Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
བསླབ་བྱ་མདོར་བསྡུས་སུ་བརྗོད་པའི་གཏམ་དོན་འདུས་སྙིང་པོ།
   
   
   
   
   
   


 
previous བསླབ་བྱ་མདོར་བསྡུས་སུ་བརྗོད་པའི་གཏམ་དོན་འདུས་སྙིང་པོ། next

བསླབ་བྱ་མདོར་བསྡུས་སུ་བརྗོད་པའི་གཏམ་དོན་འདུས་སྙིང་པོ།

༄༅། །བསླབ་བྱ་མདོར་བསྡུས་སུ་བརྗོད་པའི་གཏམ་དོན་འདུས་སྙིང་པོ་བཞུགས་སོ། །ན་མོ་མཉྫུ་ཤྲཱི་ཡེ། ལེགས་པར་བཤད་ཀུན་འབྱུང་བའི་སྒོ་གཅིག་པུ། །མཁྱེན་པའི་བདག་པོ་ཡེ་ཤེས་རལ་གྲི་ཅན། །དམར་སེར་ཉི་མ་འཆར་ཀའི་ལང་ཚོའི་དཔལ། །ཁྱེད་ཀྱི་སྙིང་ལ་འབྲལ་བ་མེད་པར་འཛོད། །སྔོན་བསགས་ཚུལ་ཁྲིམས་གཙང་མའི་ས་བོན་མཆོག །ལེགས་སྨོན་ཆུ་ལུད་དྲོད་ཀྱིས་བསྐྱེད་པའི་འབྲས། །ད་རེས་དལ་འབྱོར་སྙེ་མར་འཁྲུངས་གྱུར་ཚེ། །དོན་མེད་འདིར་སྣང་བྱ་བས་བསླུ་ཏ་རེ། །སྐྱོབ་པ་མཆོག་དེས་གྲངས་མེད་བསྐལ་པ་རུ། །འུ་བུའི་དོན་དུ་བརྩོན་པའི་གོ་བགོས་ཏེ། །དཀའ་བ་བརྒྱ་ཡིས་བཙལ་པའི་དམ་ཆོས་མཛོད། །ཟང་ཟིང་མེད་པར་སྩལ་བའི་སྐུ་དྲིན་སོམས། །སྲིད་པའི་དབུལ་བ་མཐའ་དག་རྒྱུན་གཅོད་པའི། །བསགས་པ་ཅན་གྱི་ཕ་ཡི་བང་མཛོད་འདི། །རྣམ་དཔྱོད་ལྡན་པས་བརྩོན་པས་སྲུང་མིན་ན། །དེ་ལས་བླུན་པ་སྲིད་ཞིའི་ཁོངས་ན་སུ། །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་གྱིས། །དཀའ་བས་བཙལ་ཞིང་ཐུགས་ལ་བརྣག་པའི་བཅུད། །གྲོལ་བ་དྲུག་ལྡན་གདམས་ཟབ་བདུད་རྩིའི་ཀླུང་། །ལོངས་སུ་སྤྱོད་འདི་སྐལ་བ་ཅིས་མི་བཟང་། །རང་གཞན་གཏན་གྱི་དབུལ་བ་སེལ་བའི་ནོར། །བླང་དོར་གནས་ལ་ལྟ་བའི་སྒྲོན་མ་ཆེ། །རྒུད་པར་གྱུར་ཀྱང་མི་འབྲལ་གྲོགས་ཀྱི་མཆོག །ཐོས་བསམ་སྒོམ་པའི་ཤེས་རབ་ལས་གཞན་སུ། །དམ་པ་རྣམས་ཀྱིས་བསྔགས་པར་བྱ་བའི་གནས། །ཡ་རབས་སྐྱེ་བོས་རྟག་པར་སྨོན་པའི་གཞི། །དཀར་ཕྱོགས་ལྷ་རྣམས་དགྱེས་ཤིང་འགོ་བའི་རྟེན། །བཤད་སྒྲུབ་ཐོས་བསམ་སྒོམ་ལས་གཞན་ཡོད་མིན། །ཤཱཀྱའི་སྲས་ཀྱི་བསྟན་པ་ལུང་རྟོགས་གཉིས། །དེར་འཛིན་བྱེད་པ་བཤད་དང་སྒྲུབ་པ་སྟེ། །གང་ལ་འདི་ཡོད་བསྟན་འཛིན་སྐྱེས་བུ་མཆོག །འདི་མེད་རི་མོར་བྲིས་པའི་མར་མེ་བཞིན། །གང་ལ་རྒྱལ་བའི་སྲས་ཀྱིས་མི་བསླབ་པའི། །ཤེས་བྱའི་དངོས་དེ་འགའ་ཡང་ཡོད་མིན་ཕྱིར། །འབྲི་ཀློག་སྒྲ་ཚད་བཟོ་གསོ་ཡན་ལག་བཅས། །འབད་པས་བཙལ་ཞིང་གུས་པས་སྦྱང་བར་གཅེས། །མྱུ་གུ་གསར་པ་ལྟ་བུའི་གནས་སྐབས་འདིར། །གཞན་རྐྱེན་གྲོགས་ཀྱིས་བསྒྱུར་ལ་རག་ལས་པས། །དམ་པ་བསྟེན་ཞིང་དམ་པའི་གྲོགས་དང་འགྲོགས། །བླང་དོར་གནས་ལ་སྤྱན་དཀྱུས་རིང་བར་མཛོད། །དགེ་བའི་བཤེས་བསྟེན་ཚངས་པར་སྤྱོད་ལ་གུས། །སྡིག་པའི་གྲོགས་སྤངས་དམན་པའི་སྤྱོད་པ་དོར། །ཆོས་ཀྱི་མི་ངོམས་མཚོ་ཆེན་ལྟ་བུ་ཡི། །སྐྱེས་བུ་དེ་ནི་ཡོན་ཏན་དཔལ་གྱིས་འཚོ། །ཐུབ་གསུང་མཐའ་དག་ངེས་དོན་ཀློང་དུ་གཅིག །བརྒྱུད་པའི་ཁུངས་དང་རྣམ་ཐར་སོ་སོར་ཆེ། །དེ་སླད་ཀུན་ལ་དག་སྣང་རབ་སྦྱང་ངོས། །རང་རང་སྔོན་ལས་གང་འབྲེལ་གཙོ་བོར་ཟུང་། །དེང་སང་བསྟན་པ་ནུབ་ལ་ཉེ་དུས་འདིར། །ཉིན་ཞག་གཅིག་ཙམ་བསླབ་ཁྲིམས་སྲུང་བ་དང་། །ཚིགས་བཅད་གཅིག་གི་ཉན་བཤད་དོན་སྒོམ་པའི། །བསོད་ནམས་དཔག་མེད་ཐུབ་པས་བསྔགས་དེར་གཟིགས། །གང་ལ་ཚུལ་ཁྲིམས་རིན་ཆེན་རྒྱན་ཡོད་པ། །དེ་ནི་མང་པོའི་ནང་ན་ཉི་མ་བཞིན། །འཁོར་གྱིས་དབུས་སུ་སྤོབས་པ་མཐོ་བ་ཡིན། །རིགས་གཟུགས་དམན་ཡང་ཀུན་གྱིས་བཀུར་བའི་གནས། །འདི་མེད་མཁས་ཀྱང་བསྟན་འགྲོའི་དོན་མི་འགྲུབ། །ཀུན་གྱིས་འཕྱ་སྨོད་གཏམ་ངན་རྩོད་སོགས་གཞི། །ཞུམ་དང་འཇིགས་བཅས་འཆབ་འདོད་གྱ་གྱུའི་ཡིད། །དྲང་པོ་རྣམས་ཀྱང་མི་དྲང་གནས་སུ་འཕེན། །ངང་ཚུལ་མི་རྟོག་བ་ལང་གསེར་རྒྱན་ཅན། །ནག་ཆང་བསད་ཤ་ལོག་འཚོའི་ཁ་ཟས་དང་། །ཚོང་དང་གཡོ་སྒྱུ་སྡིག་ལ་ཕལ་ལས་ཀྱང་། །བརྩོན་གང་བསྟན་འཛིན་ཡིན་ན་བསྟན་བཤིག་སུ། །ནང་གི་ཀླ་ཀློ་སྙིང་ལ་མ་ཞུགས་ན། །ཕྱི་རོལ་འཚེ་བ་བརྒྱ་ཡིས་སུ་ལ་ཅི། །དོན་ལ་ངེས་པའི་གདེང་ཐོབ་འཕགས་ཆེན་རྣམས། །བདུད་དམགས་བྱེ་བ་འཁྲུགས་ཀྱང་གཙེས་ནུས་མིན། །ནང་དུ་རང་རྒྱུད་ཆོས་ཀྱིས་མ་དུལ་ན། །ཕྱི་ཚུལ་བཅོས་མའི་ཀུན་སྤྱོད་མཛེས་ཁྲིགས་བརྒྱ། །རྐྱེན་དང་འཕྲད་ཚེ་རང་ཚུལ་སྟོན་པ་མང་། །དེ་བས་རྟག་པར་རང་གི་རྒྱུད་ལ་རྟོག །བསོད་ནམས་བསགས་ལ་བསམ་ཀུན་ངང་གིས་འགྲུབ། །བསོད་ནམས་མ་བསགས་འབད་ཀྱང་ངལ་བའི་རྒྱུ། །རེ་བའི་ས་ནས་བསླུས་པ་ཤིན་ཏུ་མང་། །རེ་དོགས་མ་ཆེ་ལྷ་ལ་གསོལ་བ་ཐོབ། །ད་ལྟའི་བདེ་སྡུག་སྔོན་བསགས་འབྲས་བུའི་མཐུ། །ཕྱི་མའི་བདེ་སྡུག་ད་ལྟའི་ལས་ལ་རག །འདིར་སྣང་དཔོན་གྱིས་མི་སྐྱོབ་ཡིད་ཆད་རྒྱུ། །དེ་བས་གཙོ་བོར་ལྷ་ཆོས་སྙིང་པོར་ཟུངས། །དེང་སང་སྐྱེ་བོ་མི་བསྲུན་གྱ་གྱུའི་སེམས། །ལེགས་སྣ་མི་འདྲེན་ཉེས་སྣ་འདྲེན་ལ་བརྩོན། །བཟང་པོའི་ཟོལ་གྱིས་བསླུ་བ་ཆེས་མང་བས། །རང་ཚུགས་ཟུངས་ལ་མཆོག་གསུམ་བློ་གཏད་ཞུས། །ཟང་ཟིང་ལོངས་སྤྱོད་སྦྲང་བུའི་རྩི་དང་འདྲ། །རང་ལ་མི་ཕན་གཞན་གྱིས་སྤྱོད་པའི་རྒྱུ། །བསགས་སྲུང་བརླགས་པའི་སྡུག་བསྔལ་དེ་ལ་མང་། །འདོད་ཆུང་ཆོག་ཤེས་འཕགས་པའི་སྤྱི་ནོར་ཡིན། །དགྲ་ཡང་མི་ཐུལ་ཞེ་སྡང་ཁོང་དུ་སོང་། །གཉེན་ཡང་འཁྱོང་དཀའ་ཞེན་པའི་ཕྲེང་ཐག་ཆོད། །རང་སེམས་ཉོན་མོངས་ཐུལ་ན་དེ་ཀ་རང་། །ཧ་ཅང་བྱ་བྱེད་མ་མང་རང་ཚོད་ཟུང་། །ནུས་པ་ཡོད་ན་བསྟན་ལ་གང་ཕན་བྱ། །ནུས་པ་མེད་ན་ལྷག་བསམ་སྨོན་ལམ་གདབ། །རྩོད་དང་སྨྲ་མཆུ་མང་པོའི་དགོས་པ་སྐྱུངས། །གཙོ་བོ་རང་རྒྱུད་ཆོས་ལས་མ་ཉམས་གལ། །སྲིད་པའི་ཕུན་ཚོགས་མི་བརྟན་འགྱུར་བ་ཅན། །སྐྱེས་པ་འཆི་དང་འདུས་པ་འབྲལ་བའི་ཆོས། །བསགས་པ་འཛད་དང་འབྱོར་མཐའ་རྒུད་པའི་རྒྱུ། །གང་ལའང་ཡིད་བརྟན་མེད་དོ་མཁྱེན་པར་མཛོད། །འདི་བྱ་འདི་བྱེད་ཕྱི་ཚིས་གྲབ་ཤོམ་འདི། །ཤི་ཤིར་འབད་ཀྱང་དེ་ལ་ཟིན་པ་མེད། །ཟིན་ཀྱང་དོན་ཆུང་མདང་གི་རྨི་ལམ་བཞིན། །དེ་བས་ལོང་མེད་བློ་སྣ་བསྟུང་བ་གཅེས། །དལ་བའི་དུས་སུ་བརྩོན་པས་མ་འབད་ན། །བྲེལ་བའི་དུས་སུ་འགྱོད་ཀྱང་འཕྱིས་ནས་མེད། །དེ་བས་སྐུ་ན་གཞོན་ཞེས་མ་སེམས་པར། །ལ་འུར་བརྩོན་པས་སྒྲུབ་ལ་འབད་པར་རིགས། །མ་བསྒྲུབས་ཆོས་དང་མ་བསླབས་རིགས་པ་འདིས། །དགོས་པའི་དུས་སུ་བསླུས་པ་ཤིན་ཏུ་མང་། །ཐོག་མ་ཉིད་ནས་གང་ཤེས་རྒྱུད་སྦྱར་ན། །ནམ་དགོས་དུས་སུ་བློ་བདེའི་གདེང་ཐོབ་འགྱུར། །སྲིད་པའི་གནས་ན་བདེ་བའི་གོ་སྐབས་མེད། །ཅུང་ཟད་བདེ་ཡང་འགྱུར་དང་འདུ་བྱེད་རྒྱུ། །ངན་སོང་འཁོར་བའི་སྡུག་བསྔལ་བཟོད་པར་དཀའ། །འདི་ལས་ཐར་ཐབས་དམ་པའི་ཆོས་ལས་གང་། །དེ་ཡང་ལས་འབྲས་མི་བསླུ་ཚད་མའི་ལུང་། །བླང་དོར་ཚུལ་བཞིན་བགྱིད་ལས་གཞན་ཡོད་མིན། །སྟོང་སྦོས་ཟོག་པོའི་རྗེས་སུ་མི་འབྲང་བར། །ལྟ་བ་མཐོ་ལ་སྤྱོད་པ་ཞིབ་པ་གཅེས། །མཁའ་ཁྱབ་འགྲོ་ཀུན་ཕ་མའི་རང་བཞིན་ལ། །ཉེ་རིང་ལྟ་བ་བྱིས་བློའི་སྐྱོན་དུ་ཟད། །ཀུན་སྙོམས་བྱམས་དང་སྙིང་རྗེ་ཆེན་པོའི་བློས། །བྱང་ཆུབ་སེམས་ཀྱི་གོ་ཆ་མི་འདོར་འཚལ། །གང་ལས་སྲས་བཅས་རྒྱལ་རྣམས་ལམ་མཐར་གཤེགས། །འདི་ཡོད་ཐེག་ཆེན་ལམ་ལས་ཕྱིར་ལྡོག་མིན། །འདི་མེད་ཐེག་ཆེན་ལམ་གྱི་སྐལ་བ་ཆད། །ཕན་ཡོན་ཚད་མེད་འཕགས་བློས་གཞལ་དཀའི་གནས། །རྟག་པར་འགྲོ་སྒྲོལ་ཁུར་ཁྱེར་དམ་བཅའི་ཤུགས། །སྲོག་ལ་ཐུག་ཀྱང་མི་འདོར་སྙིང་སྟོབས་ཅན། །སྐྱེས་བུ་དེ་ནི་དམན་ལམ་འཇུག་པ་མིན། །བསླབ་བྱ་ཀུན་གྱི་མདོ་འགག་འདི་ཁོ་ན། །བདག་བཞིན་སེམས་ཅན་བདེ་སྡུག་མཚུངས་ཉིད་ན། །བདག་ཕྱིར་གཞན་ལ་གནོད་པའི་ལས་མི་ཕྱེད། །བདག་བདེ་གཞན་གྱི་སྡུག་བསྔལ་བརྗེ་བ་འདི། །བདག་ཉིད་ཆེན་པོ་རྣམས་ཀྱི་ངང་ཚུལ་ལགས། །འདི་དག་མགུ་བྱས་ཕུན་ཚོགས་དཔལ་ཀུན་འཐོབ། །འདི་ལ་གནོད་བྱས་སྲིད་པའི་ཉེས་ཀུན་འབྱུང་། །འདི་ལ་ཕན་འདོགས་རྒྱལ་རྣམས་དགྱེས་སྐྱེད་མཆོག །འདི་ནི་གཞན་སྡུད་པ་ཡི་མཆོག་ཀྱང་ཡིན། །གང་ལ་གཏོང་བ་ཕུན་ཚོགས་ནོར་ལྡན་པ། །རང་གཞན་དབུལ་བ་རྒྱུན་གཅོད་འཛད་མེད་གཏེར། །སྐྱེ་བ་འཕོས་ཀྱང་མི་འབྲལ་རྗེས་སུ་འགྲོགས། །ནོར་གཞན་ཕལ་གྱིས་འདི་ལ་འགྲན་དུ་མེད། །སྡོམ་པའི་རྩ་བ་དགེ་སྡུད་ཡལ་འདབ་རྒྱས། །བསྡུ་བཞིའི་མེ་ཏོག་ཀུན་ཕན་གྲིབ་བསིལ་ཅན། །འདི་ཡི་གྲགས་པའི་དྲི་བཞོན་ཉམས་མིན་ཞིང་། །ཡང་སྲིད་ཀུན་ཏུའང་མངོན་མཐོའི་འབྲས་མང་འབྱིན། །བསྐལ་མང་བསགས་པའི་དགེ་ཚོགས་ལྗོན་པའི་ཚལ། །ཡུད་ཀྱིས་སྲེག་བྱེད་ཁྲོ་བའི་མེ་ཆེན་པོ། །བཟོད་པའི་ཆར་གྱིས་ཅིག་ཆར་གསོད་ནུས་པའི། །དཔའ་བོ་དེ་མཚུངས་སྲིད་པ་གསུམ་ན་མེད། །དགེ་ལ་སྤྲོ་བའི་བརྩོན་འགྲུས་རླུང་ཤུགས་ཀྱིས། །ཉེར་དྲངས་ལེ་ལོའི་ཚང་ཚིང་སྲེག་པའི་མེ། །གང་ལ་འབར་དེ་ཉི་མ་བཞིན་དུ་ལྷམ། །དེ་ཡི་སྟོབས་ནི་སུས་ཀྱང་བརྫི་བར་དཀའ། །རྣམ་གཡེང་འདམ་རྫབ་རྙོག་མས་སྦགས་མིན་པའི། །རྩེ་གཅིག་མཉམ་བཞག་དྭངས་པའི་རྫིང་བུ་རུ། །གཟུངས་སྤོབས་བློ་གྲོས་གཟའ་སྐར་གཟུགས་མང་འཛིན། །སྤྱན་དང་མངོན་པར་ཤེས་པའང་དེ་ལ་འཆར། །གང་ལ་རྣམ་བཀྲའི་ཤེས་རབ་མིག་ལྡན་པ། །དེ་ནི་ཉེས་པའི་གཡང་ལ་འཇུག་མི་འགྱུར། །སྲིད་རྩའི་འཁྲི་ཤིང་གཅོད་པའི་མཚོན་རྣོན་ཏེ། །ཡང་དག་ལམ་གྱི་སྒྲོན་མེའང་དེ་ཡིན་ནོ། །ཆོས་ཀུན་ཡེ་ནས་མ་སྐྱེས་སྟོང་པ་ཉིད། །རང་བཞིན་འོད་གསལ་རྟག་ཆད་མཐར་མི་གནས། །སྣང་སྟོང་ཟུང་འཇུག་དབུ་མ་ཆེན་པོའི་ལམ། །གང་གིས་ཤེས་པ་སྲིད་ཞིའི་ཕ་རོལ་འགྲོ། །བདེན་གཉིས་ལྟ་བའི་མིག་ལྡན་ཡུལ་འཁོར་སྲུང་། །ཐབས་ཤེས་གཤོག་ཡངས་དཀར་པོ་ལེགས་བརྐྱངས་ནས། །ཟག་མེད་ཆོས་དབྱིངས་མཁའ་ལ་བསྐྱོད་མཁས་ན། །རྣམ་མཁྱེན་རྒྱ་མཚོར་འཇུག་ལ་དཀའ་བ་ཅི། །དབང་ཐོབ་དམ་ཚིག་གཙང་བའི་སྔགས་སྤྱོད་ཀྱིས། །རིམ་གཉིས་ཟབ་མོའི་ལམ་ལ་བརྩོན་མཁས་ན། །ཚེ་གཅིག་གསང་མཆོག་རྒྱལ་པོའི་འབྲས་སྨིན་པ། །གང་ཞིག་སྔགས་ཀྱི་བཏབ་པའི་མྱུ་གུ་བཞིན། །འོན་ཀྱང་ནང་གི་ཡོན་ཏན་མི་ལྡན་ན། །གསུམ་པའི་ལམ་གྱིས་དེང་སང་བསླུས་པ་མང་། །འོག་མ་ཁྱད་གསོད་རྩ་ལྟུང་རིན་གྱིས་ཉོ། །དེ་བས་ཚངས་སྤྱོད་ལམ་འདི་རྒྱལ་བས་བསྔགས། །དག་མཉམ་ཆེན་པོའི་གདེང་དང་མི་ལྡན་ན། །བཅོས་མའི་ལམ་གྱིས་རྣལ་མའི་དོན་ལ་བསྒྲིབས། །བྱས་བྱས་མང་ཡང་གྲུབ་འབྲས་ཆུ་ཤིང་སྙིང་། །དེ་ཕྱིར་ལྟ་བའི་གོ་ཆ་མཆོག་ཏུ་གཅེས། །གནས་སྐབས་བཞི་ཡི་སྒྲིབ་པ་སྦྱང་བའི་ཕྱིར། །དབང་བཞིའི་ལམ་ཁྱེར་བསྐྱེད་བཟླས་རྫོགས་ལ་སོགས། །གང་ཡང་བརྩོན་པ་དྲག་པོས་མཐར་འདོན་གནད། །དཔེར་ན་གཙུབ་ཤིང་གཙུབ་སྟན་{རྩུབ་ཤིང་རྩུབ་རྟེན}འཁྲུལ་འཁོར་བཞིན། །དག་རྫོགས་སྨིན་དང་དཔེ་དོན་འོད་གསལ་སོགས། །རྒྱུད་ནས་བཤད་པའི་ལམ་གནད་མི་ལྡན་ན། །ཟ་ཟིའི་ཉམས་ཞེན་བྱིས་པས་འཇའ་སྙེགས་འདྲ། །དེ་བས་རང་རྒྱུད་ཆོས་དང་ཞུ་དག་མཛོད། །མངོན་ཤེས་ལུང་བསྟན་མིག་མཐོང་ལ་སོགས་པ། །འཆར་སྒོ་སྣ་ཚོགས་བཟང་ངན་ཤན་འབྱེད་དཀའ། །གང་ལ་ཞེན་པ་དེ་ཀུན་འཆིང་བའི་གཟེབ། །སུ་ལའང་མི་སྨྲ་རེ་དོགས་མེད་པ་གཅེས། །རང་རྒྱུད་དག་ན་གཞན་ཕན་སྒོ་བརྒྱ་འབྱེད། །རང་རྒྱུད་མ་གྲོལ་གཞན་རྒྱུད་དགྲོལ་མི་ནུས། །སྙན་གྲགས་ཕལ་ཆེར་བདུད་ཀྱི་ཕྱེ་གཏོར་ལགས། །དེ་བས་དང་པོར་རང་དོན་ཚགས་སུ་ཚུད། །ཆོས་དང་འཇིག་རྟེན་བྱ་བ་གང་ལ་ཡང་། །སྔ་མ་མ་གྲུབ་ཕྱི་མ་གཉེར་བྱ་མིན། །དེ་ལས་གཞན་དུ་གཉིས་ཀ་འགྲུབ་མི་འགྱུར། །དཔེར་ན་སྐྱེས་བུའི་གོམ་པ་འདེགས་འཇོག་བཞིན། །གངས་ཅན་བླ་མའི་སྐལ་བ་པདྨ་འབྱུང་། །རྣམ་ཐར་བཀའ་དྲིན་གཞན་ལས་ཁྱད་པར་འཕགས། །གསོལ་བ་བཏབ་ན་མི་བསླུ་ཞལ་བཞེས་ཡོད། །དེ་ཕྱིར་དེ་ལ་བློ་གཏད་རྒྱུན་དུ་མཛོད། །མདོར་ན་ལུགས་གཉིས་བྱ་བ་གང་བརྩམས་ཀྱང་། །གཙོ་བོར་བླ་མ་ལྷ་ལ་གསོལ་བ་ཐོབ། །དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕྲིན་ལས་ཆོལ། །ལས་འབྲས་མི་བསླུ་རྒྱལ་གསུང་དཔང་པོར་ཞོག །སྔོན་བྱོན་དམ་པའི་རྣམ་ཐར་རྗེས་སུ་སྐྱོངས། །ཨ་གསར་གསར་འགྲོགས་མ་ཆེ་རང་ཚུགས་ཟུངས། ཀུན་ཀྱང་ཐེག་ཆེན་ལམ་དུ་སྒྱུར་མཛོད་དང་། །བགྱི་བ་མཐའ་དག་དོན་ལྡན་འགྱུར་བ་ལགས། །དེ་སྐད་ཕན་འདོམས་ཨུཏྤལ་གསར་པའི་ཕྲེང་། །དམ་པའི་གསུང་ནན་ལྕི་བའི་གཡར་ཁྲལ་དུ། །འཕྲལ་དུ་གང་དྲན་ཡིད་ཀྱི་མཚོ་ལས་ཕྱུང་། །མཆོག་གི་ཞབས་བརྟན་བཞེད་དོན་འགྲུབ་གྱུར་ཅིག །ཅེས་པའང་རང་ལུགས་བསྟན་པའི་སྣང་བྱེད་རྒྱལ་རོང་གནམ་མཚོ་མཆོག་སྤྲུལ་རིན་པོ་ཆེས་གསུང་བསྐུལ་གནང་ངོར། ཤཱཀྱའི་དགེ་སྦྱོང་རྒན་པོ་འདུ་གསུམ་པ་འགྱུར་མེད་པད་མ་རྣམ་རྒྱལ་གྱིས་བརྗོད་པ་དོན་དང་ལྡན་པར་གྱུར་ཅིག །།།


previous བསླབ་བྱ་མདོར་བསྡུས་སུ་བརྗོད་པའི་གཏམ་དོན་འདུས་སྙིང་པོ། next