Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
དགོན་སྡེ་རྣམས་ལ་གཏམ་དུ་བྱ་བ།
   
   
   
   
   
   
   


 
previous དགོན་སྡེ་རྣམས་ལ་གཏམ་དུ་བྱ་བ། next

དགོན་སྡེ་རྣམས་ལ་གཏམ་དུ་བྱ་བ།

༄༅། །དགོན་སྡེ་རྣམས་ལ་གཏམ་དུ་བྱ་བ། ན་མོ་མཉྫུ་ཤྲཱི་ཡེ། ཡེ་ཤེས་སྐུ་ཅན་ཁྱབ་བདག་འཁོར་ལོའི་མགོན། །སྙིང་གི་པདྨོར་འབྲལ་མེད་བཀོད་བྱས་ནས། །བརྩེ་བའི་སེམས་ཀྱིས་ཕན་པའི་གཏམ་འདི་བརྗོད། །ཐུགས་ལ་ཞོག་ཅིག་དོན་མཐུན་གྲོགས་པོ་རྣམས། །སྲིད་ན་སངས་རྒྱས་ཞེས་པའི་སྒྲ་འདི་ཡང་། །བསྐལ་པ་བྱེ་བ་དུ་མར་ཐོས་དཀའ་ན། །དེ་ཡི་བསྟན་ལ་འཇུག་པའི་སྐབས་ཐོབ་ཚེ། །དོན་འབྲས་ཅུང་ཟད་བླངས་ན་མི་ལེགས་སམ། །དམ་པའི་ཆོས་འདི་ཐུབ་པ་ཆེན་པོས་ཀྱང་། །སྐུ་སྲོག་ཕངས་{འཕང}མེད་བཏང་ནས་བཙལ་བ་ཡིན། །ད་ལྟ་གང་འདོད་ཆོས་ལ་སྤྱོད་ཡོད་ཚེ། །རང་སྐལ་མ་ཆད་ཙམ་རེ་བྱུང་ན་ལེགས། །དེ་ལྟ་ན་ཡང་འཛམ་གླིང་ཉི་ཤར་ཚེ། །འབྱུང་པོའི་བྱ་རྣམས་ལོང་བར་གྱུར་པ་བཞིན། །སྐལ་ཉེས་རྣམས་ནི་མུན་ནས་མུན་པར་འཕྱན། །སྐལ་བཟང་རྣམས་ནི་སྣང་ནས་སྣང་བར་བགྲོད། །དམ་པའི་ཆོས་དང་འགལ་བའི་ཉེས་སྤྱོད་རིགས། །རང་གཞན་སུ་ལ་ཡོད་ཀྱང་འདོར་འོས་མོད། །སྐལ་ཉེས་རྣམས་ལ་འཛེམ་བག་རྡུལ་ཙམ་མེད། །སྐལ་བཟང་རྣམས་ནི་བག་ཡོད་ཁྲེལ་གྱིས་འཚོ། །རྒྱལ་བས་བསྔགས་པའི་ཆོས་འདུལ་རིན་པོ་ཆེ། །སྟོན་དང་བསྟན་པ་གཉིས་ཀ་དེང་བཞུགས་ཀྱང་། །སྐལ་ཉེས་རྣམས་ལ་རང་རང་ལས་ཀྱིས་བསྐལ། །སྐལ་བཟང་རྣམས་དང་ནམ་ཡང་འབྲལ་མེད་འགྲོགས། །སྟོན་པས་ལེགས་གནང་རྣམ་གསུམ་ངུར་སྨྲིག་འདི། །ལྷར་བཅས་སྐྱེ་རྒུས་མཆོད་པའི་རྒྱན་གཅིག་ཀྱང་། །སྐལ་ཉེས་རྣམས་ཀྱི་ལུས་ལ་ཡོངས་མ་འཚམ། །སྐལ་བཟང་རྣམས་ནི་དེ་དང་འབྲལ་བ་མེད། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་རིན་ཆེན་འདི། །ཡོན་ཏན་འཛད་མེད་འབྱུང་བའི་གཏེར་ཡིན་ཀྱང་། །སྐལ་ཉེས་རྣམས་ཀྱིས་ངན་སྐྱུགས་བཞིན་དུ་འདོར། །སྐལ་བཟང་རྣམས་ནི་དེ་ལས་འདོད་པ་འཇོ། །ནག་ཆང་གསོད་རྐུ་གཡོ་ཁྲམ་ངན་སྤྱོད་འདི། །ཐར་པའི་སྲོག་རྩ་གཅོད་པའི་མཚོན་ཡིན་ཀྱང་། །སྐལ་ཉེས་རྣམས་ནི་དེ་ལ་རྟག་ཏུ་སྤྱོད། །སྐལ་བཟང་རྣམས་ནི་དེ་ལ་དུག་བཞིན་འཛེམ། །དྲི་མེད་ཐོས་བསམ་སྒོམ་པའི་བདུད་རྩི་འདི། །ཐར་པའི་སྲོག་ཟུངས་བརྟན་པའི་སྨན་ཡིན་ཀྱང་། །སྐལ་ཉེས་རྣམས་ཀྱི་མགྲིན་པར་ཡོངས་མ་ཆུད། །སྐལ་བཟང་རྣམས་ཀྱི་སྙིང་གི་བུམ་པར་བསྐྱིལ། ཐུབ་བསྟན་སྙིང་པོ་ལུང་རྟོགས་བཤད་སྒྲུབ་གཉིས། །གང་གིས་འཛིན་དེ་བསྟན་འཛིན་མཆོག་ཡིན་ཀྱང་། །སྐལ་ཉེས་རྣམས་ནི་དེ་ལ་གཤེ་ཞིང་སྡང་། །སྐལ་བཟང་རྣམས་ཀྱིས་ཡི་རང་བསྔགས་པ་བརྗོད། །ཕན་བདེའི་འབྲས་སྦྱིན་མཁན་སློབ་དགེ་བའི་བཤེས། །འདི་ཕྱིའི་དགེ་ལེགས་ཀུན་གྱི་གཞི་ཡིན་ཡང་། །སྐལ་ཉེས་རྣམས་ནི་དེ་ལ་ཐབས་ཀྱིས་བྱོལ། །སྐལ་བཟང་རྣམས་ནི་སྤྲོ་དགས་རྒྱུན་དུ་བསྟེན། །མི་དགེའི་བཤེས་དང་ལོག་པའི་བསྟན་བཅོས་འདི། །རྣམ་ཀུན་ཉེས་པ་ཀུན་གྱི་རྟེན་རྩ་ཡང་། །སྐལ་ཉེས་རྣམས་ནི་དེ་ལ་བློ་གཏད་འཆའ། །སྐལ་བཟང་རྣམས་ནི་དེ་ལས་རྒྱང་རིང་བྱོལ། །ཕན་པར་འདོམས་པ་རྒྱལ་བཀའ་ཚད་མའི་ལུང་། །དེ་ལ་རྟོན་རྣམས་འཕྲལ་ཡུན་ཀུན་འཚེང་ཡང་། །སྐལ་ཉེས་རྣམས་ཀྱི་རྣ་བར་ཡོངས་མི་འབབ། །སྐལ་བཟང་རྣམས་ཀྱི་སྙིང་གི་བདུད་རྩིར་བྱེད། །སྔོན་སྲོལ་བཟང་པོ་སྨན་ཤིང་རྩ་བ་འདྲ། །རང་གཞན་འདི་ཕྱིར་ཕན་པའི་སྒོ་ཡིན་ཡང་། །སྐལ་ཉེས་རྣམས་ཀྱིས་རྩ་བ་དྲུང་ནས་འབྱིན། །སྐལ་བཟང་རྣམས་ནི་དེ་ལ་གཅེས་སྤྲས་བྱེད། །ད་སྲོལ་ངན་པ་དུག་གི་ས་བོན་འདྲ། །རིམ་གྱིས་སྨིན་ནས་རང་གཞན་ཀུན་ཕུང་ཡང་། །སྐལ་ཉེས་རྣམས་ནི་དེ་ཡི་སོ་ནམ་བརྩོན། །སྐལ་བཟང་རྣམས་ནི་དེ་ལ་འཇིགས་ནས་བྱོལ། །སྒྱུ་མེད་དྲང་པོར་སྨྲ་བ་བདེན་པའི་ངག །གང་གིས་ཉན་ལ་ལེགས་པའི་དཔལ་འདུ་ཡང་། །སྐལ་ཉེས་རྣམས་ཀྱིས་དེ་ལ་དགྲ་རུ་མཐོང་། །སྐལ་བཟང་རྣམས་ནི་དེ་ལ་ཡིད་རྟོན་འཆའ། །གཡོན་ཅན་ངོ་དགའི་བསླུ་ཚིག་དུག་ཆུ་འདི། །རང་གཞན་གཉིས་ཀ་ཕུང་བའི་རྒྱུ་ཡིན་ཀྱང་། །སྐལ་ཉེས་བློ་ཆུང་རྣམས་ནི་དེའི་རྗེས་འབྲང་། །སྐལ་བཟང་བློ་ཆེན་རྣམས་ནི་རྣ་བ་དགབ། །ཕན་སེམས་བཟང་པོ་བཅུད་ལེན་སྨན་མཆོག་འདི། །སུ་ལ་ཡོད་ཀྱང་རང་གཞན་རྒུད་པ་སེལ། །སྐལ་ཉེས་རྣམས་ཀྱི་ལྟོ་བར་ཡོངས་མ་ཆུད། །སྐལ་བཟང་རྣམས་ནི་རྟག་ཏུ་འདི་ཡིས་འཚོ། །གནོད་སེམས་ངན་པ་རལ་གྲི་ཤུབ་མེད་འདི། །གང་གིས་བཅང་བ་འདི་ཕྱི་གཉིས་ཕུང་ཡང་། །སྐལ་ཉེས་རྣམས་ཀྱིས་དུས་རྒྱུན་རུམ་དུ་སྦ། །སྐལ་བཟང་རྣམས་ནི་འདི་ལ་བག་གཟོན་བྱེད། །སྙན་པར་སྨྲ་བས་བདག་དགའ་གཞན་ཡང་དགའ། །དེ་ལ་བརྟེན་ནས་དོན་ཀུན་འགྲུབ་གྱུར་ཀྱང་། །སྐལ་ཉེས་རྣམས་ཀྱི་ལྕེ་ལ་ཡོངས་མི་འབབ། །སྐལ་བཟང་རྣམས་ཀྱིས་དོན་ཀུན་འདི་ཡིས་སྒྲུབ། །རྩུབ་མོའི་ཚིག་གིས་བདག་སྲེག་གཞན་སྲེག་ཅིང། །དེ་ལ་བརྟེན་ནས་འཁྲུག་སློང་ཀུན་འབྱུང་ཡང་། །སྐལ་ཉེས་རྣམས་ཀྱིས་གང་སྨྲས་འཐབ་མོའི་ཚིག །སྐལ་བཟང་རྣམས་ནི་དེ་ཚུལ་ཤེས་ནས་སྡོམ། །རྟག་ཏུ་དགེ་འདུན་མཐུན་པ་བདེ་བའི་མཆོག །བསྟན་འགྲོའི་བདེ་སྐྱིད་མཐའ་དག་དེས་བསྐྱེད་མོད། །སྐལ་ཉེས་རྣམས་ཀྱིས་འཁྲུག་སློང་མེ་ལྟར་སྦར། །སྐལ་བཟང་རྣམས་ཀྱིས་དེ་ཉིད་གཞིལ་ལ་བརྩོན། །འདུས་སྡེའི་བཅའ་ཁྲིམས་རང་དོན་མཛེས་རྒྱན་ཏེ། །དེ་ལ་བརྟེན་ནས་ལེགས་པ་ཀུན་འབྱུང་ཡང་། །སྐལ་ཉེས་རྣམས་ནི་དེ་ལ་ཐབས་ཀྱིས་བྱོལ། །སྐལ་བཟང་རྣམས་ནི་འབད་པས་དེ་ལ་འདུན། །སྤྲོས་བཅས་དབྱངས་རོལ་རིག་འཛིན་གོང་མའི་སྲོལ། །ཁུངས་དང་འབྲེལ་ཞིང་དགོས་དོན་རྒྱ་ཆེ་ཡང་། །སྐལ་ཉེས་རྣམས་ནི་གཞན་གཡམ་རྒྱུག་ལ་དགའ། །སྐལ་བཟང་རྣམས་ནི་སྔོན་སྲོལ་འཛིན་ལ་བརྩོན། །ཚོམ་བུ་ཚོགས་སྒྲུབ་གསང་སྔགས་ཉེ་ལམ་མཆོག །གཞུང་བཞིན་སྤྱད་ན་གྲུབ་གཉིས་འདོད་འཇོ་ཡང་། །སྐལ་ཉེས་རྣམས་ཀྱིས་དམ་ཉམས་ཁྱུ་གཅིག་སྒྲུབ། །སྐལ་བཟང་རྣམས་ནི་རིག་འཛིན་ས་ལ་སྦྱོར། །བསླབ་གསུམ་སྦྱངས་ཡོན་འཕགས་པའི་ནོར་བདུན་སོགས། །མཆོག་ལ་མ་བསྩལ་དམན་ལ་མ་བསྐལ་ཡང་། །སྐལ་ཉེས་རྣམས་ཀྱིས་ཤས་ཙམ་ཐོབ་པ་མེད། །སྐལ་བཟང་རྣམས་ནི་དཔག་མེད་འབྱོར་པས་ཕྱུག །རང་གཞན་དོན་གྲུབ་རྣམ་མཁྱེན་འབྲས་བུ་འདི། །ཁུད་དུ་མ་བཅད་ཀུན་གྱི་སྤྱི་ནོར་ཡང་། །སྐལ་ཉེས་རྣམས་ལ་རྒྱ་མཚོའི་མཐའ་བས་རིང་། །སྐལ་བཟང་རྣམས་ལ་སུག་མཐིལ་གཏེར་བཞིན་གནས། །ཐམས་ཅད་མཐུན་ཞིང་སྤྱི་ཚིས་འདུན་དྲིལ་ན། །ལུགས་གཉིས་གང་ཡང་མི་འགྲུབ་མི་སྲིད་ཀྱང་། །སྐལ་ཉེས་རྣམས་ཀྱིས་ངན་ཤེད་སུ་ཆེར་འགྲན། །སྐལ་བཟང་རྣམས་ཀྱང་དེང་དུས་ཡིད་ཆད་སྐྱེས། །ཡེ་ཤེས་སྤྱན་ལྡན་དམ་ཅན་རྒྱ་མཚོའི་ཚོགས། །ཡོངས་ལ་སྙོམས་ཀྱང་ལེགས་ཉེས་སྟངས་འཛིན་ཕྱིར། །སྐལ་ཉེས་རྣམས་ནི་བཀའ་ཡི་ཆད་པས་གཟིར། །སྐལ་བཟང་རྣམས་ལ་སྟོང་གྲོགས་གཡེལ་བ་མེད། །དེ་ཕྱིར་དམ་པའི་རྣམ་ཐར་རྗེས་སུ་ཞུགས། །ངན་སྤྱོད་མ་རབས་སྐྱེ་བོའི་རྗེས་མ་འབྲངས། །རྟག་པར་དྲན་དང་ཤེས་བཞིན་བག་ཡོད་པས། །རྒྱལ་བ་དགྱེས་པའི་ལམ་ལ་སློབ་མཛོད་ཀྱེེ། །འདི་ནི་གཞན་སྐྱོན་དཀྲུགས་པའི་ཚེར་མ་མིན། །རང་སྐྱོན་ལྟ་བའི་མེ་ལོང་ཉིད་ཡིན་པས། །བདེན་ནམ་མི་བདེན་ཕན་གནོད་གང་སྨྲས་ཞེས། །གཟུར་གནས་བློ་ལྡན་རྣམས་ལ་དྲིས་དང་གསལ། །བདེན་ཞིང་ཕན་པར་སྨས་ན་དེ་བཞིན་མཛོད། །མི་བདེན་གནོད་པར་སྨྲས་ན་འདོར་བར་འོས། །ཕན་པའི་སེམས་ཀྱིས་ཞུས་ལ་ཐུགས་མ་ཁྲེལ། །དགེ་བས་དགེ་འདུན་མཐུན་ཞིང་བདེ་གྱུར་ཅིག །དེ་སྐད་ལུགས་གཉིས་བྱ་བ་མ་ཐོན་ནས། །དབེན་པར་འཆི་བ་སྒུག་པའི་སྙོམ་ལས་པ། །ཡང་ཡང་རྣ་བ་གཙེར་བའི་གཡར་ཁྲལ་དུ། །ཁྱི་ལོ་ཟླ་བ་དང་པོའི་ཚེས་ལ་སྤྲིངས། །ཞེས་པའང་རྒན་པོ་བི་ཛས་སོ། །


previous དགོན་སྡེ་རྣམས་ལ་གཏམ་དུ་བྱ་བ། next