Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
   
   
   
དམ་པའི་ཆོས་ལ་ཐོས་བསམ་བྱས་པའི་ཕན་ཡོན་མདོར་བསྡུས་སུ་བརྗོད་པའི་སྒོ་ནས་སྤྲོ་བ་བསྐྱེད་པའི་གཏམ་ཕན་བདེའི་ས་བོན།
   
   
   


 
previous དམ་པའི་ཆོས་ལ་ཐོས་བསམ་བྱས་པའི་ཕན་ཡོན་མདོར་བསྡུས་སུ་བརྗོད་པའི་སྒོ་ནས་སྤྲོ་བ་བསྐྱེད་པའི་གཏམ་ཕན་བདེའི་ས་བོན། next

དམ་པའི་ཆོས་ལ་ཐོས་བསམ་བྱས་པའི་ཕན་ཡོན་མདོར་བསྡུས་སུ་བརྗོད་པའི་སྒོ་ནས་སྤྲོ་བ་བསྐྱེད་པའི་གཏམ་ཕན་བདེའི་ས་བོན།

༄༅། །དམ་པའི་ཆོས་ལ་ཐོས་བསམ་བྱས་པའི་ཕན་ཡོན་མདོར་བསྡུས་སུ་བརྗོད་པའི་སྒོ་ནས་སྤྲོ་བ་བསྐྱེད་པའི་གཏམ་ཕན་བདེའི་ས་བོན་བཞུགས། ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཚོགས་གཉིས་རྒྱ་མཚོ་བརྒལ་ལས་རྙེད་པའི་ནོར། །ཐུགས་བསྐྱེད་རྒྱལ་མཚན་རྩེ་མོར་ལེགས་བཀོད་ནས། །ཞིང་འདིར་ཆོས་མཆོག་འདོད་དགུའི་ཆར་འབེབས་པའི། །ཐུབ་ཆེན་འགྲོ་བའི་བླ་མས་དགེ་ལེགས་སྩོལ། །དེ་ཡང་། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སངས་རྒྱས་འཇིག་རྟེན་སྐྱོང་བ་དྲང་སྲོང་ཆེ། །བསྐལ་པ་བྱེ་བ་བརྒྱ་ལམ་འབྱུང་བར་འགྱུར། །ད་ལྟ་དལ་བ་དམ་པ་རྙེད་པ་ལ། །གལ་ཏེ་ཐར་འདོད་བག་མེད་མ་བྱེད་ཅིག །ཅེས་རྗེས་སུ་གདམས་པར་མཛད་པ་བཞིན། ད་རེས་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་རྙེད། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་ཆེན་དང་མཇལ། མི་མཐུན་པའི་རྐྱེན་གཞན་དབང་བྲན་གཡོག་སོགས་སུ་ནི་མ་གྱུར། མཐུན་པའི་རྐྱེན་འཁོར་ལོ་ཆེན་པོ་བཞིས་འབྱོར་པའི་སྐབས་འདིར་བག་ཡོད་པ་དང་བརྩོན་འགྲུས་བརྟན་པོས་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པ་ཅིས་ཀྱང་གལ་ཆེ་ཞིང་། སྙིང་པོ་ཇི་ལྟར་ལེན་ན། དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། དཔལ་སྦས་འདི་ལ་མང་དུ་ཐོས་པ་ཐོས་པར་བྱེད། དེའི་དོན་སེམས་པར་བྱེད། ཉོན་མོངས་པ་མེད་པའི་བསྒོམ་པ་ལ་རྣལ་འབྱོར་དུ་བྱེད། གཞན་དག་ཀྱང་དེ་ལ་སྐུལ་བར་བྱེད་ན། དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་མཆོག་རབ་ཏུ་མཛེས་པས་དལ་འབྱོར་སྙིང་པོར་བྱེད་པ་ཞེས་བྱའོ། །དལ་འབྱོར་རིན་པོ་ཆེ་ཞེས་བྱའོ། །ཞེས་གསུངས་ཤིང་། དེའི་ཚུལ་ཡང་སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པས། དང་པོར་ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་མིག་གི་འབྲས་བུའམ་སྲོག་གི་དྭངས་མ་ལྟར་གཅེས་སྤྲས་ཀྱིས་བཙའ་དགོས་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། ཞེས་དཀར་ཆོས་ཀུན་གྱི་རྟེན་གཞིར་གསུངས་པ་དང་། ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གདྒཱའི་བྱེ་སྙེད་དུ། །དད་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་ན། །དེ་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །ཞེས་དེང་སང་ལྟ་བུའི་དུས་མཐར་བསླབ་གཞི་ཕྲ་མོ་ཙམ་སྲུང་བའང་བསོད་ནམས་ཚད་མེད་པའི་འཇུག་ངོགས་སུ་གསུངས་ཤིང་། སོ་སོར་ཐར་པའི་མདོ་ལས་ཀྱང་། ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱོད་ཀྱི་སྟོན་པའོ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་འདུན་ཚོགས་མདུན་བསྟོད། །ཅེས་གསུངས་པས། དམ་པའི་ཆོས་འདུལ་བ་ནི་སྟོན་པ་དང་བསྟན་པ་གཉིས་ཀ་ཡིན་པས། འདིའི་སྒོར་ཞུགས་པ་རྣམས་ཀྱིས་བསླབ་པ་རིན་པོ་ཆེ་ལ་མཆོག་ཏུ་གུས་པ་དང་ཞེ་སར་བཅས་ཏེ། བཅས་ལྡན་རང་གི་རྒྱུད་ཉེས་ལྟུང་གི་རྙོག་མས་ནམ་ཡང་མ་གོས་པར་བྱ་བ་ནི་རྩ་བ་ཡིན་པས་གཞིར་བཞག་ཐོགཐོས་བསམ་སྒོམ་གསུམ་གྱི་བྱ་བ་ལ་བརྩོན་པ་ཆེ་ཐང་དུ་བསྐྱེད་པ་གལ་ཆེ་ཞིང་། དེ་ཡང་ཐོག་མར་དམ་པའི་ཆོས་མ་ཐོས་ན་བསམ་པ་དང་སྒོམ་པ་མི་ཤེས་པས་ཐོག་མར་ཐོས་པའི་ཤེས་རབ་བསྐྱེད་པ་གལ་ཆེ་བའི་ཚུལ། འཕགས་པ་ཀླུས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །དེ་དང་བསམ་པ་གཉིས་ནི་ཡོད་གྱུར་ན། །དེ་ལས་སྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེས་ནི་དངོས་གྲུབ་བླ་ན་མེད་པ་འབྱུང་། །ཞེས་གསུངས། དེའི་ཕྱིར་བློ་དང་ལྡན་པ་རྣམས་སྤྲོ་བ་སྐྱེད་པའི་ཕྱིར། བདེ་བར་གཤེགས་པའི་གསུང་རབ་ལུང་གི་ཆོས་ལ་ཐོས་བསམ་བྱས་པའི་ཕན་ཡོན་ཅུང་ཟད་བརྗོད་ན། ཐོག་མར་ཐོས་བསམ་སྤྱིའི་ཕན་ཡོན་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་ཕྱི་ནང་གི་གྲུབ་མཐའ་ཤེས་པས་བླང་དོར་གྱི་དམིགས་ཕྱེད། ཚུལ་ཁྲིམས་ཀྱི་བསླབ་པ་ཐོས་པས་ཉེས་སྤྱོད་བཟློགསེམས་ཀྱི་བསླབ་པ་ཐོས་པས་དོན་མེད་ཀྱི་གཡེང་བ་སྤོང་། ཤེས་རབ་ཀྱི་བསླབ་པ་ཐོས་པས་ཟག་ཟད་ཀྱི་མྱང་འདས་ཐོབ་པར་བྱེད་པ་སྟེ་བཞིར་གསུངས་པ་དང་། ལུང་རྣམ་འབྱེད་ལས། མང་དུ་ཐོས་པ་ལ་ཕན་ཡོན་ལྔ་ཡོད་དེ་ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། དེའི་གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་མ་ལས་པ་ཡིན་ནོ། །ཞེས་བདེན་མཐོང་གི་སྒོ་བཞི་ལ་མཁས་པས་མི་འཇིགས་པའི་སྤོབས་པ་མཆོག་ཏུ་ཐོབ་པར་གསུངས་པ་དང་། སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་སོགས་ཀྱིས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་བཞིན། །གནོད་པ་མེད་པའི་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དགྲ་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་དུ་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་བར་ཉི་མའི་འོད་དང་འདྲ། །འགྲན་པ་རྣམས་ཀྱི་གྲགས་དང་དྲེགས་པ་སེལ། །ཞེས་པ་ནས། དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པ་སྐྱེ། །གྲགས་པ་ཆེན་པོ་འཕྲལ་དུ་འབྱུང་བར་བྱེད། །སྨྲ་ལྕེ་བདེ་འགྱུར་ཁྱད་པར་ཅན་གྱི་རྒྱུ། །ཐོས་པའི་དཔལ་གོམས་དོན་གསལ་རྟོགས་པར་འགྱུར། །ཐོས་དང་ལྡན་ན་འགལ་བ་མེད་པ་ཡིན། །སྡེ་གསུམ་ལམ་ལ་རབ་ཏུ་གནས་པར་འགྱུར། །ཞེས་པའི་བར་གྱིས་གསུངས། དེས་ན་བློ་གྲོས་དང་ལྡན་པ་རྣམས་ཀྱིས་མང་དུ་ཐོས་པ་འཚོལ་བ་སོགས་ཀྱི་སྒོ་ནས་རང་རྒྱུད་ཡོན་ཏན་གྱིས་འབྱོར་པའི་ཐབས་ལ་འབད་པར་བྱ་སྟེ། དེ་ཉིད་ལས། ཡོན་ཏན་ཡོད་ན་རྒྱལ་པོའི་གོ་འཕང་དང་། །སྐྱེ་དགུ་མངོན་པར་འདུ་བའང་ཐོབ་པར་འགྱུར། །ལྷ་དབང་དཔལ་ཡང་ཡོན་ཏན་ལ་ལྟོས་ཏེ། །ཡོན་ཏན་ཡོད་ན་ཕ་རོལ་མགུ་བར་འགྱུར། །གྲགས་པ་རྣམས་ཀྱང་ཡོན་ཏན་ཉིད་ལས་འཕྲོ། །བདག་ཉིད་ཆེ་བའང་ཡོན་ཏན་ལྡན་ལས་འབྱུང་། །ཟླ་འོད་ལས་ཀྱང་གསལ་བའི་ཡོན་ཏན་གྱིས། །དགྲ་བོ་མི་བཟད་དྲེགས་ཤིང་ལྡང་བ་དང་། །འཁོན་རྙིང་ཡོད་ཅིང་ཕྲག་དོག་ཆེ་བ་ཡང་། །ཡིད་ནི་རབ་ཏུ་དྭངས་ཤིང་མགུ་བྱེད་དོ། །ཞེས་གསུངས་པ་སོགས་ཀྱིས་མཚོན་ལ་བྱེ་བྲག་ཏུ་གུས་པ་དང་ལྡན་པས་ཚུལ་བཞིན་དུ་ཉན་པའི་ཕན་ཡོན་ཡང་། གཎྜིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་པའི། །རྔའམ་གཎྜི་བརྡུངས་པའི་སྒྲ། །ཐོས་པས་བྱང་ཆུབ་ཐོབ་འགྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་དང་། མདོ་ལས། མིག་ལྡན་སྣང་བ་ཐོབ་གྱུར་ན། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་སྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་དང་། དབྱིག་གཉེན་གྱིས། དད་པས་ཉན་པ་གང་གིས་ནི། །མཐོ་རིས་དགའ་བའི་བསོད་ནམས་དང་། །གང་གིས་མྱ་ངན་འདས་ཐོབ་པའི། །ཤེས་རབ་ས་བོན་བརྟས་པར་འགྱུར། །ཞེས་དང་། མ་ཐོས་པ་ཐོས་པར་འགྱུར་བ་དང་། ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་དང་། སོམ་ཉི་སྤོང་བ་དང་། ལྟ་བ་དྲང་པོར་བྱེད་པ་དང་། ཤེས་རབ་ཀྱིས་ཚིག་དང་དོན་ཟབ་མོ་རྟོགས་པར་འགྱུར་བ་སོགས་ཕན་ཡོན་ལྔ་ཚན་གསུམ་དཔེ་དང་བཅས་ཏེ་བསྟན་པས་མཚོན་ཤིིན་ཏུ་མང་ངོ་། །འཆད་པ་པོས་ཟང་ཟིང་མེད་པའི་སེམས་ཀྱིས་ལེགས་པར་བཤད་པའི་ཕན་ཡོན་གྱི་ཁྱད་པར་ཡང་། མདོ་ལས། གང་ལ་ཕན་ཕྱིར་ང་ཡི་ཆོས། །ཚུལ་བཞིན་བསྟན་པས་མཆོད་འགྱུར་ཏེ། །མེ་ཏོག་བྱུག་པ་མར་མེ་ཡིས། །རྒྱལ་བ་ཡང་དག་མཆོད་མ་ཡིན། །ཞེས་སོགས་བླ་ན་མེད་པའི་མཆོད་པར་འགྱུར་བ་དང་། བྱམས་པ་སེང་གེ་སྒྲ་ཡི་མདོ་ལས། གང་གིས་གངྒཱའི་ཀླུང་སྙེད་སངས་རྒྱས་ཞིང། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །རབ་དགའི་སེམས་ཀྱིས་རྒྱལ་ལ་འབུལ་བ་དང་། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་སྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན། །གཉིས་དང་གསུམ་དུ་བསམ་དུ་ག་ལ་ཡོད། །ཅེས་དང་། སྟོང་གསུམ་འཇིག་རྟེན་ཁམས་ནི་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པར་བྱེད་པ་ནི། །ཚིགས་བཞིའི་ཚིགས་སུ་བཅད་པ་གཅིག་བརྗོད་པས། །ཇི་ལྟར་ཕན་འདོགས་དེ་ལྟར་འགྱུར་མ་ཡིན། །ཕན་འདོགས་བྱེད་པར་འདོད་པ་གང་ཞིག་གིས། །འཇིག་རྟེན་གསུམ་ན་སེམས་ཅན་ཐམས་ཅད་ཀྱི། །བདེ་བ་གང་དག་ཡོད་པ་དེ་དག་ཀུན། །སེམས་ཅན་གཅིག་ལ་སྦྱིན་པ་བྱས་པ་བས། །གང་གིས་དེ་ལ་སངས་རྒྱས་ལུགས་ཀྱིས་ནི། །ཚིགས་བཞིའི་ཚིགས་སུ་བཅད་པ་གཅིག་བསྒྲགས་ན། །དེ་ནི་ཤིན་ཏུ་ཕན་འདོགས་མཆོག་ཡིན་ཏེ། །དེས་ནི་སྡུག་བསྔལ་དག་ལས་གྲོལ་བར་འགྱུར། །ཞེས་ཟང་ཟིང་གི་སྦྱིན་པ་ལས་མཆོག་ཏུ་གྱུར་ཅིང་ཕན་འདོགས་ཀྱི་མཆོག་ཡིན་པ་དང་། སེང་གེས་ཞུས་པ་ལས། ཆོས་ཀྱི་སྦྱིན་པ་སྐྱེ་བ་དྲན། །ཞེས་དང་། རྒྱ་མཚོས་ཞུས་པ་ལས། ཆོས་ཀྱི་སྦྱིན་པས་ནི་ཟག་པ་ཟད་པ་མངོན་པར་ཤེས་པ་རྣམ་པར་དག་པར་འགྱུར་རོ། །ཞེས་གཟུངས་དང་མངོན་ཤེས་ཐོབ་པའི་རྒྱུར་འགྱུར་བ་དང་། ལྷག་བསམ་བསྐུལ་བའི་མདོ་ལས། བྱམས་པ། གང་རྙེད་པ་དང་བཀུར་སྟི་མི་འདོད་པར་ཆོས་ཀྱི་སྦྱིན་པ་བྱིན་ན། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད་པའི་ཕན་ཡོན་ཉི་ཤུ་སྟེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན་པ་ཡིན། བློ་དང་ལྡན་པ་ཡིན། བློ་གྲོས་དང་ལྡན་པ་ཡིན། མོས་པ་དང་ལྡན་པ་ཡིན། ཤེས་རབ་དང་ལྡན་པ་ཡིན། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པ་ཡིན། འདོད་ཆགས་ཆུང་བ་ཡིན། ཞེ་སྡང་ཆུང་བ་ཡིན། གཏི་མུག་ཆུང་བ་ཡིན། བདུད་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ལ་དགོངས་པ་ཡིན། མི་མ་ཡིན་རྣམས་ཀྱིས་དེ་ལ་སྲུང་བ་ཡིན། ལྷ་རྣམས་ཀྱིས་དེའི་ལུས་ལ་མདངས་འཇུག་པ་ཡིན། མི་མཛའ་བ་རྣམས་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། དེ་མཛའ་བོ་རྣམས་དང་མི་ཕྱེད་པ་ཡིན། ཚིག་གཟུང་བར་འོས་པ་ཡིན། མི་འཇིགས་པ་ཐོབ་པ་ཡིན། ཡིད་བདེ་བ་མང་བ་ཡིན། མཁས་པས་བསྔགས་པ་ཡིན། དེ་ཆོས་ཀྱི་སྦྱིན་པ་རྗེས་སུ་དྲན་པར་འགྱུར་བར་ཡིན་ཏེ། བྱམས་པ་ཕན་ཡོན་ཉི་ཤུ་པོ་དེ་དག་གོ །ཞེས་དང་། བསླབ་བཏུས་ལས། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །ཞེས་གསུངས་པས་མཚོན་བསོད་ནམས་འཕེལ་བས་བྱང་ཆུབ་ཐོབ་པའོ། །ཉན་བཤད་གཉིས་ཀས་ཀྱང་ཐེག་པ་གསུམ་གྱི་ཁམས་བརྟས་པ་དང་། མཁས་པར་གྱུར་པས་ཀུན་གྱིས་བཀུར་བ་དང་བསྟན་པ་བཟུང་བས་བྱང་ཆུབ་ཐོབ་བར་འགྱུར་བ་སོགས་མང་དུ་གསུངས་ཤིང་། ཁྱད་པར་དུ་ཐེག་པ་ཆེན་པོའི་ཆོས་ལ་ཉན་བཤད་བྱས་ན་ཐེག་པ་འོག་མ་ལ་ཉན་བཤད་བྱས་པ་བས་ཕན་ཡོན་ཆེ་སྟེ། གཞི་དུས་སུ་ཐེག་དམན་གྱི་དགེ་བ་ཟིལ་གྱིས་གནོན་པ་ཡང་། ཡུམ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཉིད་དགྲ་བཅོམ་པ་ཐོབ་པར་འགྱུར་ལ། དགྲ་བཅོམ་པ་དེ་དག་གིས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་ལ། ཀུན་དགའ་བོ། འདི་ཇི་སྙམ་དུ་སེམས། བསོད་ནམས་ཀྱི་ཕུང་པོ་དེ་མང་བ་ཡིན་ནམ། གསོལ་བ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ། དེ་བས་ཀྱང་སུ་ཞིག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་ཐ་ན་ཉིན་གཅིག་སྟོན་ན། དེའི་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་སྐྱེའོ། །ཞེས་པ་ནས། ཀུན་དགའ་བོ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཆོས་ཀྱི་སྦྱིན་པ་སྟེ། ཉན་ཐོས་ཀྱི་ཐེག་པ་ཐམས་ཅད་དང་། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཟིལ་གྱིས་གནོན་པའོ། །ཞེས་གསུངས། ལམ་དུས་སུ་སྒྲིབ་པ་མ་ལུས་པ་སྤངས་ནས་བསོད་ནམས་གཞན་ལས་ལྷག་པའང་། རྒྱུད་བླ་མ་ལས། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ལ། །ཁྲིམས་ཀྱིས་མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་དེ་ཉིད་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཞེས་གསུངས། འབྲས་དུས་སུ་རྣམ་པ་ཐམས་ཅད་མཁྱེན་པ་མངོན་དུ་འགྱུར་བའང་། མདོ་སྡེ་རྒྱན་ལས། གང་ཞིག་ཚིག་གི་དོན་བསྒོམས་ནས། །ཚིགས་བཅད་གཉིས་འཛིན་རབ་སྦྱོར་བ། །སེམས་ཅན་བློ་ལྡན་མཆོག་དེ་ཡིས། །ཡོན་ཏན་རྣམ་བཅུ་ཐོབ་འགྱུར་ཏེ། །ཁམས་ནི་ཟད་པར་བརྟས་པ་དང་། །འཆི་བའི་ཚེ་ན་རབ་དགའ་ཐོབ། །ཇི་ལྟར་འདོད་པར་སྐྱེ་བ་དང་། །ཀུན་ཏུ་ཚེ་རབས་དྲན་པ་དང་། །སངས་རྒྱས་རྣམས་དང་འཕྲད་པ་དང་། །དེ་ལ་ཐེག་མཆོག་ཐོས་པ་དང་། །མོས་པ་བློ་དང་ལྡན་པ་དང་། །སྒོ་གཉིས་བྱང་ཆུབ་མྱུར་འཐོབ་བོ། །ཞེས་གསུངས། ཐེག་པ་ཆེན་པོའི་ནང་ནས་ཀྱང་མཐར་ཐུག་ངེས་པ་དོན་གྱི་སྡེ་སྣོད་དེ་བཞིན་གཤེགས་པའི་སྙིང་པོ་ཡོངས་སུ་སྟོན་པར་མཛད་པའི་མདོ་སྡེ་དགོངས་འགྲེལ་དང་བཅས་པ་ལ་བརྩོན་པ་སྐྱེད་ན་ཕན་ཡོན་ཆེས་མཆོག་ཏུ་འགྱུར་ཏེ། རྒྱུད་བླ་མར། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཆོས་དང་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །བློ་ལྡན་གང་ཞིག་རྒྱལ་བའི་ཡུམ་འདི་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་གྱུར་ཏེ། །བསམ་མེད་ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། །ཞེས་སོགས། སྦྱིན་པ་དང་ཚུལ་ཁྲིམས་དང་སྒོམ་པ་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་ཀུན་ལས་ཁྱད་པར་མཆོག་ཏུ་འགྱུར་བར་གསུངས་པ་དང་། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོར། ང་ཡང་སྔོན་དུ་སྤྱད་པ་སྤྱོད་པའི་ཚེ། །བདེ་བར་གཤེགས་པ་སེང་གེའི་རྒྱལ་མཚན་ལས། །མདོ་སྡེ་འདི་ཡི་མིང་ནི་ཐོས་པར་གྱུར། །གུས་པར་བྱས་ཏེ་ཐོས་ནས་ཐལ་མོ་སྦྱར། །ང་ནི་ལེགས་པར་བྱས་པའི་ལས་དེ་ཡིས། །བྱང་ཆུབ་དམ་པ་མྱུར་དུ་ཐོབ་པར་གྱུར། །དེ་བས་བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱིས། །རྟག་ཏུ་མདོ་སྡེ་མཆོག་འདི་བཟུང་བར་གྱིས། །ཞེས་དང་། འཕགས་པ་སོར་ཕྲེང་ཅན་གྱི་མདོ་ལས། ལེགས་སོ་ལེགས་སོ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན། །ལེགས་བརྗོད་གར་བགྱིད་དེ་བཞིན་གཤེགས་པའི་སྙིང་པོ་ཐོས། །དེ་དག་འཇིག་རྟེན་དུ་ནི་འཁོར་མང་མི་གཅིག་པུ། །ཕྱིས་དུས་སངས་རྒྱས་འགྱུར་ཞེས་དེ་བཞིན་གཤེགས་པས་གསུངས། །ཞེས་བདེ་གཤེགས་སྙིང་པོའི་མཚན་ཐོས་པ་ཙམ་གྱིས་ཀྱང་ངན་འགྲོ་ལོག་པར་མི་ལྟུང་ཞིང་དལ་འབྱོར་གྱི་རྟེན་འབའ་ཞིག་ཁ་བརྒྱུད་ནས་མྱུར་དུ་སངས་རྒྱས་ཐོབ་པར་གསུངས་པ་དང་། རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པར། ང་ནི་འདས་ནས་གཤེགས་ཕྱི་ན། །མི་ཡི་ནང་ན་ལ་ལ་ཞིག །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ཉིད་ཡོད་ཅེས། །མོས་པ་རྣམ་དག་བྱེད་ནུས་ན། །སངས་རྒྱས་བཀའ་དྲིན་འཚོབ་པ་ཡིན། །ཞེས་སངས་རྒྱས་ཀྱི་བཀའ་དྲིན་རྗེས་སུ་འཚོབ་ནུས་པར་གསུངས་པ་དང་། མདོ་སྔ་མ་ལས། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་ནི་ཉོན་མོངས་པ་དང་བཅས་པའམ། ཉོན་མོངས་པ་མེད་པའམ། གང་སུ་ཡང་རུང་སྟེ། དེ་ཉིད་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཞེས་འཆད་ཉན་བྱེད་པའི་གང་ཟག་རྣམས་སངས་རྒྱས་ཉིད་དུ་གསུངས་པ་དང་། རྔ་བོ་ཆེའི་མདོར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐེག་པ་ཆེན་པོ་དབང་བསྐུར་བའི་ཅོད་པཎ་འཆིིང་བར་མཛད་དོ། །ཞེས་རྒྱལ་ཚབ་མཆོག་ཏུ་དབུགས་དབྱུང་བར་མཛད་པར་གསུངས་པ་དང་། གཞན་ཡང་རྒྱན་སྟུག་པོར། ཆོས་འདི་འཛིན་ཅིང་སྨྲ་བ་དེ་མཐོང་ངམ། རེག་གམ། མཆོད་དམ། དེའི་དུར་རམ། རོའམ། རོ་བམ་པ་མཐོང་ངམ། དེའི་ཤ་ཟོས་པས་ཀྱང་མཚམས་མེད་པ་རྣམས་བྱང་ཞིང་ངན་སོང་ལས་གྲོལ་ནས་ཕྱིར་མི་ལྡོག་པ་དང་རྫོགས་པའི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་བ་སོགས་ཕན་ཡོན་དཔག་ཏུ་མེད་པར་གསུངས་པས་མཚོན་ངེས་དོན་གྱི་མདོ་སྡེ་རྣམས་ལས་རྒྱ་ཆེར་གསུངས་པ་བཞིན་ནོ། །དེ་ཐམས་ཅད་ལས་ཀྱང་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ནང་པ་ཐབས་ཀྱི་རྒྱུད་བསྐྱེད་རྫོགས་རྣམ་པ་གསུམ་ལ་ཐོས་བསམ་སོགས་བྱས་ན་ཆེས་ཁྱད་པར་དུ་འཕགས་ཏེ། རྒྱུད་གསང་བ་སྙིང་པོ་ལས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འདས་དང་ད་ལྟར་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །བསྙེན་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡིས་ལྷུན་གྱིས་གྲུབ་བར་འགྱུར། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཡང་རྒྱལ་བས་མི་བརྙེས་སོ། །ཞེས་དུས་གསུམ་དུ་གཤེགས་ཤིང་བཞུགས་ལ་འབྱོན་པར་འགྱུར་བའི་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་དུ་གྱུར་ཅིང་ངེས་གསང་མཐར་ཐུག་པ་ཡིན་པའི་ཆེ་བ་དང་། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་སྡེ་སྣོད་དང་རྒྱུད་ཀུན་གྱི་འཕྲོ་གཞིར་གྱུར་པའི་ཆེ་བ་དང་། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པ། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །ཞེས་སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་བ་ཟབ་མོ་ཡིན་པའི་ཆེ་བ་དང་། དགོངས་པ་ལུང་སྟོན་ལས། ཤིན་ཏུ་གྲངས་མེད་བསྐལ་པ་རུ། །སངས་རྒྱས་རྣམས་ཀྱིས་གང་མཁྱེན་པ། །སྔགས་པ་རྣམས་ཀྱི་དུས་གཅིག་ཏུ། །ཚེ་གཅིག་རྫོགས་པའི་བྱང་ཆུབ་ཐོབ། །ཅེས་དབང་རྣོན་ཚེ་གཅིག་ལ་གྲོལ་བར་བྱེད་པའི་ཆེ་བ་སོགས་རྒྱུད་སྡེ་རྣམས་ལས་མཐའ་ཡས་པར་གསུངས་ཤིང་ཚུལ་བཞིན་དུ་ཉན་བཤད་སྒོམ་གསུམ་བགྱིས་པའི་ཕན་ཡོན་གྱི་ཆེ་བ་ཡང་གསང་སྙིང་ལས། གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་རྒྱལ་བ་རྣམས་ཀྱིས་ཉེ་བའི་སྲས་སུ་དགོངས་ཤིང་བྱིན་གྱིས་རློབ་པར་འགྱུར་བ་དང་། རྒྱལ་བའི་རིགས་པ་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡི། །སྲས་དང་སྤུན་དགོངས་བྱིན་གྱིས་རློབས། །ཞེས་འཇིག་རྟེན་གྱི་གཙོ་བོ་ལྷ་ཆེན་པོ་སོགས་ཀྱིས་བཀུར་ཞིང་རྒྱལ་སྲས་རིག་པ་འཛིན་པ་རྣམས་ཀྱིས་སྤུན་ནམ་གྲོགས་སུ་དགོངས་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ནི་ང་ཡིན་དབང་ཡང་རྫོགས། །ཞེས་དང་། གལ་པོ་ལས། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །རྣལ་འབྱོར་འདིར་གྱུར་ཕྱིན་ཆད་ནི། །ཀློག་གམ་ཡང་ན་སེམས་ཀྱང་རུང་། །དེ་ཡང་རྡོ་རྗེ་འཛིན་འདྲར་འགྱུར། །ཞེས་བྱང་ཆུབ་རྡོ་རྗེ་ཉིད་དུ་བལྟ་བར་བྱ་བ་སོགས་གསུངས་སོ། །དེར་མ་ཟད་ཆོས་འཆད་ཉན་སོགས་ཀྱིས་ཕྱིར་ཐ་ན་གོམ་པ་གཅིག་འདོར་རམ། དབུགས་གཅིག་གི་འབྱིན་རྔུབ་བྱེད་པ་ཚུན་ཆད་ཀྱང་དམ་པའི་ཆོས་འཛིན་པའི་གྲངས་སུ་འགྲོ་བར་མདོ་ལས་གསུངས་ཤིང་། ལྷག་པར་དེང་སང་གི་དུས་ལྟ་བུ་དམ་ཆོས་འཇིག་ལ་ཉེ་བའི་ཚེ། དམ་ཆོས་བཟུང་བའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། གང་གིས་སངས་རྒྱས་སྟོང་རྣམས་དང་། །སངས་རྒྱས་བྱེ་བ་བགྲང་དག་ལ། །བསྐལ་པ་གང་གཱའི་བྱེ་མ་སྙེད། །དེ་སྙེད་བསྐལ་པར་བཀུར་བ་ལས། །འཇིག་རྟེན་མགོན་གྱི་གསུངས་པ་ཡི། །དམ་ཆོས་འཇིག་ཚེ་གང་ཞིག་གིས། །ཉིན་དང་མཚན་དུ་འཛིན་བྱེད་པ། །དེ་ནི་བསོད་ནམས་ཁྱད་པར་འཕགས། །ཆོས་འཇིག་དུས་སུ་ཆོས་འཛིན་པ། །སྔོན་གྱི་སངས་རྒྱས་ཐམས་ཅད་དང་། །སངས་རྒྱས་ཡེ་ཤེས་རབ་གནས་པ། །ང་ལ་དེས་ནི་མཆོད་པ་བྱེད། །དམ་པའི་ཆོས་ནི་འཇིག་པའི་ཚེ། །སྟོན་པའི་བསྟན་པ་སྲུང་བྱེད་པ། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །དེ་ནི་ནམ་ཡང་རྒུད་མི་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་དེ་བཞིན་གཤེགས་ལ་བྱས་གཟོ་ཡིན། །རྒྱལ་བ་རྣམས་ཀྱི་མཛོད་འཛིན་ཡིད་བརྟན་ཞིང་། །ཕྱོགས་བཅུ་རྣམས་སུ་སངས་རྒྱས་མཆོད་པ་ཡིན། །སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་མང་པོ། །རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། །ཟད་པའི་དུས་ན་ཇི་ལྟར་ཆོས་འཛིན་ལྟར། །བསོད་ནམས་ཕུང་པོ་དེ་ཙམ་འཕེལ་མ་ཡིན། །ཞེས་སོགས་གསུངས་པ་དང་མདོར་ན། ནམ་མཁའ་མཛོད་ཀྱི་ཞུས་པའི་མདོ་ལས། ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པའི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །ཞེས་གསུངས། མདོར་ན། བདག་ལེགས་སུ་འདོད་པ་དག་གིས་དོན་པོར་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་སྙིང་པོར་བྱ་བ་ཉིད་ཡིན་ཞིང་། སངས་རྒྱས་ཀྱི་བསྟན་པ་དེ་ཅི་ལ་ཟེར་སྙམ་ན། མཛོད་ལས། རྒྱལ་བ་ཐུབ་པའི་བསྟན་པ་ནི། །ལུང་དང་རྟོགས་པའི་བདག་ཉིད་ཅན། །ཞེས་གསུངས་པས་ལུང་དང་རྟོགས་པའི་བསྟན་པ་གཉིས་ཡིན། དེ་ཇི་ལྟར་འཛིན་ན། དེར་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པ་བྱེད་པ་ཁོ་ནའོ། །ཞེས་གསུངས་པས། ལུང་གི་བསྟན་པ་འཆད་ཉན་དང་། རྟོགས་པའི་བསྟན་པ་སྒོམ་སྒྲུབ་ཀྱིས་འཛིན་དགོས་པའི་ཕྱིར། འཆད་པ་པོས་ཀྱང་ཟང་ཟིང་མེད་པའི་ཀུན་སློང་གིས་སྐྱོ་ངལ་མེད་པར་ལེགས་པར་འཆད། ཉན་པ་པོ་རྣམས་ཀྱིས་ཀྱང་གཉིད་རྨུགས་དང་རྣམ་གཡེང་སོགས་ཀྱི་དབང་དུ་མ་སོང་བར་གུས་པས་ལེགས་པར་ཉན་ཏེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་དུ་མ་ནས་རྒྱས་པར་འགྱུར་བའི་ཐུགས་འདུན་ཡང་དག་གནང་བར་སོར་བཅུའི་ཐལ་མོ་སྙིང་གར་སྦྱར་ཏེ་ལྷག་པའི་བསམ་པ་ཡང་དག་པས་གསོལ་བ་འདེབས་པ་ལགས་ན་ཀུན་གྱིས་དེ་ལྟར་ཐུགས་ལ་འཇོག་པ་མཁྱེན་ཞུ། སླར་སྨྲས་པ། དལ་འབྱོར་ཡོན་ཏན་རྫོགས་པའི་རྟེན་ཐོབ་ཅིང་། མཐུན་རྐྱེན་འཁོར་ལོ་བཞི་ཡི་འབྱོར་དུས་འདིར། །ཉིན་མཚན་བརྩོན་པས་སྙིང་པོ་ལེན་མིན་ན། །ཕྱིས་ནས་འགྱོད་པའི་དུས་ཤིག་འབྱུང་ཏ་རེ། །ལང་ཚོའི་མེ་ཏོག་མི་བརྟན་ཡུད་ཀྱིས་རྙིང་། །སྐྱེས་བུའི་ཚེ་སྲོག་གློག་གི་ཟློས་གར་འདྲ། །བདེ་གཤེགས་བསྟན་པའང་ཡུན་རིང་གནས་མིན་ན། །གྲོགས་དག་ཅི་ཕྱིར་བརྩོན་འགྲུས་རྩོམ་མི་བྱེད། །འཇིག་རྟེན་འཇིག་རྟེན་འདས་པའི་ཕུན་ཚོགས་དཔལ། །གང་འདོད་བརྩོན་ན་སུག་མཐིལ་གཏེར་བཞིན་གནས། །རང་གིས་མ་བརྩོན་གཞན་ནས་སྦྱིན་པོ་སུ། །དེ་ཕྱིར་མདོ་ཅན་ཡོད་ན་བརྩོན་རེ་རན། །ཉིན་ཞག་གཅིག་ཙམ་བསླབ་གཞི་བསྲུང་བ་དང་། །ཚིགས་བཅད་གཅིག་ཙམ་ཉན་བཤད་དོན་བསྒོམས་པའི། །བསོད་ནམས་ཚད་མེད་རྒྱལ་བས་རྗེས་སུ་བསྔགས། །མི་བསླུ་ངེས་པའི་གཏན་ཚིགས་འདི་ཁོ་ན། །མ་བསླབས་མཁས་དང་མ་བསྒྲུབས་{སྒྲུབ}གྲུབ་པའི་ཚུལ། །སྔོན་ཡང་མ་བྱོན་ད་ཡང་མི་འབྱོན་ཞིང་། །བསླབས་ཤིང་བསྒྲུབས་ན་འབྱུང་བ་ཆོས་ཉིད་ཡིན། །སྒྱིད་ལུག་མི་དགོས་རང་གིས་བརྩོན་པས་ཆོག །དེ་ཕྱིར་སྤྲོ་བས་སེམས་ཀྱི་གཟེངས་བསྟོད་ནས། །བརྩོན་པ་དྲག་པོས་ཉིན་མཚན་འདའ་བྱོས་དང་། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །དགའ་སྟོན་མཆོག་དེ་མྱུར་དུ་མྱོང་བར་ངེས། །དེ་སྐད་ཕན་པར་འདོམས་པའི་གཏམ་འདི་ནི། །བླུན་ཡང་ལྷག་པའི་བསམ་པ་མ་ཉམས་པའི། །འདུ་གསུམ་སྤྱོད་པ་པདྨ་བི་ཛས་ཕུལ། །དགེ་བས་བསྟན་པ་དར་རྒྱས་ཡུན་གནས་ཤོག །དྲིས་ལན་གནས་དུས་དང་བསྟུན་པར།
༄༅། །ན་མོ་ཨཱཪྱ་ལོ་ཀེ་ཤྭ་ར་ཡ། གང་གི་ཐུགས་ནི་སྙིང་རྗེས་དབང་གྱུར་པས། །གཞན་གྱི་དོན་དུ་དབུ་ཡང་སྦྱིན་བཟོད་པའི། །སྐྱོབ་པ་མཚུངས་མེད་ཐུབ་ཆེན་ལྷ་ཡི་ལྷས། །བདག་དང་འགྲོ་བའི་ཤེས་རྒྱུད་བྱིན་གྱིས་རློབས། །དེ་ཡང་དེང་སང་གི་དུས་འདི་ན་བདག་ལྟ་བུའི་བླ་གཟུགས་འདུ་གསུམ་སྤྱོད་པ་ལའང་། འདི་ཕྱིའི་སྐྱབས་ཡུལ་དུ་བཟུང་ནས། འདི་དང་ཕྱི་མར་ཕན་པའི་ཐབས་སུ་ཇི་ལྟར་བྱས་ན་དགའ་ཞེས་འདྲི་བ་རྣམས་ལ། གནས་དུས་དང་བསྟུན་པར་ཕན་པའི་སེམས་ཀྱིས་ཀུན་ནས་བསླང་སྟེ་བདེ་བར་གཤེགས་པའི་བཀའ་ལུང་ཚད་མ་དཔང་པོར་བཞག་ནས་ཅུང་ཟད་བརྗོད་ན། མདོ་དྲན་པ་ཉེར་བཞག་ལས། དགེ་བ་ལས་ནི་བདེ་བ་འཐོབ། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལྟར་དགེ་དང་མི་དགེ་བའི། །ལས་ཀྱི་འབྲས་བུ་གསལ་བར་སྟོན། །ཞེས་དང་། དཀོན་བརྩེགས་ལས། ཅི་འདྲ་བ་ཡི་ལས་བྱས་ན། །རྣམ་པར་སྨིན་པ་དེ་འདྲར་འགྱུར། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །དེ་ནི་ཅུང་ཟད་འགྱུར་བ་མེད། །ཅེས་གསུངས་པས་འཇིག་རྟེན་ན་བདེ་བ་དང་སྐྱིད་པ་ཕུན་སུམ་ཚོགས་པའི་དཔལ་ཇི་སྙེད་གཅིག་མཆིས་པ་ཐམས་ཅད་ལེགས་སྤྱད་དགེ་བའི་རྒྱུ་ལས་བྱུང་ཞིང་། སྡུག་བསྔལ་དང་ཡིད་མི་བདེའི་ཚོར་བ་ཇི་སྙེད་མཆིས་པ་ཀུན་ཉེས་སྤྱོད་མི་དགེ་བའི་འབྲས་བུར་སྤྱིར་ངེས་ནུས་ཤིང་། བྱེ་བྲག་ཏུ་འཕགས་པ་ཀླུས་མཛད་པའི་རྨི་ལམ་ཡིད་བཞིན་ནོར་བུར། འདི་ལྟར་ཕན་དང་གནོད་པ་བྱས་པ་ལས། །བདེ་བ་དང་ནི་སྡུག་བསྔལ་ཚད་མེད་པ། །གཉིས་ཀའི་རྒྱུ་རུ་འགྱུར་བ་དེ་ཡི་ཕྱིར། །སེམས་ཅན་རྣམས་ནི་བདག་གི་བླ་མ་ཡིན། །འདི་ཉིད་ལ་ནི་གསོད་དང་འཆིང་བ་དང་། །བརྡེག་དང་བསྡིག་སོགས་སྡུག་བསྔལ་མྱོང་བ་གང་། །དེ་ནི་སེམས་ཅན་འཚེ་བའི་འབྲས་བུ་ཞེས། །བདེ་བར་གཤེགས་པ་རྣམས་ཀྱིས་བཀའ་སྩལ་ཏོ། །གཟུགས་དང་ནད་མེད་དག་གིས་གནོད་པ་དང་། །ཕོངས་དང་རིགས་ངན་ཚེ་ནི་ཐུང་བ་དང་། །ཆུང་མ་ཤི་དང་ལོང་བར་འགྱུར་བ་ཉིད། །སེམས་ཅན་གནོད་པ་བྱས་པའི་འབྲས་བུ་ཡིན། །མནར་མེད་པ་ཡི་བར་གྱི་ངན་སོང་གི། །གནས་སུ་སྡུག་བསྔལ་སྣ་ཚོགས་མྱོང་བ་གང་། དེ་དག་ཐམས་ཅད་རང་གི་ཉེས་པ་ཡིས། །སེམས་ཅན་རྣམས་ལ་གནོད་པ་བྱས་པས་ཡིན། །གང་ཞིག་འདི་ཉིད་ལ་ནི་མཆོད་བྱས་མཆོད། །གྲགས་དང་ཡིད་འོང་ནོར་རྣམས་ཐོབ་པ་དག །ཡིད་འོང་ཡིད་དུ་མི་འོང་སེམས་ཅན་ལ། །མངོན་པར་མི་འཚེ་བ་ཡི་སྒོ་ནས་སོ། །ནད་མེད་པ་དང་རིགས་ནི་ཕུན་སུམ་ཚོགས། །གཟུགས་མཛེས་པ་དང་ཚེ་རིང་དབང་ཕྱུག་དང་། །ནོར་ལ་སོགས་དང་ཆུང་མ་སྦས་པ་ནི། །སེམས་ཅན་ཕན་པ་བྱས་པའི་འབྲས་བུ་ཡིན། །སེམས་ཅན་རྣམས་ལ་དགའ་བར་བྱེད་པ་ཡིས། །རྒྱལ་སྲིད་རྒྱལ་སྲིད་ཆེ་དང་ཡང་དག་གོ །རྒྱལ་སྲིད་འཁོར་ལོས་སྒྱུར་བ་མཆོག་ཉིད་དང་། །དབང་པོའི་གནས་ནི་འཐོབ་པར་འགྱུར་བ་ཡིན། །སྐྱེས་བུ་སེམས་ཅན་ཕན་པར་བྱེད་པ་ཡིས། །སངས་རྒྱས་གོ་འཕང་ཡང་ནི་ཐོབ་འགྱུར་ན། །གང་ཞིག་སྙིང་པོ་མེད་པ་དམན་པའི་ལྷ། །ཐོབ་པ་འདི་ལ་ངོ་མཚར་ཅི་ཞིག་ཡོད། །ཅེས་གསུངས་པ་ལྟར། ཚེ་འདིར་ཡང་ཚེ་ཐུང་ཞིང་ནད་དང་གནོད་པ་མང་བ། དཔལ་དང་གྲགས་པ་ཉམས་པ་སོགས་མི་འདོད་པ་མཐའ་དག་དང་། ཕྱི་མར་ངན་འགྲོ་མནར་མེད་ལ་ཐུག་གི་བར་གྱི་འཇིགས་པ་དང་རྒུད་པ་མཐའ་དག་ནི་སེམས་ཅན་ལ་གནོད་པ་བྱས་པའི་འབྲས་བུ་ལགས་ཤིང་། ཚེ་འདིའི་བདེ་ཞིང་སྐྱིད་པ་དང་ཕྱི་མ་སངས་རྒྱས་ཀྱི་ས་ཡི་བར་གྱི་བདེ་བ་དང་ལེགས་པ་མཐའ་དག་སེམས་ཅད་ལ་ཕན་པ་སྦྱིན་པའི་འབྲས་བུར་ངེས་པས། རྗེ་བཙུན་དམ་པ་སངས་རྒྱས་ལ། དྲུང་པ་གཟི་རྣ་ཅན་གྱིས་གདམས་ངག་ཚིག་གཅིག་གིས་ཆོག་པ་ཞུས་པས། དྲུང་པ་རང་ཇི་ལྟར་འདོད་པ་དེ་སེམས་ཅན་ལ་སྦྱོར་ཅིག་གསུངས། དེ་ལྟ་ནའང་དེང་སང་ནི་སྙིགས་མར་སྤྱོད་པའི་ཆོས་ལུགས་ལྷག་པར་བདོ་བ་དང་ནག་ཕྱོགས་ཀླ་ཀློའི་ཁ་ཟེར་གྱིས་ཁྱིམ་པ་རྣམས་ལྟ་ཅི་སྨོས་ཏེ་རབ་ཏུ་བྱུང་བ་རྣམས་ནས་ཀྱང་དངོས་བརྒྱུད་ནས་སེམས་ཅན་གྱི་སྲོག་ལ་འབབས་པ་ལའང་ཉེས་སྐྱོན་དུ་ཆེར་མི་འཛིན་པ་འདི་ནི་བསྟན་པའི་མཐའ་ལ་ཐུག་པའི་རྟགས་ཏེ་འཕྲལ་དང་ཡུན་གྱི་བདེ་བ་གཏན་དུ་རླག་པར་བྱེད་པ་ལ་འདི་ལས་ཚབས་ཆེ་བ་གཞན་གང་ཡང་མ་མཐོང་སྟེ། སྦྱིན་པའི་ཕར་ཕྱིན་བསྟན་པའི་མདོ་ལས། མངལ་ན་གནས་པ་ཡན་ཆད་ཀྱང་། །ཀུན་ལ་སྲོག་ནི་སྡུག་པའི་ཕྱིར། །བདག་གི་སྲོག་ཕངས་གང་ཡིན་པ། །དེ་ནི་སྲོག་ཆགས་གསོད་མི་བྱེད། །ཅེས་དང་། ཚེ་མཐའི་མདོ་ལས། བ་ལང་ར་ལུག་མ་ཧེ་དང་། །རི་དྭགས་བྱ་གག་ཕག་རྣམས་དང་། །དེ་བཞིན་སྲོག་ཆགས་གཞན་གསོད་པ། །བསྡུས་འཇོམས་དག་ཏུ་སྐྱེ་བར་འགྱུར། །ཞེས་དང་། དྲན་པ་ཉེར་བཞག་ལས། སེམས་ཅན་གཅིག་གི་སྲོག་བཅད་ན་བར་གྱི་བསྐལ་པ་གཅིག་ཏུ་སེམས་ཅན་ཉི་ཚེ་བའི་དམྱལ་བར་གནས་པ་དང་། ཕྱུགས་བསད་པའི་མཆོད་སྦྱིན་བྱས་ན་མུན་པ་ཆེན་པོའི་དམྱལ་བར་སྐྱེ་བར་གསུངས་པ་སོགས་ལུང་མཐའ་ཡས། དེ་ཡང་རང་གིས་བསད་པ་དང་། གཞན་ལ་གསོད་དུ་བཅུག་པ་གཉིས་རྣམ་སྨིན་མཉམ་སྟེ། མཛོད་ལས། དམག་ལ་སོགས་པ་དོན་གཅིག་སྟེ། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་གསུངས། རབ་ཏུ་བྱུང་བའི་ཕྱོགས་ཡིན་ན་ནི་དགེ་སྦྱོང་གི་ཆོས་ལས་ཀྱང་ཉམས་པར་འགྱུར་ཏེ། ཇི་སྐད་དུ། སངས་རྒྱས་འཇིག་རྟེན་ཕན་བརྩོན་པའི། །ཆོས་ནི་འཚེ་བ་མེད་པ་ཡིན། །དེ་ལ་ཡིད་བརྟན་དེའི་རྗེས་ཞུགས། །དེ་ཡང་འཚེ་བ་མེད་པར་བརྗོད། །ཡུན་རིང་ཕན་པའི་བྱ་བ་མཛད། །དེ་ལས་བྱང་ཆུབ་ཐོབ་གྱུར་ནས། །རྟག་ཏུ་འཚེ་མེད་ཕན་པར་སྤྱོད། །འཁོར་ལའང་ཕན་པ་བརྩོན་པར་འདོམས། །བྲམ་ཟེའམ་ཡང་ན་དགེ་སྦྱོང་ནི། །གཞན་གྱི་ཐོས་པའི་ཚིག་ལ་ཡང་། །འདིས་གནོད་བྱས་པའི་ཚུལ་ཡོད་མིན། །ཀུན་ཏུ་དགེ་བའི་ངང་ཚུལ་འདིའོ། །ཞེས་དང་། ཁྱད་པར་འཕགས་བསྟོད་ལས། སེམས་ཅན་གསོད་པར་བྱེད་པ་གང། །འཇིག་རྟེན་པ་ཡི་ཆོས་སུ་འཚལ། །ཁྱོད་ཀྱིས་བསྟན་ལ་དེ་དག་སྨད། །གང་ཞིག་སྲོག་ཆགས་ལ་རྟག་གནོད། །དེ་ལ་ཆོས་ཉིད་ག་ལ་ཡོད། །གཙོ་བོ་ཁྱོད་ཀྱིས་རང་ཉིད་ཀྱི། །སྲོག་གིས་སེམས་ཅན་ལེགས་པར་བསྲུང་། །ཞེས་དང་། འདུལ་བ་ལས། རབ་ཏུ་བྱུང་བ་གཞན་ལ་འཚེ་བ་དང་། །གཞན་ལ་གནོད་པ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུངས་ཤིང་། བསམ་སྦྱོོར་གྱིས་དངོས་སུ་གསོད་པ་ལྟ་ཅི་བརྒྱུད་ནས་གནོད་པར་འགྱུར་བའི་རྩྭ་དང་ཆུ་ཙམ་ལའང་ལོངས་སྤྱོད་པར་སྟོན་པ་མཆོག་གིས་རྗེས་སུ་མ་གནང་ངོ་། །ཐུན་མོང་དུ་སྐྱབས་སུ་འགྲོ་བའི་བསླབ་པ་དང་ཡང་འགལ་ཞིང་སྐྱབས་ཀྱི་དམ་པ་སངས་རྒྱས་ཀྱང་མཉེས་པར་མི་འགྱུར་ཏེ། སློབ་དཔོན་ཆེན་པོ་བི་མ་ལས། སྐྱབས་གསུམ་དང་པོའི་བསླབ་བྱ་ནི། །གནོད་སྦྱིན་མི་བརྟེེན་ཕྱག་མི་འཚལ། །གཉིས་པ་སེམས་ཅན་ཐམས་ཅད་ལ། །འཚེ་བ་སྤང་ཞིང་བརྩེ་བར་བྱ། །གསུམ་པ་བདག་དང་གཞན་གྱི་ཡུལ། །སྡིག་པ་ཅན་དང་འགྲོགས་པ་མིན། །ཞེས་གསུངས་ཤིང་། རྒྱལ་སྲས་ཞི་བ་ལྷས། གང་དག་བདེ་བས་ཐུབ་རྣམས་དགྱེས་འགྱུར་ཞིང་། །གང་དག་གནོད་ན་མི་དགྱེས་འབྱུང་འགྱུར་བ། །དེ་དག་དགའ་བས་ཐུབ་པ་ཀུན་དགྱེས་ཤིང་། །དེ་ལ་གནོད་པས་ཐུབ་ལ་གནོད་པ་བྱས། །ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་བ། །དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང་། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །ཞེས་གསུངས། དེས་ན་སེམས་ཅན་ལ་འཚེ་བ་སྤངས་ཤིང་མཆོག་གསུམ་སྐྱབས་སུ་བརྟེན་ན་ཚེ་འདིའི་རྐྱེན་སེལ་ལའང་སྲུང་རིམ་བརྒྱ་ཕྲག་ལ་བརྩོན་པ་བས་དོན་ཆེ་སྟེ། མདོ་ལས། མཆོག་གསུམ་སྐྱབས་སུ་སེམས་ཅན་གང་འགྲོ་བ། །བདུད་རྣམས་བྱེ་བས་གསད་པར་མི་ནུས་ཤིང་། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང་། །ངེས་པར་སྐྱེ་བའི་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་དང་། གང་ཞིག་གང་ཚེ་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་འགྲོ་སྟེ། །སྐྱབས་དེ་ལ་ནི་བརྟེན་ནས་སུ། །འཇིགས་པ་ཀུན་ལས་སྐྱོབ་པར་ནུས། །ཞེས་དང་། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས། གཞན་ཡང་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད་པས་དེ་བསད་ནས་ཤ་ཁྲག་གི་སྟོན་མོ་བྱེད་པ་འདི་སྐྱེ་བོ་ཡ་རབས་ཀྱི་སྤྱོད་པ་མ་ཡིན་ཏེ། འཕགས་པ་ཀླུས། གང་གི་མངལ་དུ་ལན་གཅིག་མིན་པར་བདག །མ་གནས་པའམ་བདག་ལ་གང་མ་གནས། །སེམས་ཅན་དེ་ནི་འདི་ན་འགའ་ཡང་མེད། །དེ་ཕྱིར་ཐམས་ཅད་གཉེན་དུ་གྱུར་པ་ཡིན། །ཞེས་དང་། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲང་ཡང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་པ་དང་། རྔ་སྒྲའི་ཚིགས་བཅད་ལས། གང་ཞིག་རྒས་དང་བྱིས་པ་ནད་པ་དང་། །ཉམ་ཆུང་ཐབས་སྟོར་དེ་བཞིན་དམན་པ་དང་། །རྒྱལ་པོས་སྤངས་དང་སྐྱབས་མེད་པ་དག་ལ། །སྙིང་བརྩེ་མེད་པ་དེ་དག་མིར་མི་རུང་། །ཞེས་གསུངས། དེར་མ་ཟད་ད་ལྟའི་སྐྱེ་བ་འདིའི་ཕ་མ་གཉེན་གྲོགས་སོགས་ཤིན་ཏུ་གཅེས་ཤིང་ཕངས་པ་སྔར་ཤི་བ་དེ་དག་ད་ལྟའི་སེམས་ཅན་དེ་དང་དེའི་ལུས་བླངས་པ་མིན་པའི་ངེས་པའང་མེད་དེ། འཕགས་པ་ཀཱ་ཏྱ་ནས། གྲོང་པའི་རྒན་མོ་ཉ་ཤ་ཟ་བ་གཟིགས་ནས། ཕ་ཤ་ཟ་ཞིང་མ་ལ་རྡེག །གསོད་པའི་དགྲ་བོ་པང་དུ་པང་། །ཆུང་མས་ཁྱོ་ཡི་རུས་པ་མུར། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་གསུངས་པ་ལྟར་ཡིན་ན། དེ་ལས་ཁྲེལ་ཆེ་བ་དང་སྐྱེ་བོ་མ་རབས་སུ་ཞིག་ཡོད། ཨ་ཙ་མ། དེས་ན་སྲོག་གཅོད་པ་སྤངས་ཤིང་གཞན་སྲོག་བསྐྱབ་པ་ལ་བརྩོན་ན་དཀོན་མཆོག་མཆོད་པའི་མཆོག་ཀྱང་དེ་ཡིན་ཏེ། བ་ཚྭ་ཅན་གྱི་ཆུ་ཀླུང་གི་མདོ་ལས། གང་ཞིག་སེམས་ཅན་རྣམས་ལ་སྙིང་རྗེ་ལྡན་པས་རབ་འཇུག་ན། །དེས་ནི་ང་ལ་མཆོད་ཅིང་བསྟན་པ་གཅེས་པར་རབ་ཏུ་བཟུང་། །གང་ལ་ཚུལ་ཁྲིམས་ཐོས་དང་སྙིང་རྗེ་བློ་གྲོས་གསལ་ཡོད་པ། །དེ་ལྟར་དེས་ནི་བདེ་བར་གཤེགས་པ་རྟག་ཏུ་མཆོད་པར་འགྱུར་བ་ཡིན། །སེམས་ཅན་ཕན་པའི་དབང་དུ་བྱས་ནས་ངས་འདི་བསྒྲུབས་པ་སྟེ། །སྐུ་འདི་སེམས་ཅན་དོན་ཉིད་ཁོ་ནར་ཀུན་ནས་བསྐྱེད་པ་ལ། །གང་གི་ཡིད་ཀྱིས་ཀྱང་ནི་སེམས་ཅན་དག་ལ་གནོད་བྱེད་པ། །དེ་ནི་ཇི་ལྟར་ང་ལ་བརྟེན་ཏེ་ང་ལ་ལྟོས་བྲལ་ཡིན། །གང་གིས་ཡིད་ལ་དགའ་བ་བསྐྱེད་ན་མཆོད་པ་ཡིན་པས་ན། །སེམས་ཅན་དག་ལ་ཕན་ན་དེ་ནི་ཆུང་ཡང་མཆོད་པ་ཡིན། །འཚེ་བའི་བདག་ཉིད་ཅན་དང་གཞན་ལ་གནོད་པ་འབྱུང་བ་ཡི། །མཆོད་པ་ལེགས་པར་སྦྱར་བ་ཡིན་ཡང་མཆོད་པར་འགྱུར་བ་མིན། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། ཏིང་འཛིན་རྒྱལ་པོའི་མདོ་ལས། བྱེ་བ་ཁྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཅི་ཡོད་པས། །སྐྱེས་མཆོག་རྣམས་ལ་ཉིན་རེ་རྟག་མཆོད་པས། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་གསུངས་པ་བཞིན་ནོ། །རང་གཞན་གྱི་འདི་དང་གཏན་དུ་ཕན་པ་དང་བདེ་བའི་ཐབས་སྒྲུབ་པ་ལའང་དེ་ལས་མཆོག་གཞན་མེད་དེ། སྤྱོད་འཇུག་ལས། མང་དུ་སྨོས་ལྟ་ཅི་ཞིག་དགོས། །བྱིས་པ་རང་དོན་སྒྲུབ་པ་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་གསུངས། རྒྱུ་མཚན་དེའི་ཕྱིར་སེམས་ཅན་ལ་སྙིང་བརྩེ་བའི་སྒོ་ནས་གཞན་གྱི་སྲོག་བསྐྱབ་པ་སོགས་བྱས་ན། དེའི་བསོད་ནམས་ཀྱི་ཕུང་པོ་ནི་སུས་ཀྱང་ཚད་གཟུང་བར་སླ་བ་མ་ཡིན་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་བསོད་ནམས་མཐའ་ཡས་ཏེ། །དེ་དག་མཐའ་ནི་བདེ་གཤེགས་མི་གསུང་ངོ་། །ཞེས་གསུངས། གཞན་ཡང་འཕགས་མཆོག་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་དག་ལས་གསུངས། །ཞེས་རྒྱུ་མཚན་དང་བཅས་ཏེ་རྒྱས་པར་གསུངས་པ་ལྟར་སྐྱེ་བོ་རྣམས་ཀྱི་དོན་དུ་གཉེར་བྱ་ནི་མཐོ་རིས་ཀྱི་ཡོན་ཏན་བདུན་པོ་དེ་དག་ཡིན་ལ། དེ་འགྲུབ་བྱེད་ཀྱི་རྒྱུ་ནི། དེ་ཉིད་ལས། གསོད་སར་ཆུད་པ་ལེགས་བཏང་དང་། །དེ་བཞིན་སྲོག་གིས་ཕན་བཏགས་ཤིང་། །སྲོག་ཆགས་འཚེ་བ་ལས་ལྡོག་པས། །ཚེ་རིང་བ་དག་ཐོབ་པར་འགྱུར། །ནད་པའི་བསྙེན་བཀུར་བྱས་སྨན་པ། །སྨན་ནི་རབ་ཏུ་བྱིན་པ་དང་། །སྲོག་ཆགས་བོང་བ་དབྱིག་སོགས་ཀྱིས། །འཚེ་བ་མེད་པས་ནད་མེད་ཡིན། །ཁྲོ་བ་མེད་ལ་བརྟེན་པ་དང་། །རྒྱན་བྱིན་པ་ལས་གཟུགས་བཟང་ཉིད། །ཕྲག་དོག་མེད་པའི་འབྲས་བུ་ཉིད། །སྐལ་བ་བཟང་པོར་ཡོངས་སུ་བཤད། །དམ་པ་མཆོད་ཅིང་བསྙེན་བཀུར་བྱས། །ང་རྒྱལ་སྤངས་པས་རིགས་མཐོར་འགྱུར། །སྦྱིན་བྱེད་རྐུ་བ་ལས་ལྡོག་པས། །ལོངས་སྤྱོད་ཕུན་སུམ་ཚོགས་ཐོབ་འགྱུར། །དགེ་དང་སྡིག་པ་གང་ཡིན་ཞེས། །ཡང་དག་འདྲི་ལ་བརྩོན་པ་དང་། །ཆོས་ཀྱི་བསྟན་བཅོས་བྱིན་པ་ཡིས། །བློ་གྲོས་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་གསུངས། མདོར་ན། བཤེས་སྤྲིང་ལས། ཁྱོད་ཀྱིས་བྲམ་ཟེ་དགེ་སྦྱོང་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱི་སྟེ། །དམྱལ་བའི་སྡུག་བསྔལ་སྐལ་ནོད་འགའ་མ་མཆིས། །སྡིག་བའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང་། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལགས་མངོན་དུ་འགྱུར། །དམྱལ་བ་བྲིས་པ་མཐོང་དང་ཐོས་པའམ། །དྲན་དང་བསམ་དང་གཟུགས་སུ་བགྱིས་པས་ཀྱང་། །འཇིགས་[པར་ཞུ་མཆན།] སྐྱེད་པར་བྱེད་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་དགོས། །ཞེས་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱིས། །ཐར་པ་རང་ལ་རག་ལས་ཤེས་པར་མཛོད། །ཅེས་གསུངས་པ་ལྟར་ལགས་པས་བདག་ལེགས་སུ་འདོད་པ་དག་གིས་དྲན་པ་དང་ཤེས་བཞིན་གྱིས་ཀུན་ནས་བསླངས་ཏེ་བླང་དོར་གྱི་གནས་ལ་གཟོབ་པ་ལྷུར་ལེན་བའི་བག་ཡོད་བརྟན་པོར་མཛད་པར་གསོལ་བ་འདེབས་པ་ལགས་སོ། །རྨི་ལམ་ཡུད་ཙམ་དལ་རྟེན་རྙེད་དུས་འདིར། །མི་དགེའི་ལས་ཀྱིས་རང་ཕུང་མི་འཇུག་པར། །སྙིང་ནས་བརྩོན་པས་དགེ་ལ་གཞོལ་བ་ཡིས། །རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་ཤཱཀྱའི་བཙུན་པ་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་ལྷག་པའི་བསམ་པ་བཟང་པོས་རང་གནས་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭའི་བསམ་གཏན་གྱི་མལ་ནས་བྲིས་ཏེ་སྤྲིང་བ་དོན་དང་ལྡན་པར་གྱུར་ཅིག །།


previous དམ་པའི་ཆོས་ལ་ཐོས་བསམ་བྱས་པའི་ཕན་ཡོན་མདོར་བསྡུས་སུ་བརྗོད་པའི་སྒོ་ནས་སྤྲོ་བ་བསྐྱེད་པའི་གཏམ་ཕན་བདེའི་ས་བོན། next