Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
སྲིད་པའི་ཁྱེའུ་སྤུན་བཞི་དང་དྲང་སྲོང་རྒན་པོའི་གཏམ་སྨྱོ་འཁྲུལ་རང་སངས།
   
   
   
   
   
   
   
   


 
previous སྲིད་པའི་ཁྱེའུ་སྤུན་བཞི་དང་དྲང་སྲོང་རྒན་པོའི་གཏམ་སྨྱོ་འཁྲུལ་རང་སངས། next

སྲིད་པའི་ཁྱེའུ་སྤུན་བཞི་དང་དྲང་སྲོང་རྒན་པོའི་གཏམ་སྨྱོ་འཁྲུལ་རང་སངས།

༄༅། །སྲིད་པའི་ཁྱེའུ་སྤུན་བཞི་དང་དྲང་སྲོང་རྒན་པོའི་གཏམ་སྨྱོ་འཁྲུལ་རང་སངས་ཞེས་བྱ་བ་བཞུགས་སོ། །ན་མོ་མཉྫུ་ཤྲཱི་ཡེ། ཀུན་གཞི་ཡངས་པའི་ཐང་ཆེན་དུ། །མི་སྲིད་སྲིད་པ་ཅི་ཡང་སྲིད། །སྲིད་པའི་ཁྱེའུ་སྤུན་བཞི་འཁྲུངས། །ཆེ་བ་དཔའ་བོ་དགྲ་འདུལ་དེ། །ཕོ་རྩལ་སྣ་དགུའི་རྩེ་མོར་སོན། །དགྲ་འདུལ་གཉེན་སྐྱོང་ཕོ་རུས་ཐོན། །འཇིག་རྟེན་སྐྱེ་བོས་སྨོན་གནས་གྱུར། །འབྲིང་བ་དར་མ་དབང་ཕྱུག་དེ། །སྲོག་རླུང་འཁྲུགས་པའི་ནད་ཀྱིས་སྨྱོ། །གྲོང་གསེབ་ཀུན་ཏུ་གཅེར་བུར་རྒྱུ། །མི་གཙང་ཟས་ལ་གྱི་ནར་སྤྱོད། །དེ་འོག་བློ་བཟང་དབང་ཆེན་དེ། །ཆོ་ག་ཆོས་སྤྱོད་ལག་ལེན་མཁས། །ཚོང་དང་སོ་ནམ་འགྲོ་སྡོད་མང་། །བཏང་སྡུད་བྲེལ་ཟིང་རྒྱུན་མི་ཆད། །ཆུང་བ་དགེ་འདུན་བཟང་པོ་དེ། །མི་ཆོས་མ་ཟིན་བས་མཐར་གནས། །ངོ་སྲུང་མི་ཤེས་དམན་ཆ་བཟུང་། །བློ་རྩེ་ཆོས་ལ་གཏད་དོ་སྐད། །ཕ་མ་གཅིག་གི་བུ་རྒྱུད་ལ། །སྐྱིད་སྡུག་མི་གཅིག་སོ་སོར་བྱུང་། །བསམ་སྤྱོད་མི་འདྲ་ཐ་དད་པ། །སྲིད་པ་ལས་ཀྱི་བསྐོས་ཐང་མཚར། །དེ་ཚེ་དཔའ་བོ་དགྲ་འདུལ་གྱིས། །དར་མ་དབང་ཕྱུག་སྨྱོའོ་ཟེར། །དར་མས་ཁྱོད་རང་སྨྱོ་འདུག་ཟེར། །དགྲ་འདུལ་ང་ནི་མ་སྨྱོ་སྟེ། །ཕ་གཞིས་སྦྲང་ཚང་ལྟ་བུ་དེ། །ད་ལྟ་རྒྱལ་སྲིད་བཞིན་དུ་འབྱོར། །ཕ་ཁང་བོང་བུའི་རྣ་འདྲ་དེ། །ད་ལྟ་ལྷ་ཁང་བཞིན་དུ་བྱས། །ཕ་མཛོད་ཕུག་སྟོང་ལྟ་བུ་དེ། །ད་ལྟ་ཀླུ་མཛོད་བཞིན་དུ་བཀང་། །ཕ་བས་བུ་ལྷག་ཀུན་གྱིས་སྨོན། །ཕུ་ན་འབྲོག་བཟུང་དཀར་ཕྱུགས་སྐྱོང་། །འབྲི་མོ་འབྲོང་ཁྱུ་ཞོག་འདྲ་ཡོད། །དཀར་ཆུ་གཙང་ཆབ་ཆུ་བས་མོད། །མདའ་ན་ས་ཞིང་རྨོ་རྐོ་བཟང་། །འབྲས་དྲུག་རྩི་ཐོག་བཞིན་དུ་བཀྲ། །བཏང་སྡུད་གཉིས་ལ་ཟད་པ་མེད། །གྲོགས་ལ་སྨན་ཤར་གསེར་གཡུས་བརྒྱན། །ལྷ་ཡུལ་རྩེ་དགའི་དུས་སྟོན་འདྲ། །འཕྱོར་བོ་གོང་ལ་ཤོར་བསམ་མེད། །ཟས་སུ་ཤ་ཆང་སྟོན་མོ་འགྱེད། །སྟོན་དཔྱིད་ནམ་ཟླའི་ཁྱད་པར་མེད། །ཚོ་དྲུག་མི་ཡི་རེ་ས་ཡིན། །འགྲོ་ན་མགྱོགས་པ་རླུང་གཤོག་འཁྱེར། །བཙན་རྒོད་ཇག་ལ་ཆས་པ་འདྲ། །མགྱོགས་དར་མི་ལ་ཤོར་མ་མྱོང་། །རྒྱན་དུ་གོ་མཚོན་དཔའ་ཆས་འཆང་། །དགྲ་བོས་མཐོང་ན་སྙིང་རྩ་འདར། །རྒོད་པོ་གོང་དུ་ཤོར་མ་མྱོང་། །བསྐོར་ན་བློ་རྩེ་ང་རང་རྒོད། །གཡོ་སྒྱུས་མགོ་སྐོར་སུ་ཡང་ཐུབ། །མི་ཆེན་རྣམས་ཀྱི་དྲི་ས་ཡིན། །བཤད་ན་ཁ་ལྕེ་ང་རང་མཁས། །ཤགས་ཁ་མི་ལ་ཤོར་མ་མྱོང་། །དེང་སང་གཏམ་གྱི་གྲལ་མགོ་ཡིན། །ང་དང་འདྲ་བ་གཅིག་ཀྱང་མེད། །གོང་མ་དཔོན་གྱིས་ང་ལ་བྱམས། །འོག་མ་གཡོག་གིས་ང་རང་བཀུར། །ང་ནི་འགྲན་གྱི་དོ་མེད་ཡིན། །སྨྱོ་འཁྲུལ་དར་མ་དབང་ཕྱུག་ཁྱོད། །ལུས་ལ་གོས་མེད་གཅེར་བུར་རྒྱུ། །དགྲ་བོས་རིག་ན་གད་མོ་དགོད། །གཉེན་གྱིས་མཐོང་ན་མཆི་མ་ཤོར། །ཉེ་བས་མཐོང་ན་གདོང་པ་འགེབས། །ཁ་ནས་འབྲེལ་མེད་ཅ་ཅོ་སྒྲོགས། །མཚན་ཕྱེད་གྲོང་པའི་གཉིད་ཀྱང་དཀྲོག །གནས་མལ་མི་གཙང་མཁར་ལ་བྱས། །ཟས་སུ་གཅིན་སྐྱག་གང་མཐོང་ཟ། །སྤྱོད་པ་ཁྱི་དང་ཕག་པས་ལོད། །གཞན་གྱིས་མཐོང་ཡང་ཡི་ག་ཆད། །ཕ་མ་གཉིས་ཀྱི་རྐང་འདྲེན་པོ། །སྤུན་ཟླ་རྣམས་ཀྱི་བླ་འཚོང་པོ། །ཁྱོད་དང་ང་གཉིས་ཅི་ལ་འདྲ། །སྨྱོ་སྒོག་མ་འདུག་གཞན་དུ་སོང་། །དར་མ་དབང་ཕྱུག་འདི་སྐད་ཟེར། །ཁྱོད་དང་ངེད་གཉིས་འདྲ་དོགས་མེད། །ང་ནི་མ་བཅོས་སྤྱོད་པ་སྐྱོང་། །ཁྱོད་ནི་རང་མཐོང་གདོན་གྱིས་སྨྱོ། །འདུ་ཤེས་བསམ་སྤྱོད་ཕྱིན་ཅི་ལོག །བཀུར་འོས་ཕ་མ་ཁྱད་དུ་གསོད། །ལན་ཆགས་བདུད་མོ་ཁྱིམ་དུ་བླངས། །གཏན་གྱི་བདེ་བ་རྒྱབ་ཏུ་བོར། །མི་དགེ་བཅུ་ལ་ལོངས་སྤྱོད་བྱས། །ངན་སོང་གསུམ་ལ་གདོང་པ་གཏད། །ཐར་པའི་ལམ་ལ་རྒྱབ་ཀྱིས་ཕྱོགས། །སྨྱོན་པ་ཕལ་དང་ཁྱོད་མི་མཚུངས། །གར་ཡིན་མི་ཤེས་ས་ཕྱོགས་ནས། །ཆོམ་པོས་འཕྲོག་བཞིན་ལས་ཀྱིས་དེད། །ཁ་དང་གྲོད་པ་མ་གཏོགས་པའི། །རྒྱུ་རྫས་ཁབ་གཅིག་ཁྱོད་ལ་མེད། །བསྒུལ་བསྐྱོད་ཙམ་ཡང་མི་ནུས་པའི། །སྲིན་བུ་ཉོལ་བ་འདྲ་བ་ལས། །སྟོབས་དང་དཔའ་རྩལ་ཁྱོད་ལ་མེད། །གང་བྱུང་ངུ་བ་མ་གཏོགས་པར། །བརྡ་སྤྲོད་ཙམ་ཡང་མི་ནུས་ན། །ཤེས་རྒྱ་སྨྲ་ལྕེ་ཅི་ལ་ཡོད། །ཨ་མའི་བཀའ་དྲིན་མ་ཡིན་ན། ཁྱོད་ལ་འདི་འདྲ་ཅི་ལ་ཡོང་། །ཨ་ཕས་མཁར་གཞིས་མ་ཕོག་ན། །ཁྱོད་ལ་ལོངས་སྤྱོད་ག་ནས་ཡོང་། །རང་ཚུལ་རང་གིས་མི་ཤེས་པ། །སྨྱོན་པའི་ནང་ནས་སྨྱོན་པ་ཡིན། །ཕ་བས་བུ་ལྷག་ཟེར་བ་དེ། །རྒན་ལ་བཀུར་སྟི་མེད་པའི་རྟགས། །ངན་པ་རང་རྩིས་ཆེ་བ་དེ། །འཇིག་རྟེན་མཐོང་རྒྱ་ཆུང་བའི་རྟགས། །རང་མཚང་རང་གིས་སྒྲོགས་པ་དེ། །སྨྱོན་པ་མིན་པ་སུ་ཞིག་སྨྲ། །སེར་སྣས་བསགས་པའི་ནོར་རྫས་དེ། །ཤུལ་དུ་བསྐྱུར་བ་མི་ཤེས་པར། །བརྐམ་ཆགས་སྦྲང་མ་རྩི་འབྱར་འདྲ། །ཚེ་གང་སྡིག་སྡུག་གཉིས་ལ་དྲིལ། །དེས་ཀྱང་མ་ཚིམས་གཞན་ནོར་རྔམ། །ཉམ་ཆུང་རྣམས་ལས་དངོས་སུ་འཕྲོག །རྒོད་པོ་རྣམས་ལས་ལྐོག་ཏུ་བརྐུས། །དཀོན་མཆོག་སྔགས་པའི་ནོར་ལ་འབགས། །ཚེ་འདིར་རྒྱལ་པོའི་ཆད་པ་དང་། །བན་བོན་ཡོངས་ཀྱི་བྱད་ཕུར་སྡུད། །ཁྲེལ་དང་ངོ་ཚའི་ཤུབ་ནས་འདོན། །ཕྱི་མ་ཡི་དྭགས་ས་བོན་སྒྲུབ། །ལྟོགས་ཀྱིས་དོགས་ནས་ནོར་གསོག་ཅེས། །ལོ་གྲངས་བརྒྱ་ཕྲག་དུ་མ་རུ། །ཆུ་ཐིགས་ཙམ་ཡང་མི་མྱོང་བའི། །ལྟོགས་སྡུག་རིན་གྱིས་ཉོ་བ་འདི། །སྨྱོན་པ་མིན་པ་སུ་ཞིག་བྱེད། །དོ་ནུབ་མི་འཆིའི་གདེང་མེད་ཅིང་། །ཤི་ནས་སླར་ལྡོག་མ་མཐོང་བཞིན། །གྱང་ར་སྟོང་པ་གསོ་བ་དེ། །སྨྱོ་ལས་མིན་ན་ཅི་ཞིག་ཡིན། །ཕུ་ཡི་འབྲི་ཕྱུགས་ལུག་ཁྱུ་དེ། །སྐྱེ་བ་སྔོན་གྱི་ཕ་མ་ཡིན། །ད་ལྟའང་བཟང་དྲིན་ཁྱད་པར་མེད། །གཞོན་དུས་འོ་ཞོ་འཐུང་འཐུང་ནས། །རྒས་དུས་བཤས་ལ་ཕབ་ནས་ཟ། །མ་བསད་མ་ཤ་ཟ་བ་འདི། །སྨྱོན་པ་ཕལ་གྱིས་ག་ལ་ནུས། །སྲོག་འཚོའི་ཕྱིར་དུ་ཟས་བཟའ་ཞེས། །ཟས་ཀྱི་ཆེད་དུ་སེམས་ཅན་གསོད། །ཚེ་རབས་ལྔ་བརྒྱའི་བར་སྙེད་དུ། །རང་སྲོག་གཅོད་པའི་ས་བོན་སྒྲུབ། །སྨྱོ་ལས་ཕལ་གྱི་དོ་ཟླ་ཅི། །མདའ་ན་ཡོད་པའི་ས་ཞིང་འདི། །འབུ་སྲིན་རྣམས་ཀྱི་བཤས་ར་ཡིན། །འབུ་ཕྱེ་ཁ་ལ་འདེབས་པ་དང་། །སྨྱོ་ཆུ་བག་མེད་འཐུང་བ་འདི། །སྨྱོན་པ་མིན་པ་སུ་ཡིས་ནུས། །སྨན་ཤར་གསེར་གཡུས་བརྒྱན་པ་དེ། །མི་གཙང་རྐྱལ་བ་མངོན་སུམ་ན། །མི་གཙང་གསེར་བུམ་བླུགས་པ་འདྲ། །ཁྱོད་ལ་སྣ་མིག་མེད་དམ་ཅི། །མ་སྨྱོའི་སྤྱོད་པ་ཡ་མཚན་ཆེ། །ཁྲེལ་དང་ངོ་ཚའི་གོས་དང་བྲལ། །འཚེ་དང་ཆོམ་རྐུན་འཁྲིག་པ་སོགས། །བྱ་མིན་སྣ་དགུ་བྱེད་བཞིན་དུ། །ངོ་ཚའི་གནས་ལ་ངོ་ཚ་མེད། །ངོ་མི་ཚ་ལ་ངོ་ཚ་ཞེས། །གཅེར་ལང་བྱེད་འདི་མི་མཚར་རམ། །སྲོག་གི་ཕྱིར་དུ་ལུས་སྲུང་ཞིང་། །ལུས་ཀྱི་ཕྱིར་དུ་ནོར་སྲུང་ན། །ནོར་གྱི་ཕྱིར་དུ་རང་གི་སྲོག །སྨྱོན་པ་མིན་པ་སུ་ཞིག་འདོར། །མ་བསད་ན་ཡང་རང་བཞིན་དུ། ལས་ཀྱིས་ཤི་འགྱུར་ཤའི་རྐྱལ་པར། །དོན་མེད་མཚོན་གྱིས་བསྣུན་བྱེད་པ། །དཔའ་བར་རློམ་པ་མ་སྨྱོས་སམ། །གང་དང་འཕྲད་ན་རི་རབ་ཀྱང་། །ཐལ་བར་བྱེད་ནུས་དམྱལ་མེའི་ཁར། །ཕྱེ་ལེབ{བྱེ་སླེབ}བཞིན་དུ་མཆོང་བྱེད་པ། །བསྔགས་འོས་ཡིན་ན་སྨད་འོས་སུ། །འདྲེ་སྲིན་འབྱུང་པོ་ཤ་ཟ་སོགས། །མཁའ་ལ་རྒྱུ་བའི་ཡི་དྭགས་རིགས། །ཁྱོད་ལས་མགྱོགས་པ་མང་ཡོད་ཅིང་། །ཁྱོད་ལས་འཇིགས་པའང་དུ་མ་ཡོད། །དེ་ལས་ཆེས་ཆེར་འཇིགས་པ་ཡི། །མི་བཟད་དམྱལ་བའི་འཇིག་རྟེན་ཡང་། །ལག་པ་བརྐྱང་བསྐུམ་ཙམ་གྱིས་ནི། །ཁྱོད་སྤྱོད་འདི་འདྲས་མཐོང་བར་ནུས། །གཡོ་སྒྱུས་མི་མགོ་བསྐོར་བསྐོར་ནས། །ནམ་ཕུག་རང་མགོ་རང་གིས་གཡོགས། །གནས་ངན་གནས་ནས་ཐར་དུས་མེད། །ཁྲག་སྦྱོར་ཆད་ལས་རྒྱུན་མི་འཆད། །རྒྱལ་ཁ་རང་གིས་བླངས་བླངས་ནས། །ཕམ་ཁ་ཐམས་ཅད་རང་གིས་ཁུར། །སྐྱེ་བ་འབུམ་ཕྲག་དུ་མར་ཡང་། །གཞན་གྱི་བྲན་བྱེད་ཉིད་དུ་འགྱུར། །རང་དོན་འབའ་ཞིག་བསྒྲུབས་བསྒྲུབས་ནས། །རང་ཕུང་གཞན་ཕུང་གཉིས་ཀ་ཕུང་། །ངན་སོང་གསུམ་ལ་གཏན་ཡུལ་བྱས། །ནམ་ཡང་ཐར་པ་ཐོབ་དུས་མེད། །ཀྱི་ཧུད་མི་ལུས་བྱུར་པོ་ཆེ། །རྣམ་རིག་བཀྲ་ཡང་སྨྱོན་པའི་ཐ། །རང་གཞན་གཉིས་ཕུང་གདོན་ཆེན་འདི། །ཀྱེ་མ་ཇོ་ཇོའི་སྙིང་དུ་ཞུགས། །ནུ་བོ་ང་ནི་མ་འཁྲུལ་ཏེ། །དང་པོ་སྐྱེ་བ་གཅེར་བུར་སྐྱེས། །ཐ་མ་འཆི་དུས་གཅེར་བུར་འགྲོ། །ལུས་དང་གོས་གཉིས་འབྲེལ་བ་མེད། །དེ་ཕྱིར་གཅེར་བུ་རྒྱུ་བ་ཡིན། །འདི་ལ་སྨྱོ་འཁྲུལ་ཅི་ཞིག་འདུག །སྐྱེས་པ་ཕོ་རུ་གྲུབ་ཕྱིན་ཆད། །ཕོ་དབང་འདི་ནི་སུ་ལའང་ཡོད། །ལུས་ཀྱི་ཡན་ལག་འདྲ་མཉམ་ལ། །འདི་སྦ་གཞན་མིན་ཅི་ཡི་ཕྱིར། །འདི་མཐོང་ངོ་ཚ་ཅི་ལ་ཟེར། །ལུས་འདི་མི་གཙང་རྒྱུ་ལས་གྲུབ། །ཐོག་མར་མི་གཙང་མངལ་ནས་བྱུང་། །ཐ་མ་མི་གཙང་རྡུལ་དུ་འཛག །ད་ལྟའང་མི་གཙང་རྐྱལ་པ་རུ། །མངོན་སུམ་གྲུབ་ལ་སུ་ཞིག་བསྙོན། །མི་གཙང་རྐྱལ་པ་མི་གཙང་ཁྲོད། །རྒྱུ་ལ་ཉེས་པ་ཅི་ཞིག་ཡོད། །མི་གཙང་བ་ལ་མི་གཙང་བ། །བསྣན་ཡང་དེ་ལ་འགལ་བ་ཅི། །ཁྱེད་ཅག་མི་གཙང་རྫས་ལ་སྤྱོད། །མི་གཙང་གཞན་ལའང་བྱི་དོར་བྱེད། །མི་གཙང་ཁ་ཆུ་འཐུང་བཞིན་དུ། །བདག་ལ་མི་གཙང་གཉེར་རོ་ཞེས། །འཕྱ་ཞིང་སྨོད་ལ་སྐྱུག་བྲོའི་གཏམ། །སྨྲ་བ་སྨྱོ་ངག་མ་ཡིན་ན། །སྨྱོ་ངག་བྱ་བ་རྙེད་མི་འགྱུར། །སུ་ལའང་ཆགས་སྡང་མི་བསྐྱེད་ཅིང་། །གང་ལའང་ཕན་གནོད་མི་འགྱུར་བའི། །འབྲེལ་མེད་ཀུ་ཅོ་བཏོན་པ་འདིས། །རྣམ་པར་སྨིན་པ་ཅི་ཞིག་བསྐྱེད། །སྡིག་འབྲས་ལྕེ་ལ་སྨིན་ངེས་པའི། །བརྫུན་དང་ཕྲ་མ་ཚིག་རྩུབ་སོགས། །རང་གཞན་གཉིས་ཀ་ཕུང་བྱེད་པའི། །ཆགས་སྡང་གཏམ་ལ་མི་ཚེ་འདའ། །སྐྱོན་ལ་དེ་ཉིད་མི་ཆེའམ། །དེ་ཕྱིར་རང་བསམ་མ་བཏང་བའི། །བརྗོད་པ་ར་སྤུའི་འུར་རྡོ་འདྲ། །རང་ལ་འཁོར་བ་མི་ཤེས་སམ། །དེ་བས་སྨྲ་བཅད་བྱས་ན་ལེགས། །ཞེས་སྨྲས་དགྲ་འདུལ་ཁ་རོག་འདུག །དེ་ནས་བློ་བཟང་དབང་ཆེན་གྱིས། །དགེ་བཟང་མདོ་མེད་སྙིང་རྗེ་ཟེར། །དེས་ཀྱང་ཁྱོད་རང་སྙིང་རྗེ་ཟེར། །བློ་བཟང་སྙེམས་པས་འདི་སྐད་དོ། །མདོ་ཤོར་མ་སྨྲ་ཁ་རོག་སྡོད། །ང་ལ་སྙིང་རྗེ་བྱ་མི་དགོས། །ང་དང་མཉམ་པ་ཙམ་མེད་ན། །ང་ལས་ལྷག་པ་གཞན་སུ་ཡོད། །ཆུང་དུས་དགོན་སྡེའི་གྲྭ་ས་འགྲིམ། །ཆོ་ག་ཆོས་སྤྱོད་ང་རང་མཁས། །གར་འཆམ་དབྱངས་རོལ་ཕྱག་རྒྱ་སོགས། །ཀུན་གྱིས་དེང་སང་ང་ལ་འདྲི། །དགེ་འདུན་འཚོགས་གྲལ་ང་རེ་སྐྱིད། །གྲལ་སྟོད་གདན་ཁྲི་མཐོན་པོའི་སྟེང་། །ང་ཉིད་སེང་གེ་བཞིན་དུ་འགྱིང་། །རི་དབང་གསེར་རིའི་བསྐོར་བ་བཞིན། །ང་ཡི་གཟི་བརྗིད་མཚུངས་པ་མེད། །ང་ཡི་མགྲིན་དབྱངས་བསྒྱུར་བའི་ཚེ། །གཡུ་འབྲུག་སྔོན་མོའི་སྐད་ལས་ཆེ། །སྙན་འགྱུར་ཚངས་པའི་དབྱངས་ལ་འགྲན། །དད་ཅན་མིག་ནས་མཆི་མ་ཤོར། །ཟང་ཟིང་འབུལ་བ་ཆར་ལྟར་འབབས། །ང་ཡི་གར་འཆམས་བསྐྱོད་པའི་ཚེ། །ལྷ་ཕྲུག་རྩེ་གར་བྱེད་པ་འདྲ། །མིག་འཕྲུལ་མིན་ན་རུང་ངོ་ཞེས། །ཀུན་གྱིས་མཐུན་པར་གླེང་ཞིང་བལྟ། །མི་ཆོས་འདུན་མ་འཚོགས་པའི་ཚེ། །ལྷ་དབང་གྲོས་ལ་འདུན་པ་འདྲ། །རྣམ་དཔྱོད་ཅན་རྣམས་ང་ལ་འདུན། །ང་ལས་དབང་ཆེན་སུ་ཡང་མེད། །ཚོང་དང་བཏང་སྡུད་བྱེད་དུས་སུ། །ང་ནི་ཚོང་དཔོན་ནོར་བཟང་འདྲ། །ཚོང་ཕྲུག་རྣམས་ཀྱི་དྲི་ས་ཡིན། །རྒྱ་ཟོང་ནོམ་རྒྱུས་ང་རང་ཆེ། །རྒྱ་དབུས་གཉིས་ཀྱི་བར་ཐག་ཏུ། །ང་ཡི་གྲགས་པས་མ་ཁྱབ་མེད། །ཤག་བཤེས་བརྒྱ་དང་རྩ་བརྒྱད་ཡོད། །འདིར་བྱོན་འདིར་བཞུགས་ལུང་པ་འགེང་། །ཤ་ཆང་མགྲོན་ལ་འཛད་དུས་མེད། །ཟོང་ལ་མི་བྲིམ་གཅིག་ཀྱང་མེད། །སྐྱེད་ལ་མ་ཕོག་བྱ་བ་མེད། །དེ་ཕྱིར་ད་ལྟ་འབྱོར་པ་རྒྱས། །ཆོས་དང་འཇིག་རྟེན་གང་ཐད་ནས། །བྱ་བ་མ་གྲུབ་ཡོད་མ་མྱོང་། །དགྲ་འདུལ་གཉེན་སྐྱོང་ཕོ་རུས་ཐོན། །ཡུལ་མི་ཀུན་གྱི་རེ་ས་ཡིན། །དགོན་སྡེའི་འགྱེད་དང་བཏང་སྒོ་ཟིན། །ད་ལྟ་མིས་སྨོན་རང་ཉིད་སྐྱིད། །བུ་བཟང་སེང་གེ་བདག་འདྲ་ལ། །བུ་ངན་བོང་བུ་ཁྱོད་འདྲ་བའི། །སྤུན་ཟླ་བྱུང་བ་ཀྱེ་མ་ཧུད། །ལུགས་གཉིས་བྱ་གཞག་ཕར་ཞོག་གིས། །རང་གི་ཁ་རྒྱབ་གསོ་བ་ཙམ། །མི་ཤེས་ཧྲུལ་པོ་ཁྱོད་འདྲ་བ། །རྒྱ་བོད་འགྲིམས་ཀྱང་ངས་མ་མཐོང་། །ཡར་ལ་གྲྭ་རྫ་མ་ཆོད་ཅིང་། །མར་ལ་གྲོང་གཡོག་མ་ཐོན་པའི། །མདོ་མེད་སྤྲང་པོ་ཁྱོད་འདྲ་བས། །མི་ཚེའི་ཉི་མ་ག་ལ་ཕྱིད། །དེ་བས་ང་ཡི་ཁ་ཉན་ན། །མདོ་མེད་སྤྲང་འཁྱམ་མ་བྱེད་པར། །ང་ཡི་ཟླ་ལ་ཕྱི་བཞིན་འབྲང་། །འཕྲལ་དགོས་མཐུན་རྐྱེན་སྦྱིན་ཞེས་ཟེར། །དགེ་འདུན་བཟང་པོས་འདི་སྐད་དེ། །མདོ་མེད་བློ་བཟང་དབང་ཆེན་ཁྱོད། །སེར་མོའི་ལུས་ལ་ཁྱིམ་པའི་སེམས། །ཆ་ལུགས་བཟང་ལ་སྤྱོད་ཚུལ་དམན། །མདོ་ཅན་རློམ་པའི་མདོ་ཤོར་བོ། །རྣམ་རིག་བཀྲ་ཡང་ཕྱུགས་དང་འདྲ། །ད་རེས་དལ་འབྱོར་མི་ལུས་ཐོབ། །ཀུན་མཁྱེན་ཐུབ་པའི་བསྟན་ལ་མཇལ། །མཁན་སློབ་བཤེས་ཀྱིས་རྗེས་བཟུང་ཡང་། །བསླབ་པ་སྣ་གཅིག་བསྲུང་མིན་པར། །གཡོ་སྒྱུས་མི་མགོ་བསྐོར་བ་འདི། །ཀྱེ་མ་རང་གིས་རང་བསླུས་མཚར། །ང་རྒྱལ་རང་མཐོང་ཆེ་བ་དེ། །ཡོན་ཏན་དྲི་ཡིས་མ་གོས་རྟགས། །སྐྱོན་ལ་ཡོན་ཏན་རློམ་པའི་ངག །ཚོགས་སུ་ཕྱུང་འདི་ཀྱེ་མ་བླུན། །ཆུང་དུས་གྲྭ་སའི་མང་སྐོར་ཕྱིར། །རང་ལ་དབང་མེད་གཞན་གྱིས་བསྐུལ། །ཆོ་ག་ཆོས་སྤྱོད་ཙམ་ཤེས་པ། །དེ་ལ་ངོ་མཚར་ཅི་ཞིག་ཆེ། །གར་དབྱངས་ལུས་ངན་རྣམ་རིག་གཟུགས། །གཞན་གྱི་ལད་མོ་སུས་ཀྱང་ཤེས། །སྤྲེའུ་ནེ་ཙོ་སོགས་ལ་ཡང་། །བསླབས་ན་ལོབས་{ལོབ}པར་ཅིས་མ་མཐོང་། །ཡོན་ཏན་མེད་པའི་གྲལ་གོང་དེ། །ཝ་སྐྱེས་རྒྱལ་པོར་བསྐོས་དང་མཚུངས། །མཐོ་མཐོ་བྱས་པ་དམའ་བའི་རྒྱུ། །ནམ་ཕུག་ཕུང་བར་མི་ཤེས་སམ། །སྐད་གདངས་ཆེ་བས་ཕན་ན་ནི། །བོང་བུ་སོགས་ཀྱང་བསྔགས་པར་འོས། །མཆོང་{འཕྱོང}རྒྱང་ཆེ་ལ་ཅི་ཞིག་མཚར། །ཟློས་གར་མཁན་དང་སྤྲ་སྤྲེ་སོགས། །ཁྱོད་ལས་མཚར་བ་དུ་མ་མཐོང་། །མི་ཆོས་འདུན་མ་དྲི་བ་དེ། །ལྷ་ཆོས་དྲི་ཡིས་{ཡི}མ་གོས་རྟགས། །ཆོས་དང་འཇིག་རྟེན་མེ་ཆུ་བཞིན། །འགལ་བར་དམ་པ་རྣམས་ཀྱིས་བཤད། །རྒྱུ་མཚན་གཅིག་གིས་ཕྱི་མ་དང་། །གཅིག་གིས་ཚེ་འདི་དོན་གཉེར་ཕྱིར། །དེང་སང་སྙིགས་མའི་སྤྱི་ལུགས་ལ། །རང་འདོད་སུ་ཆེ་གཙོ་བོ་བྱེད། །ངན་གཡོ་ཅན་གྱི་སྐྱེ་བོ་རྣམས། །གཅིག་རྒྱབ་གཅིག་སྐྱོར་ཆོས་ཉིད་ཡིན། །ཚོང་དང་གཡོ་སྒྱུའི་མགོ་བསྐོར་དེ། །ཐར་པའི་སྲོག་རྩ་གཅོད་པའི་མཚོན། །སྐྱོན་ལ་དེ་ལས་ཆེ་བ་སུ། །འཕགས་པས་གཟིགས་ན་མི་ཁྲེལ་ལམ། །རྒྱ་བོད་གཉིས་ན་གནས་མོ་བརྒྱས། །འདིར་བྱོན་འདིར་བཞུགས་སྐད་པ་དེའི། །རྒྱུ་མཚན་ཅི་ཡིན་སེམས་ལ་གསལ། །དུག་སྦྲུལ་རུམ་དུ་བཅུག་ན་ཡང་། །ཕུང་ཀྲོལ་དེ་ཙམ་བསྐྱེད་མི་ནུས། །ཤ་ཆང་མགྲོན་ཁ་འཛད་མེད་དེ། །འཕྲལ་དུ་ཞིམ་ཡང་ཕུགས་སུ་ཕུང། །ཁ་ཟས་དུག་དང་འདྲེས་པ་དེ། །སྨྱོན་པ་མིན་པ་སུ་ཞིག་སྤྱོད། །ཁྱད་པར་བཅོམ་ལྡན་འདས་ཉིད་ཀྱིས། །དེ་ནི་ང་ཡི་རྗེས་འཇུག་མིན། །ང་ཉིད་དེ་ཡི་སྟོན་པ་ནི། །མིན་ཞེས་གསུངས་པ་མ་མཐོང་ངམ། །རང་ཉིད་སྟོན་པ་མཆོག་དེ་ཡི། །རྗེས་འཇུག་མིན་པའི་ནང་ཆ་འདི། །ཚོགས་སུ་ཡོན་ཏན་ལྟར་སྒྲོགས་འདི། །ཀྱེ་མ་གདོན་ཆེན་གང་གིས་རློམ། །དགེ་བའི་འཕེལ་བསྐྱེད་མི་རྩི་བར། །ཟོང་གི་འཕེལ་སྐྱེད་རྩི་བ་འདིས། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ། །ཕག་ནོར་འབུལ་ལམ་ཅི་ཞིག་བྱེད། །དགེ་འདུན་སྤྱི་ཡི་ཡོ་བྱད་ཀྱིས། །ཟླ་དགའ་ཟ་གྲོགས་ཚོལ་མཁས་ན། །ཡུལ་མིས་བསྔགས་པ་ལོས་ཀྱང་བརྗོད། །ད་ལྟ་སྐྱིད་དེ་ཕྱི་མ་སྡུག །དགོན་སྡེའི་བཏང་སྒོ་ཟིན་ཚོད་རེད། །སྙིང་རེ་རྗེའོ་བློ་དབང་པ། །ང་ནི་ཆུང་ནས་རབ་ཏུ་བྱུང་། །ངེས་འབྱུང་རླུང་གི་རྟ་ཕོ་ལ། །ཞེན་ལོག་མཚར་མོའི་སྒ་སྟན་བསྟོད། །ཡེངས་མེད་བརྩོན་པའི་ལྕག་ཀྱིས་བྲབ། །འཁོར་བའི་བཙོན་ལས་ཐར་པར་བྲོས། །བསླུ་བྲིད་བདུད་ཀྱིས་ཚུགས་སྙམ་མེད། །སྔོན་ཚེ་བདག་ཅག་སྟོན་པས་ཀྱང་། །འཁོར་སྒྱུར་རྒྱལ་སྲིད་བོར་ནས་ཀྱང་། །བས་མཐར་དཀའ་ཐུབ་ནགས་སུ་གཤེགས། །འཁོར་ལའང་འདོད་ཆུང་ཆོག་ཤེས་དང་། །སྦྱངས་ཡོན་བཅུ་གཉིས་ཕ་ཕོག་སྩལ། །བདག་ཀྱང་དེ་རྗེས་ཡིད་སྨོན་འཆའ། །ཁྱེད་ཀྱི་ཁ་ལ་ང་མི་ཉན། །དེ་ཕྱིར་སོ་སོར་གནས་ན་བདེ། །ཁྱེད་ཀྱང་བསམ་གཞིག་ཐོངས་ཤིག་ཟེར། །དེ་ལྟར་སྲིད་པའི་ཁྱེ་ཆུང་བཞི། །འདོད་པ་མི་མཐུན་སོ་སོར་གྱེས། །དེ་ཚེ་ཡུལ་དེའི་སྐྱེ་བོ་ཀུན། །འདུས་ཀྱང་འདུམ་པར་མ་ནུས་ནས། །དཔྱོད་ལྡན་དྲང་སྲོང་རྒན་པོའི་དྲུང་། །ཞལ་ལྕེ་གཅོད་པའི་དཔང་པོ་ཞུས། །དེ་ཚེ་དྲང་སྲོང་རྒན་པོ་དེས། །སྙན་པའི་ངག་གིས་འདི་སྐད་སྨས། །ཁྱེའུ་སྤུན་བཞི་ང་ལ་ཉོན། །ང་ནི་དྲང་སྲོང་རྒན་པོ་སྟེ། །གཙུག་ལག་གཉིས་ལ་གོམས་འདྲིས་བྱས། །བླང་དོར་གནས་ལ་ཅུང་ཟད་བརྟགས། །ཁྱེད་ཅག་ཀུན་ལ་གློ་བ་བྱམས། །དེ་ཕྱིར་དྲང་པོའི་ངག་ལ་ཉོན། །ཆོས་དང་འཇིག་རྟེན་གང་ལའང། །དྲངས་ཤིང་གཡོ་སྒྱུ་མེད་པ་ཡིས། །ཕན་ཚུན་མཐུན་པར་གྱུར་པའི་གཏམ། །ཞི་དལ་དྲང་པོར་སྨྲས་ན་ལེགས། །མཐུན་པས་བདག་བདེ་གཞན་ཡང་བདེ། །འཁྲུགས་པས་རང་ཕུང་གཞན་ཡང་ཕུང་། །རྩུབ་མོས་རང་བསྲེགས་གཞན་ཡང་བསྲེགས། །སྙན་པས་བདག་དགའ་གཞན་ཡང་དགའ། །ང་རྒྱལ་རང་མཐོང་ཆེ་བ་དེ། །ནམ་ཕུག་གཞན་གྱིས་དམའ་དབབ་རྒྱུ། །ཡོན་ཏན་གཞན་གྱིས་མ་བརྗོད་ན། །རང་བསྟོད་བྱས་པས་ཅི་ལ་ཕན། །གཞན་སྐྱོན་མཛུབ་མོས་འབྲུ་བ་དེ། །རང་སྐྱོན་ཁོང་ན་ཡོད་པའི་རྟགས། །རང་སྐྱོན་རང་གིས་སུན་ཕྱུང་ན། །གཞན་སྐྱོན་རང་ལ་ཅི་ཞིག་གནོད། །ལར་ནི་འཕགས་ཆེན་མ་གཏོགས་པ། །སྐྱོན་མེད་འཇིག་རྟེན་ཁམས་ན་དཀོན། །གང་གིས་གང་ལ་ཅི་ཕྱིར་སྨོད། དེ་ཕྱིར་སྨྲ་བ་བསྐྱུངས་ན་ལེགས། །སྒྲ་རྣམས་བྲག་ཆའི་རོལ་མོ་འདྲ། །བདེན་ནམ་རྫུན་ནམ་གང་ལ་ཡང་། །ཕན་གནོད་ཡོད་པ་ངས་མ་མཐོང་། །ལུས་ནི་སེམས་མེད་བེམ་པོ་དངོས། །སེམས་ནི་དངོས་མེད་ནམ་མཁའ་འདྲ། །དེ་ལ་སུས་ཕན་སུ་ཡིས་གནོད། །ལེགས་པར་སོམས་དང་ཁྱེའུ་བཞི། །གཏན་དུ་ཕན་པ་དམ་པའི་ཆོས། །ད་རེས་རྟེན་འདིར་མ་འགྲུབ་ན། །ཇི་ལྟར་སྨྲས་ཀྱང་དོན་འབྲས་སྟོར། །ནམ་ཕུག་འགྱོད་པར་འགྱུར་ཏ་རེ། །ཞེས་གསུངས་ཁྱེའུ་བཞི་པོ་ཡང་། །འདུམ་ནས་མཐུན་པར་འདི་སྐད་གསོལ། །ཨེ་མ་དྲང་སྲོང་ལྷ་ཡི་སྲས། །དེ་རིང་མཇལ་བ་སྐལ་བ་བཟང་། །ཁྱོད་གསུང་བདུད་རྩིའི་སྨན་ཆེན་གྱིས། །བདག་ཅག་ཁོང་སྐྲན་གཅོང་ནད་ཞི། །ད་ནི་རང་སྐྱོན་རང་གིས་མཐོང་། །སྔར་བྱས་འགྱོད་དོ་ཕྱིན་ཆད་སྡོམ། །སྐྱོན་མེད་འཕགས་པའི་སྲས་ཁྱོད་ཀྱི། །རྗེས་སུ་འཇུག་གོ་བཀའ་ལུང་སྩོལ། །དེ་ནས་དྲང་སྲོང་རྒན་པོ་ཡང་། །དགའ་བས་འཛུམ་ཕྱུང་འདི་སྐད་དོ། །གང་དག་གདུལ་དུ་རུང་བ་དེ། །སྐྱེ་བོ་དམ་པའི་མཚན་ཉིད་ཡིན། །ཕན་སྨྲ་སྙིང་ལ་འཆང་བྱེད་པ། །དེ་ལ་ལེགས་ཚོགས་མ་ལུས་འདུ། །ཕན་པར་འདོམས་པ་བླ་མ་སྟེ། །ཚུལ་བཞིན་སྒྲུབ་པ་སློབ་མ་ཡིན། །དེ་ཕྱིར་ཁྱོད་ལ་ལེགས་པར་བཤད། །གུས་པའི་ཡིད་ཀྱིས་སྤྱི་བོས་ལོངས། །ད་རེས་དལ་འབྱོར་མི་ལུས་ཐོབ། །བྲན་གཡོག་ལ་སོགས་གཞན་དབང་མིན། །རང་དབང་ཆོས་ལ་སྤྱོད་ཡོད་པ། །འདི་འདྲ་བསྐལ་བརྒྱར་རྙེད་པ་དཀའ། །སངས་རྒྱས་བསྟན་དང་མཇལ་གྱུར་ཅིང་། །བཤེས་གཉེན་དམ་པས་ཟིན་དུས་འདིར། །སྙིང་ནས་ཆོས་ལ་མི་བརྩོན་ན། །དེ་ལས་སྨྱོ་དང་འཁྲུལ་ཚབས་ཅི། །སྐྱེས་ཙམ་ཉིད་ནས་གསོད་བྱེད་པའི། །འཆི་བདག་དྲུང་དུ་བསྙེགས་གྱུར་ཀྱང་། །བག་མེད་རྩེ་དགས་གཡེང་བྱེད་པ། །ཀྱི་ཧུད་མི་ནི་ཕྱུགས་བས་བླུན། །སྔོན་ཆད་མཐོང་དང་ཐོས་པའི་ཡུལ། །འདྲིས་བཤེས་ཕལ་ཆེར་མི་སྣང་ན། །ཁྱེད་ཅག་འབའ་ཞིག་རྟག་གམ་ཅི། །ཅི་ཕྱིར་སོས་དལ་བག་ཡངས་སྤྱོད། །རང་མགོ་རང་གིས་མ་བཏོན་ན། །གཞན་དག་འདོན་མཁན་སུ་ཞིག་ཡོད། །རང་སེམས་རང་ལ་མི་དཀར་རམ། །དེ་བས་སྙིང་ལ་འཛུབ་མོ་ཚུགས། །ཨེ་མ་སྲིད་པའི་གནས་འདི་ན། །བདེ་སྡུག་ཐམས་ཅད་ལས་ཀྱིས་བྱས། །ལས་ནི་རི་མོ་མཁན་དང་འདྲ། །ཡ་མཚན་ལྟད་མོ་མི་ཆེ་འམ། །གནའ་ཞིག་མི་མཇེད་འཛམ་གླིང་འདིར། །བདེ་སྐྱིད་ལྷ་དང་མཉམ་མོ་སྐད། །ཟས་སྐོམ་བདུད་རྩིའི་དྭངས་མར་སྤྱོད། །གོས་སུ་རང་བྱུང་ཤིང་བལ་གྱོན། །སྒྲོན་མེ་རང་གི་ལུས་ཀྱིས་ཆོག །འགྲོ་ན་རྫུ་འཕྲུལ་མཁའ་ལ་བསྐྱོད། །ཚེ་ཡང་དཔག་མེད་ཐུབ་ཅེས་གྲགས། །དེ་ཚོ་དགེ་བཅུ་སྤྱོད་པའི་འབྲས། །དེང་སང་དུས་ཀྱི་ཐ་མ་ལ། །ཟས་ལ་བཅུད་མེད་སྦང་རུལ་འདྲ། །གོས་ལ་བཀྲག་མེད་ཐལ་བའི་མདོག །གདོང་ལ་སྣུམ་མེད་སྐྱ་ལ་ཧམ། །དཔལ་འབྱོར་ཁྱོར་བའི་ཆུ་བཞིན་ཟག །ཚེ་ལ་ངེས་མེད་རི་གཟར་རྦབ། །འདི་འདྲ་མི་དགེ་སྤྱད་པའི་མཐུ། །ད་རུང་ཇེ་བས་ཇེ་ཞན་ཏེ། །དམ་པ་མི་བཀུར་གཡོན་ཅན་བཀུར། །བཟང་དྲིན་མི་རྩི་ངན་ལན་འཇལ། །ཕན་སྨྲ་མི་ཉན་གནོད་སྨྲ་ཉན། །བཟང་སྤྱོད་མི་བསླབ་ངན་སྤྱོད་བསླབ། །ཡར་ལ་མི་བལྟ་མར་ལ་བལྟ། །ཡར་འགྲོ་མི་སྙོག་མར་འགྲོ་སྙོག །བཟང་སྤྱོད་ཇེ་བས་ཇེ་འགྲིབ་ལ། །ངན་སྤྱོད་ཇེ་བས་ཇེ་དར་ཏེ། །མི་སྤྱོད་ཟླ་རེ་ཟླ་རེས་འགྱུར། །དུས་ཀྱང་ལོ་རེ་ལོ་རེས་ཞན། །མཐར་ནི་ཚེ་ལོ་བཅུ་པའི་དུས། །ལུས་ཀྱང་མཐོ་གང་ཆག་གང་ལ། །ཟས་ཀྱི་མཆོག་ཏུ་ཀོ་ཊ་པ། །གོས་ཀྱི་མཆོག་ཏུ་སྐྲ་ཡི་ལྭ། །རྒྱན་གྱི་མཆོག་ཏུ་མཚོན་ཆ་སྟེ། །ནད་མཚོན་མུ་གེས་མཐའ་མར་བྱེད། །དེ་ཀུན་མི་དགེའི་རང་གཟུགས་ཏེ། །ལས་འབྲས་སྟོན་པའི་མེ་ལོང་ཡིན། །ད་ལྟ་ཕ་མ་གཅིག་གི་བུ། །བསམ་སྤྱོད་མི་འདྲ་སོ་སོར་སྣང་། །ཚེ་བསོད་མི་མཉམ་ཐ་དད་པ། །འདི་འདྲ་སྔོན་བསགས་ལས་ཀྱི་མཐུ། །ཕྱི་མའི་སྣང་ཚུལ་འདི་དང་འདྲ། །དེ་ཕྱིར་ལས་འབྲས་འདོར་ལེན་མཛོད། །མ་ཀའི་དམྱལ་ཁམས་བཅོ་བརྒྱད་ན། །ཚ་གྲང་ཁྲག་སྦྱོར་རྒྱུན་མི་ཆད། །ཡི་དྭགས་བཀྲེས་སྐོམ་གདུང་བས་གཟིར། །དུད་འགྲོ་བཀོལ་སྤྱོད་བལྟས་པས་གསལ། །མི་ལ་སྐྱེ་རྒ་ན་འཆི་མང་། །ལྷ་མིན་འཐབ་རྩོད་རྒྱུན་མི་ཆད། །ལྷ་ལ་འཕོ་ལྟུང་བསམ་མི་ཁྱབ། །གཟུགས་དང་གཟུགས་མེད་འདུ་བྱེད་ཉིད། །སྲིད་ན་བདེ་བ་འགའ་ཡང་མེད། །འདི་ལ་མ་ཆགས་ལྷ་ཆོས་མཛོད། །གཏན་དུ་ཕན་པ་དམ་པའི་ཆོས། །ད་ལྟ་རང་གིས་མ་སྒྲུབ་ན། །འཆི་ཁར་འགྱོད་པས་ཅི་ལ་ཕན། །མདོ་དོན་ཆེ་ཆུང་ད་རེས་ཡིན། །སྙིང་ལས་གཅེས་པའི་ཁྱེའུ་བཞི། །ད་ནི་དམ་པའི་ཆོས་ལ་སྤྱོད། །ཕ་ཁྱིམ་བདུད་ཀྱི་བཙོན་ར་ཡིན། །གཉེན་གྲོགས་ཐར་ལམ་བར་གཅོད་བདུད། །ཟང་ཟིང་དགྲ་འདྲེའི་གཡབ་མོ་ཡིན། །སྙན་གྲགས་བདུད་ཀྱི་ཕྱེ་གཏོར་དངོས། །འདི་ལ་མ་ཆགས་ལྷ་ཆོས་མཛོད། །སྡུག་བསྔལ་འཁོར་བའི་འཇིགས་པ་ལས། །སྐྱོབ་ནུས་བླ་མ་དཀོན་མཆོག་གསུམ། །སྐྱབས་འདིས་ནམ་ཡང་བསླུ་མི་སྲིད། །དེ་ལ་ཡིད་ཆེས་སྐྱབས་སུ་སོང་། །བསླབ་བྱ་དགག་སྒྲུབ་ཆ་མཐུན་གསུམ། །ལྷ་གཞན་མི་བརྟེན་སེམས་ཅན་ལ། །འཚེ་དང་སྡིག་པའི་གྲོགས་པོ་སྤོངས། །རྟེན་ལ་གུས་བསྐྱེད་སྲོག་ཕྱིར་ཡང་། །སྐྱབས་གསུམ་མི་འདོར་མཆོད་པར་བྱ། །དེས་ནི་ངན་འགྲོར་མི་ལྟུང་ཞིང་། །རྟག་པར་མཆོག་གསུམ་ཐུགས་རྗེས་སྐྱབས། །སྒྲིབ་སྦྱང་ཚོགས་གཉིས་རྫོགས་པ་སོགས། །ཕན་ཡོན་མཁའ་མཉམ་ཚད་བཟུང་བྲལ། །སྲིད་པ་བཙོན་ར་བཞིན་དུ་མཐོང་། །འདུ་བྱེད་གཤེད་མ་ལྟ་བུར་རྟོགས། །གང་ལའང་ཆགས་ཞེན་མེད་པའི་བློས། །ཡང་དག་ཐར་པར་བགྲོད་འདོད་པའི། །བཅོས་མིན་ངེས་པར་འབྱུང་བའི་བློ། །འདི་ནི་སོ་ཐར་ངོ་བོ་སྟེ། །ཡོན་ཏན་ཀུན་གྱི་གཞི་རྟེན་ཡིན། །བསླབ་བྱ་གཞན་གནོད་སྤོང་བ་གཙོ། །ངེས་འབྱུང་རྒྱུད་ལ་མ་སྐྱེས་ཤིང་། །གཞན་ལ་འཚེ་བ་སྤོང་མིན་ན། །ཕྱི་ཚུལ་ལེགས་ཀྱང་དགོས་འབྲས་སྟོང་། །མགོ་སྤུ་བྲེགས་པས་ཅི་ལ་ཕན། །དེང་སང་དུས་ཀྱི་ཐ་མ་ལ། །བསླབ་པ་སྣ་གཅིག་སྲུང་ནུས་ན། །བསོད་ནམས་ཚད་མེད་རྒྱལ་བས་གསུངས། །དེ་ཕྱིར་རྩ་བཞི་ཆང་ལྔའི་ཁྲིམས། །སྲོག་ལ་བབས་ཀྱང་མ་འདོར་ཅིག །བྱམས་དང་སྙིང་རྗེས་གཞི་བཟུང་སྟེ། །ཕ་མ་འགྲོ་ཀུན་སྲིད་མཚོ་ལས། །སྒྲོལ་ཕྱིར་བྱང་ཆུབ་དོན་གཉེར་བའི། །བློ་ནི་བྱང་སེམས་ངོ་བོ་སྟེ། །འདི་ཡོད་རྫོགས་བྱང་ལས་མི་ལྡོག །འདི་མེད་བྱང་ཆུབ་ཐོབ་མི་སྲིད། །ཕན་ཡོན་ཚད་མེད་རྒྱལ་བས་ཀྱང་། །བསྒྲང་དཀའ་རྒྱལ་བ་ཉིད་དང་མཚུངས། །བསླབ་བྱ་གཞན་ཕན་སྒྲུབ་ལ་འདུ། །གཞན་ཕན་བསམ་སྦྱོར་མི་ལྡན་ན། །ཁ་སྦྱང་ཙམ་གྱིས་ཅི་ལ་ཕན། །གང་ལ་སེམས་ཀྱི་དམ་པ་དེ། །མངའ་ན་ཁྱིམ་པ་ཡིན་ཡང་རུང་། །ལྷར་བཅས་སྐྱེ་བོའི་ཕྱག་བྱའི་གནས། །དེ་ཕྱིར་སྨོན་སེམས་མི་འདོར་ངོས། །གཞན་གྱི་དགེ་བར་ཡི་རངས་ཤིང་། །རང་གིས་གང་སྤྱད་གཞན་དོན་དུ། །བྱང་ཆེན་རྒྱུ་རུ་བསྔོ་བར་བྱོས། །དེ་ཡིས་ཚོགས་གཉིས་མྱུར་རྫོགས་འགྱུར། །གང་སྣང་བདེ་བ་ཆེན་པོ་རུ། །ལེགས་རྟོགས་ཐབས་ཤེས་ཟབ་མོ་ཡིས། །ཐ་མལ་མཚན་རྟོག་སྡོམ་བྱེད་པ། །གསང་བ་སྔགས་ཀྱི་སྡོམ་པ་ཡིན། །འདི་ནི་གསང་ཆེན་ངེས་པའི་ལུང་། །དབང་རྣོན་ཚེ་གཅིག་གྲོལ་བྱེད་པ། །བླ་མེད་རྒྱུད་ཀྱི་དགོངས་པའི་མཐིལ། །སྣང་སྲིད་དག་མཉམ་ཆེན་པོའོ། །དབང་ཐོབ་དམ་ཚིག་མ་ཉམས་ན། །ལམ་ལ་འབད་པར་མ་བྱས་ཀྱང་། །སྐྱེ་བ་བདུན་ནས་གྲོལ་འགྱུར་ཞེས། །རྒྱལ་བ་རྡོ་རྗེ་འཆང་གིས་གསུངས། །དབང་ཐོབ་དམ་ཚིག་མ་བསྲུངས་ན། །ངན་སོང་དམྱལ་བ་རིན་གྱིས་ཉོས། །འདི་ལས་ཕུང་ཚབས་ཆེ་བ་སུ། །དེ་ཕྱིར་འདི་ལ་བག་ཡོད་མཛོད། །བསླབ་བྱ་བསྲུང་མཚམས་མང་མོད་ཀྱི། །སྒོ་གསུམ་རྡོ་རྗེ་གསུམ་ཤེས་ན། །དམ་ཚིག་འབུམ་སྡེ་ཚང་ཞེས་གསུངས། །རྟག་ཏུ་བླ་མ་སྤྱི་བོར་བཀུར། །མཆེད་གྲོགས་མིག་གི་འབྲས་བཞིན་བཙའ། །བདག་གཞན་མཉམ་པའི་དོན་ལ་སྤྱོད། །བསྐྱེད་རྫོགས་དབྱེར་མེད་ཉམས་ལེན་མཛོད། །གཞི་ནི་བདེ་གཤེགས་སྙིང་པོ་སྟེ། །རང་བཞིན་འདུས་མ་བྱས་པའི་དབྱིངས། །ངོ་བོ་སྟོང་ལ་རང་བཞིན་གསལ། །རྟག་ཆད་གཉིས་ཀྱི་མཐར་མི་གནས། །ཐུགས་རྗེ་རིག་པའི་སྙིང་པོར་ཞུགས། །སྐུ་གསུམ་ཡོན་ཏན་འདུ་འབྲལ་མེད། །ཉི་མཁའ་བཞིན་དུ་གདོད་ནས་དག །འདི་ཡོད་འཁོར་འདས་འཆིང་གྲོལ་འཐད། །འདི་མེད་འཁོར་འདས་ལྟེ་ཆད་འགྱུར། །དེ་ཉིད་རིག་ན་སངས་རྒྱས་ཏེ། །གདོད་མའི་མགོན་པོ་ཡེ་སངས་རྒྱས། །དེ་ཉིད་མ་རིག་འཁོར་བའི་རྒྱུ། །འགྲོ་དྲུག་སེམས་ཅན་མེད་བཞིན་འཁྲུལ། །འཁྲུལ་དུས་ཉིད་ནའང་རང་བཞིན་ནི། །འོད་གསལ་བུམ་ནང་མར་མེ་བཞིན། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །འདི་ལ་མདོ་རྒྱུད་དགོངས་པ་མཐུན། །ངེས་དོན་ཆོས་ཀྱི་སྙིང་པོ་ཡིན། །དེ་ཕྱིར་གློ་བུར་སྒྲིབ་པའི་ཚོགས། །སྦྱོང་ཕྱིར་མདོ་སྔགས་ལམ་ཀུན་བསྟན། །དེ་ཡང་མྱུར་བུལ་ཁྱད་ཙམ་ལས། །མཐར་ཕྱིན་འབྲས་བུ་ཁྱད་པར་མེད། །འོན་ཀྱང་དབང་རྣོན་གྲོལ་བའི་ལམ། །འབྲས་བུ་སྔགས་ཀྱི་ལམ་ཁྱེར་ནི། །དབང་ཐོབ་དམ་ཚིག་ལ་གནས་པས། །ལྟ་སྤྱོད་ཏིང་འཛིན་དབྱེར་མེད་པ། །ཟུང་འཇུག་ལམ་ལ་འབད་པ་གནད། །འདི་ལྟར་སྣང་གྲགས་རྟོག་ཚོགས་ཀུན། །ཡེ་ནས་སངས་རྒྱས་རང་བཞིན་ཆེ། །དག་མཉམ་སྤྲོས་བྲལ་ངེས་བྱས་ནས། །གནས་ཚུལ་ཡང་དག་དང་མཐུན་པར། །བསྐྱེད་རྫོགས་དབྱེར་མེད་རྣལ་འབྱོར་སྒོམས། །སྣང་ཆ་ལྷ་སྐུའི་ཕྱག་རྒྱ་སྟེ། །བསོད་ནམས་ཚོགས་ཆེན་འདི་ཡིས་རྫོགས། །འབྲས་བུ་གཟུགས་སྐུའི་ཉེར་ལེན་ཡིན། །སྟོང་ཆ་ཆོས་ཉིད་སྐྱེ་བ་མེད། །དོན་དམ་ཡེ་ཤེས་ཚོགས་ཆེན་རྫོགས། །འབྲས་བུ་ཆོས་སྐུ་མངོན་དུ་བྱེད། །དེ་གཉིས་ཐ་དད་མ་ཡིན་ཏེ། །ཡེ་ནས་ཟུང་འཇུག་ཉི་མཁའ་བཞིན། །བསྐྱེད་རྫོགས་དབྱེར་མེད་ལྷུན་གྱིས་གྲུབ། །མཐར་འབྲས་ངོ་བོ་ཉིད་སྐུར་སྦྱོར། །དེ་ཕྱིར་དེ་ལ་འབད་མཛོད་དང་། །དོན་གཉིས་བསམ་ཀུན་འགྲུབ་སྟེ་མཆི། །སྙིང་གཏམ་ཡིན་ནོ་ཐུགས་ལ་ཆོོངས། །ཟབ་དོན་ཡལ་བར་མ་འདོར་ཅིག །ཅེས་སྨྲས་དགོན་པའི་ནགས་སུ་སོང་། །དེ་ནས་ཁྱེའུ་སྤུན་བཞི་ཡང་། །ངེས་འབྱུང་རླུང་གིས་རབ་བསྐུལ་ནས། །དྲང་སྲོང་ཐད་དུ་དཀའ་བ་སྤྱད། །འཆི་ཁར་ལམ་སྣ་ཟིན་ཅེས་གྲགས། །དེ་སྐད་སྨྲ་བའི་གཏམ་གྱི་གླིང་བུ་འདི་ནི་སྐལ་བཟང་སྐྱེ་བོའི་ཚོགས། །བླང་དོར་གནས་ལ་བསྐུལ་དང་ཉམས་མཚར་སླད་དུ་སོར་མོའི་འཕྲུལ་གྱིས་བཀོད། །མང་དུ་བརྗོད་ན་མཐའ་མེད་མདོ་ཙམ་བཤད་པ་འདིར་ཡང་དགོས་འབྲས་ཅི། །འོན་ཀྱང་བློ་གསལ་དགའ་བ་བསྐྱེད་ཕྱིར་རེ་དོགས་མེད་པའི་ཚུལ་གྱིས་སོ། །ཞེས་པའང་བྷིཀྵུ་ཨཀྵ་ར་པདྨ་ཤ་ས་ན་དྷཱ་རས་ཉམས་མཚར་ཙམ་དུ་གང་དྲན་བརྗོད་པའི་ཡི་གེ་པ་ནི་ཐུབ་བསྟན་ཆོས་འཕེལ་གྱིས་བགྱིས་པ་དགེ། །།


previous སྲིད་པའི་ཁྱེའུ་སྤུན་བཞི་དང་དྲང་སྲོང་རྒན་པོའི་གཏམ་སྨྱོ་འཁྲུལ་རང་སངས། next