Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
དབེན་པ་ལས་འཕྲོས་པའི་གཏམ་རིན་པོ་ཆེའི་ལྗོན་ཤིང་།
   
   
   
   
   
   
   
   
   
   


 
previous དབེན་པ་ལས་འཕྲོས་པའི་གཏམ་རིན་པོ་ཆེའི་ལྗོན་ཤིང་། next

དབེན་པ་ལས་འཕྲོས་པའི་གཏམ་རིན་པོ་ཆེའི་ལྗོན་ཤིང་།

༄༅། །དབེན་པ་ལས་འཕྲོས་པའི་གཏམ་རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །ༀ་སྭསྟི། ཟབ་ཅིང་རྒྱ་ཆེའི་མཁྱེན་རབ་ལྷུན་པོའི་ངོས། །ཕན་བདེའི་རང་བཞིན་སྨན་ཤིང་འབྲས་བུ་རྒྱས། །ཐུགས་རྗེའི་གྲིབ་བསིལ་སྐལ་བཟང་མགྲོན་པོའི་གཉེན། །སྔོན་མེད་དབེན་པའི་རྒྱལ་པོར་ཕྱག་འཚལ་ལོ། །སྦྲུལ་གདུག་འཁྲི་ཤིང་ལྟ་བུའི་སྲིད་པ་ལ། །མངོན་པར་ཡིད་སྐྱོ་ཞི་བའི་ནགས་ཁྲོད་དུ། །རྩེ་གཅིག་སྙིང་པོའི་དོན་ལ་གཞོལ་འདོད་པའི། །སྐལ་བཟང་གྲོགས་ཀྱི་སྙན་དུ་ཚིག་འདི་སྤྲིངས། །ངོ་བོ་རྒྱུ་རྐྱེན་དཔེ་གྲངས་གང་བསམས་ཀྱང་། །ཤིན་ཏུ་རྙེད་དཀའི་རྟེན་མཆོག་རྙེད་དུས་འདིར། །མནོག་ཆུང་ཚེ་འདིའི་བྱ་བས་མི་གཡེང་བར། །ཞི་བའི་ནགས་སུ་མཉམ་པར་འཇོག་པར་མཛོད། །ད་རེས་ཐར་པའི་ལམ་སྣ་མ་ཟིན་ན། །ཕྱིས་ནས་དཀོན་མཆོག་མཚན་ཙམ་ཐོས་པར་དཀའ། །ལོག་པར་ལྷུང་ཚེ་བཅོས་སུ་མ་མཆིས་པས། །ད་ལྟ་ཉིད་དུ་དབེན་པར་སྒྲུབ་ན་ལེགས། །ཚེ་ནི་མེ་ལྕེས་འཐུང་བའི་ཞུན་མར་བཞིན། །བསྣོན་པ་མེད་པར་རྟག་ཏུ་འཛད་པའི་ཆོས། །གློ་བུར་འཆི་རྐྱེན་རླུང་ནག་འཚུབ་མ་འདྲ། །དེ་དོན་མཐོང་ནས་དབེན་པར་སྒྲུབ་ན་ལེགས། །ཕྱི་སྣོད་འཇིག་རྟེན་དུས་བཞིའི་འགྱུར་ལྡོག་ངོམ། ནང་བཅུད་འགྲོ་ཀུན་སྐྱེ་རྒ་ན་འཆིའི་གཏུགས། །གསང་བ་ཕུང་ལྔའི་ཚོགས་པ་རྒུད་ཅིང་རྙིང་། །ཚུལ་འདིར་གཟིགས་ལ་སྙིང་པོའི་དོན་སྒྲུབས་འཚལ། །དེང་སང་ཚེ་ཚད་སུམ་ཅུ་ཁ་རལ་ལ། །གློ་བུར་དུས་མིན་འཆི་རྐྱེན་ཤིན་ཏུ་མང་། །དོ་ནུབ་ཙམ་ཡང་མི་འཆིའི་གདེང་མེད་ན། །བློ་སྣ་བཙན་ཐབས་བསྟུང་ལ་སྒྲུབས་པ་མཛོད། །མཐོ་མཛེས་བཀོད་ལེགས་རིན་ཆེན་གཞལ་མེད་ཁང་། །རྣམ་རྒྱལ་ཕོ་བྲང་ལྟ་བུར་གནས་བཅས་ཀྱང་། །འཆི་བའི་དུས་ན་ས་ཚུགས་མེད་པར་འགྲོ། །གནས་ཀྱི་ཞེན་པ་ཐོངས་ལ་དབེན་པར་གཤེགས། །སྙིང་སྡུག་མཛའ་བཤེས་སྟོང་གིས་མཐའ་བསྐོར་ཏེ། །རྩེ་དགའི་སྤྱོད་པས་ཉིན་མཚན་དུས་འདའ་ཡང་། །འཆི་བའི་ཚེ་ན་གྲོགས་མེད་གཅིག་པུར་འགྲོ། །གཉེན་གྱི་གདུང་བ་ཆོད་ལ་དབེན་པར༴ དགོས་འབྱུང་དབང་གི་རྒྱལ་པོ་ལག་ཐོགས་ནས། །བསམ་པ་ཙམ་གྱིས་འདོད་དགུ་ཆར་འབེབས་ཀྱང་། །འཆི་བའི་ཚེ་ན་ལག་པ་སྟོང་པར་འགྲོ། །ནོར་རྫས་འཛིན་པ་ཐོངས་ལ༴ དཔག་བསམ་ལྗོན་པའི་ཡལ་འདབ་ལས་ཐོན་པའི། །སྲབ་འཇམ་ཡང་པའི་རེག་བྱས་བཀླུབས་གྱུར་ཀྱང་། །འཆི་བའི་ཚེ་ན་གོས་མེད་གཅེར་བུར་འགྲོ། །གོས་ཀྱིས་སྲེད་པ་ཆོད་ལ༴ ཕུལ་བྱུང་རོ་བརྒྱ་ལྡན་པའི་ཁ་ཟས་དང་། །སྐོམ་དུ་ལྷ་ཡི་བདུད་རྩིར་ལོངས་སྤྱོད་ཀྱང་། །འཆི་བའི་ཚེ་ན་གསུར་གྱི་དྲི་ལ་སྤྱོད། །བཟའ་བཏུང་འདོད་པ་སྤོངས་ལ༴ ད་ལྟ་གཅེས་པར་བསྐྱང་བའི་ལུས་འདི་ཡང་། །རིང་པོར་མི་ཐོགས་འཕོངས་ཕྱིས་རྡོ་བཞིན་བོར། །རྣམ་ཤེས་བར་དོར་རྟེན་མེད་འཁྱམས་དགོས་པས། །གཅེས་འཛིན་འཁྲི་བ་ཆོད་ལ༴ ཕ་མ་ཉེ་དུ་གཉེན་འཁོར་མཆེད་གྲོགས་ཆེད། །སྣ་ཚོགས་མི་དགེའི་ལས་ལ་སྦྱོར་ནའང་། །འཆི་བའི་ཚེ་ན་སྐལ་ནོར་གཞན་མ་མཆིས། །འཇིག་རྟེན་བྱ་བ་ཐོངས་ལ༴ བློ་ཆུང་བྱིས་པའི་ཚིག་ལ་སྐྱག་གཏད་མེད། །གང་ཟེར་ཁ་ལ་ཉན་ན་འགྲུབ་དུས་ཅི། །འབྲེལ་མེད་ཚིག་ཕྱིར་འབྲེང་ན་གཏན་འདུན་བརླག །རང་ཐག་རང་གིས་ཆོད་ལ༴ འཇིག་རྟེན་བྱ་བ་རྒྱ་མཚོའི་རྦ་རླབས་འདྲ། །ཤི་ཤིར་བསྒྲུབས་ཀྱང་དེ་ལ་ཟིན་པ་མེད། །ཟིན་ཀྱང་དོན་ཆུང་མདང་གི་རྨི་ལམ་འདྲ། །བྱ་བྱེད་མང་པོ་སྐྱུངས་ལ༴ འབྱོར་ཡང་སྟོང་པ་དབྱར་གྱི་པད་རྫིང་འདྲ། །འདུས་ཀྱང་འབྲལ་བ་ཚོང་དུས་མགྲོན་པོ་འདྲ། །མཐོ་ཡང་འབབ་པ་འདབ་བཟང་མཁར་བསྐྱོད་འདྲ། །མི་རྟག་རྟག་འཛིན་སྤོངས་ལ༴ དལ་འབྱོར་རིན་ཆེན་དབུལ་པོས་གཏེར་རྙེད་འདྲ། །ནམ་འཇིག་ངེས་མེད་རླུང་གསེབ་མར་མེ་འདྲ། །འཁོར་བའི་གནས་ནི་བདེ་མེད་མེ་འོབས་འདྲ། །སྡུག་བསྔལ་བདེ་བར་མ་འཛིན་དབེན༴ སྲིད་པའི་འགྲོ་ཀུན་གཅོང་ཆེན་ནད་པ་འདྲ། །དགེ་བའི་བཤེས་གཉེན་སྨན་པའི་རྒྱལ་པོ་འདྲ། །ཟབ་རྒྱས་གདམས་ངག་དུག་སེལ་སྨན་མཆོག་འདྲ། །རང་སེམས་རང་ལ་དཀར་ན་དབེན༴ འཇིག་རྟེན་ཆོས་བརྒྱད་སྒྱུ་མའི་འཁྲུལ་འཁོར་འདྲ། །འདོད་པ་ངོམས་མེད་མེ་སྟེང་ཤིང་སྣོན་འདྲ། །མངའ་ཐང་ལོངས་སྤྱོད་སྲིན་མོའི་བསླུ་བྲིད་འདྲ། །ཞེན་ལོག་གཏིང་ནས་སྒོམས་ལ༴ སྔར་སྤྱད་བདེ་སྡུག་མདང་གི་རྨི་ལམ་འདྲ། །ཕྱི་ཚིས་གྲབ་ཤམ་ཟླ་གྲགས་ཕ་དང་འདྲ། །ད་ལྟའི་སྣང་བ་གར་མཁན་འདུ་བྱེད་འདྲ། །བློ་སྣ་མང་པོ་སྐྱུངས་ལ༴ བྱིས་པའི་གྲོགས་ནི་ནགས་མཐའི་མི་རྒོད་འདྲ། །བྱས་པ་མི་གཟོ་མི་ལྟོགས་འཁྱམས་པོ་འདྲ། །འགྲོགས་ན་བསླུ་བ་རྒྱ་མཚོའི་སྦལ་བ་འདྲ། །མི་སྲིན་གྲོགས་ངན་སྤོངས་ལ་དབེན༴ གཡོན་ཅན་སྐྱེ་བོ་གསེར་ལེན་སྦུར་སྐྱེལ་འདྲ། །ཁ་དོན་མི་མཚུངས་ནེ་ཚོ་ཆུ་ཚགས་འདྲ། །དབྱེན་བཅུག་ཕྲ་མར་མངོན་ཕྱོགས་ཝ་སྐྱེས་འདྲ། །སྙིགས་དུས་སྐྱེ་བོ་བོར་ལ༴ རྣམ་ཀུན་ཉེས་པའི་སྣ་འདྲེན་རི་བོང་འདྲ། །སྡིག་ལ་མངོན་སྦྱོར་སོར་ཕྲེང་སློབ་དཔོན་འདྲ། །གང་འཕྲད་འཇོམས་པ་དུག་སྦྲུལ་གདུག་པ་འདྲ། །སྡིག་པའི་གྲོགས་སྤོངས་གཅིག་པུར་དབེན༴ འདུ་འཛིའི་གནས་ནི་སྒེག་མོ་གཡོན་ཅན་འདྲ། །ཚོགས་དྲུག་ཤེས་པ་ཅོལ་ཆུང་བྱིས་པ་འདྲ། །སླར་ཡང་སྲིད་འཁོར་ཟོ་ཆུའི་ཁྱུད་མོ་འདྲ། །དེས་ན་ཞི་བ་དབེན་པའི་ནགས་སུ་གཤེགས། །ཀུན་གཞིའི་ངོ་བོ་ཞིང་ས་དུལ་བ་འདྲ། །དགེ་སྡིག་ལས་བསགས་དཔྱིིད་བཏབ་ས་བོན་འདྲ། །འབྲས་བུ་མི་སྐྱུར་སྟོན་གྱི་སྙེ་མ་འདྲ། །ལས་འབྲས་བསླུ་མེད་སོམས་ལ་དབེན་པར་གཤེགས། །ཀྱེ་མ་ཐུབ་བསྟན་ཉིན་བྱེད་ནུབ་རིར་ཕྱོགས། །ལྷ་མིན་སྡིག་སྤྱོད་ཀླ་ཀློའི་མུན་པར་འཐིབས། །ལམ་མིན་གཡང་སར་དལ་རྟེན་འཕྱན་ལ་ཉེ། །ཚུལ་འདིར་སེམས་ལ་རིངས་པར་སྒྲུབ་ལ་གཤེགས། །སྡུག་བསྔལ་འགྱུར་དང་འདུ་བྱེད་རྦ་རླབས་ཅན། །གཏིང་ཟབ་སྲིད་མཚོར་ལྷུང་བའི་ཡིད་ཅན་རྣམས། །ཐོག་མེད་དྲིན་གྱིས་བསྐྱངས་པའི་ཕ་མ་སྟེ། །འགྲོ་སྒྲོལ་སླད་དུ་དབེན་པར་སྒྲུབ་ལ་གཤེགས། །སྲས་བཅས་རྒྱལ་རྣམས་འགྲོ་ལ་ཐུགས་བརྩེ་ཡང་། །རང་རྒྱུད་རྣམ་དཀར་ས་བོན་མེད་གྱུར་ན། །འཕགས་པའི་ཐུགས་རྗེ་ཡུལ་ལ་འཇུག་དཀའ་བས། །མྱུར་བར་དབེན་བའི་རི་ལ་སྒྲུབ་ཏུ་གཤེགས། །ཆུ་བོ་ཐོས་པས་སྐོམ་པ་མི་སེལ་བཞིན། །གདམས་ངག་ཟབ་དགུ་ཉམས་སུ་མ་བླངས་ན། །ཐོས་པ་ཙམ་གྱིས་སྲིད་མཚོ་བརྒལ་མི་ནུས། །དེས་ན་དབེན་པའི་རི་བོར་སྒྲུབ་ལ་གཤེགས། །རང་ཉིད་སྲིད་པའི་མཚོ་ལས་མ་སྒྲོལ་བར། །གཞན་དོན་རློམ་པ་དོན་མེད་ངལ་བའི་རྒྱུ། །དེས་ན་ཐོག་མར་རང་རྒྱུད་གྲོལ་བྱའི་ཕྱིར། །དབེན་པའི་གནས་འདིར་ཉམས་ལེན་སྙིང་པོར་མཛོད། །ད་ལྟ་མི་དལ་དལ་དུས་ནམ་ཞིག་ཡོད། །དེང་སང་མི་འགྲུབ་འགྲུབ་དུས་ནམ་ཞིག་ཡིན། །འཆི་ཁར་འགྱོད་ཀྱང་དེ་དུས་འཕྱིས་པར་ཟད། །ད་ལྟ་ཉིད་དུ་བརྩོན་པས་བསྒྲུབ་པར་མཛོད། །མཚན་ལྡན་དགེ་བའི་བཤེས་ཀྱིས་རྗེས་བཟུང་ཞིང་། །ཡང་ཟབ་ཐེག་མཆོག་སྙིང་པོའི་ཆོས་ཐོབ་ཚེ། །རྩེ་གཅིག་ཉམས་ལེན་སྙིང་པོར་མི་དྲིལ་ན། །འདི་ལས་བསླུས་པ་མེད་དོ་སྒྲུབ་ལ་གཤེགས། །ཆོས་བཞིན་བཤད་ན་ཀུན་གྱིས་དགྲ་ལྟར་སྡང་། །ཆོས་འགལ་བཤད་ན་ཕྱི་མ་རྣམ་སྨིན་ལྕི། །དེས་ན་དེང་སང་བཤད་པས་ཕན་དཀའ་བས། །དབེན་པའི་གནས་འདིར་མཉམ་པར་འཇོག་པར་མཛོད། །རྒྱལ་བས་ལེགས་གསུངས་བརྒྱད་ཁྲི་བཞི་སྟོང་དོན། །འདོད་པ་སྤངས་ནས་དབེན་པར་བསྒོམ་པ་ཡིས། །རང་སེམས་འདུལ་ལས་གསུངས་པ་གཞན་མེད་པས། །གྲོགས་དག་དབེན་པར་ཉམས་ལེན་སྙིང་པོར་མཛོད། །དེང་དུས་སུ་ལ་བལྟས་ཀྱང་འདུ་འཛི་གཉེར། །གང་ལ་བསམས་ཀྱང་དངོས་པོ་རྩོལ་བ་ལས། །ཆོས་བཞིན་སྤྱོད་པ་ཉིན་སྐར་ཙམ་སྣང་བས། །ཟོལ་མེད་དམ་ཆོས་མཛད་སླད་དབེན་པར་གཤེགས། །ཚུལ་ཁྲིམས་མེ་ཏོག་ཏིང་འཛིན་གེ་སར་མཐོ། །ཤེས་རབ་རྩི་བཅུད་དངར་པོས་ཕྱུག་གྱུར་ཀྱང་། །ཟང་ཟིང་ནོར་གྱིས་དབེན་ན་དམན་པར་འཛིན། །དེང་སང་དུས་འདིར་གཟིགས་ལ་ནགས་སུ་གཤེགས། །ཤེས་རབ་མིག་བྲལ་འཆལ་སྤྱོད་དྲི་མས་གོས། །གཟུ་བོར་མི་གནས་གྱ་གྱུའི་སྤྱོད་ཅན་ཡང་། །ནོར་གྱིས་ཕྱུག་ན་ཀུན་གྱིས་སྤྱི་བོར་བཀུར། །དེང་སང་དུས་འདིར་གཟིགས་ལ་དབེན་པར་གཤེགས། །དགེ་ལ་མི་བསྟོད་སྡིག་ལ་རྣམ་པར་བསྔགས། ཡོན་ཏན་མི་མཐོང་སྐྱོན་ལ་ཀུན་ཏུ་རྟོག །ལེགས་ལམ་མི་སྟོན་ལམ་མིན་གཡང་ལ་ཁྲིད། །སྙིགས་འགྲོའི་སྤྱོད་ཚུལ་གཟིགས་ལ་ནགས་སུ་གཤེགས། །རྔམ་ཆེན་སྡིག་པ་སྒྲུབ་ལ་ཡིད་སྨོན་འཆའ། །ཆོས་ཕྱིར་དཀའ་བ་སྤྱད་ལ་སྙིང་རྗེར་འཛིན། །སྡིག་ལས་མི་བཟློག་དགེ་ལ་འགྱོད་པ་སྐྱེད། །དེང་དུས་འགྲོ་འདིར་གཟིགས་ལ་དགོན་པར་གཤེགས། །དམ་པ་རྣམས་ཀྱི་མཛད་སྤྱོོད་གཡོ་སྒྱུར་མཐོང་། །ཟོག་པོ་བྱུང་ན་གཙུག་གི་ནོར་བུར་བསྟི། །ཆོས་བཞིན་སྤྱོད་རྣམས་ཐབས་ཀྱིས་ཁྱད་དུ་གསོད། །དེང་སང་དུས་འདིར་གཟིགས་ལ་དབེན་པར་གཤེགས། །མཆོོག་གསང་ཟབ་མོའི་ལྟ་བ་མ་རྟོགས་བཞིན། །སྤྱོད་པ་བརླང་པོ་དང་དུ་ལེན་ལ་དགའ། །འདུལ་བའི་པད་ཚལ་དུས་ཀྱི་བ་མོས་རྙིང་། །བསྟན་པའི་སྙིགས་མར་གཟིགས་ལ་ནགས་སུ་གཤེགས། །རྣམ་དག་དགེ་བཅུའི་ཁྲིམས་ཀྱི་ཉི་མ་ནུབ། །ངན་སྤྱོད་སྣ་དགུའི་མུན་པས་ཕྱོགས་ཀུན་ཁྱབ། །ནད་མུག་མཚོན་གྱི་རྡོ་རྗེའི་མེ་ཆར་འབབས། །སྙིགས་མའི་རང་མཚང་གཟིགས་ལ་དགོན་པར་གཤེགས། །བླ་མ་མི་བསྟོད་རང་གི་ཆེ་བ་འབྱིན། །དཀོན་མཆོག་མི་མཆོད་ཤི་འདྲེ་འབྱུང་པོ་བསྟེན། །ཉམས་ལེན་མི་བྱེད་གདམས་ངག་ཟོང་དུ་འཚོང་། །སྐལ་ངན་འགྲོ་འདིར་གཟིགས་ལ་དབེན་པར་གཤེགས། །འཇིག་རྟེན་བྱ་བ་སྒྲུབ་ལ་ཆོས་མཛད་བཟང་། །གཡུལ་གྱི་བྱ་བ་ཤོམ་ན་བཙུན་པ་རྒོད། །ཁ་ལྟ་ཆོས་བཤད་བྱས་ན་བུད་མེད་མཁས། །དེང་སང་འགྲོ་འདི་གཟིགས་ལ་ནགས་སུ་གཤེགས། །སྣོད་ལ་ཞག་མེད་འཇག་སྐྱ་སྐྱ་ཕྱད་ཕྱོད། །བཅུད་ལ་བཀྲག་མེད་གདོང་པ་སྐྱ་ཧམ་ཧམ། །ཚེ་ལ་ལོང་མེད་ནམ་ལང་སྐར་མདའ་འདྲ། །སྙིགས་མའི་རང་མཚང་འདི་གཟིགས་དགོན་པར་གཤེགས། །ཤེས་བྱའི་ཆོས་ནི་ནམ་མཁའི་མཐའ་དང་མཉམ། །སྙིགས་འགྲོའི་ཚེ་ནི་དགུན་ཉི་ལས་ཀྱང་ཐུང་། །དེ་ཕྱིར་སྣ་ཚོགས་ཡིག་སྣ་མི་འཚོལ་བར། །ཟབ་གདམས་གཅིག་ལ་ཉམས་ལེན་སྙིང་པོར་མཛོད། །དེང་སང་ཀུན་བཟང་ཐུགས་ཀྱི་བསྟན་པ་སྟེ། །ཏིང་འཛིན་བསྒོམས་ན་བོགས་སྐྱེད་སྔར་ལས་ཆེ། །ཉམས་ལེན་ནུས་ན་ཚེ་འདིར་ངེས་པར་གྲོལ། །དེ་ཕྱིར་སེམས་ཀྱི་དམ་པ་འཚོལ་བར་མཛོད། །རང་ཅག་དེང་སང་དང་པོའི་ལས་ཅན་རྣམས། །འདུ་འཛིའི་གནས་ནས་ཚོགས་དྲུག་ཡུལ་ལ་འཕྲོ། །ལེགས་པར་བསྲུངས་ཀྱང་གཉེན་པོའི་སྟོབས་མི་ཆོམ། །དེ་ཕྱིར་དབེན་པའི་རི་ལ་སྒྲུབ་པར་མཛོད། །རྒྱལ་བས་ཡོངས་བསྔགས་ཞི་བའི་ནགས་ཁྲོད་ནི། །བསྟེན་པ་ཙམ་གྱིས་ངེས་འབྱུང་སྐྱོ་ཤས་འཕེལ། །རྣམ་གཡེང་འདུ་འཛི་ཆགས་སྡང་ངང་གིས་ཞི། །རྣམ་སད་ཡུལ་གྱི་སྐྱེད་ཚལ་དགའ་བདེ་ལས། །ཆེས་མཆོག་ཡོན་ཏན་ལྡན་དེར་སྤྲོ་བ་མཛོད། །ཀྱེ་ཀྱེ་གྲོགས་དག་དབེན་པའི་ཡོན་ཏན་གསོན། །རིན་ཆེན་བཻཌཱུཪྱ་ཡི་མཎྜལ་ལར། །སྣ་ཚོགས་ནོར་བུའི་ཚོམ་བུ་བཀོད་པ་ལྟའི། །དབྱར་གྱི་དཔལ་མོ་ལང་མཚོ་བདོ་བ་ཡིས། །སྔོ་བསངས་བུ་མོར་འཕྱ་བས་རྒོད་པ་བཞིན། །ཉི་མས་དབང་སྔོན་བཞུས་པའི་ཁུ་བ་ནི། །གཅིག་ཏུ་འཁྱིལ་འདྲའི་མཚོ་དང་རྫིང་བུ་རྣམས། །དྭངས་བསིལ་རྙོག་མེད་དབྱིབས་ལེགས་བྲོ་མཆོག་ལྡན། །དཔལ་སྟུག་སྲས་བཅས་དགྱེས་པའི་མཆོད་ཡོན་དུ། །འཇིག་རྟེན་བྱེད་པོའི་འཕྲུལ་གྱིས་བཀོད་པ་འདྲ། །སྲིད་པ་བརྟན་གཡོའི་མཛེས་པའི་དྭངས་མ་ཀུན། །བྱེད་པོས་གཅིག་ཏུ་བསྡོམས་མཚུངས་འདབ་བརྒྱའི་ཚལ། །རྟ་བདུན་དབང་པོའི་སྣང་བས་རེག་པའི་མོད། །སྐལ་བཟང་མགྲོན་ལ་དགའ་བས་འཛུམ་པ་བཞིན། །དྲི་བཞོན་དལ་བུས་ཁྱེར་བའི་བསུང་ཞིམ་གྱིས། །བྷྲཿམ་ར་རྣམས་དགའ་བས་གར་བྱེད་ཅིང་། །བསྟོད་བསྔགས་གླུ་དབྱངས་དར་དིར་སྒྲོགས་བཞིན་དུ། །རོ་བཅུད་ཕུན་ཚོགས་ཟིལ་དངར་མཆོག་ལ་རོལ། །བཞད་དང་མགྲིན་རིང་ངུར་བ་ངང་པ་སོགས། །ཡིད་དུ་འོང་བའི་གཉིས་སྐྱེས་ཚོགས་རྣམས་ཀྱང་། །མགྲིན་པའི་རྫ་རྔ་འཁྲོལ་བཞིན་དལ་བུས་རྒྱུ། །དགའ་བའི་ཚལ་ན་ལྷ་ཕྲུག་རྩེ་བ་བཞིན། །ཀུན་གསལ་ཆུ་འཛིན་བླ་རེས་རབ་མཛེས་ཤིང་། །སྤྲིན་གྱི་གླང་པོ་དགེས་པའི་གད་མོར་བཅས། །བདུད་རྩིའི་ཟེགས་མའི་སྐྱེས་བཟང་སྟོབས་པའི་ཚེ། །ནོར་བུ་འཛིན་མས་དགའ་བས་བཏུང་བ་འདྲ། །མཐོ་མཛེས་བཀོད་ལེགས་རིན་ཆེན་རྡུལ་བརྩེགས་སྤོར། །རང་བྱུང་བྲག་རི་ནོར་བུའི་གཞལ་མེད་ཁང་། །དྲང་སྲོང་ཡིད་ལ་རབ་དགའི་དཔལ་སྟེར་བས། །ཐར་པ་དོན་མཉེར་མགྲོན་ལ་བརྩེ་བ་བཞིན། །རིན་ཆེན་རྐང་འཐུང་དཔག་བསམ་གཞོན་ནུའི་ཚོགས། །ཕན་ཚུན་ལྕུག་ཕྲན་བར་ལག་སྦྲེལ་བཞིན་དུ། །ཤིང་བལ་དར་གྱི་འཕྱང་འཕྲུལ་དང་བཅས་ཏེ། །ལོ་མ་མེ་ཏོག་འབྲས་བུའི་འཕྱོར་སྒེག་གིས། །འཕུར་འགྲོའི་ཚོགས་ཀྱི་རེ་བ་ཡོངས་བསྐངས་ཤིང་། །དཀའ་ཐུབ་པ་ཁྱོད་གདུང་བར་མ་གྱུར་ཞེས། །དུས་རླུང་འཁྲེན་པའི་རྩེད་འཇོ་དང་འགྲོགས་ནས། །རོ་བརྒྱའི་བཤོས་ཀྱི་བསྙེན་བཀུར་སྟོབ་པ་འདྲ། །ཀུན་ནས་བསིལ་བའི་གྲིབ་མ་དང་ལྡན་པས། །ཀུན་ནས་དུབ་པའི་ཡིད་ཅན་ངལ་གསོའི་གནས། །ཀུན་མཁྱེན་སྲས་དང་བཅས་ལ་མཆོད་འོས་ཆེ། །ཀུན་ཏུ་དགའ་བས་གྲོགས་ལ་འདུད་པ་བཞིན། །མ་བོས་མགྲོན་དུ་འདུ་བའི་གཞན་གསོས་ཀྱི། །རབ་སྙན་མགྲིན་པའི་རྒྱུད་མང་འཁྲོལ་བའི་ཚེ། །ངེས་འབྱུང་ཐར་པ་དོན་གཉེར་སྐྱེས་བུ་རྣམས། །དྲན་ཤེས་བརྩོན་འགྲུས་ཟབ་མོའི་བསྐུལ་ལྕག་འདེབས། །འགྲོགས་ན་བདེ་བ་རི་སྐྱེས་བུ་མོ་རྣམས། །སྡིག་མེད་རྩ་དང་མྱུ་གུས་ལུས་འཚོ་ཞིང་། །ཕན་ཚུན་ཡིད་གཅུགས་རྩེ་འཇོའི་སྤྱོད་པ་ཡིས། །བག་ཕེབས་ཞི་བའི་ནགས་སུ་བདེ་བར་རྒྱུ། །རབ་དཀར་ཀེ་ལ་ཤ་ཡི་ལ་ཐོད་རྩེར། །རབ་གསལ་ཆུ་ཤེལ་དབང་པོས་ཉེར་སྤྲས་ཚེ། །རབ་རྒྱས་ཀུ་མུད་འཛུམ་པའི་མདངས་ཕྱུང་ཞིང་། །རབ་མཛེས་ཨུཏྤལ་ཐལ་སྦྱར་འདུད་པ་བཞིན། །ཆེད་དུ་མ་བྱས་བྲག་རིིའི་བ་གམ་ཆེ། །མ་འབད་རྩྭ་དང་ལོ་མའི་ཁ་ཟས་ལྡན། །རང་བྱུང་སྣང་བ་བརྡ་ཡི་བླ་མ་ཡིས། །དུས་བཞིར་གདམས་ངག་ཟབ་མོ་རྒྱུན་ཆགས་སྟོན། །བྱིས་པའི་སྒྲོགས་དང་རྒྱང་རིང་གྱུར་བས་ན། །ཆགས་སྡང་ཉོན་མོངས་ཆོས་བརྒྱད་ངང་གིས་འགྲིབ། །རྩེ་གཅིག་ཞི་བའི་ཏིང་འཛིན་ཤུགས་ཀྱིས་འཕེལ། །དགེ་ཚོགས་ཆུ་གཏེར་ཡོངས་སུ་རྒྱས་པར་འགྱུར། །མདོར་ན་དབེན་པའི་ཡོན་ཏན་བརྗོད་ལས་འདས། །གང་ཞིག་ཐར་པ་དོན་གཉེར་སྐྱེས་བུ་ཡི། །ནགས་ཀྱི་ཡོན་ཏན་ཡིད་ལ་བྱེད་བཞིན་དུ། །དགོན་པར་ཕྱོགས་ཏེ་གོམ་པ་བདུན་བོར་བ། །བསྐལ་པ་གདྒཱའི་རྡུལ་སྙེད་སངས་རྒྱས་རྣམས། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་མཉེས་བྱས་ཀྱང་། །འདི་ཡི་བསོད་ནམས་ཕུང་པོའི་ཆར་མི་ཕོད། །རྒྱས་པར་དཀོན་མཆོག་ཏཱ་ལའི་མདོ་ལ་གཟིགས། །ཁྱད་པར་སྒྲུབ་པའི་གནས་མཆོག་འདི་ཉིད་ནི། །བསླུ་མེད་ཌཱ་ཀིའི་རྡོ་རྗེ་གསང་ལུང་ལས། །མ་དག་སྣང་ངོར་ས་རྡོ་རི་ཡིན་ཀྱང༔འབྲེལ་ཚད་དོན་ལྡན་དག་པའི་ཞིང་མཆོག་དངོས༔དུས་ངན་སྙིགས་མའི་སེམས་ཅན་འདུལ་བའི་ཕྱིར༔མངོན་སུམ་དབང་པོའི་ཡུལ་དུ་སྣང་བ་ཡིན༔སྔོན་ཚེ་བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་དང༔བར་དུ་རིག་འཛིན་དཔའ་བོ་མཁའ་འགྲོ་མ༔ཐ་མ་རྒྱལ་དབང་པདྨ་ཐོད་ཕྲེང་རྩལ༔རིམ་བྱོན་རྒྱ་བོད་གྲུབ་ཐོབ་དུ་མ་ཡིས༔དག་པའི་ཡེ་ཤེས་སྐུ་ཡིས་བྱིན་གྱིས་བརླབས༔རི་བོའི་དབྱིབས་ནི་རྗེ་བཙུན་སྒྲོལ་མའི་སྐུ༔ཕྱི་ལྟར་སྒྲུབ་གནས་སེངྒེ་གནམ་རྫོང་བྲག༔ནང་ལྟར་མཁའ་འགྲོ་འབུམ་ཕྲག་འདུ་བའི་ཚལ༔གསང་བ་ཟངས་མདོག་དཔལ་རི་པདྨ་འོད༔རྩ་གསུམ་དཔའ་བོ་མཁའ་འགྲོ་མངོན་སུམ་བཞུགས༔བསྒྲུབས་པ་བྱས་ཚད་ཨོ་རྒྱན་དངོས་དང་མཇལ༔ཚོགས་འཁོར་བསྐོར་ན་རིག་འཛིན་གྲལ་དུ་གཤེགས༔ཕྱག་བསྐོར་ཙམ་གྱི་འབྲེལ་བ་ཐོབ་པ་ཀུན༔བསྐལ་པ་བྱེ་བའི་སྡིག་སྒྲིབ་དག་པར་ངེས༔གནས་འདི་དཔལ་རི་པདྨ་འོད་དང་མཉམ༔ཞེས་གསུངས་ཕྱི་ལྟར་བདེ་ཆེན་སེངྒེ་རྫོང་། །རིག་འཛིན་གྲུབ་ཐོབ་དུ་མས་བྱིན་བརླབས་ཤིང་། །ཁྱད་པར་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ཡིས། །བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པའི་གནས། །རི་བོའི་ཕྱི་དབྱིབས་རྗེ་བཙུན་སྒྲོལ་མའི་སྐུ། །བར་ཆད་བརྒྱད་གཉིས་འཇིགས་ལས་སྐྱོབ་པའི་རྫོང་། །ནང་དབྱིབས་རང་བྱུང་རྡོ་རྗེ་ཕག་མོའི་སྐུ། །ཉེ་རྒྱུའི་སྤྱོད་པས་མཁའ་སྤྱོད་བགྲོད་པའི་གནས། །ཆུ་བོའི་དབྱིབས་ནི་ཨ་ཧཾ་སྔགས་ཀྱི་གཟུགས། །བདེ་སྟོང་ཡེ་ཤེས་རྩོལ་མེད་སྐྱེད་པའི་གནས། །རྒྱབ་རི་རྡོ་རྗེ་རྩེ་ལྔ་གནམ་སློང་འདྲ། །རྩོལ་མེད་ཨ་ཏིའི་ཐེག་རྩེར་སྦྱོར་བར་བྱེད། །མདུན་རི་ཁྱུང་ཆེན་མཁའ་ལ་ལྡིང་བ་འདྲ། །ཉམས་རྟོགས་རྩལ་རྫོགས་ལྟར་དགོངས་གནམ་འཕང་གཅོད། །གཡས་གཡོན་རི་ནི་གཡུ་འབྲུག་གྱེན་རྒྱུག་འདྲ། །སྙན་གྲགས་རྒྱ་ཆེ་ཐེག་མཆོག་ཆོས་སྒྲ་སྒྲོགས། །ཤར་རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། །བསམ་གཏན་འཕེལ་ཞིང་བརྟན་པ་ཐོབ་པའི་གནས། །ལྷོ་རི་རིན་ཆེན་མཎྜལ་སྤུངས་པ་འདྲ། །མཐུན་རྐྱེན་འབྱོར་སླ་ཡོན་ཏན་འཕེལ་རྒྱས་བྱེད། །ནུབ་ཕྱོགས་བྲག་རི་པདྨ་བརྩེགས་པ་འདྲ། །ས་ལམ་གོང་འགྲོད་ཉེས་སྐྱོན་དྲི་མ་བྲལ། །བྱང་རི་རྡོ་རྗེའི་ར་བས་བསྐོར་བ་འདྲ། །བར་ཆད་མི་འབྱུང་བཀྲ་ཤིས་བརྟན་པའི་གནས། །ངོ་མཚར་མི་འགྱུར་གནད་ཀྱི་གཟེར་དྲུག་དང་། །ཁྱད་འཕགས་སྒྲུབ་ཕུག་ཐེག་པ་རིམ་དགུའི་གྲངས། །རབ་འབྱམས་རྩ་གསུམ་ལྷ་ཡི་སྐུ་གཟུགས་དང་། །སྙིང་པོ་ཕྱག་མཚན་ཕྱག་ཞབས་རྗེས་ལ་སོགས། །སྐལ་བཟང་སྐྱེ་བོའི་མིག་གི་བདུད་རྩིར་བྱེད། །ནང་ལྟར་ས་སྤྱོད་གྲུབ་པའི་གནས་ཆེན་པོ། །གནས་གསུམ་དཔའ་པོ་མཁའ་འགྲོ་འདུ་བའི་ཚལ། །བྱིན་རླབས་སྤྲིན་འཁྲིགས་གྲུབ་གཉིས་ཆར་བཟང་འབེབས། །སུས་སྒྲུབ་བཀྲ་ཤིས་ཏིང་འཛིན་ངང་གིས་འཕེལ། །ཌཱ་ཀིའི་བྱིན་རླབས་ཉམས་མྱོང་སྐྱེ་བར་སླ། །སྣང་བ་དབང་སྡུད་རླུང་སེམས་དྷཱུ་ཏིར་འཆིང་། །ཙཱ་རི་ཏྲ་དང་ཏི་སྒྲོའི་མཐུན་ཕྱོགས་སོ། །ཚོགས་མཆོད་ཙམ་གྱིས་ཉམས་ཆག་སྡིག་སྒྲིབ་བྱང་། །ཕྱི་མ་མཁའ་སྤྱོད་རིག་འཛིན་གྲལ་དུ་བགྲོད། །གསང་བ་དཔལ་རི་པདྨ་འོད་ཀྱི་ཞིང་། །སྐུ་གསུམ་ཕོ་བྲང་སུམ་བརྩེགས་ཚུལ་དུ་གནས། །རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་ད་ལ་རྫོགས། །ཡང་ཟབ་སྙིང་པོའི་ཆོས་གཏེར་དཔག་མེད་ལྡན། །རི་བོ་རྩེ་ལྔ་གྲུ་འཛིན་ལྕང་ལོ་ཅན། །པདྨ་འོད་དང་ཡོན་ཏན་མཚུངས་ཞེས་གསུངས། །གནས་གཞན་ཕལ་དུ་ལོ་ཟླར་སྒོམ་པ་བས། །འདི་རུ་ཞག་གཅིག་སྒྲུབ་པ་བསོད་ནམས་མཆོག །འབྲེལ་ཐོབ་ཙམ་ཡང་གནས་སྐབས་འཇིགས་བརྒྱད་ཞི། །མཐར་ཐུག་མ་ཧཱ་གུ་རུས་རྗེས་བཟུང་སྟེ། །རྣམ་གྲོལ་ཡོན་ཏན་དཔལ་གྱིས་འབྱོར་བར་འགྱུར། །མདོར་ན་གནས་འདིའི་ཡོན་ཏན་བསམ་མི་ཁྱབ། །ཕྱི་ལྟར་འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་མཆོག །ནང་ལྟར་རྡོ་རྗེ་ལུས་ཀྱི་བཀོད་པ་རྫོགས། །གསང་བ་འོག་མིན་ཆོས་དབྱིངས་ཕོ་བྲང་ཆེ། །སུས་སྒྲུབ་བཀྲ་ཤིས་ཏིང་འཛིན་ངང་གིས་འཕེལ། །རིག་འཛིན་མཆོག་རྣམས་གདོད་མའི་གྲོལ་སར་བསྙེགས། །སྐལ་བཟང་འགྲོ་ཀུན་སྨིན་གྲོལ་ལམ་ལ་བཀོད། །ཞལ་མཐོང་ཙམ་གྱིས་ལས་ངན་སྡིག་སྒྲིབ་དག །ཕྱག་སྐོར་འབྲེལ་ཚད་པདྨ་འོད་དུ་སྐྱེ། །དེ་ཕྱིར་འབྲེལ་ཚད་དོན་ལྡན་གནས་མཆོག་འདིར། །བྱ་བྱེད་འཁྲུལ་པའི་འཁོར་ལོ་མི་བསྐོར་བར། །བྱར་མེད་བློ་འདས་རྫོགས་པ་ཆེན་པོའི་དོན། །ཉིན་མཚན་འཁོར་ཡུག་ཉམས་ལེན་སྙིང་པོར་མཛོད། །འཇིག་རྟེན་ཚེ་འདིའི་འབྲེལ་ཐག་ཆོད་པའི་ཕྱིར། །ནམ་འཆི་ངེས་མེད་ཡང་ཡང་བསྒོམ་པར་མཛོད། །འཇིགས་པ་གསུམ་གྱི་གཡང་ལས་སྐྱོབ་པའི་ཕྱིར། །བསླུ་མེད་དཀོན་མཆོག་གསུམ་ལ་བློ་གཏད་བྱས། །ཐེག་ཆེན་ལམ་གྱི་རྩ་བ་བླ་མེད་པ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་གཉིས་སྒོམས། །ཉམས་ཆག་ཉེས་ལྟུང་སྒྲིབ་ཚོགས་གཞོམ་པའི་ཕྱིར། །སྟོབས་བཞི་ཚང་བའི་རྡོར་སེམས་བསྒོམ་བཟླས་ཟབ། །བསོད་ནམས་ཡེ་ཤེས་ཚོགས་མཆོག་སྤེལ་བའི་ཕྱིར། །སྐུ་གསུམ་མཎྜལ་ཀུན་བཟང་མཆོད་སྤྲིན་དབུལ། །ཁྱད་པར་བྱིན་རླབས་ལམ་དུ་བྱེད་པའི་ཕྱིར། །བླ་མའི་རྣལ་འབྱོར་ཉམས་ལེན་སྙིང་པོར་མཛོད། །ལུས་ངག་ཡིད་གསུམ་སྒྲིབ་དག་མངོན་ཞེན་ལྡོག །སྲིད་ལས་རྣམ་གྲོལ་སྐུ་གསུམ་ཐོབ་བྱེད་ཕྱིར། །འཁོར་འདས་རུ་ཤན་ཕྱི་ནང་ལེགས་པར་དབྱེ། །སྒོ་གསུམ་སྔོན་འགྲོ་རྣལ་དབབ་སོར་གཞུག་རྗེས། །དངོས་གཞི་ཀ་དག་ཁྲེགས་ཆོད་ཉམས་ལེན་ནི། །ཐོག་མ་ཉིད་དུ་རྟོག་པ་རྩད་བཅད་པས། །ཉག་གཅིག་འཁོར་འདས་ཀུན་གཞིར་གཏན་ལ་དབབ། །སྒོ་གསུམ་གཅིག་གམ་ཐ་དད་ལེགས་བརྟགས་པས། །མཐའ་བྲལ་ནམ་མཁའ་ལྟ་བུའི་མཚན་ཉིད་རིག །བདག་མེད་བདག་ཏུ་འཛིན་པའི་སེམས་ཉིད་འདི། །བྱུང་ཁུངས་གནས་མལ་འགྲོ་ས་འགྲོ་མཁན་སོགས། །ཞིབ་ཏུ་བརྟགས་ན་ཡེ་སྟོང་ཀ་དག་དང་། །འདི་ཞེས་མི་མཚོན་མཚན་མའི་ཡུལ་ལས་འདས། །དུས་གསུམ་འགྱུར་མེད་གཉུག་མ་རྡོ་རྗེའི་སེམས། །རང་བཞིན་འོད་གསལ་མཁའ་འདྲ་མཉམ་པ་ཉིད། །རིག་སྟོང་མི་ཤིགས་བཞི་པའི་ཡེ་ཤེས་ཆེར། །ཐེ་ཚོམ་དཔྱང་ཐག་ཆད་པའི་ངེས་ཤེས་སྐྱེ། །སྐྱེ་ཡང་སྐྱེ་མཁན་རང་ཡིན་གཞན་དུ་མེད། །དཔྱད་དང་མ་དཔྱད་རོ་མཉམ་སྤྲོས་བྲལ་ཆེར། །ཁོ་ཐག་ནང་ནས་ཆོད་པའི་ཉམས་མྱོང་གལ། །དེ་ནས་ཅོག་བཞག་གསུམ་ལ་གཞི་བཅའ་སྟེ། །རི་བོ་ཅོག་བཞག་གཡོ་འགུལ་བྲལ་བར་སྡོད། །རྒྱ་མཚོ་ཅོག་བཞག་མདུན་མཁར་ཧྲིག་གེར་བལྟ། །རིག་པ་ཅོག་བཞག་བཞི་ཆ་གསུམ་བྲལ་བའི། །ད་ལྟའི་ཤེས་པ་གཟོ་མེད་ལྷུག་པར་བཞག །རྣམ་རྟོག་སྤྲོས་ཀུན་ཉེ་བར་ཞི་བ་ཡི། །གསལ་སྟོང་ལྷན་སྐྱེས་གདོད་མའི་གནས་ལུགས་ཆེ། །ངོ་བོ་སྤྲོས་པ་བྲལ་བ་ཆོས་ཀྱི་སྐུ། །གསལ་ལ་དེར་འཛིན་མེད་པ་ལོངས་སྤྱོད་རྫོགས། །སྣ་ཚོགས་འཆར་གཞི་མ་འགགས་སྤྲུལ་སྐུ་སྟེ། །ངོ་བོ་རང་བཞིན་ཐུགས་རྗེ་དབྱེར་མེད་དོ། །དེ་ཡི་རྩལ་ལས་རྣམ་རྟོག་གང་ཤར་ཡང་། །དགག་སྒྲུབ་བླང་དོར་མེད་པར་རང་བབས་སྐྱོང་། །རྒྱ་མཚོའི་རྦ་རླབས་རང་ལས་མི་གཡོ་བཞིན། །འོད་གསལ་ཆོས་ཉིད་ཀློང་ལས་གཡོས་པ་མེད། །དཔེར་ན་སྦྲུལ་མདུད་མཁའ་ལ་བོར་བ་བཞིན། །གཉེན་པོ་མི་དགོས་རང་ཞི་རང་སར་འགྲོ། །འཕྲོ་གནས་གཉིས་མེད་རྒྱ་མཚོ་ཆུ་རླབས་འདྲ། །དེ་ཕྱིར་གནས་ན་གདོད་མའི་ངང་དུ་གནས། །འཕྲོ་ན་ཡེ་ཤེས་ཆེན་པོའི་རོལ་བར་འཆར། །མཉམ་ན་གཉིས་མེད་ཆོས་ཉིད་རང་བབ་སྟེ། །གང་ལྟར་ཤར་ཡང་ཆོས་ཉིད་རང་རྩལ་ཡིན། །ཡེ་ནས་གྲོལ་བས་བསྐྱར་གྲོལ་འབད་རྩོལ་ཞིག །གང་ཤར་རང་གྲོལ་དྲན་འཛིན་གཉེན་པོ་མེད། །གཅེར་མཐོང་རང་གྲོལ་སྔ་ཕྱིའི་འཛིན་པ་དག །བཟང་ངན་ཡོངས་གྲོལ་བླང་དོར་ཕྱོགས་འཛིན་བྲལ། །ཁྲེགས་ཆོད་ཉམས་ལེན་ནམ་མཁའི་རྣམ་འབྱོར་ལགས། །མདོར་ན་མ་བཅོས་གཞི་གནས་ཡེ་ཤེས་ཆེ། །རང་བཞག་མི་གཡོ་འོད་གསལ་ཆེན་པོའིི་གདངས། །དུས་གསུམ་རྟོག་པའི་དྲི་མ་ཀུན་བྲལ་འདི། །བློས་བྱས་འཁྲུལ་པའི་སྦུབས་སུ་མི་བཙུད་པར། །འཕྲོ་གནས་གང་བྱུང་རང་གྲོལ་ལམ་དུ་ཁྱེར། །མ་ཡེངས་མི་བསྒོམ་རང་བབ་ལྷུག་པར་གློད། །གང་ཤར་མ་འཛིན་ཉམས་ཀྱི་ཞེན་པ་སྤོངས། །ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་། །རང་སར་གློད་ན་ཡེ་ཤེས་ལྔ་རུ་འཆར། །དེ་བཞིན་སྒོ་ལྔ་ཚོགས་དྲུག་སྣང་ཆ་ཀུན། །དགག་སྒྲུབ་ཡིན་མིན་སྤྲོས་པས་མ་བསླད་པར། །རང་ངོར་བལྟས་པས་ཞེན་འཛིན་རང་སར་ཡལ། །རང་གིས་རང་གྲོལ་གཉེན་པོ་གཞན་མི་དགོས། །ཉམས་ལེན་སྐྱོང་སྟབས་བདེ་མོར་འགྲོ་ཞེས་གསུངས། །དེ་ལྟར་ཉམས་སུ་ལེན་པའི་སྐབས་རྣམས་སུ། །བསམ་གཏན་གེགས་གྱུར་ཉེས་པ་ལྔ་སྤོངས་ཤིང་། །འདུ་བྱེད་བརྒྱད་བསྟེན་བྱིང་གསེང་རྒོད་ན་དབབ། །སྤྱོད་ལམ་ཀུན་ལ་བསྲེ་ཞིང་རྩལ་སྦྱོང་སོགས། །རང་ཉམས་དང་སྦྱར་གནད་དུ་གང་འགྲོ་གཅེས། །དེ་ཡང་ཧ་ཅང་སྒྲིམ་ཆེས་མཉམ་བཞག་སྒྲིབ། །ཧ་ཅང་གློད་ཆེས་རྗེས་ཐོབ་ཐ་མལ་འཆོར། །དེ་ཕྱིར་པི་ཝཾ་རྒྱུན་ཐག་དཔེ་ཇི་བཞིན། །སྒྲིམ་གློད་རན་པར་གཅེས་ཞེས་མཁས་རྣམས་བཞེད། །ཁྱད་པར་འོད་གསལ་སྙིང་པོའི་དོན་རྟོགས་ལ། །བརྒྱུད་ལྡན་བླ་མའི་བྱིན་རླབས་འཇུག་དགོས་པས། །དོན་དམ་རང་ངོ་སྤྲོད་པའི་དྲིན་ཆེན་རྗེར། །ཐ་མལ་མི་རུ་བཟུང་བའི་བློ་སྤངས་ཏེ། །སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཀྱིས། །ཉིན་མཚན་བརྗེད་པ་མེད་པར་གསོལ་བ་ཐོབ། །ཏིང་འཛིན་ཟབ་མོའི་དབང་བཞི་ཡང་ཡང་ལེན། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་བསྲེས། །དེས་ནི་ཐུགས་རྒྱུད་བྱིན་རླབས་འཕོས་པ་ཡིས། །རྟོགས་པའི་ཉི་མ་ནང་ནས་ཤར་བར་འགྱུར། །གེགས་སེལ་བོགས་འདོན་ཀུན་གྱི་རྒྱལ་པོ་ཡིན། །གཞན་ཡང་བདག་བས་གཞན་གཅེས་བྱང་ཆུབ་སེམས། །མི་རྟག་འཆི་བ་སྙིང་ནས་དྲན་པ་དང་། །འཇིག་རྟེན་ཚེ་འདིའི་འབྲེལ་ཐག་ཀུན་ཆོད་ནས། །རྐྱེན་གྱིས་མི་འཕྲོག་བརྩོན་པའི་གོ་ཆ་སྟེ། །ཐར་པ་དོན་དུ་གཉེར་ལ་མེད་ཐབས་མེད། །ལྟ་བ་འཁོར་འདས་དབྱེར་མེད་དོན་རྟོགས་ཀྱང་། །ཀུན་རྫོབ་ལས་འབྲས་ཁྱད་དུ་མི་གསོད་པར། །ཚུལ་ཁྲིམས་རྣམ་གསུམ་མིག་གི་འབྲས་བཞིན་སྲུངས། །སྤྱོད་ཡུལ་ཡོངས་སུ་དག་པ་དྲན་བྱས་ཏེ། །སྒོ་གསུམ་བྱ་བ་དམ་པའི་ཆོས་སུ་བསྒྱུར། །དེ་ལྟར་མཛད་ན་འདི་བདེ་ཕྱི་མར་སྐྱིད། །མི་ལུས་དོན་དང་ལྡན་ནོ་ཨེ་མ་ཧོ། །བདག་ཀྱང་སྔོན་ལས་དམན་པའི་གཞན་དབང་གིས། །ཚེ་འདིར་ཡང་དག་ཆོས་དང་རྒྱབ་འགལ་ཡང་། །སྒྱུ་ལུས་གཡར་པོ་ལྟ་བུ་འདི་འཇིག་ནས། །སྲིད་པ་ཕྱི་མར་ཉིང་མཚམས་སྦྱོར་གྱུར་གང་། །འཇིག་རྟེན་བྱ་བས་རང་མགོ་མི་བསྐོར་བར། །དབེན་པའི་གནས་སུ་ཡང་གསང་སྙིང་པོའི་བཅུད། །ཚེ་གཅིག་ཉམས་ལེན་སྣང་བཞི་མཐར་ཕྱིན་ནས། །སྲིད་པའི་མཚོ་ལས་འགྲོ་ཀུན་སྒྲོལ་བར་སྨོན། །རང་རྒྱུད་མ་སྨིན་གཞན་གྱི་འདྲེན་སྟོན་རློམ། །གཞན་དོན་མི་འགྲུབ་དལ་མེད་ལོག་འཚོར་གཡེངས། །སེར་གཟུགས་བྱས་ཀྱང་ཚེ་འདིའི་དབང་སོང་བ། །བྱུར་ཅན་པད་རྣམ་འཁྱམས་པོའི་རང་གཤིས་ལགས། །ཁ་དོན་འཛོལ་བའི་ནེ་ཙོའི་ཆོས་བཤད་འདིས། །གཞན་རྒྱུད་འགྲོལ་བའི་རེ་བ་མི་བདོག་ཀྱང་། །སྐལ་བཟང་གྲོགས་ཀྱིས་ནན་གྱིས་བསྐུལ་བའི་ངོར། །དམ་པ་རྣམས་ཀྱི་གསུང་དང་བསྟུན་ནས་བྲིས། །མཁས་པ་མགུ་བའི་ལེགས་བཤད་མ་མཆིས་ཀྱང་། །ལྷག་པའི་བསམ་པས་གང་དྲན་ཞུས་པ་ཡིན། །ཐུགས་ལ་འཐད་འཐད་འདྲ་ན་མཉེས་པར་མཛོད། །མི་འཐད་འགལ་བ་མཆིས་ན་མཐོལ་ལོ་བཤགས། །འདི་བྲིས་དགེ་བས་མཐའ་ཡས་ཡིད་ཅན་ཀུན། །སྲིད་ལ་མངོན་སྐྱོ་ཞི་བའི་ནགས་ཁྲོད་དུ། །རྡོ་རྗེ་སྙིང་པོའི་ཉམས་ལེན་མཐར་ཕྱིན་ནས། །ཡེ་གཞི་ཆོས་སྐུའི་རྒྱལ་སར་དབང་འབྱོར་ཤོག །ཅེས་པའང་སྐལ་བཟང་རྡོ་རྗེའི་མཆེད་པོ་པདྨ་ལེགས་སྒྲུབ་ཀྱིས་ནན་གྱིས་བསྐུལ་པའི་གཡར་ཁྲལ་དུ། ཀུན་མཁྱེན་བླ་མ་ཡབ་སྲས་ཞབས་རྡུལ་ལ་སྤྱི་བོས་རེག་པའི་བན་ཆུང་ཨོ་རྒྱན་ཐུགས་མཆོག་རྡོ་རྗེས་མདོ་ཁམས་སངྒཻ་གནམ་རྫོང་བྱང་ཆུབ་ཤིང་གི་ནགས་ཁྲོད་ན་མངོན་པར་མཛེས་པའི་སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་གི་དབེན་སྤྱིལ་རིག་པ་འཛིན་པའི་དགའ་ཚལ་དུ་བྲིས་པ་དགེ། །།


previous དབེན་པ་ལས་འཕྲོས་པའི་གཏམ་རིན་པོ་ཆེའི་ལྗོན་ཤིང་། next