྒྲུབ་མཐུ་ཉམས། །མིག་སོགས་དབང་ཤེས་ནང་དུ་སྡུད་པ་འདིས། །འཆི་དུས་ཕན་པའི་ཐབས་ཚུལ་འབའ་ཞིག་སེམས། །ཕན་ཚུན་མེད་པའི་བྱེད་རྒྱུ། རང་བྱུང་བྲག་རིའི་བ་གམ་ཁང་ཁྱིམ་མིན། །ལྕུག་ཕྲན་ཡལ་འདབ་སྦྲེལ་འདི་ཆུང་མ་མིན། །མཛེས་སྡུག་རི་དྭགས་རྩེ་འདི་བུ་ཚའི་ཚོགས། །མིན་ཕྱིར་དབེན་པར་བདག་གི་ཡིད་དགའ་འོ། །སྤངས་ནས་མེད་པའི་བྱེད་རྒྱུ། སྲིད་རྩའི་ལས་ཉོན་འདུ་བྱེད་མ་རིག་པ། །ལམ་བདེན་བདག་མེད་རྟོགས་པས་བཅོམ་ཟིན་པས། །སྡུག་བསྔལ་གཏན་དུ་འགོག་པའི་ཟག་མེད་ཀྱི། །བདེ་མཆོག་འཕགས་པ་རྣམས་ལ་རྟག་ཏུ་འཕེལ། །རྒྱུ་དངོས་མེད་ཀྱི་འབྲས་བུ་དངོས་མེད། སྲིད་ལ་མངོན་ཞེན་བྲལ་བའི་སྐལ་བཟང་རྣམས། །འཆལ་སྤྱོད་རྨི་ལམ་དུ་ཡང་བྱས་མིན་པས། །ཚེ་འདིར་གྲགས་པ་ཉམས་དང་ཕྱི་མ་རུ། །སྡུག་བསྔལ་ཚོར་བའི་སྐབས་ཐོབ་སྲིད་པ་མིན། །རིང་འབྲས་ཀྱི་རྒྱུ། ཙཎྜ་གོ་མིས་རང་གི་སློབ་མ་ལ། །ཕན་པའི་སྤྲིང་ཡིག་བྱ་མ་རྟར་བསྐྱོན་པས། །དེང་ཡང་བསླབ་པ་འཆལ་རྣམས་བག་ཡོད་ལ། །སྐུལ་བར་བྱེད་པའི་ཕོ་ཉ་གཅིག་ཏུ་གནས། །ལྷན་ཅིག་སྐྱེས་པའི་རྒྱུ། ལྟ་དགོངས་ཉམས་རྟོགས་མཐར་ཕྱིན་བླ་མ་ཡིས། །སྔོན་སྦྱངས་{སྦྱང}ལས་འཕྲོར་ལྡན་པའི་སློབ་མ་ལ། །བརྡ་ཐབས་དབང་གི་ཆོ་ག་བསྟན་པ་དང་། །རང་གནས་ཡེ་ཤེས་རྟོགས་པ་ལྷན་ཅིག་བྱས། །འབྲས་བུ་སྔ་བའི་རྒྱུ། རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་པད་འབྱུང་ཉིད། །རང་བྱུང་དོན་གྱི་དགེ་སློང་མངོན་མཛད་རྗེས། །གཞན་ངོར་ལོག་རྟོག་བསལ་ཕྱིར་ཀུན་དགའ་བོ། །བརྟེན་ནས་གསོལ་བཞིའི་ཆོ་གས་བསྙེན་པར་རྫོགས། །རིགས་མིན་རྒྱུ། ཕན་བདེའི་བསིལ་ཟེར་འབུམ་ཕྲག་འཇོ་བ་ཡི། །མཁན་སློབ་ཆོས་གསུམ་ལེགས་མཛད་འོད་དཀར་ཅན། །བསིལ་ལྡན་ལྗོངས་སུ་འཕོས་པས་སྡིག་ལྟའི་བོན། །དགའ་བའི་ཀུ་མུད་ཟུམ་པར་བྱེད་འདི་ཅི། །རིགས་པའི་རྒྱུ། ལོ་པཎ་མཁས་པའི་ཚོགས་ཀྱི་རྣམ་དཔྱོད་མཐུས། །མདོ་སྔགས་ཟུང་འབྲེལ་ཐུབ་བསྟན་ཉིན་མོར་བྱེད། །གསར་དུ་དྲངས་འདི་ལྷར་བཅས་སྐྱེ་དགུ་ཡི། །དད་གསུམ་དགའ་བའི་ཨུཏྤལ་བཞེད་ལ་དབང་། །བཅུ་བཞི་པ་ཕྲ་མོའི་རྒྱན་ལ་གཉིས་ལས། ཟུར་གྱི་ཕྲ་མོ། འཕགས་ཡུལ་མཁས་མང་འདུས་པའི་ཚོགས་གྲལ་དུ། །ཁྲི་སྲོང་བཀའ་ཕྲིན་ས་སྙིང་སྐྱེས་དང་བཅས། །ཞུ་བ་ཕུལ་ཚེ་གུང་གྲལ་བི་མ་ལར། །པཎ་ཆེན་ལྔ་བརྒྱའི་སྤྱན་གྱི་འབབས་སྟེགས་གྱུར། །རྣམ་པའི་ཕྲ་མོ། འཛིན་མའི་གཞི་ལ་དབང་བྱེད་ལག་འགྲོའི་ཚོགས། །ལུས་ངག་ཅི་བཅོལ་ལས་སྒྲུབ་བཀའ་ཉན་ཡང་། །ཡིད་ནི་དུལ་མིན་གྱོང་འདི་སློབ་དཔོན་ཆེ། །དུས་གསུམ་མཁྱེན་པས་དགོངས་ལས་གཞན་གྱིས་མིན། །བཅོ་ལྔ་པ་ཆ་ཡི་རྒྱན་ལ་བཞི་ལས། ཟོལ་གྱིས་སྦེད་པ་འོས་པའི་ཆ། སངས་རྒྱས་དམར་པོའི་རྣམ་འཕྲུལ་ཆོས་ཀྱི་རྒྱན། །འགོལ་སར་བཀའ་མཆིད་མོལ་བའི་སྤྱན་གྱི་ཟུར། །བརླན་མཐོང་ཀྱེ་མ་གཞན་སྡེའི་ལས་ཀྱི་མཐའ། །ཇི་ལྟར་འགྱུར་དགོངས་བཟོད་མེད་སྙིང་རྗེའི་ཉམས། །འོས་མིན། གཞན་སྡེ་རྒུད་པར་བྱེད་པའི་བྱ་མ་རྟ། །སོན་ཚེ་དགའ་སྟོན་ཆུ་ཡི་རོལ་རྩེད་བཅས། །རང་སྡེ་དབུགས་དབྱུང་གནང་བའི་ངོ་མཚར་གཏམ། །ལྐོག་གྱུར་ཆོས་ཀུན་མཁྱེན་པའི་རྣམ་ཐར་བས། །ཆ་ལས་སྨད་པ། གངས་ཁྲོད་སྨྲ་བའི་སེང་ཆེན་མི་བསྐྱོད་རྗེས། །ལུང་རིགས་ཚད་མས་གཞན་ཕྱོགས་ཚར་བཅད་ཚེ། །རང་ལུགས་ཟོལ་མེད་སྐྱོང་བར་བྱེད་རྣམས་ཀྱང་། །སྤོབས་པ་བསྐྱུངས་ནས་མི་སྨྲའི་བརྟུལ་ཞུགས་ལེན། །ཆ་ལས་བསྟོད་པ། ཐ་སྙད་ཤེས་བྱའི་ཆོས་ལ་མ་སྦྱངས་པར། །ལུང་སྟོང་དབེན་པར་བསྒོམས་པའི་རྒྱུ་ཁོ་ནས། །ཐོལ་བྱུང་ཀློང་ནས་རྡོལ་བ་ཐོས་པ་དགའི། །བཛྲ་གིརྟཱི་འདི་ཡིས་སུ་ལ་ཅི། །བཅུ་དྲུག་པ་རིམ་པ་ཅན་གྱི་རྒྱན། ཡུད་ཙམ་འཛུམ་པའི་སྐབས་བྲལ་གཤིས་ངན་པོའི། །གནག་པའི་བཞིན་དང་སྡང་མིག་གཡོ་བའི་གར། །ཡུལ་ངན་ཆར་སྤྲིན་དག་དང་གློག་དམར་ལས། །བརྐུས་པར་ངེས་སོ་ལས་ཀྱིས་འབྲེལ་བའི་གྲོགས། །བཅུ་བདུན་པ་དགའ་བ་ཅན་གྱི་རྒྱན་ལ་གཉིས་ལས། རེ་བ་དང་བཅས་པའི་དགའ་བ། ཨེ་མ་རིང་ནས་སྙིང་ལ་བརྣག་པའི་འབྲས། །རྡོ་རྗེ་གཟི་བརྗིད་ཞབས་སེན་སྤྱིར་ཐོབ་པའི། །དགའ་བ་འདི་མཚུངས་དང་པོའི་ས་ཐོབ་ཀྱང་། །ཡོད་པ་མིན་ན་གཞན་དུ་ག་ལ་ཞིག །རེ་བ་མེད་པའི་དགའ་བ། ཁྱོད་སྐུའི་རྣམ་འགྱུར་འབྲི་དང་སྒོམ་པ་དང་། །མཆོད་དང་རིག་པ་བགྲང་བ་ལས་འདས་ནས། །ཡེ་ཤེས་སྐུ་མཆོག་མཚན་དཔེས་བརྒྱན་པའི་གར། །མངོན་སུམ་བལྟ་བའི་ངེད་ཀྱི་སྐལ་འདི་ཅི། །བཅོ་བརྒྱད་པ་ཉམས་ལྡན་གྱི་རྒྱན་ལ་བརྒྱད་ལས། དགའ་བ་འཕེལ་བ་སྒེག་པའི་ཉམས། མགོན་ཁྱོད་གཟུགས་སྐུ་འདྲེན་བྱེད་ལས་བསྐལ་པའི། །བཟོད་དཀའི་ཚོར་བས་ལུས་སྲོག་འདོར་ཉེའི་ཚེ། །ཡེ་ཤེས་སྐུ་མཆོག་བགྲེས་རྒུད་བྲལ་བའི་དཔལ། །གཏན་གྱི་གྲོགས་སུ་སྐྱེ་འདིར་ཇི་ལྟར་ཁུག །ཡང་ན། བགྲང་བྱས་ཡོངས་སུ་དུབ་བའི་དཔལ་སྐྱེས་བདག །ཕྱི་མར་གྲོལ་བར་སྨོན་ཏེ་འཆིར་འདོད་ཀྱང་། །ཉེས་ཟད་ཡོན་ཏན་རྫོགས་པའི་དགྲ་བཅོམ་འབྲས། །ཨེ་མ་ཚེ་འདི་ཉིད་ལ་ཇི་ལྟར་ཐོབ། །དྲག་ཤུལ་གྱི་ཉམས། སངས་རྒྱས་བསྟན་བཤིགས་བོད་རྗེ་ཁྲི་རལ་བཀྲོངས། །ཆོས་པ་རབ་བསད་འབྲིང་སྤྱུག་ཐ་མ་ཕབ། །མ་རུངས་གླང་དར་ཉག་ཕྲན་འཁྲུལ་འཁོར་གྱི། །འབན་དུ་འཐོབ་འདི་སྐད་ཅིག་འཚོ་འགྱུར་རམ། །སྤྲོ་བ་འཕེལ་བ་དཔའ་བའི་ཉམས། ཡུན་རིང་བརྩོན་པའི་ངལ་བ་མ་བསྐྱེད་པར། །ཞག་གཅིག་རིག་པ་བགྲང་བས་ལྷག་པའི་ལྷས། །རྗེས་བཟུང་ཤེས་བྱ་ཀུན་ལ་ཐོགས་མེད་པས། །ས་བདག་སྤྱི་བོར་ངལ་འཚོ་ཐོབ་འདི་ཅི། །སྙིང་རྗེའི་ཉམས། དར་ཟབ་པདྨའི་སྟན་ལའང་རྩུབ་སྙམ་པའི། །ལྷ་མིའི་བདེ་དཔལ་མྱོོང་རྣམས་ལྕགས་བསྲེགས་གཞིར། །གཤིན་རྗེའི་སྐྱེས་བུས་པགས་པ་བཤུས་བྱས་ནས། །གན་རྐྱལ་སྒྲེན་མོར་འགྱེལ་གང་ཇི་ལྟར་བཟོད། །ཡང་ན། བསྒུལ་བསྐྱོད་མཐུ་ཟད་རྐང་ལག་ཐག་པས་བཅིང་། །དལ་བུར་རྒྱུ་བའི་དབུགས་ཀྱང་དབང་མེད་བགགས། །བརླན་ལྡན་མིག་གིས་གཤེད་མའི་གདོང་ལ་བལྟ། །སྐྱབས་བྲལ་དུད་འགྲོའི་ཚོར་བ་ཇི་ལྟར་བཟོད། །རྔམ་པའམ་མི་སྡུག་པའི་ཉམས། མི་མགོ་རྒྱུ་མར་བརྒྱུས་པའི་བཤན་ཁང་དུ། །རང་ཤ་རང་གིས་ཟ་བའི་ཉེས་ཅན་དག །ཡ་གཅིག་མིག་འབྲས་ཕྱུང་ནས་གཅིག་ཤོས་ལ། །འཇིག་རྔམ་སྡིགས་པའི་ཚུལ་གྱིས་ཡང་ཡང་སྟོན། །ཡང་ན། འཕགས་པའི་མཐུས་བཅིངས་ཡིད་བསྲུབས་གར་མཁན་རྣམས། །ཁྲག་འཛག་མི་མགོ་རུལ་པའི་ལ་ཐོད་དང་། །དྲི་ང་ཁྱི་རོ་བམ་པོའི་རྒྱན་ཕྲེང་བཅས། །རྒས་ཤིང་འཁོགས་པ་འཁྱོལ་བས་གར་བྱེད་དོ། །བཞད་གད་ཀྱི་ཉམས། ས་བདག་གཏུམ་པོའི་གཉའ་བ་ནས་ཞོན་ཏེ། །ཨི་ཧིའི་འཚེར་སྒྲ་སྒྲོགས་པའི་བདག་པོའི་སྒྲ། །འཐོར་ཚེ་མགོ་བོ་ཡོགས་པའི་རོལ་མོ་མཁན། །ཉམས་མཚར་གླུ་དབྱངས་ལེན་ལ་མི་དགོད་སུ། །ཡང་ན། མང་ཐོས་དྲང་པོའི་ཐིག་ཤིང་འགོས་ལོ་ཙཱ། །གཟུ་བོས་ཆོས་དང་ཆོས་མིན་རྣམ་འབྱེད་སྐབས། །འདུས་པའི་འགྲེལ་སོགས་རྒྱ་གཞུང་ཟོལ་མེད་འགར། །བོད་བླུན་ཚིག་འཆལ་དྲངས་འདི་བསྲུབ་པར་རིགས། །རྨད་བྱུང་ཉམས། རྣམ་དག་ཚུལ་ཁྲིམས་ལྷ་ཡི་གོས་བཟང་དང་། །ཟག་མེད་ཏིང་འཛིན་རོ་བརྒྱ་ལྡན་པའི་ཟས། །རྣམ་བཀྲའི་ཤེས་རབ་རིན་ཆེན་མཛེས་པའི་རྒྱན། །ཆགས་བྲལ་འཕགས་པའི་ལོངས་སྤྱོད་འདི་རྨད་བྱུང་། །ཡང་ན། རང་བྱུང་བྲག་ཕུག་ནོར་བུའི་གཞལ་མེད་ཁང་། །ལྗོན་ཤིང་མེ་ཏོག་ལྷ་རྫས་མཆོད་པའི་སྤྲིན། །བྱ་དང་རི་དྭགས་ཆོས་མཐུན་དགེ་བའི་གྲོགས། །དུས་བཞིར་འགྱུར་བས་བརྡའ་ཆོས་འདོམས་འདི་མཚར། །འཇིགས་རུང་གི་ཉམས། དགུ་བརྒྱ་གོ་དགུ་བསད་པའི་མིའི་སོར་མོས། །ལུས་བརྒྱན་ཁྲག་གིས་སྦགས་པའི་མི་གདུང་བ། །ཁྲོས་པའི་མཚོན་ཐོགས་ལྟ་ཅི་ལུད་པའི་སྒྲ། །ཐོས་ཙམ་གྱིས་ཀྱང་དཔུང་བདག་བརྒྱལ་ཞིང་ལྟུང་། །ཡང་ན། ཁོང་ནས་མེ་འབར་ལྟས་ངན་སྒྲ་དང་བཅས། །ཉེ་དུའི་སྙིང་ཁྲག་གིས་སྦགས་མཆེ་སྡེར་བགྲད། །ཁྲོས་པའི་བཞིན་བསྡུས་མི་བསྲུན་འཕྲོག་གནས་གང་། །དྲན་ན་བུད་མེད་མངལ་གནས་ལྷུང་བར་བྱེད། །བཅུ་དགུ་པ་གཟི་བརྗིད་ཅན་གྱི་རྒྱན། ཁོ་བོ་འཛམ་གླིང་སེང་ཆེན་རྒྱལ་པོ་ཡིས། །ཧོར་བདུད་འཇང་གསུམ་དཔུང་བཅས་བརླག་གོ་ཞེས། །ཉམ་ཆུང་སོ་ན་གནས་ཀུན་འཇིགས་མི་དགོས། །བཀའ་ཁྲིམས་ཚུལ་བཞིན་ཉན་རྣམས་ནམ་ཡང་མིན། །ཉི་ཤུ་པ་རྣམ་གྲངས་བརྗོད་པའི་རྒྱན། སྤང་ལྗོངས་མེ་ཏོག་བཀྲ་བའི་སྐྱེད་ཚལ་དུ། །ཉམས་དགའ་ལྗོན་ཤིང་གསར་པའི་གྲིབ་བསིལ་གང་། །བརྟེན་སླད་ཁོ་བོ་རེ་ཞིག་རྒྱུ་ལགས་ནི། །ཁྱེད་གཉིས་སྐྱབ་ཡོད་གནས་འདིར་བག་ཕེབས་བཞུགས། །ཉེར་གཅིག་པ་ཀུན་ཕན་གྱི་རྒྱན། འཕགས་ཡུལ་མཁས་མང་གཙུག་རྒྱན་ཨ་ཏི་ཤ །ལྗོངས་འདིར་སྤྱན་འདྲེན་ལྷ་བཙུན་ཁུ་དབོན་གྱིས། །ལུས་སྲོག་ཕངས་མེད་བརྩོན་ཚེ་འཇིགས་སྐྱོབ་མས། །ལུང་བསྟན་རྗེས་བསྐུལ་སྔོན་གོམས་དགེ་བས་ཐོབ། །ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན་ལས། བསམ་པ་རྒྱ་ཆེ་བ། འགྲོ་བ་འགའ་ལ་ཕན་པའི་སྐབས་མཆིས་ན། །འདབ་མ་རལ་གྲི་འཁྲུགས་པའི་ཚལ་ན་ཡང་། །ལྷ་ཡི་དགའ་ཚལ་བཞིན་དུ་འཇུག་མཛད་པའི། །རྒྱལ་བའི་སྲས་ཀྱི་བློ་སྟོབས་བསམ་མི་ཁྱབ། །འབྱོར་པ་རྒྱ་ཆེ་བ། སྟོང་གསུམ་འབྱོར་པ་མཐའ་དག་ཕྱོགས་གཅིག་ཏུ། །སྤུངས་ཀྱང་ཤས་ཙམ་མཚོན་མིན་རིན་ཆེན་གཞིར། །འབུམ་ཕྲག་གཟུགས་བརྙན་འཆར་བའི་གཞལ་མེད་ཁང་། །བདེ་ལྡན་ཞིང་བཀོད་ཡོན་ཏན་ཚད་བཟུང་བྲལ། །ཉེར་གསུམ་པ་བསྙོན་དོར་གྱི་རྒྱན་ལ་གསུམ་ལས། ཆོས་ལ་བསྙོན་དོར། འཕགས་བོད་བཤད་སྒྲུབ་བརྒྱུད་པའི་རིང་ལུགས་སྟོང་། །ཅིག་ཅར་གསལ་བྱེད་ཁོ་བོའི་འདྲེན་པ་རྗེའི། །སྐུ་གཅིག་མ་ལགས་དེ་སྙེད་རྣམ་པའི་གྲངས། །གཞན་དུ་དེ་ཀུན་དུས་གཅིག་ག་ལ་རྫོགས། །ཡུལ་ལ་བསྙོན་དོར། ཕུལ་བྱུང་འཆད་རྩོད་རྩོམ་པའི་སྤོབས་པ་དང་། །བསྟན་འགྲོར་སྨན་པའི་ཕྱག་བཞེས་བསམ་འདས་པ། །ཕྱོགས་ཞེན་ཅན་འགའི་ཡིད་ཀྱི་ཚེར་མ་དངོས། །གཞན་ངོར་སྲས་བཅས་རྒྱལ་རྣམས་དགྱེས་ཞེས་གྲགས། །རང་བཞིན་བསྙོན་དོར། རང་གཞན་རྒྱུད་ལ་ཐར་པའི་ས་བོན་མཆོག །འཇོག་ལ་དགེ་བའི་བཤེས་སུ་བདག་ཅག་འདོད། །ལོག་རྟོག་རལ་གྲིས་དགེ་རྩའི་མྱུ་གུའི་སྲོག །གཅོད་པར་བྱེད་པོ་འདི་དག་གཞན་ཞིག་གོ །ཉེར་བཞི་པ་སྦྱར་བའི་རྒྱན་ལ་དགུ་ལས། ཚིག་ཐ་དད་མིན་པའི་སྦྱར་བ། སྲིད་ན་ཤེས་བྱའི་ཆོས་ཀུན་ཐུགས་སུ་ཆུབ། །ཐེག་རྩེ་ཀུན་བཟང་དགོངས་ཀློང་མངོན་དུ་གྱུར། །པད་འབྱུང་བི་མའི་ཞལ་ཚབ་ཟླ་བྲལ་བ། །རྡོ་རྗེ་གཟི་བརྗིད་ཐུབ་བསྟན་མཛེས་པའི་རྒྱན། །ཐ་དད་ཚིག་འདྲའི་སྦྱར་བ། གཏིང་ཟབ་མཚོ་ཆེན་བསྲུབས་ལས་སྐྱེས་པ་ཡི། །དཀར་གསལ་ཆ་ཤས་ཀུན་རྫོགས་རི་དྭགས་ཅན། །སྨྲ་བ་ངག་ལ་དཔལ་ཀུན་སྟེར་མ་ཡིན། །ལུས་ཅན་སྙིང་གི་མུན་པའང་སེལ་མི་བྱེད། །བྱ་བ་ཐ་དད་མིན་པའི་སྦྱར་བ། ཟ་ཧོར་རིགས་འཁྲུངས་བསླབ་གསུམ་ཡོན་གྱིས་མཛེས། །བྱང་ཆུབ་སེམས་འབྱོང་བསྡུ་བཞིའི་ཕྲིན་ལས་རྒྱས། །འབྲེལ་ཚད་དོན་ལྡན་མཁན་ཆེན་ཞི་འཚོ་དང་། །ཨ་ཏི་ཤས་ཀྱང་གངས་ཁྲོད་གདུལ་བྱ་སྐྱོང་། །བྱ་བ་འགལ་མིན་གྱི་སྦྱར་བ། གང་ལ་བརྟེན་ན་ལེགས་པ་ཀུན་འབྱུང་ཞིང་། །ཡོན་ཏན་རྒྱ་ཆེ་རྙེད་དཀའི་རཏྣ་མཆོག །མཐོན་ཀ་རྒྱལ་མཚན་རྩེ་མོར་མཆོད་མཐོང་ནས། །མཚན་ལྡན་བླ་མ་མཉེས་པ་གསུམ་གྱིས་བསྟེན། །འགལ་བའི་ལས་ཅན་གྱི་སྦྱར་བ། གཟུགས་མཛེས་དབྱངས་སྙན་སྐྱེ་དགུའི་ཡིད་དབང་འཕྲོག །འཛུམ་ལྡན་རེག་ན་བདེ་སྟེར་རི་དྭགས་ཅན། །ཆགས་བཅས་རྩེ་དགའི་འཁྲི་ཤིང་འབྲལ་འགྱུར་ཏེ། །རྡོ་རྗེ་དབྱངས་ཅན་གཏན་གྲོགས་གཅིག་པུར་ཁུག །ངེས་པ་ཅན་གྱི་སྦྱར་བ། སྲིད་ཞིའི་ཕན་བདེ་ཀུན་སྦྱིན་བྱེད་པོ་མཆོག །བདུད་བཞིའི་གཡུལ་ལས་རྒྱལ་བས་འཆི་མེད་དབང་། །ཁ་སྦྱོར་ཡན་ལག་བདུན་ལྡན་དབང་ཕྱུག་ཆེ། །དེ་ཀུན་སྙེམ་མའི་བདག་པོ་ཁྱོད་ལ་མངའ། །ངེས་པ་འགོག་པའི་སྦྱར་བ། བློ་ལྡན་མཁས་པ་ཁྱོད་ཀྱི་ལེགས་བཤད་ལ། །འཁྱོག་པོར་གྱུར་པ་ལྡེམ་དགོངས་བཤད་པ་ཙམ། །འོན་ཀྱང་དབྱངས་ཅན་མགྲིན་པར་ཆགས་པའི་རྒྱུས། །ཚིག་རྒྱན་ཉམས་ཀྱི་འགྱུར་བ་དག་ཀྱང་མཐོང་། །འགལ་མིན་གྱི་སྦྱར་བ། བསླབ་གསུམ་སྦྱངས་ཡོན་ཕུལ་བྱུང་མཁན་ཆེན་རྗེ། །ཤེས་བྱའི་ཆོས་ཀུན་མཁྱེན་པའི་ལོ་ཙཱ་ཆེ། །ལེགས་བཤད་སྨྲ་བའི་གཏེར་གྱུར་ངག་གི་དབང་། །ངྷརྨ་ཤྲཱི་བསིལ་ལྗོངས་རིགས་སྨྲའི་གཙོ། །འགལ་བ་ཅན་གྱི་སྦྱར་བ། མི་ཡི་སེང་གེར་གྲགས་ཀྱང་གཡོན་ཅན་མིན། །ཆོས་ཀྱི་རྒྱལ་པོར་བརྗོད་ཀྱང་མཐར་བྱེད་མིན། །ཐུབ་པ་ཡིན་ཡང་ཉི་ཚེའི་སངས་རྒྱས་མིན། །འགྲོ་བའི་སྒྲོན་མེར་བཤད་ཀྱང་བེམ་ཆོས་མིན། །ཉེར་ལྔ་པ་ཁྱད་པར་བརྗོད་པའི་རྒྱན་ལ་ལྔ་ལས། ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ། ཐུབ་དབང་ཕྱག་དར་ཁྲོད་བླངས་ངུར་སྨྲིག་གོས། །སྲ་མཁྲེགས་འཐུག་པའི་ཆོས་དང་ལྡན་མིན་ཡང་། །བདུད་དམགས་བྱེ་བ་ཁྲོས་པའི་མཚོན་ཆར་གྱིས། །ཚུགས་པར་མ་གྱུར་ས་གསུམ་གཡུལ་ལས་རྒྱལ། །རིགས་མ་ཚང་བའི་ཁྱད་པར་བརྗོད་པ། སྤྱི་བོ་སྐྱེས་འདི་དྲི་ཟ་གྲུལ་བུམ་ཀླུ། །སུམ་ཅུ་རྩ་གསུམ་རིགས་སུ་སྐྱེས་མིན་ཡང་། །བསོད་ནམས་དཔུང་པས་རྒྱལ་ཆེན་རིས་བཞིའི་ཚོགས། །བྲན་བྱས་དབང་པོས་གདན་གྱི་ཕྱེད་ཀྱང་བསྟབས། །བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ། གང་སྐུའི་དགྱེས་འཛུམ་ཞལ་རས་མ་བསྟན་ཅིང་། སྙན་པའི་གསུང་གིས་རྣ་བར་བྲིད་མིན་ལ། །སྣ་ཚོགས་ཐབས་ཀྱིས་འགུགས་པར་མ་མཛད་ཀྱང་། །འགྲོ་སེམས་དབང་མེད་འཕྲོག་པ་ཀུན་མཁྱེན་རྗེ། །རྫས་མ་ཚང་པའི་ཁྱད་པར་བརྗོད་པ། ཤིང་རྟ་གླང་པོ་རྟ་དང་རྐང་ཐང་གི། །དཔུང་བཅས་ཕྱོགས་འཛིན་སྡེ་རིས་ཡོད་མིན་ཡང་། །ལུང་རིགས་མཐུ་ཡིས་དཔལ་ལྡན་ཆོས་ཀྱི་གྲགས། །ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་པ་སྙན། །རྒྱུ་མ་ཚང་བའི་ཁྱད་པར་བརྗོད་པ། ཆེན་པོས་བཀུར་བའི་གོལ་ས་མི་ལྡན་ཞིང་། །ཟང་ཟིང་ནོར་བྲལ་བཙུན་འཁོར་མཉམ་པའང་མིན། །དེ་ལྟ་ན་ཡང་ལང་ལབ་མཐུ་སྟོབས་ཀྱིས། །རྭ་ཆེན་ལོ་ཙཱའི་དྲེགས་པ་གཞོམ་པར་བྱས། །ཉེར་དྲུག་པ་མཚུངས་སྦྱོར་གྱི་རྒྱན་ལ་གཉིས་ལས། བསྟོད་པའི་མཚུངས་སྦྱོར། འཕགས་ཡུལ་དཔལ་ལྡན་དཔའ་བོ་དགེ་བའི་དབང་། །ཟླ་དབང་ནག་མོའི་ཁོལ་པོ་དབྱུག་པ་ཅན། །ལྗོངས་འདིར་བོད་མཁས་ཉིད་ཀྱང་སྙན་ངག་མཁན། །ཞེས་པའི་སྒྲ་ནི་ཡུལ་གཞན་མེད་པར་འཛིན། །སྨད་པའི་མཚུངས་སྦྱོར། སྦྲུལ་ངན་གདུག་པས་བཟུང་བའི་ཤིང་གྲིབ་དང་། །དུག་ཅན་རྫིང་བུའི་ཆུ་དང་བསྟན་བཅོས་ངན། །སྡིག་པའི་བཤེས་གྲོགས་དག་ལ་བརྟེན་གྱུར་ན། །ཕུན་ཚོགས་དཔལ་ཀུན་འཕྲལ་དུ་ཉམས་པར་བྱེད། །ཉེར་བདུན་པ་འགལ་བ་ཅན་གྱི་རྒྱན་ལ་དྲུག་ལས། གཞི་ཐ་དད་ཀྱི་བྱ་བ་འགལ་བ། སྐལ་བ་ཅན་རྣམས་དལ་རྟེན་དོན་ཡོད་བྱས། །རྒྱ་མཚོར་དོན་གྲུབ་ཇི་བཞིན་འཆི་ཁར་སྤྲོ། །ཕལ་དག་དོན་མེད་འདིར་སྣང་བྱ་བས་བསླུས། །གཅེར་བུ་ལག་སྟོང་བྲང་ལག་འཐབ་མོ་འཆའ། །གཞི་གཅིག་ཡོན་ཏན་འགལ་བ། ཀུན་མཁྱེན་ཆོས་རྗེའི་བཤད་སྒྲུབ་ཕྲིན་ལས་རྒྱུན། །ལྷུན་གྲུབ་གླིང་དུ་འཕེལ་དེས་གཟུར་གནས་ཀྱི། །མཁས་མང་སྙིང་ལ་དགའ་བ་ཆེར་རྒྱས་ཀྱང་། །དཔལ་འཛིན་ཡིད་ཀྱི་སྤྲོ་བ་ཉམས་པར་གྱུར། །རྫས་འགལ་བ། ཞི་ལས་མ་གཡོས་འབར་བ་ཁྲོ་བོའི་རྒྱལ། །སྙིང་རྗེ་ཆེན་པོས་བགེགས་ལ་རྡེག་ཚུལ་སྟོན། །གནག་པའི་ཞལ་ཅན་གྲགས་དཀར་སྲིད་གསུམ་ཁྱབ། །ལྷག་པའི་ལྷ་མཆོག་ཡ་མནྟ་ཀ་རྒྱལ། །རྫས་དང་བྱེད་ལས་འགལ་བ། ཤེལ་ལྕུག་ཡལ་འདབ་ལྡེམ་ལུས་ཟླ་བའི་བཞིན། །ཨུཏྤལ་འདྲེན་བྱེད་མཆུ་སྒྲོས་པདྨའི་འདབ། །ཆུ་ཤིང་བརླ་མཉན་འཕགས་མ་ཚེ་སྦྱིན་མས། །བདུད་བཞིའི་འཇིགས་པ་བཅད་ཅིང་བསྲེག་མིན་ནམ། །གཞི་གཅིག་པའི་བྱ་བ་འགལ་བ། འཚེ་བ་ཆོས་སུ་སྨྲ་བའི་ཀླ་ཀློ་ཡིས། །རྗེས་བཟུང་གྲུབ་པའི་མཐའ་ལ་ཞུགས་མིན་ཡང་། །དེང་དུས་སྐྱེ་བོ་ཕལ་ཆེར་སྲོག་གཅོད་ལ། །འཛེམ་མིན་སྤྱོད་པ་མཉམ་པོར་ཞུགས་པའང་མཐོང་། །སྦྱར་བའི་འགལ་བ། ཟླ་གཞོན་མཆོག་ལ་བརྟེན་པའི་པདྨ་དཀར། །རྒྱས་ཤིང་དྲི་མེད་ཡིད་འོང་བསུང་ལྡན་ཡང་། །དཀར་མིན་མདངས་འཛིན་སྙན་པའི་དབྱངས་ཅན་གྲོགས། །ཉམས་བྱས་དཔྱོད་ལྡན་སུ་ཞིག་ཡིད་རྟོན་འཆའ། །ཉེར་བརྒྱད་པ་སྐབས་མིན་གྱི་བསྟོད་པ། གཡས་ནས་མཛེས་མས་འཁྱུད་ཀྱང་མི་ཆགས་ཤིང་། །གཡོན་ཕྱོགས་སྟྭ་རེས་བཅད་ཀྱང་ཁྲོ་མིན་པར། །ཉམས་དགའི་གནས་སུ་སོས་དལ་སྡོད་ཚུགས་པའི། །སེམས་མེད་ལྗོན་ཤིང་འདི་ཚོའི་སྐྱིད་པ་ལ། །ཉེར་དགུ་པ་ཟོལ་བསྟོད་ཀྱི་རྒྱན་ལ་གསུམ་ལས། མཐུ་ཕུན་སུམ་ཚོགས་པའི་ཟོལ་བསྟོད། དགེ་སྦྱོང་ནགས་ན་གནས་པ་བསོད་སྙོམས་མཁན། །ཆོས་ཀྱི་གྲགས་པའི་དཔལ་འདི་ཐོབ་པ་ལ། །བདག་ནི་འཇིགས་མེད་ཕྱོགས་ཀུན་ལས་རྒྱལ་ཞེས། །ཅི་སླད་སྙེམས་པ་མཛད་རིགས་ཨ་ཛི་ཏ། །ཡང་ན། ཡེ་ཤེས་སྐུ་ལ་ཐ་མལ་ཙནྡན་མེས། །བརྫི་བར་མི་ནུས་དེ་ལ་ཡ་མཚན་ཅི། །བྲལ་སྨིན་ཡོན་ཏན་རྟེན་གྱུར་མཚན་དཔེའི་གར། །འདེགས་བཟོད་པདྨའི་ཡུ་བ་ཨེ་མ་བརླིང་། །དཔའ་བ་ཕུན་སུམ་ཚོགས་པའི་ཟོལ་བསྟོད། རིག་སྔགས་མཐུ་དང་ལུང་རིགས་ཚ་དབལ་གྱིས། །ཕས་རྒོལ་སྨྲ་ལྕེ་ཚལ་བར་གཏོར་མཛད་འདི། །བདག་བས་གཞན་གཅེས་གོམས་པའི་རྒྱལ་སྲས་ཀྱི། །མཛད་པའི་ཚུལ་ལ་ཅུང་ཟད་འོས་སམ་ཅི། །སྦྱར་བའི་ཟོལ་བསྟོད། རྣམ་འདྲེན་མཆོག་གིས་ཡོངས་བཟུང་གསང་བའི་མཛོད། །རྡོ་རྗེ་འཆང་དང་ཐུན་མོང་ཉིད་གྱུར་ན། །ཅི་ཡི་སླད་དུ་བློ་གྲོས་ཕ་མཐའ་ཡས། །སྙེམས་པ་མཆོག་གི་ཁྲི་ལ་འཛེགས་པར་གནས། །སུམ་ཅུ་པ་ངེས་བསྟན་གྱི་རྒྱན་ལ་གཉིས་ལས། མཆོག་ངེས་བསྟན། རྒྱལ་ཀུན་མཁྱེན་པའི་རང་མདངས་ངག་དབང་ལྷའི། །ཕྱག་ཟུང་རལ་གྲི་པུསྟིས་ལེགས་མཚན་པ། །འགྲོ་ཀུན་རྨོངས་པའི་འཆིང་བ་གཅོད་པ་དང་། །ཇི་སྙེད་ཤེས་བྱའི་ཆོས་རྣམས་སྟོན་པ་མཚོན། །ཡང་ན། དྲི་བྲལ་ཡོངས་སུ་སྦྱོང་བའི་མ་ཎི་ཀ །ལྷ་རྫས་རྒྱལ་མཚན་རྩེར་མཆོད་འདོད་སྟེར་བྱེད། །སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་བཤེས་གཉེན་མཆོག །བསྙེན་ལས་དོན་གཉིས་འབྲས་འཐོབ་བསྟན་པའི་ཕྱིར། །མཆོག་མིན་ངེས་བསྟན། མ་རུངས་སྲམ་གྱིས་མཆོད་པའི་གད་མོ་ཡིས། །དཔྱོད་ལྡན་སྐྱེ་བོའི་སྙིང་ལ་དོགས་པ་བསྐྱེད། །འཁྱོག་པོའི་བློ་ཅན་རང་བཟོའི་བསྟན་བཅོས་ཀྱིས། །རྒྱལ་བསྟན་དཀྲུགས་པའི་རྣམ་ཐར་གསལ་བར་བྱེད། །ཡང་ན། མིག་ཤེས་གཟུགས་ལ་ཆགས་པའི་ཕྱེ་ལེབ་[བྱེ་སླེབ]རྣམས། །འབར་བའི་ཞུན་མར་ཀློང་དུ་མ་རུངས་གྱུར། །གཡོན་མའི་སྒྱུ་ཡིས་བསླུས་གྱུར་བླ་གཟུགས་ཕལ། །འཕྲལ་དུ་ཉམས་གྱུར་ཉེས་ཀུན་གསལ་བྱེད་ཕྱིར། །སོ་གཅིག་པ་ལྷན་ཅིག་བརྗོད་པའི་རྒྱན་ལ་གསུམ་ལས། ཡོན་ཏན་ལྷན་ཅིག་བརྗོད་པ། མདོ་སྔགས་སྟོན་པ་ཟུང་གི་ལུང་བསྟན་དང་། །བསྟན་ལ་དགོངས་པའི་ཐུགས་བསྐྱེད་ལྷན་ཅིག་གསལ། །ཕུལ་བྱུང་འཆད་རྩོད་རྩོམ་པའི་ཕྱག་རྗེས་དང་། །ངོ་མཚར་གྲགས་པའི་ཕུང་པོ་ལྷན་ཅིག་དཀར། །བྱ་བ་ཐ་དད་ལྷན་ཅིག་བརྗོད་པ། རབ་འབྱམས་རྩ་གསུམ་རྒྱལ་བས་རྗེས་གནང་དང་། །གཟུངས་སྤོབས་བློ་གྲོས་འཕེལ་བ་ལྷན་ཅིག་བྱས། །སྐལ་བཟང་ལས་ཅན་སློབ་ཚོགས་འདུ་བ་དང་། །ཆབས་ཅིག་གསང་བ་མཛོད་ལྔའི་སྒོ་འཕར་ཕྱེས། །བྱ་བ་ཐ་མི་དད་ལྷན་ཅིག་བརྗོད་པ། བསིལ་ལྗོངས་བཤད་སྒྲུབ་བསྟན་པའི་མངའ་ཐང་དཔལ། །རྒྱལ་ཁམས་བདེ་སྐྱིད་དགེ་བཅུའི་སྣང་བ་ཆེ། །དོན་གཉིས་ལྷུན་གྲུབ་ངོ་མཚར་སྙན་པའི་དབྱངས། །གསུམ་པོ་འདི་ནི་ལྷན་ཅིག་འཕེལ་བར་གྱུར། །སོ་གཉིས་པ་ཡོངས་རྗེས་ཀྱི་རྒྱན། སདྒ་ཨ་ཙཪྱ་ལ་ལུང་རིགས་མཚོན། །སྟེར་བྱེད་དཔལ་ལྡན་ཆོས་ཀྱི་གྲགས་པ་ཡིས། །དེ་ཡི་གྲགས་དཀར་པུཎྜརི་ཀའི་ཕྲེང་། །ཡུན་རིང་དུས་སུ་འབད་པས་བསྒྲུབས་ཀུན་འཕྲོག །ཡང་ན། བདག་གཞན་དགེ་ཚོགས་དུས་གསུམ་བསགས་ཡོད་ཀུན། །ཕངས་མེད་འགྲོ་བ་ཀུན་ལ་ཡོངས་བཏང་བས། །བགྲང་ཡས་བསྐལ་བར་རྙེད་དཀའི་རྣམ་གྲོལ་གྱི། །འབྲས་བུ་མཆོག་ཏེ་དེ་ཡི་དཔུང་པས་འཛིན། །སོ་གསུམ་པ་ཤིས་བརྗོད་ཀྱི་རྒྱན། སྨྲ་བསམ་བརྗོད་འདས་ཤེས་རབ་ཕར་ཕྱིན་ཡུམ། །རྣམ་པ་མ་འགགས་ཡིད་བཞིན་འཁོར་ལོའི་གར། །དྲན་པས་ཚེ་དང་ཡེ་ཤེས་སྣང་བ་མཆོག །སྦྱིན་མཛད་ལྷག་པའི་ལྷ་ཡིས་དུས་ཀུན་སྲུངས། །ཡང་ན། འཆི་མེད་སྲོག་གི་ཀ་བ་ཚེ་ལྷས་བརྟན། །ངག་ལ་ངག་གི་དཔལ་མོས་ཤིས་པ་སྒྲུབ། །ཡིད་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་དབྱངས། །བཞུགས་ནས་སྨྲ་བའི་ཉི་མར་དེང་གྱུར་ཅིག །སོ་བཞི་པ་རབ་སྤེལ་གྱི་རྒྱན་ལ་གཉིས་ལས། བསྒྲུབ་བྱ་སྒྲུབ་བྱེད་འབྲེལ་མཚུངས་ཀྱི་རབ་སྤེལ། མ་བྲིས་མཚན་དཔེའི་རི་མོ་བརྒྱ་བཅུ་གཉིས། །རྣམ་བཀྲ་འཇམ་མགོན་གང་སྐུ་ཉིན་མོ་བྱེད། །དྲན་དང་ཆབས་ཅིག་ཀུན་རྨོངས་གཏན་བཅོམ་ཞིང་། །བློོ་མཆོག་དཔྱིད་དཔལ་རྒྱས་ལ་དཀའ་བ་ཅི། །ཡང་ན། ཤེལ་ལྕུག་ཡལ་འདབ་ལྡེམ་འདྲའི་ཚངས་སྲས་དང་། །ཡིད་མཁའི་མུན་སེལ་འཇམ་མགོན་ཟླ་བ་གཉིས། །ཕན་ཚུན་རྣམ་དཔྱོད་ལང་ཚོའི་སྟོབས་འགྲན་བཞིན། །འབྲལ་མེད་རྩེ་དགའི་དུས་སྟོན་འཕེལ་མཛོད་ཀྱཻ། །སྟོབས་མཚུངས་རབ་སྤེལ། སྲིད་ན་དཀར་བའི་དངོས་ཀུན་གཅིག་བསྡུས་བཞིན། །མཚོ་བྱུང་འགྲོ་ལ་སིམ་སྟེར་རི་དྭགས་ཅན། །བློ་མཆོག་པད་ཚལ་བཞད་མཛད་ལྷག་པའི་ལྷ། །སྙིང་དབུས་འབྲལ་མེད་དགེ་མཚན་འབར་གྱུར་ཅིག །འདི་ཡང་། དབྱངས་ཅན་རྩེ་དགའི་རྒྱུད་མང་སྦྲེངས་ཟིན་ལ། །ཚངས་ཆེན་རྣམ་བརྒྱད་སྤྲུལ་ནས་མཉན་པ་བཞིན། །དཀར་ཕྱོགས་ལྷ་ཀླུ་དགའ་བའི་ཟློས་གར་དང་། །ཆབས་ཅིག་ཕན་བདེའི་ཆར་གྱིས་མཛེས་པར་མཛོད། །སོ་ལྔ་པ་དགོངས་པ་ཅན་གྱི་རྒྱན་ནི། སྙན་ངག་མཁན་བསམ་དགོངས་པ་སྟེ། །སྙན་ངག་འགྲུབ་པར་གང་གནས་པ། །རབ་སྦྱོར་ཡུལ་གྱི་ཡོན་ཏན་ཅན། །དེ་ནི་དགོངས་པ་ཅན་ཞེས་བརྗོད། །ཅེས་གསུངས་པ་བཞིན། སྙན་ངག་མཁན་པོས་བསམ་པ་སྟེ་དེ་འགྲུབ་བྱེད་ཀྱི་རྟོག་པ་དང་སྩོལ་བའི་ཁྱད་པར་ནི་དགོངས་པ། དེ་ཉིད་སྙན་ངག་གི་ཐོག་མཐའ་བར་གསུམ་དུ་ཁྱབ་ཅིང་གནས་པ་ནི་རྒྱུའོ། །དེའི་ངོ་བོ་ནི་ཚིགས་བཅད་ལྷུག་སྤེལ་མའི་བདག་ཉིད་རྒྱུན་གྱི་ཡུལ་ལ་ཡོད་པའི་ཡོན་ཏན་ནི་དགོངས་པ་ཅན་ཞེས་བྱ་སྟེ་ཞིབ་པར་མེ་ལོང་གི་གཞུང་ལས་རྟོགས་པར་བྱའོ། །ཡལ་འདབ་ལྔ་པའི་འཁྲི་ཤིང་གོག་པོའི་རྩེར། །ཙམ་པ་ཀ་ཡི་ལ་ཐོད་ཀྱིས་ཡོགས་ཀྱང་། །དུལ་བར་མ་གྱུར་ཡིད་སྐྱེས་གཞོན་ནུ་ཞིག །ལང་ཤོར་སོར་མོའི་ཟློས་གར་འདིར་བསྒྱུར་རོ། །མི་རྟག་མངོན་སྟོན་བརྡ་ཐབས་སྟོང་མཐོང་ཡང་། །མི་སྐྱོ་དོན་མེད་བྱ་བའི་ཁུར་ལེན་པའི། །ཀྱེ་མ་བདག་སེམས་རྡོ་ཡི་གོང་བུ་འམ། །མ་རུངས་ལྕགས་ཀྱི་རང་བཞིན་ཉིད་གྱུར་ཏམ། །འོན་ཀྱང་མང་ཐོས་ཆོས་ཀྱི་སྤྱན་ལྡན་གང་། །དགྱེས་བསྐྱེད་སླད་དང་སྐྱབས་མཆོག་དྲུག་པ་ཡི། །དགྱེས་སྤྱན་བུང་བའི་འབབ་སྟེགས་འཆའ་རེ་བས། །ཚིག་སྦྱོར་མེ་ཏོག་གསར་པའི་ཕྲེང་འདི་སྤེལ། །ལེགས་བྱས་འདིས་ཀྱང་བདག་གཞན་འགྲོ་ཀུན་གྱི། །སྙིང་ལ་འཇམ་དཔལ་ཡབ་ཡུམ་རྗེས་ཆགས་པས། །བཅུ་ཕྲག་རིགས་ལམ་ཇི་སྙེད་ཤེས་བྱའི་དོན། །ལེགས་རྟོགས་རྣམ་མཁྱེན་གོ་འཕང་མྱུར་ཐོབ་སྨོན། །སྙན་ངག་དོན་རྒྱན་སོ་ལྔའི་དཔེར་བརྗོད་ཁོལ་ཕྱུང་ཡིད་སྐྱེས་གཞོན་ནུའི་ཟློས་གར་ཞེས་བྱ་བ། མང་ཐོས་ཆོས་ཀྱི་སྤྱན་ལྡན་མཁན་རིག་འཛིན་འོད་ཟེར་གྱི་བཞེད་སྐོང་དང་། སྐྱབས་རྗེ་རབ་འབྱམས་དྲུག་པའི་གཟིགས་དཔེར་རློམ་ནས་ཤཱཀྱའི་དགེ་སློང་དབྱངས་ཅན་དགྱེས་པའི་སྡེས་བྲིས་པ་དགེ། །།


previous སྙན་ངག་དོན་རྒྱན་སོ་ལྔའི་དཔེར་བརྗོད་ཁོལ་ཕྱུང་ཡིད་སྐྱེས་གཞོན་ནུའི་ཟློས་གར། next