Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
ཞེ་ཆེན་འདུས་སྡེའི་བཅའ་ཡིག་གསར་བཀོད་བླང་དོར་རབ་གསལ་སྣང་བ།
   
   


 
previous ཞེ་ཆེན་འདུས་སྡེའི་བཅའ་ཡིག་གསར་བཀོད་བླང་དོར་རབ་གསལ་སྣང་བ། next

ཞེ་ཆེན་འདུས་སྡེའི་བཅའ་ཡིག་གསར་བཀོད་བླང་དོར་རབ་གསལ་སྣང་བ།

༄༅། །ཞེ་ཆེན་འདུས་སྡེའི་བཅའ་ཡིག་གསར་བཀོད་བླང་དོར་རབ་གསལ་སྣང་བ་བཞུགས་སོ། །ༀ་སྭསྟི། དགེ་ལེགས་ཡོན་ཏན་དཔལ་གྱིས་མངོན་མཐོ་ཚངས་སོགས་སྐྱེ་དགུས་ཕྱག་བྱས་ཤིང་། །སྟོབས་མཆོག་མཐུ་ཡིས་བདུད་དང་མུ་སྟེགས་ཕས་ཀྱི་རྒོལ་བ་ཚར་བཅད་ནས། །མཁྱེན་བརྩེའི་སྤྲིན་ལས་ཐེག་གསུམ་ཆོས་ཆར་གདུལ་བྱའི་ཞིང་སར་འབེབས་མཛད་པའི། །སྟོན་པ་མཆོག་དང་དེས་བསྟན་དེར་འཛིན་ཚོགས་ཀྱིས་དུས་ཀུན་ཤིས་གྱུར་ཅིག །སྔོན་སྨོན་ཐུགས་བསྐྱེད་སྐྱ་རེངས་ཁ་ལོ་ཡིས། །དྲི་མེད་ཐུབ་བསྟན་ཉིན་མོར་བྱེད་པའི་དཔལ། །བསིལ་ལྗོངས་དད་བསོད་མཁའ་ལ་འདྲེན་མཛད་པའི། །མཁན་སློབ་ཆོས་རྒྱལ་ལོ་པཎ་ཡོངས་ལ་འདུད། །གསང་བདག་དངོས་བྱོན་ཟུར་པ་མེས་དབོན་གསུམ། །སྨྲ་བའི་ཉི་མ་ཀུན་མཁྱེན་རོང་ཀློང་ཟུང་། །འཇིག་རྟེན་མིག་གཅིག་སྨིན་གླིང་ཡབ་སྲས་སོགས། །སྔ་འགྱུར་རིག་འཛིན་བརྒྱུད་པར་བཅས་ཀུན་རྒྱལ། །ཁྱད་པར་སྟོབས་བཅུའི་དབང་ཕྱུག་མྱ་ངན་མེད། །གདུལ་དཀའི་འགྲོ་ངོར་དགེ་བའི་བཤེས་ཀྱི་ཚུལ། །མཚན་ཙམ་གྱིས་ཀྱང་གྲོལ་བ་སྟེར་མཛད་པའི། །རབ་འབྱམས་སྨྲ་བའི་སེང་གེ་གཙུག་ན་འབར། །ལྷག་བསམ་འོ་མའི་མཚོ་ལས་{ལ}ཉེར་ཐོན་པའི། །ལེགས་པར་འདོམས་པ་པདྨ་དཀར་པོའི་ཕྲེང་། །དོན་མཐུན་འདུས་པའི་ཚོགས་ལ་འབུལ་བགྱི་ན། །བག་ཡོད་མཛེས་པའི་རྒྱན་དུ་བཞེས་པར་རིགས། །དེ་ལ་འདིར་གང་གླེང་བར་བྱ་བ་ནི། ཇི་སྐད་དུ། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གསུངས་པ་ལྟར། སྲིད་ཞིའི་རྒུད་པ་མཐའ་དག་སེལ་ཞིང་གནས་སྐབས་མཐར་ཐུག་གི་ཕན་བདེ་ལེགས་ཚོགས་མ་ལུས་པའི་འབྱུང་གནས་གཅིག་པུར་གྱུར་པ་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འབའ་ཞིག་ཡིན་ལ། དེ་འཛིན་པར་བྱེད་པ་ནི་འཕགས་པའི་དགེ་འདུན་ཁོ་ན་ལ་རག་ལས་པ་ཡིན་ཏེ། མཁན་ཆེན་བོ་ངྷི་ས་ཏྭའི་ཞལ་ནས། ཀྱེ། ཚེ་དང་ལྡན་པ་ཀུན་ཉོན་ཅིག །སྟོན་པའི་སོ་སོར་ཐར་འདི་ནི། །འགྲོ་བ་རྣམས་ཀྱི་མགོན་དང་སྐྱབས། །སྟོན་པའི་འདུལ་བ་འཛིན་པ་རྣམས། །འགྲོ་བ་རྣམས་ཀྱི་མཆོད་པའི་གནས། །ཚེ་དང་ལྡན་པ་ཉམས་གྱུར་ན། །སྟོན་པའི་བསྟན་པ་ཉམས་པར་འགྱུར། །འགྲོ་བ་རྣམས་ནི་བསླུ་བར་འགྱུར། །ཉམས་པ་དེ་དག་ངན་འགྲོར་འགྲོ། །འཁོར་ལོའི་མདོ་ལས་བསྟན་པ་ལྟར། །བདུད་ཀྱི་ལས་ནི་འདིར་འབྱུང་བས། །དེ་ནི་ཀུན་ཀྱིས་སྤང་བྱ་སྟེ། །རྒྱལ་སྲིད་དག་ལ་དགའ་བ་མེད། །དགེ་སློང་རྒྱལ་པོ་བྱེད་གྱུར་ན། །དེ་ནི་བདུད་ཀྱི་ལས་ཡིན་པས། །རྒྱལ་བའི་བསྟན་པ་འཇིག་པའི་རྐྱེན། །ལོངས་སྤྱོད་རྣམས་ལ་རུང་བ་མེད། །ཞལ་ལྕེ་བྱེད་རྣམས་ཕུང་བར་འགྱུར། །འདུན་ན་འདོན་པ་བྱེད་གྱུར་ན། །དགེ་སློང་ཕམ་ཞིང་རྒྱལ་ཁྲིམས་ཉམས། །སྟོན་པའི་བསྟན་པ་རྨ་འབྱིན་པའི། །བདུད་ཀྱི་ལས་ཏེ་སྤང་བར་རིགས། །སོ་སོ་ཐར་པའི་མདོ་འདི་ནི། །སྟོན་པ་མྱ་ངན་འདས་འོག་ཏུ། །དགེ་འདུན་རྣམས་ཀྱི་སྟོན་པར་གསུངས། །འདི་ལ་ཤིན་ཏུ་གུས་པར་གྱིས། །བྱ་བ་ཉུང་ལ་དོན་ཉུང་བས། །སྟོན་པའི་དམ་ཆོས་སྐྱོང་བར་གྱིས། །ཞེས་གསུངས། དེ་ཡང་སངས་རྒྱས་ཀྱི་བསྟན་པའི་མཚན་གཞི་ནི་ལུང་དང་རྟོགས་པའི་བསྟན་པ་གཉིས་ཡིན་ཏེ། ལུང་ནི། སྤྱིར་གསུང་རབ་ཡན་ལག་བཅུ་གཉིས་སོགས་དབྱེ་སྒོ་མང་ཡང་། བསྡུ་ན་བསླབ་གསུམ་བརྗོད་བྱར་སྟོན་པ་འདུལ་བ། མདོ་སྡེ། མངོན་པ་སྟེ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དུ་འདུ། རྟོགས་པ་ནི། དེ་གསུམ་གྱི་བརྗོད་བྱའི་གཙོ་བོ་ལྷག་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྟེ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དུ་འདུ་བ་ཡིན་ཞིང་། དེ་ཇི་ལྟར་འཛིན་པའི་ཚུལ་ཡང་། ལུང་གི་ཆོས་རྣམས་ཐོས་བསམ་གྱི་ཤེས་རབ་དྲི་མ་མེད་པས་ལེགས་པར་གཏན་ལ་དབབ་ནས་འཆད་ཉན་བྱེད་པ་དང་། རྟོགས་པའི་ཆོས་རྣམས་སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་ནས། རང་རྒྱུད་ཀྱི་འཆིང་བ་མཐའ་དག་འགྲོལ་བར་བྱེད་པ་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་དང་། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བྱ། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་གཅིག་ཀྱང་། །གསུམ་པོ་འདི་ནང་ཡང་དག་འདུ་བར་འགྱུར། །ཞེས་སོ། །དེ་ཇི་ལྟར་ཉམས་སུ་ལེན་པའི་གོ་རིམ་གྱི་ངེས་པའང་། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པས། ཐོག་མར་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞིར་གྱུར་པ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་འདི་ཉིད་ཡིན་པས་ཤིན་ཏུ་གལ་ཆེ་སྟེ། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་གསུངས། ཚུལ་ཁྲིམས་དང་མི་ལྡན་ན་སྦྱིན་སོགས་ཡོན་ཏན་གཞན་ཡོད་ཀྱང་སྐྱོབ་པར་ནུས་པ་མ་ཡིན་ཏེ། དབུ་མ་འཇུག་པ་ལས། སྐྱེས་བུ་ཚུལ་ཁྲིམས་རྐང་པ་ཆག་གྱུར་ན། །སྦྱིན་པས་ལོངས་སྤྱོད་ལྡན་ཡང་ངན་འགྲོར་ལྟུང་། །ཞེས་དང་། ཚུལ་ཁྲིམས་ཡང་དག་པ་ལྡན་པའི་མདོ་ལས། ཇི་ལྟར་མིག་མེད་གཟུགས་མཐོང་མི་འགྱུར་བ། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཞེས་གསུངས། ཚུལ་ཁྲིམས་དང་ལྡན་ན་ཡོན་ཏན་གྱི་ཚོགས་འཕེལ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། འཇུག་པར། ཡོན་ཏན་ཚུལ་ཁྲིམས་ཞིང་དུ་རྣམ་འཕེལ་ནས། །འབྲས་བུ་ཉེར་སྤྱོད་ཆད་པ་མེད་པར་འགྱུར། །ཞེས་དང་། ཚུལ་མདོ་ལས། ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་བསྐྱེད་པའི་གཞི། །ཞེས་དང་། ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་འཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཅེས་སོགས་མང་དུ་གསུངས། དེ་ལྟ་བུའི་ཚུལ་ཁྲིམས་ཀྱི་རྩ་བ་སོ་སོ་ཐར་པའི་སྡོམ་པ་ཡིན་པའི་ཚུལ་ཡང་། མདོ་ལས། སངས་རྒྱས་འདུལ་བ་གངས་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོ་ཐར་པ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཚུལ་ཁྲིམས་འཆལ་བས་ཟིན་རྣམས་ཀྱི། །གདུག་པ་རྣམ་སེལ་སྨན་འདི་ཡིན། །འདི་ནི་ལང་ཚོས་རྣམ་འཁྲུལ་པའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་བརྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ཡིན། །འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ང་ནི་མྱ་ངན་འདས་གྱུར་ནས། །འདི་ནི་ཁྱོད་ཀྱི་སྟོན་པའོ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །ཅེས་དང་། བསྐལ་པ་བྱེ་བ་རྣམས་སུ་ཡང་། །སོ་སོ་ཐར་པ་ཐོས་པ་དང་། །གཟུངས་དང་འཛིན་པ་རྙེད་དཀའ་སྟེ། །སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུངས། ཐེག་པ་ཆེན་པོའི་སྡེ་སྣོད་ལས་ཀྱང་རབ་ཏུ་བྱུང་བའི་ཕྱོགས་དག་མངོན་པར་བསྔགས་ཏེ། མདོ་སྡེ་རྒྱན་ལས། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟས་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་སེམས་རྣམས་ལས་མཆོག་ཏུ་བཤད། །ཅེས་གསུངས། གསང་སྔགས་རྡོ་རྗེ་ཐེག་པ་ལས་ཀྱང་དེ་ལྟར་གསུངས་ཏེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །དགེ་ཚུལ་ཞེས་བྱ་དེ་ཉིད་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་སོ། །གཞན་ཡང་རབ་ཏུ་བྱུང་བའི་ཕྱོགས་ལ་ཡོན་ཏན་གྱི་ཁྱད་པར་མང་པོ་དང་ལྡན་ཏེ། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས། ཤཱ་རིའི་བུ་རབ་ཏུ་བྱུང་བ་ལ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་བཅུ་ཡོངས་སུ་འཛིན། བཅུ་གང་ཞེ་ན། འདོད་ཆགས་ལ་ཆགས་པར་མི་འགྱུར་བ་དང་། དགོན་པའི་གནས་ལ་དགའ་བ་རྙེད་པ་དང་། སངས་རྒྱས་ཀྱི་སྤྱོད་ཡུལ་ཐོབ་པ་དང་། ཆུང་མ་དང་བུའི་ཆགས་དང་བྲལ་བ་དང་། ངན་འགྲོར་འགྲོ་བ་རྣམས་སྤོང་བ་དང་། བདེ་འགྲོར་འགྲོ་བའི་ཆོས་ལ་བརྟེན་པ་དང་། སྔོན་གྱི་དགེ་བའི་རྩ་བ་ལས་ཡོངས་སུ་མི་ཉམས་པ་དང་། དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་ཐོབ་པ་དང་། དེ་ལ་ལྷ་རྣམས་རབ་ཏུ་དགའ་བ་དང་། དེ་ལ་མི་མ་ཡིན་རྣམས་བསྲུང་བར་འགྱུར་བ་སྟེ། རབ་ཏུ་བྱུང་བ་ལ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔའ་ནི། ཡོན་ཏན་བཅུ་པོ་དེ་དག་ཡོངས་སུ་འཛིན་པར་འགྱུར་རོ། །ཞེས་གསུངས། དེ་ལྟར་ཚུལ་ཁྲིམས་ལེགས་པར་བསྲུང་བའི་ཕན་ཡོན་ཡང་ཚད་མེད་དེ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ཤིན་ཏུ་ལེགས་པར་ཚུལ་ཁྲིམས་གང་། །སྡོམ་པའི་མི་དེ་མཛེས་པའི་གཟུགས། །འདུལ་བ་ལ་ནི་ཉེ་བར་གནས། །ཚུལ་ཁྲིམས་བསླབ་པར་རང་ཡིད་ཆེས། །མི་དེ་ཉི་མ་གཅིག་ལ་ཡང་། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །གསོག་ཅིང་སངས་རྒྱས་འབྲས་བུ་འགྲུབ། །ཅེས་གསུངས། དེ་ཡང་ཞིང་གཞན་དུ་བསྐལ་པ་བྱེ་བར་བརྩོན་པ་བས་མི་མཇེད་ཀྱི་ཞིང་འདིར་སྔ་དྲོ་ཙམ་བརྩོན་པ་དོན་ཆེ་བར་གསུངས་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། གང་ཞིག་བསྐལ་པ་བྱེ་བར་ཞིང་གཞན་དུ། །སེམས་ལྡན་དམ་ཆོས་འཛིན་པར་གྱུར་པ་བས། །སུ་དག་སྔ་དྲོ་གཅིག་ཙམ་མི་མཇེད་དུ། །འདི་ནི་དེ་བས་མཆོག་ཏུ་མཁས་པས་དགོངས། །ཞེས་སོ། །ཁྱད་པར་བསྟན་པ་ཡར་ལྡན་གྱི་དུས་བསླབ་གཞི་ཡོངས་སུ་རྫོགས་པ་བསྲུངས་པ་ལས། ད་ལྟར་བསྟན་པ་མར་འགྲིབ་ཀྱི་དུས་སུ་ཉིན་ཞག་གཅིག་གི་བར་དུ་བསླབ་གཞི་སྣ་གཅིག་བསྲུང་བ་དོན་ཆེ་སྟེ། ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་བཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་ན། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས། དེ་ཡང་རང་ལུགས་གསང་ཆེན་སྔ་འགྱུར་པ་རྣམས་ནི་སངས་རྒྱས་བསྟན་པའི་ཕྱི་མོའམ་གཞུང་ཤིང་རྩ་བ་ལྟ་བུར་གྱུར་པས་ན། སྡོམ་གསུམ་འགལ་མེད་དུ་ཉམས་སུ་ལེན་དགོས་ཏེ། ཨོ་རྒྱན་དུས་གསུམ་མཁྱེན་པས། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་སྤྱད། །རྒྱུ་འབྲས་ཆོས་ལ་ཞིབ་པའི་དགོས་པ་ཡོད། །ཅེས་དང་། མཁན་ཆེན་བྱང་ཆུབ་སེམས་དཔས། བདག་གི་བསླབ་པ་དེ་བཞིན་དུ། །ཕྱི་ལྟར་འདུལ་ཁྲིམས་མ་ཉམས་ཤིང་། །ནང་ལྟར་བྱང་ཆུབ་སེམས་སྦྱོངས་ལ། །གསང་བ་སྔགས་ཀྱི་རིམ་གཉིས་བསྒོམ། །ཞེས་མཁན་སློབ་རྣམ་གཉིས་ཀྱི་བཀས་ལེགས་པར་བཅད་པ་བཞིན་དུ་ཤེས་པར་བྱ་སྟེ། དེའི་ཚུལ་ཡང་གུ་རུ་རིན་པོ་ཆེས་མཛད་པའི་པདྨའི་ལམ་རིམ་ཆེན་མོའི་རང་འགྲེལ་ལས། གནོད་སྦྱོར་ལོག་ཞུགས་ཁྱད་པར་ཐབས་ཀྱིས་ཟིན། །ཅེས་པས་སེམས་ཅན་ཀུན་ལ་གནོད་པའི་སྦྱོར་བ་ལས་ལོག་པ་སོ་ཐར་གྱི་ཚུལ་ཁྲིམས། གནོད་པ་ལས་ལོག་པའི་སྟེང་དུ་གཞན་ལ་ཕན་འདོགས་པའི་བྱ་བ་ལ་ཞུགས་པ་བྱང་སེམས་ཀྱི་སྡོམ་པ། གནོད་སྦྱོར་ལས་ཀྱང་ལོགཕན་འདོགས་བྱ་བ་ལའང་ཞུགས། དེ་ཡང་ཐབས་ཁྱད་པར་ཅན་གྱིས་ཟིན་པ་ནི་གསང་སྔགས་ཀྱི་སྡོམ་པའོ། །ཞེས་གསུངས། དེ་གསུམ་ཡང་བསམ་པ་ཀུན་སློང་གཙོ་སྟེ། ངེས་འབྱུང་སོ་ཐར། གཞན་ཕན་བྱང་སེམས། དག་སྣང་གསང་སྔགས་ཡིན་པས། བསམ་པའི་ཁྱད་པར་གྱིས་སྔ་མ་སྔ་མ་རྣམས་ཕྱི་མ་ཕྱི་མ་ཐོབ་ཚེ་ངོ་བོ་གནས་འགྱུར་དུ་གྲུབ་པ་ཡིན་ལ། དེ་ཇི་ལྟར་ཉམས་སུ་ལེན་ཚུལ་ཡང་། གཞུང་དེ་ཉིད་ལས། རང་ལྡོག་མ་འདྲེས། དགག་དགོས་ཡོངས་རྫོགས། ཡོན་ཏན་ཡར་ལྡན། གནད་ཀྱིས་མི་འགལ་བའོ། །དེ་ཡང་སོ་ཐར་ཉོན་མོངས་སྤངས། བྱང་སེམས་སྦྱོང་། གསང་སྔགས་ལམ་དུ་བྱེད་པས་ན་རང་ལྡོག་མ་འདྲེས་ལ། ཉོན་མོངས་པ་རང་རྒྱུད་པ་སྡོམ་པར་གཅིག་པས་ན་དགག་དགོས་ཡོངས་རྫོགས་ཏེ། ཉོན་མོངས་པས་མི་གནོད་ལ་སླར་གྲོགས་སུ་འགྲོ་བས་ཡོན་ཏན་ཡར་ལྡན། སྡོམ་ལུགས་དང་སྲུང་ལུགས་ཐ་དད་ཀྱང་། ཉོན་མོངས་པ་མི་དགེ་བ་ཐམས་ཅད་སྡོམ་པར་གཅིག་པས་ན། སྡོམ་གསུམ་གནད་ཀྱིས་མི་འགལ་བས་ཏེ། སྤྱི་ལོགས་ནས་འཁར་བརྩིགས་པ་བཞིན་ནོ། །ཞེས་གསུངས་པ་ལྟར་ཏེ། ཞིབ་པར་སྡོམ་གསུམ་རྣམ་ངེས་རྩ་འགྲེལ་སོགས་ལས་གསུངས་པ་བཞིན་ཐོས་བསམ་གྱི་སྒྲོ་འདོགས་བཅད་ནས། དྲན་ཤེས་བག་ཡོད་དང་ལྡན་པའི་ངང་ཉེས་ལྟུང་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པར་བྱ་ཞིང་གལ་ཏེ་བག་མེད་པ་དང་ཉོན་མོངས་པ་དྲག་པོའི་དབང་དུ་སོང་ནའང་། དེ་མ་ཐག་པར་གཉེན་པོའི་སྟོབས་བསྐྱེད་ནས་བཤགས་སྡོམ་གྱིས་སོར་ཆུད་པར་བྱ་བ་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ཡིན་པས་མེད་དུ་མི་རུང་ལ། དེ་ཙམ་གྱིས་ཀྱང་ཆོག་པར་མི་འཛིན་པར་ཐོས་བསམ་བསྒོམ་གསུམ་གྱི་བྱ་བ་ལ་ངོམས་པ་མེད་པར་བརྩོན་དགོས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །དེ་དང་བསམ་པ་གཉིས་ནི་ཡོད་གྱུར་ན། །དེ་ལས་བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེས་ནི་དངོས་གྲུབ་བླ་ན་མེད་པ་འབྱུང་། །ཞེས་གསུངས་པས་ཐོག་མར་ཐོས་བསམ་གྱི་ཤེས་རབ་བསྐྱེད་པ་གལ་ཆེ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤོང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་ཕྱི་ནང་གི་གྲུབ་མཐའ་ཤེས་པས་བླང་དོར་གྱི་དམིགས་ཕྱེད། ཚུལ་ཁྲིམས་ཀྱི་བསླབ་པ་ཐོས་པས་ཉེས་སྤྱོད་ལས་ལྡོགསེམས་ཀྱི་བསླབ་པ་ཐོས་པས་དོན་མེད་ཀྱི་གཡེང་བ་སྤང་། ཤེས་རབ་ཀྱི་བསླབ་པ་ཐོས་པས་ཟག་ཟད་ཀྱི་མྱང་འདས་ཐོབ་པ་སྟེ་ཕན་ཡོན་རྣམ་པ་བཞིར་བསྟན་པ་སོགས་ཀྱིས་མཚོན་མདོ་དང་བསྟན་བཅོས་རྣམས་སུ་རྒྱ་ཆེར་གསུངས་ཤིང་། སྐྱེས་རབས་ལས་ཀྱང་། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་སོགས་ཀྱིས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་བཞིན། །གནོད་པ་མེད་པའི་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དགྲ་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་དུ་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་བར་ཉི་མའི་འོད་དང་འདྲ། །འགྲན་པ་རྣམས་ཀྱི་གྲགས་དང་དྲེགས་པ་སེལ། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ཡིན་ལ། བྱེ་བྲག་ཉན་པ་པོས་ཐོས་པའི་ཕན་ཡོན་ཡང་། མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་པའི། །རྔའམ་གཎྜི་བརྡུངས་པའི་སྒྲ། །ཐོས་པས་བྱང་ཆུབ་ཐོབ་འགྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་དང་། མིག་ལྡན་སྣང་བ་ཐོབ་གྱུར་ན། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་སྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་དང་། དབྱིག་གཉེན་གྱིས། དད་པས་ཉན་པ་གང་གིས་ནི། །མཐོ་རིས་དགའ་བའི་བསོད་ནམས་དང་། །གང་གིས་མྱ་ངན་འདས་ཐོབ་པའི། །ཤེས་རབ་ས་བོན་བརྟས་པར་འགྱུར། །ཞེས་དང་། མ་ཐོས་པ་ཐོས་པར་འགྱུར་བ་དང་། ཐོས་པ་ཡོངས་སུ་བྱང་བ་དང་། སོམ་ཉི་སྤོང་བ་དང་། ལྟ་བ་དྲང་པོར་བྱེད་པ་དང་། ཤེས་རབ་ཀྱིས་ཚིག་དང་དོན་ཟབ་མོ་རྟོགས་པར་འགྱུར་བ་སོགས་ཕན་ཡོན་ལྔ་ཚན་གསུམ་དཔེ་དང་བཅས་གསུངས་པས་མཚོན་མཐའ་ཡས་སོ། །འཆད་པ་པོས་ཟང་ཟིང་མེད་པའི་སེམས་ཀྱིས་ལེགས་པར་བཤད་པའི་ཕན་ཡོན་ཡང་། མདོ་ལས། གང་ལ་ཕན་ཕྱིར་ང་ཡི་ཆོས། །ཚུལ་བཞིན་བསྟན་པས་མཆོད་འགྱུར་ཏེ། །མེ་ཏོག་བྱུག་པ་མར་མེ་ཡིས། །རྒྱལ་བ་ཡང་དག་མཆོད་མ་ཡིན། །ཞེས་སོགས་བླ་ན་མེད་པའི་མཆོད་པར་འགྱུར་བ་དང་། བྱམས་པ་སེང་གེ་སྒྲ་ཡི་མདོ་ལས། གང་གིས་གང་གཱའི་ཀླུང་སྙེད་སངས་རྒྱས་ཞིང་། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །རབ་དགའི་སེམས་ཀྱིས་རྒྱལ་ལ་འབུལ་བ་དང་། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་སྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན། །གཉིས་དང་གསུམ་དུ་བསམ་དུ་ག་ལ་ཡོད། །ཅེས་ཟང་ཟིང་གི་སྦྱིན་པ་ལས་མཆོག་ཏུ་གསུངས་པ་དང་། ཕན་འདོགས་བྱེད་པར་འདོད་པ་གང་ཞིག་གིས། །འཇིག་རྟེན་ཁམས་ན་སེམས་ཅན་ཐམས་ཅད་ཀྱི། །བདེ་བ་གང་དག་ཡོད་པ་དེ་དག་ཀུན། །སེམས་ཅན་གཅིག་ལ་སྦྱིན་པ་བྱིན་པ་བས། །གང་གིས་དེ་ལ་སངས་རྒྱས་ལུགས་ཀྱིས་ནི། །ཚིགས་བཞིའི་ཚིགས་སུ་བཅད་པ་གཅིག་བསྒྲགས་ན། །དེ་ནི་ཤིན་ཏུ་ཕན་འདོགས་མཆོག་ཡིན་ཏེ། །དེ་ནི་སྡུག་བསྔལ་དག་ལས་གྲོལ་བར་འགྱུར། །ཞེས་ཕན་འདོགས་ཀྱི་མཆོག་ཏུ་གསུངས་པ་དང་། གཞན་ཡང་ལྷག་བསམ་བསྐུལ་བའི་མདོ་ལས་ཕན་ཡོན་ཉི་ཤུར་གསུངས་པས་མཚོན་མཐའ་ཡས་ཤིང་། ཉན་བཤད་གཉིས་ཀས་ཀྱང་ཐེག་པ་གསུམ་གྱི་ཁམས་བརྟས་པ་དང་མཁས་པར་གྱུར་པས་ཀུན་གྱིས་བཀུར་བ་དང་། བསྟན་པ་བཟུང་བས་བྱང་ཆུབ་ཐོབ་པར་འགྱུར་བ་སོགས་ཕན་ཡོན་གྱི་བསྔགས་པ་རྒྱ་ཆེར་གསུངས་ཤིང་། ཁྱད་པར་དེང་སང་ལྟ་བུ་བསྟན་པ་འཇིག་ལ་ཉེ་བའི་སྐབས་འདིར་ཆོས་འཆད་ཉན་སོགས་ཀྱི་ཕྱིར་ཐ་ན་གོམ་པ་གཅིག་འདོར་རམ། དབུགས་གཅིག་གི་འབྱིན་རྔུབ་བྱེད་པ་ཚུན་ཆད་ཀྱང་དམ་ཆོས་འཛིན་པའི་གྲངས་སུ་འགྲོ་བར་མདོ་ལས་གསུངས་ཤིང་། དམ་ཆོས་འཛིན་པའི་བསོད་ནམས་ཀྱི་ཚད་ནི་སུས་ཀྱང་བཟུང་བར་སླ་བ་མ་ཡིན་ཏེ། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པའི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །ཞེས་གསུངས། དེ་ཡང་ཐེག་པ་དམན་པའི་ཆོས་ལ་འཆད་ཉན་བྱས་པ་བས་ཐེག་པ་ཆེན་པོའི་ཆོས་ལ་འཆད་ཉན་བྱས་པ་ཕན་ཡོན་ཆེ་བའི་ཚུལ་གཞི་དུས་སུ་ཐེག་དམན་གྱི་དགེ་བ་ཟིལ་གྱིས་གནོན་པར་རྒྱལ་བའི་ཡུམ་ལས་གསུངས་པ་དང་། ལམ་དུས་སུ་སྒྲིབ་པ་མ་ལུས་སྤངས་ནས་བསོད་ནམས་གཞན་ལས་ལྷག་པར་ཐེག་པ་ཆེན་པོ་རྒྱུད་བླ་མ་སོགས་ལས་གསུངས་པ་དང་། འབྲས་དུས་སུ་རྣམ་པ་ཐམས་ཅད་མཁྱེན་པ་མངོན་དུ་འགྱུར་བར་མདོ་རྒྱན་སོགས་ལས་གསུངས་པས་མཚོན་ཐེག་ཆེན་གྱི་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ནས་རྒྱ་ཆེར་བསྟན་པ་དང་། མཚན་ཉིད་ཀྱི་ཐེག་པ་ལས་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་ནང་རྒྱུད་སྡེ་གསུམ་ལ་ཐོས་བསམ་སོགས་བྱས་ན་ཕན་ཡོན་གྱི་ཁྱད་པར་སེན་རྩེའི་རྡུལ་དང་ས་ཆེར་པོའི་རྡུལ་གྱི་དཔེས་མདོ་དགོངས་འདུས་སོགས་ལས་རྒྱ་ཆེར་གསུངས་ཤིང་། མདོར་ན་སྔགས་ལ་སྤྱོད་པའི་རྣལ་འབྱོར་མཆོག་དེ་བྱང་ཆུབ་རྡོ་རྗེ་ཉིད་དུ་ལྟ་བར་གསུངས་ཏེ། རྒྱུད་ཀྱི་རྒྱལ་པོ་གསང་བ་སྙིང་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ནི་ང་ཡིན་དབང་ཡང་རྫོགས། །ཞེས་དང་། ཧེ་རུ་ཀ་གལ་པོ་ལས། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །རྣལ་འབྱོར་འདིར་གྱུར་ཕྱིན་ཆད་ནི། །ཀློག་གམ་ཡང་ན་སེམས་ཀྱང་རུང་། །དེ་ཡང་རྡོ་རྗེ་འཛིན་འདྲར་འགྱུར། །ཞེས་དང་། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། གང་གིས་གཙོ་བོ་སྒྲུབ་པ་པོ་མཐོང་རེག་པ་དང་། །ལེགས་པར་དྲན་དང་མིང་ཙམ་ངེས་པར་ཐོས་པ་དང་། །དད་པར་བྱེད་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་དག །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །ཞེས་གསུངས། དེས་ན་རང་ལུགས་སྔ་འགྱུར་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སྔ་འགྱུར་རིག་འཛིན་བརྒྱུད་པའི་ཞལ་ལུང་མན་ངག་སྤྱི་དང་། ཁྱད་པར་ཀུན་མཁྱེན་རོང་ཀློང་གཉིས། གསང་བདག་ཟུར་པ་མེས་དབོན། སྨིན་གླིང་སྐུ་མཆེད། རིག་འཛིན་འཇིགས་མེད་གླིང་པ། ཆོས་རྗེ་ཟེ་ཆེན་པ། ཀཿཐོག་པཎ་ཆེན་ཡབ་སྲས། ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་རྡོ་རྗེ་སོགས་འཕགས་ཡུལ་གྱི་རྒྱན་མཆོག་རྣམས་དང་དགོངས་པ་མཉམ་ངེས་པ་དེ་རྣམས་ཀྱི་ལེགས་བཤད་རྨད་དུ་བྱུང་བ་ལ་བརྟེན་ནས་གྲུབ་མཐའི་རང་རྐང་ཚུགས་པར་བྱ་བ་ཤིན་ཏུ་གལ་ཆེ་ཞིང་། དེ་ལྟར་ཐོས་བསམ་གྱི་སྒྲོ་འདོགས་ལེགས་པར་ཆོད་ནས་རང་གི་རྒྱུད་ལ་སྦྱར་ཏེ། རྩེ་གཅིག་ཏུ་ཉམས་སུ་ལེན་དགོས་ཏེ། སྡོང་པོ་བཀོད་པ་ལས། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། །དཔེར་ན་ལ་ལ་ཆུ་ཀླུང་གིས། སྟོབས་མེད་ནན་གྱིས་ཁྱེར་བ་ཞིག །སྐོམ་ནས་ཤི་བར་འགྱུར་བ་བཞིན། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་དང་། ལྷག་བསམ་བསྐུལ་བ་ལས། བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པའི་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་འགྱུར་བ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ཡི་དོན་སེམས་ཡིན། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཆོས་འདི་བསྒོམས་པར་མ་བྱས་ན། །ཆོས་ཉིད་མཐོང་བར་མི་འགྱུར་ཏེ། །ཆུ་བོ་མཐོང་དང་ཐོས་པ་ཡིས། །མ་འཐུང་སྐོམ་པ་ཇི་ལྟར་སེལ། །ཞེས་དང་། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་དུ་ཡང་དག་འཇོག་པ་ལ་བརྩོན་པའི་ཕན་ཡོན་ནི་བཅུ་སྟེ། སེམས་རྙོག་པ་མེད་པ་དང་། བག་ཡོད་པར་གནས་པ་དང་། སངས་རྒྱས་རྗེས་སུ་དྲན་པ་དང་། སྤྱོད་པ་ལ་དད་པ་དང། ཡེ་ཤེས་ལ་ནེམ་ནུར་མེད་པ་དང་། སངས་རྒྱས་ལ་བྱས་པ་གཟོ་བ་དང་། ཆོས་མི་སྤོང་བ་དང་། ཤིན་ཏུ་བསྡོམས་པར་གནས་པ་དང་། དུལ་བའི་རྗེས་སུ་འཐོབ་པ་དང་། སོ་སོར་ཡང་དག་པར་རིགས་པ་བཞི་མངོན་དུ་བྱེད་པ་སྟེ། གཞོན་ནུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ནང་དུ་ཡང་དག་འཇོག་པ་ལ་བརྩོན་པའི་ཕན་ཡོན་ནོ། །ཞེས་གསུངས་པ་སོགས་མཐའ་ཡས་ཏེ། མདོར་ན། གཙུག་ཏོར་ཆེན་པོའི་མདོ་ལས་བསྐལ་པ་མང་པོར་ཐོས་པ་དང་བསམ་པ་བས་ནི་ཉིན་གཅིག་ཆོས་ཉིད་ཀྱི་དོན་བསྒོམ་པ་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། དེས་སྐྱེ་འཆིའི་ལམ་དང་རིང་དུ་བྱེད་པའི་ཕྱིར་རོ། །ཞེས་དང་། བཤེས་སྤྲིང་ལས། ཤེས་རབ་མེད་པར་བསམ་གཏན་ཡོད་མིན་ཏེ། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་དེ་གཉིས་མཆིས་པས་སྲིད་པ་ཡི། །རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། །ཞེས་གསུངས། དེ་ལྟ་བུའི་ཚུལ་ཁྲིམས་དང་ལྡན་པ་དང་། ཤེས་རབ་རྣམ་པར་དག་པས་རྒྱུད་གྲོལ་བ་སྟེ་ལྡན་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པ་ནི་ཡོན་གྱིས་གནས་མཆོག་ཏུ་གྱུར་པར་བསྟན་ཏེ། འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་ལས། ཡོན་ཡོངས་སུ་སྦྱངས་པ་ཆེན་པོ། སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུའང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །ཞེས་དང་། མདོ་གཞན་ལས་ཀྱང་། མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་སྟོང་ཕྲག་བརྒྱ་པ་དང་། ཟས་རོ་བརྒྱ་བ་དང་། ཁང་བ་བརྩེགས་པ་ལྔ་བརྒྱ་པ་ཡང་འོས་སོ། །དགེ་འདུན་གྱི་རྫས་ཀྱང་ངོ་། །མི་སློབ་པ་མན་ཆད་ཀྱིའོ། །སོ་སོའི་སྐྱེ་བོ་ལ་ཡང་ངོ་། །ཚུལ་ཁྲིམས་འཆལ་བ་ལ་ནི་མ་ཡིན་ནོ། །ཞེས་གསུངས། ཚུལ་ཁྲིམས་དང་ལྡན་ཡང་སྤང་ཀློག་གི་བྱ་བ་མི་ནུས་པ་ལ་ནི་བུ་ལོན་དུ་འགྱུར་ཏེ། ས་གའི་ལྷས། མི་སློབ་པ་ནི་བདག་པོར་སྤྱོད། །སློབ་པ་བྱིན་པ་སྤྱོད་པ་སྟེ། །བསམ་གཏན་ཀློག་དང་ལྡན་པ་ནི། །རྗེས་གནང་སྤྱོད་པས་ཉེས་པ་མེད། །ལྷག་མ་ལེ་ལོས་བཅོམ་པ་ཡིས། །བདག་ཉིད་ལ་ནི་བུ་ལོན་སྤྱོད། །ཁྲིམས་འཆལ་རྣམས་ལ་ནམ་དུ་ཡང་། །གཙུག་ལག་ཁང་སོགས་ཉེར་སྤྱོད་བཀག །ཅེས་གསུངས། ཚུལ་ཁྲིམས་འཆལ་བས་ནི་ནམ་ཡང་དད་གཤིན་གྱི་རྫས་ལ་སྤྱོད་པར་མ་གནང་ཞིང་། སྤྱད་ན་ངན་སོང་གི་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བ་ཡིན་ཏེ། སངས་རྒྱས་མཛོད་ཀྱི་མདོ་ལས། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་བསྐལ་པ་བརྒྱ་སྟོང་ཁྲི་འབུམ་གྱི་བར་དུ་རང་གི་ཤ་བཅད་གཏུབས་ཏེ་སྦྱིན་བདག་ལ་འཇལ་ལོ། །ཕྱུགས་སུ་སྐྱེས་ན་ཡང་ཁུར་ལྕི་བ་ཁྱེར་བར་འོང་ངོ་། །སྐྲ་ཉག་མ་འབུམ་དུ་བགོས་པའི་ཆ་ཙམ་ཡང་བཞུ་བར་མི་ནུས་ན། གོས་དང་། ཟས་དང་། མལ་ཆ་དང་སྨན་ལ་སོགས་པ་ལྟ་ཅི་སྨོས། ཞེས་དང་། ཤཱ་རིའི་བུ། རོས་གང་བའི་ས་དེ་ན་ངའི་ཆོ་ག་བཞིན་དུ་སྤྱོད་པ་ནི་ཕོད་ཀྱི་ཚུལ་ཁྲིམས་ཞིག་པའི་དགེ་སློང་དང་ལྷན་ཅིག་ཏུ་འདུག་པ་ནི་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་ལག་གི་བླངས་པའི་རྫས་སོ་ཅོག་ཚུལ་ཁྲིམས་འཛིན་པའི་དགེ་སློང་གི་ངན་དུག་པར་འགྱུར་རོ། །ཞེས་གསུངས་པས། རང་རེ་ལྟ་བུ་དེང་སང་སྙིགས་མའི་དུས་མཐར་སྐྱེས་པའི་བཙུན་གཟུགས། སྤང་ཀློག་གི་བྱ་བ་གང་ཡང་མི་ནུས་པར། དད་གཤིན་གྱིས་བྱིན་པའི་རྫས་ལ་བག་མེད་ཇི་དགར་རང་གིས་ཀྱང་ལོངས་སྤྱོད་ཅིང་། ཁྱིམ་པ་སོགས་གཞན་ལའང་སྦྱིན་པར་བྱེད་ཅིང་མཉམ་དུ་ལོངས་སྤྱད་པས་སྒྱུ་ཐབས་ཀྱིས་ཟས་ནོར་སྡུད་པ་འདི་ནི་ཤིན་ཏུ་ཡ་ང་བའི་གནས་ཏེ། རྒྱ་མཚོས་ཞུས་པའི་མདོ་ལས། སྤུ་གྲི་རྣོན་པོ་དག་གིས་སུ། །རང་གི་ཡན་ལག་གཏུབ་པ་སླའི། །བསྔོས་ཟིན་པ་ཡི་དངོས་པོ་ནི། །ཁྱིམ་པ་རྣམས་ལ་སྦྱིན་མི་བྱ། །མེ་ལྕེ་འབར་བ་ལྟ་བུ་ཡི། །ལྕགས་ཀྱི་ཐུ་ལུམ་ཟོས་སླ་ཡི། །དགེ་འདུན་དག་ལས་གལ་ཏེ་ནི། །དགེ་འདུན་གྱི་ནི་ལོངས་མི་སྤྱད། །ལྷུན་པོ་དག་དང་འདྲ་བའི་མེ། །བླངས་པར་བྱས་ཏེ་ཟོས་ཀྱང་སླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱད་པར་ནི་མི་བྱའོ། །ཐམས་ཅད་དབྱུང་བར་བྱས་པ་དང་། །གསལ་ཤིང་སྟེང་དུ་བཏེགས་པ་སླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱད་པར་ནི་མི་བྱའོ། །མེ་མདག་གིས་ནི་གང་བ་ཡི། །གནས་ཁང་དེར་ནི་ཞུགས་པ་སླའི། །ཁྱིམ་པས་དགེ་འདུན་གནས་ཁང་དུ། །མཚན་མོ་གནས་པར་མི་བྱའོ། །མེ་ལྕེ་འབར་བ་ལྟ་བུ་ཡིས། །ལྕགས་ཀྱི་ཐུ་ལུམ་བླང་བ་སླའི། །རབ་བྱུང་དང་ནི་ཁྱིམ་པ་ཡི། །དབྱིག་ནི་བླང་བར་མི་བྱའོ། །འཁོར་ལོ་རྣོན་པོས་བདག་གི་ལུས། །ཀུན་ཏུ་གཏུབས་པར་བྱས་པ་སླའི། །ལེགས་པར་གསུངས་པའི་ཆོས་རྣམས་ལ། །རྒྱགས་དང་གཤེ་བ་བསྐྱེད་མི་བྱ། །ལེགས་པར་གསུངས་པའི་ཆོས་ཅན་གྱི། །མིག་ནི་རང་གིས་ཕྱུང་བ་སླའི། །སེམས་ཅན་དུ་ནི་བགྲང་བ་ལ། །ཁྲོས་པས་སྐྱེ་རྒུ་མི་མངག་གོ །ལེགས་པར་གསུང་པའི་ཆོས་ཅན་གྱི། །མེ་ཡི་གོས་ནི་གྱོན་པ་སླའི། །ཚུལ་འཆོས་པ་དང་མཐུ་ཡིས་སུ། །ཁྱིམ་པ་ལས་ནི་གོས་མི་བསླང་། །མེ་འདྲ་བར་ནི་བསྐོལ་བ་ཡི། །རྩུབ་འགྱུར་ཆུ་ནི་འཐུང་བ་སླའི། །རབ་ཏུ་བྱུང་བས་གཡོ་སྒྱུ་ཡིས། །བཟའ་བཏུང་བླང་བར་མི་བྱའོ། །ཞེས་སོགས་གསུངས་པས། རྟག་ཏུ་བག་ཡོད་པར་བྱས་ཏེ་བསླབ་གཞི་རྣམས་མིག་འབྲས་བཞིན་བསྲུང་བ་དང་། སྤང་ཀློག་གི་བྱ་བ་ལ་རང་འཁོས་དང་བསྟུན་པར་ཅི་ནུས་སུ་བརྩོན་པར་བྱ་ཞིང་སྦྱིན་བདག་གིས་དད་པས་བྱིན་པ་རྣམས་གནས་མིན་ཏུ་ཆུད་ཟོས་སུ་མི་གཏོང་བ་འདི་ཁོ་ན་གལ་ཆེ་བར་མཐོང་བས། བླང་དོར་གྱི་དམིགས་ཕྱེད་པའི་ཕྱིར་མདོ་ཙམ་ཞིག་ཕན་སེམས་བསམ་པ་བཟང་པོས་ཞུས་པ་ཡིན་ལ། སྐབས་སུ་བབས་པའི་བརྗོད་བྱ་དངོས་ནི། རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་རིང་ལུགས་འཛིན་པ་མདོ་ཁམས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་ཆེན་པོ་འདི་ཉིད། སྔོན་བྱོན་གོང་མ་ན་རིམ་མཁས་ཤིང་དངོས་གྲུབ་བརྙེས་པ་ཤ་སྟག་བར་མ་ཆད་དུ་བྱོོན་པས། བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པར་བྱུང་ཞིང་། ཁྱད་པར་རབ་འབྱམས་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་དང་། རྒྱལ་ཚབ་ཐུགས་རྗེའི་གཏེར་གཅིག་པདྨ་གསང་སྔགས་བསྟན་འཛིན་ཆོས་ཀྱི་རྒྱལ་པོ། པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གསུམ་གྱི་སྐུ་རིང་ལ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པའི་སྲོག་མཐུད་གཅིག་པུར་གྱུར་པ། ངོ་མཚར་བའི་རྣམ་ཐར་དང་བཀའ་འདྲིན་ཕྱི་མའི་དུས་འདིར་གངས་རིའི་ཁྲོད་ཙམ་ན་འགྲན་ཟླ་དང་བྲལ་བ། ཆོས་རྒྱལ་གཏེར་བདག་གླིང་པ་སྐུ་མཆེད་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་པའི་མཐུས། མདོ་སྔགས་ཀྱི་བསྟན་པ་མཐའ་དག་གྲུ་བཞི་ལམ་ཁྱེར་གྱི་ཚུལ་དུ་གཞིར་བཞེངས་སུ་མཛད་པ། གསང་ཆེན་སྔ་འགྱུར་པ་ཞེས་མདོ་སྔགས་གང་ཐད་ནས་མཚན་དོན་མཐུན་པ། འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་སྲོལ་རིག་འཛིན་བརྒྱུད་པའི་མན་ངག་ཇི་ལྟ་བར་གཏན་ལ་ཕབ་པས་མདོ་ཁམས་ཀྱི་ལྗོངས་ཙམ་ན་སྒྲིིགས་ཁྲིམས་ཀུན་སྤྱོད་གང་ཐད་ནས་ཀུན་གྱིས་སྨོན་གནས་ལྟ་བུར་གྱུར་ཞིང་། དེ་འབྲེལ་སྨིན་གླིང་བཅའ་ཡིག་དང་། རང་དགོན་བླ་མ་གོང་མ་རྣམས་ཀྱིས་བཞག་པའི་བཅའ་ཡིག་ལེ་ཚན་དང་། ས་སྐྱོང་སྡེ་གླིང་གིས་བཞག་པའི་བཅའ་ཁྲིམས་ཀྱི་ཡི་གེའང་མང་ཙམ་དུ་ཡོད་པ་དང་། ཕྱིས་ཚོད་བྱང་ཕྱོགས་ཀྱི་རྒྱུད་དུ་ཐུབ་པའི་རྒྱལ་ཚབ་གཅིག་པུ་པར་སངས་རྒྱས་རང་ཉིད་ཀྱིས་མདོ་སྡེ་དུ་མ་ནས་བསླུ་མེད་རྡོ་རྗེའི་ལུང་གིས་བསྔགས་པའི་སྔོན་མེད་མཛོད་ལྔའི་ཤིང་རྟ་བ་ཆེན་པོ། ༧རྡོ་རྗེ་འཆང་ཀོང་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་སྩལ་པའི་བཅའ་ཡིག་ཆེན་མོ་བཅས་ཀྱི་དགོངས་པ་བཞིན་ཐམས་ཅད་ནས་ཐུགས་བསམ་ཆིག་དྲིལ་གྱིས་མ་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཀྱི་ཐུགས་ཁུར་ཟབ་བཞེས་གནང་བ་དང་། ཁྱད་པར་དུ་རབ་ཏུ་བྱུང་བ་རྣམས་ཀྱིས་ཐོག་མར་སྡོམ་པ་ནོད་པའི་སྐབས་སུ། རྟགས་དང་མིང་དང་། བསམ་པ་བརྗེ་བ་སྟེ། བརྗེ་བ་གསུམ་བྱས་ཟིན་པ་ཉིད་དུས་དང་གནས་སྐབས་ཀུན་ཏུ་དྲན་པར་བྱས་ཏེ་མ་ཉམས་པ་ཉིད་ལྷག་པར་ཡང་གལ་ཆེ་སྟེ། དེ་ལ་དང་པོ་རྟགས་བརྗེ་བ་ནི། ཡུལ་གྲུ་སོ་སོའི་ཁྱིམ་པའི་རྟགས་རྣམས་སྤངས་ནས་རབ་ཏུ་བྱུང་བའི་རྟགས། དབུ་ཟླུམ། ཞབས་རྗེན། གོས་ངུར་སྨྲིག་ཆོས་གོས་གཉིས་སམ་གསུམ་དང་། ལྷུང་བཟེད་གདིང་བ། ཆུ་ཚགས་སོགས་དགེ་ཚུལ་སློང་ལ་མཁོ་བའི་ཡོ་བྱད་རྣམས་དང་དུ་བླངས་ནས་མི་འདོར་བའོ། །གཉིས་པ་མིང་བརྗེ་བ་ནི། ཁྱིམ་ན་གནས་པའི་དུས་ཀྱི་མིང་ཕ་མས་བཏགས་པ་དེ་སྤངས་ནས་རབ་ཏུ་བྱུང་དུས་ཀྱི་མིང་མཁན་སློབ་ཀྱིས་བཏགས་པ་དེ་ནས་འབོད་པའོ། །གསུམ་པ་བསམ་པ་བརྗེ་བ་ནི། ཁྱིམ་པའི་བསམ་སྦྱོར་ཚོང་དང་སོ་ནམ་དགྲ་འདུལ་གཉེན་སྐྱོང་ལ་སོགས་པ་ཚེ་འདིའི་བྱ་བ་སྒྲུབ་འདོད་ཀྱི་བསམ་པ་ངན་པ་མཐའ་དག་སྤངས་ནས། ཚེ་ཕྱི་མ་ཕན་ཆད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ཐབས་ལ་འབད་པ་རབ་ཏུ་བྱུང་བའི་བསམ་སྦྱོར་ལ་གནས་པའོ། །དེ་ལྟར་བརྗེ་བ་གསུམ་བྱས་ནས་དེ་ཕན་ཆད་དེ་ལས་མི་ལྡོག་པ་གཅིག་དགོས་ཀྱི། གལ་ཏེ་དེ་ལས་ལོག་ན། ཁྱིམ་པའི་རྟགས་སྤངས་པ་ཉམས་པ་དང་། རབ་ཏུ་བྱུང་བའི་རྟགས་བླངས་པ་ཉམས་པ་དང་། བརྙས་པས་མཁན་པོ་ཉམས་པ་སྟེ། དེ་འདྲའི་ཉམས་པ་གསུམ་བྱུང་ན་སྔར་བླངས་པའི་རབ་ཏུ་བྱུང་བའི་སྡོམ་པ་ཉིད་དཔེར་ན་བུམ་པ་ཆུས་བཀང་བ་སླར་ཕོ་བ་བཞིན་དུ་གཏོང་བར་འགྱུར་བའི་ཕྱིར་ཆོས་གོས་སོགས་འབྲལ་མེད་དུ་འཆང་བ་དང་། འཚོགས་སྒྲིགས་སོགས་ཀྱི་སྐབས་སྔོན་གྱི་འདུལ་བ་འཛིན་པ་ཆེན་པོ་དག་གི་ཕྱག་སྲོལ་བཞིན་གྲ་ཞྭ་དང་ཟླ་གམ་སོགས་ཀྱང་དྲན་པ་དང་ཤེས་བཞིན་གྱི་རྟེན་དང་། གཞན་གྱི་དང་བ་འདྲེན་པ་དང་། དཀོན་མཆོག་མཆོད་པའི་ཕྱིར་སོགས་དགོས་པ་དུ་མ་དང་ལྡན་པས་སྔར་རྒྱུན་ལྟར་ཐམས་ཅད་ནས་འཛོམས་པ་གལ་ཆེ་ཞིང་། གསོ་སྦྱོང་དབྱར་གནས་སོགས་གཞི་གསུམ་གྱི་ཕྱག་བཞེས་གཙང་མ་སྔར་ཡོད་རྒྱུན་འཇགས་ཐུགས་ཁུར་བཞེས་གནང་དང་། དེ་བཞིན་དུ་རང་རེ་གངས་ཅན་གྱི་ལྗོངས་འདིར་ཀུན་སློང་གི་ཁྱད་པར་གང་ལྟར་རུང་ཐེག་པ་ཆེ་ཆུང་དང་མདོ་སྔགས་སོགས་ཀྱི་དབྱེ་བསལ་མེད་པར་ཐམས་ཅད་ནས་གསང་སྔགས་ཀྱི་དབང་དང་དཀྱིལ་འཁོར་ཟབ་མོ་དང་འབྲེལ་བ་ཤ་སྟག་ཏུ་སོང་གཤིས། རིགས་ལྔའི་སྡོམ་བཟུང་ལས། རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེའི་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །ཞེས་དང་། སྒྱུ་འཕྲུལ་ལས། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཞེས་གསུངས་པའི་ཚུལ་སོགས་དྲན་པར་བྱས་ཏེ། དམ་ཚིག་གི་རྟེན་རྡོར་དྲིལ་སོགས་ཀྱང་འབྲལ་མེད་དུ་ཡོད་དགོས། ཁྱད་པར་འོད་སྲུང་གིས་ཞུས་མདོ་ལས། དཔེར་ན་མི་རོ་མགོ་ལ་གསེར་ཕྲེང་ངམ། །ཡང་ན་མེ་ཏོག་ཕྲེང་བ་བཏགས་བྱས་པས། །དེ་བཞིན་ཁྲིམས་མེད་ངུར་སྨྲིག་གྱོན་པའང་། །མཐོང་ན་དེ་ལ་ཡིད་ནི་དད་མི་འགྱུར། །ཞེས་དང་། དྲན་པ་ཉེར་བཞག་ལས། རྣམ་པ་ཀུན་ཏུ་ནོར་འཇིག་དང་། །ངན་སོང་རྩ་བ་བུད་མེད་ཡིན། །མི་གང་དག་ནི་བུད་མེད་འདོད། །དེ་དག་བདེ་བར་ག་ལ་འགྱུར། །ཞེས་དང་། བུད་མེད་ཕུང་བར་བྱེད་པ་སྟེ། །འཇིག་རྟེན་འདི་དང་ཕ་རོལ་ཕུང་། །གལ་ཏེ་བདག་ལ་ཕན་འདོད་ན། །དེ་བས་བུད་མེད་རྣམ་པར་སྤང་། །ཞེས་དང་། དཔུང་བཟང་གིས་ཞུས་པ་ལས། ལྕགས་ཀྱི་ཐང་ལྕགས་རབ་ཏུ་འབར་བ་ཡིས། །མིག་ནི་རྣམ་པར་བཀབ་པ་ཆེས་སླ་ཡིས། །ཉེས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི། །དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་སླ། །ཞེས་གསུངས་པ་བཞིན། བུད་མེད་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་པར་མ་ཟད། རབ་ཏུ་བྱུང་བ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་སྲོག་འཕྲོག་པར་བྱེད་ཅིང་། ངན་སོང་དམྱལ་བ་ཆེན་པོར་ལྕགས་ཀྱི་ཤལ་མ་ལིར་ཤིན་ཏུ་སྡུག་བསྔལ་དོས་དྲག་ལ་རྒྱུན་རིང་མྱོང་དགོས་པ་ཡིན་པས་ཀུན་ཏུ་བག་ཡོད་པ་བྱ་དགོས་ཤིང་། དེ་འབྲེལ་དགོན་སྡེ་སྤྱིའི་ཁྲིམས་སྲོལ་འདིར་ཡང་སྔར་རྒྱུན་ཡོད་བཞིན། དུས་མཆོད་ལྟ་བུའི་སྐབས་དབང་ཞུ་སྐྱབས་འོག་ཏུ་འོང་བ་ལ་ཞག་རེ་གཉིས་ཀྱི་དམིགས་བསལ་མ་གཏོགས་དུས་རྒྱུན་སྐོར་ལམ་ཚུན་དུ་བུད་མེད་རྒན་གཞོན་མཆོག་དམན་རིགས་སུ་ཡང་འགྲུལ་སྡོད་བྱེད་མི་ཆོགཡང་མཁན་ཆེན་བྱང་ཆུབ་སེམས་དཔའི་བཀའ་ཆེམས་ལས། མ་འོངས་དུས་སུ་དགེ་སྦྱོང་རྣམས། །དགེ་སྦྱོང་ཆོས་བཞི་མི་ལྡན་པས། །ཁྲོ་བ་རྣམས་ལ་སླར་ཁྲོ་བས། །དགེ་སློང་ཕམ་པའི་རྒྱུ་རུ་བྱེད། །གཤེ་བ་རྣམས་ལ་སླར་གཤེ་བས། །རྒྱལ་བའི་བསྟན་པ་རིས་སུ་ཆད། །རྡེག་པ་རྣམས་ལ་སླར་རྡེག་པས། །དགེ་སློང་གཡུལ་དུ་ཆས་ནས་སུ། །སྟོན་པའི་བསྟན་པ་མྱུར་དུ་བཤིག །དེ་ནི་བདུད་ཀྱི་དགེ་སྦྱོང་ཡིན། །བདུད་ལས་རང་གིས་མི་ཤེས་པས། །ཞལ་ཆེམས་སྒྲོགས་ཤིང་བག་ཡོད་གྱིས། །བཟོད་པ་དམ་པ་བརྟེན་པ་དང་། །དཀའ་ཐུབ་སྤོང་བའི་བརྟུལ་ཞུགས་ཀྱིས། །རྟག་ཏུ་དགོན་དུ་གནས་པར་གྱིས། །མ་འོངས་ཚེ་དང་ལྡན་པ་ལ། །བར་ཆད་ཁོང་ཁྲོ་འདི་འབྱུང་བས། །སྤྱོད་ལམ་ཞི་ཞིང་དུལ་བར་གྱིས། །སྟོན་པའི་བསྟན་པ་རིན་ཆེན་འདི། །གངས་ཅན་ལྗོངས་སུ་ངས་གསལ་བས། །བདག་གི་རྗེས་སུ་ཞུགས་ནས་ཀྱང་། །སྟོན་པའི་བསྟན་པ་མཆོག་ཏུ་ཟུང་། །ཞེས་གསུངས་པས། སྤྱིར་ཡང་ཁོང་ཁྲོའི་ཉེས་པ་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་དགེ་འདུན་པ་ནང་ཕན་ཚུན་མི་མཐུན་པའི་འཁྲུགས་སློང་ནི་སངས་རྒྱས་ཀྱི་བསྟན་པ་ཉམས་པའི་རྒྱུའི་གཙོ་བོ་ཡིན་ཞིང་། ཉེས་པ་མཚམས་མེད་བྱས་པ་དང་འདྲ། ལྷག་པར་བླ་མ་གཅིག་དང་དཀྱིལ་འཁོར་གཅིག་ལ་བརྟེན་པའི་རྡོ་རྗེའི་སྤུན་རྣམས་ཕན་ཚུན་རྩེད་མོའི་ཕྱིར་དུའང་གཤེ་དང་མཚང་འབྲུའི་བསམ་པ་ཙམ་ཡང་མི་རུང་ན་དངོས་སུ་འཁོན་འཛིང་སོགས་ལྟ་ཅི་སྨོས་ཏེ་དམ་ཚིག་ཉམས་པས་རྡོ་རྗེའི་དམྱལ་བ་ལས་འགྲོ་ས་མེད་པས་ཐམས་ཅད་ནས་བག་གཟོན་གནང་བ་ཅིས་ཀྱང་གལ་ཆེ་ཞིང་། གལ་སྲིད་ཉོན་མོངས་པ་ཤུགས་དྲག་པ་དང་། གཉེན་པོའི་སྟོབས་ཞན་ཞིང་འབྱུང་པོས་ཤེས་རྒྱུད་དཀྲུགས་པ་སོགས་ཀྱིས་འཛིང་འཁོན་རིགས་ཤོར་ཡང་གང་ཟག་རང་ངོས་ནས་ཚེ་ཕྱི་མའི་འཇིགས་པ་སོགས་ལ་བསམ་སྟེ། དེ་འཕྲལ་ཕན་ཚུན་ཤད་སྦྱངས་བཤགས་པ་འབུལ་ལེན་གྱིས་རྩོད་པ་ཆོས་ཕྱོགས་སུ་རང་ཞིར་བཏང་དགོས་ཤིང་། དེ་ལྟར་མི་བྱེད་པའི་རིགས་རྣམས་ལ་བླ་མ་དབུ་ཆོས་ནས་རྒྱུ་ལུས་གཉིས་ཆར་ལ་ཆད་ལས་ཀྱིས་ཕྱི་མཐའ་ཁེགས་ངེས་དང་། གྲི་མཚོན་སོགས་ཀྱི་ལས་ཀ་བྱེད་མཁན་བྱུང་ན་མཚོན་ཆ་དེ་མགོན་ཁང་དུ་སྤྱན་གཟིགས་ལ་འདོགས་དགོས། དེ་འབྲེལ་དགོན་དུ་དུས་རྒྱུན་ཕྱི་ནང་སུས་ཀྱང་། རྟ་ཞོན་པ་དང་། གྲི་དྲངས་པ་དང་། ཀི་བསོ་ཧ་རྒྱགས་སོགས་བྱེད་མི་ཆོགཡང་པཎྜི་ཏ་སད་ཛ་ནས། གང་ཞིག་བཏུང་ནས་ཚུལ་ཁྲིམས་ཏིང་འཛིན་དང་། །ཤེས་རབ་ལྟ་བ་འཚོ་བ་ཆོ་ག་དང་། དྲན་པ་ཤེས་བཞིན་དད་པ་བརྩོན་འགྲུས་ཉམས། །དགེ་ཆོས་ཆུད་གཟོས་དེ་ནི་བཏུང་མི་བྱ། །ཐུབ་པས་དགའ་བ་ཅན་གྱི་མདོ་ལས་ནི། །མྱོས་འགྱུར་ཉེས་པ་ཉི་ཤུ་རྩ་ལྔ་གསུངས། །ཞེས་དང་། སྐྱེས་རབས་སོགས་ལས་ཀྱང་རྒྱ་ཆེར་གསུངས་པ་བཞིན་ཆང་ནི་བག་མེད་ཀུན་གྱི་རྩ་བ་ཡིན་ལ། ཁྱད་པར་འདུལ་བ་ལུང་ལས། ང་ལ་སྟོན་པར་ཁས་འཆེ་བའི་དགེ་བསྙེན་ཡན་ཆོད་ཀྱིས་ཆང་མི་བཙོ། མི་བླུད། མི་བཏུང་། དེ་ལྟར་མི་བྱེད་ན། དེ་ཡང་ངའི་འཁོར་མིན་ལ། ང་ཡང་དེའི་སྟོན་པ་མིན་ནོ། །ཞེས་གསུངས་པས། སྟོན་པའི་རྗེས་འཇུག་ཏུ་ཁས་བླངས་ཤིང་རབ་ཏུ་བྱུང་བ་སོགས་ཀྱི་བསླབ་ཁྲིམས་ནོས་པ་རྣམས་ལ་གྲུབ་ཟིན་སྒྲུབ་མ་དགོས་ཏེ་ཐོག་མར་མཁན་སློབ་ཀྱི་མདུན་ནས་གཏན་ཁྲིམས་སུ་ཁས་བླངས་ཟིན་མོད་དེ་ལས་གཞན་བསླབ་པ་སོགས་མ་ཞུས་པའི་གྲ་ལྟོ་དམན་པའི་རིགས་རྣམས་ནས་ཀྱང་དུས་མཆོད་ཀྱི་སྐབས་སོགས་སུ་གཏན་ནས་བཏུང་མི་ཆོག་ཅིང་། དེ་འབྲེལ་ཐ་མ་ཁ་ཡང་། འདུལ་བ་མདོ་རྩ་བར། རྩ་བ་དང་། སྡོང་པོ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་མྱོས་པར་འགྱུར་བ་རྣམས་ཀྱང་ངོ་། །ཞེས་གསུངས་པའི་བྱེ་བྲག་སྡོང་པོོ་དང་འདབ་མ་དང་འབྲས་བུ་ཅི་རིགས་ལས་བྱུང་བའི་མྱོས་འགྱུར་གྱི་རྫས་སུ་མཁས་པ་རྣམས་བཞེད་ཅིང་། ལྷག་པར་གུ་རུ་རིན་པོ་ཆེའི་གཏེར་ལུང་རྣམས་ནས་ཉེས་པ་མཐའ་ཡས་པར་གསུངས་པའི་ཕྱིར། སྔོན་གྱི་བཅའ་ཡིག་དུའང་དུ་བའི་འགྱེད་སོགས་མི་ཆོག་པར་བཀས་བཅད་པ་བཞིན་སྣ་དུད་སོགས་ཀྱང་གཏན་དུ་སྤང་ནུས་ན་ལེགས་ཤིང་། དེ་ཙམ་མི་ནུས་ཀྱང་འཚོགས་གྲལ་དུ་འཕྲལ་སྒྲིགས་ལམ་ལ་མི་མཛེས་ཤིང་། ཕུག་ཉེས་པ་ཆེན་པོ་འབྱུང་བས་འཐེན་མི་ཆོགཡང་ཇི་སྐད་དུ། སངས་རྒྱས་འཇིག་རྟེན་ཕན་བརྩོན་པའི། །ཆོས་ནི་འཚེ་བ་མེད་པ་ཡིན། །དེ་ལ་ཡིད་བརྟན་དེའི་རྗེས་ཞུགས། །དེ་ཡང་འཚེ་བ་མེད་པར་བརྗོད། །ཡུན་རིང་ཕན་པའི་བྱ་བ་མཛད། །དེ་ལས་བྱང་ཆུབ་ཐོབ་གྱུར་ནས། །རྟག་ཏུ་འཚེ་མེད་ཕན་པར་སྤྱོད། །འཁོར་ལའང་ཕན་པ་བརྩོན་པར་འདོམས། །བྲམ་ཟེའམ་ཡང་ན་དགེ་སྦྱོང་ནི། །གཞན་གྱི་ཐོས་པའི་ཚིག་ལ་ཡང་། །འདིས་གནོད་བྱས་པའི་ཚུལ་ཡོད་མིན། །ཀུན་ཏུ་དགེ་བའི་ངང་ཚུལ་འདིའོ། །ཞེས་དང་། འདུལ་བ་ལས། རབ་ཏུ་བྱུང་བ་གཞན་ལ་འཚེ་བ་དང་། །གཞན་ལ་གནོད་པ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུངས་པས། རབ་ཏུ་བྱུང་བ་རྣམས་ཀྱིས་དུད་འགྲོ་གསོད་དུ་སྩལ་པ་སོགས་ལ་ཇི་མི་སྙམ་པ་འདིས་དགེ་སྦྱོང་གི་ངང་ཚུལ་འཇིག་པ་ཡིན་ཅིང་། དེར་མ་ཟད། དམ་པའི་ཆོས་ལ་སྐྱབས་སོང་ནས། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །ཞེས་གསུངས་པས། སྐྱབས་འགྲོའི་བསླབ་བྱ་ལ་ཡང་འགལ་ཞིང་། བ་ཚྭ་ཅན་གྱི་མདོ་ལས། གང་གིས་ཡིད་ཀྱིས་ཀྱང་ནི་སེམས་ཅན་དག་ལ་གནོད་བྱེད་པ། །དེ་ནི་ཇི་ལྟར་ང་ལ་རྟེན་ཏེ་ང་ལ་ལྟོས་བྲལ་ཡིན། །གང་གིས་ཡིད་ལ་དགའ་བ་བསྐྱེད་ན་མཆོད་པ་ཡིན་པས་ན། །སེམས་ཅན་དག་ལ་ཕན་ན་དེ་ནི་ཆུང་ཡང་མཆོད་པ་ཡིན། །འཚེ་བའི་བདག་ཉིད་ཅན་དང་གཞན་གནོད་འབྱུང་བ་ཡི། །མཆོད་པ་ལེགས་པར་སྦྱར་བ་ཡིན་ཡང་མཆོད་པར་འགྱུར་བ་མིན། །ཞེས་གསུངས་པས་སྐྱབས་ཀྱི་དམ་པ་སངས་རྒྱས་མི་བརྙེས་པར་འགྱུར་བ་སོགས་ཉེས་པ་ཚད་མེད་ཅིང་། མཛོད་ལས། དམག་ལ་སོགས་པ་དོན་གཅིག་སྟེ། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་གསུངས། དེས་ན་རབ་ཏུ་བྱུང་བ་རྣམས་ལ་དངོས་སུ་ལྟ་ཅི་བརྒྱུད་ནས་གནོད་པར་འགྱུར་བའི་སྲོག་ཆགས་དང་བཅས་པའི་རྩྭ་ཆུ་ཙམ་ལའང་སྤྱོད་པར་བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་ཞིང་། བྱང་སེམས་ཀྱི་སྐབས་སུ་སེམས་ཅན་བློས་བཏང་བ་དང་། སྔགས་ཀྱི་སྐབས་སུ་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་དུའང་འགྱུར་བས་ཐམས་ཅད་ནས་བག་ཡོད་གནང་བ་ཅིས་ཀྱང་གལ་ཆེ། བྱེ་བྲག་བླ་མ་གོང་མ་རྣམས་ཀྱི་དུས་ནས་བཟུང་བཅའ་ཡིག་ཏུ་ཕོག་བཞིན་འཚོགས་པ་ཆེ་ཕྲ་གང་ལའང་ཆེད་དུ་བསད་པའི་བསྔོས་ཤའི་རྒྱུགས་སོགས་གཏན་ནས་བྱེད་མི་ཆོག་ཅིང་། ཁྱད་པར་ཁྱིམ་འབུབ་པ་དང་རྔོན་སོགས་སེམསཅན་གྱི་སྲོག་ལ་འབབ་པ་སོགས་རང་གིས་བསླབ་གཞི་སྣེ་གཅིག་ཙམ་ཡང་མི་བསྲུང་བར་དགོན་སྤྱིའི་དཀོར་ལ་རྔམས་པའི་ངན་པ་དབང་ཆེན་རིགས་བྱུང་ན་ཕྱི་ལམ་ཁེགས་པའི་ཆད་ལས་དང་སྦྲགས་གནས་དབྱུང་བྱ་བ་ལས་འཚོགས་གྲལ་དུ་གཏན་ནས་སྡོད་མི་ཆོག་པ་སོགས་དམ་པའི་ཆོས་འདུལ་བ་སོགས་དང་བསྟུན་པའི་བཅའ་ཁྲིམས་རིགས་བཅའ་ཡིག་སྔ་མ་རྣམས་བཞིན་སོར་གནས་གནང་དགོས། ཁྱད་པར་དུའང་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཡང་རྩེ་ནང་རྒྱུད་ཡོ་ག་སྡེ་གསུམ་པོ་འདི་ནི། དུས་གསུམ་དུ་གཤེགས་ཤིང་བཞུགས་ལ་འབྱོན་པར་འགྱུར་བའི་རྒྱལ་བ་རྫོགས་པའི་སངས་རྒྱས་མ་ལུས་ཤིང་། ལུས་པ་མེད་པ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་མཐར་ཐུག་པ་སྟེ། འདི་ལས་ལྷག་པའི་ངེས་དོན་གཞན་བཙལ་ཡང་རྙེད་པར་མི་འགྱུར་ཏེ། སྒྱུ་འཕྲུལ་རྩ་བའི་རྒྱུད་ལས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འདས་དང་ད་ལྟ་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །བསྙེན་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཡང་རྒྱལ་བས་མི་བརྙེས་སོ། །ཞེས་གསུངས། དེས་ན་མདོ་འདུལ་སོགས་ཐུན་མོང་བའི་ལམ་ལ་བསྐལ་པར་སྦྱངས་པ་བས་འདིར་མོས་པ་བསྐྱེད་པ་ཙམ་དོན་ཆེ་སྟེ། རྒྱུད་དེ་ཉིད་ལས། གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་གསུངས་པ་ལྟར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཉེ་བའི་སྲས་སུ་དགོངས་པར་འགྱུར་བ་དང་། རྒྱལ་བའི་རིགས་པ་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡི། །སྲས་དང་སྤུན་དགོངས་བྱིན་གྱིས་རློབས། །ཞེས་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་རྣམས་འཇིག་རྟེན་གྱི་གཙོ་བོ་ལྷ་ཆེན་པོ་སོགས་ཀྱིས་བཀུར་བར་འགྱུར་བ་དང་། བྱང་སེམས་རིག་པ་འཛིན་པ་རྣམས་ཀྱིས་སྲས་དང་སྤུན་གྱི་ཚུལ་དུ་དགོངས་པར་འགྱུར་བ་སོགས་རྒྱུད་སྡེ་རྣམས་ནས་རྒྱ་ཆེར་བསྔགས་ཤིང་ཚུལ་བཞིན་ཉམས་སུ་བླངས་པས། དབང་རབ་ཚེ་འདི་དང་། འབྲིང་བར་དོ། ཐ་མ་སྐྱེ་བ་ཕྱི་མ། ཡང་ཐ་དབང་ཐོབ་ཅིང་དམ་ཚིག་མ་ཉམས་ན་སྐྱེ་བ་བདུན་ནས་རྣམ་གྲོལ་གྱི་འབྲས་བུ་མངོན་དུ་བྱེད་པར་ངེས་པའང་། དགོངས་པ་ལུང་སྟོན་ལས། ཤིན་ཏུ་གྲངས་མེད་བསྐལ་པ་རུ། །སངས་རྒྱས་རྣམས་ཀྱིས་གང་མཁྱེན་པ། །སྔགས་པ་རྣམས་ཀྱིས་དུས་གཅིག་ཏུ། །ཚེ་གཅིག་རྫོགས་པའི་བྱང་ཆུབ་ཐོབ། །ཅེས་དང་། འཇམ་དཔལ་ཞལ་ལུང་ལས། གཟུགས་ཅན་ཕུང་པོ་རགས་ལུས་སུ། །ཚེ་འདི་ཉིད་ལ་མ་གྱུར་ཀྱང་། །ཡིད་ནི་རྡོ་རྗེའི་སྐུ་གྲུབ་པས། །བར་དོར་ཡང་དག་འགྲུབ་པར་འགྱུར། །ཞེས་དང་། སངས་རྒྱས་ཐོད་པའི་རྒྱུད་ལས། དེ་ཕྱིར་རྣལ་འབྱོར་བློ་ལྡན་གྱིས། །ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི། །སྐྱེ་འདིར་དངོས་གྲུབ་མ་ཐོབ་ཀྱང་། །སྐྱེ་གཞན་སྲིད་པར་དངོས་གྲུབ་ཐོབ། །ཅེས་དང་། གསང་བ་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ལ་ནི། །མ་བསྒོམས་ཀྱང་ནི་འགྲུབ་པར་འགྱུར། །ཞེས་གསུངས། དེས་ན་སྔ་འགྱུར་འདུས་མདོ་སྒྱུ་འཕྲུལ་བཀའ་བརྒྱད་སོགས་བཀའ་གཏེར་གྱི་རྒྱུད་དང་སྒྲུབ་མཆོད་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་ལ་དད་མོས་དམ་ཚིག་རྣམ་པར་དག་པས་ལན་གཅིག་འབྲེལ་བའང་རིང་པོར་མི་ཐོགས་པར་རིག་འཛིན་གྱི་ས་ལ་གནས་པར་འགྱུར་བ་ཡིན་ཏེ། གསང་འདུས་ལས། དད་བརྩོན་དྲག་པོས་སྒྲུབ་གྱུར་ན། །མཚམས་མེད་ལྔ་པོ་སྤྱོད་པས་ཀྱང་། །དངོས་གྲུབ་ཐོབ་པ་གསང་སྔགས་ཁྱད། །དད་ལྡན་རྣམས་ལ་སྨོས་ཅི་དགོས། །ཞེས་དང་། ཞག་བདུན་དང་ནི་ཟླ་ཕྱེད་དང་། །ཟླ་གཅིག་ཟླ་བ་ཕྱེད་དང་གཉིས། །རྡོ་རྗེའི་དམ་ཚིག་སྒྲུབ་ན་ནི། །དངོས་གྲུབ་མྱུར་དུ་ཐོབ་འགྱུར་རོ། །ཞེས་གསུངས། དེས་ན་གསང་ཆེན་དཀྱིལ་འཁོར་གཉེན་པོ་འདི་ལྟ་བུ་དང་འབྲེལ་དུ་ཡོད་པ་ནི་སྔོན་བསྐལ་པ་དུ་མར་གོམས་པའི་ལེགས་བྱས་ཀྱི་མཐུ་ལས་ཡིན་ཞིང་། ཁྱད་པར་ཨོ་རྒྱན་དུས་གསུམ་མཁྱེན་པའི་གཏེར་ཆོས་ཟབ་མོ་རྣམས་དང་འབྲེལ་བ་ནི། སྔོན་གུ་རུ་རིན་པོ་ཆེའི་ཞལ་མཐོང་ཞིང་སྨོན་ལམ་བཏབ་པའི་འབྲས་བུར་ངེས་ཏེ། ཉིད་ཀྱི་རྡོ་རྗེའི་གསུང་ལས། མདོར་ན་ཨོ་རྒྱན་ངས་བསྟན་ཆོས་རྣམས་ལ༔གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུན༔ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པར་ངེས༔མ་འོངས་ཀུན་གྱིས་ཡིད་གཉིས་ཐེ་ཚོམ་སྤོང༔གུས་པས་བཀུར་སྟི་ཕུ་དུད་འབྲེལ་བ་ཞོག༔ཅེས་དང་། དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་གྱིས༔མ་འོངས་པདྨའི་ཆོས་ལ་མོས་པ་ཀུན༔དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ༔ཐམས་ཅད་ལས་ཅན་ཡིན་པས་དགའ་བ་བསྒོམ༔ཁོ་མོའི་ཚིག་འདི་རིན་ཆེན་གསེར་ལས་དཀོན༔ཞེས་གསུངས། དེ་དང་རྗེས་སུ་འབྲེལ་བའི་སྤྲོས་བཅས་ཀྱི་ཕྱག་བཞེས་འདི་དག་ཀྱང་རྒྱུད་དང་མན་ངག་གི་དགོངས་པ། སྔོན་གྱི་གྲུབ་མཆོག་རིག་པ་འཛིན་པ་རྣམས་ཀྱི་ཕྱག་བཞེས་ཕན་ཡོན་དགོས་པ་ཁྱད་འཕགས་དང་འབྲེལ་བ་འབའ་ཞིག་ཡིན་པས་ནམ་ཡང་གཡས་ཆུང་དུ་བྱ་མི་རུང་སྟེ། དེ་དག་གི་ཕན་ཡོན་གྱི་ཁྱད་པར་མདོ་ཙམ་སྨོས་ན། ཡེ་ཤེས་རྒྱས་པ་ལས། གང་གིས་རྒྱལ་བའི་དཀྱིལ་འཁོར་མཆོག །ཐིག་དང་ཚོན་གྱིས་འདྲི་བྱེད་པ། །ཕྱོགས་བཅུའི་སངས་རྒྱས་ཞིང་ཁམས་ཀུན། །རིན་ཆེན་བདུན་བྱིན་བསོད་ནམས་ལས། །དེ་ཡི་ཕུང་པོ་དཔག་ཏུ་མེད། །ལས་རྣམས་འགྲུབ་ཅིང་རྒྱལ་བས་དགོངས། །དཀྱིལ་འཁོར་བསམ་ཡས་ཐོབ་པར་འགྱུར། །ཞེས་རྡུལ་ཚོན་སོགས་ཀྱིས་དཀྱིལ་འཁོར་ལེགས་པར་བཞེངས་པའི་བསོད་ནམས་ཀྱང་ཚད་མེད་དེ་སྦྱིན་སོགས་གཞན་ལས་ཁྱད་པར་དུ་འཕགས་ཤིང་། གནས་སྐབས་ལས་དང་དངོས་གྲུབ་ཐོབ་པ་དང་། མཐར་ཐུག་རྒྱལ་བའི་དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ཐོབ་པར་གསུངས་པ་དང་། དེར་མ་ཟད་རབ་གནས་དང་ལྡན་པའི་དཀྱིལ་འཁོར་དེ་ལན་གཅིག་མཐོང་བ་ཙམ་གྱིས་ཀྱང་བསྐལ་པ་མང་པོའི་སྡིག་པ་འདག་ནུས་པ་ཡིན་ཏེ། སྒྱུ་མ་ཆེན་པོ་ལས། མཐོང་བ་དང་ནི་ཞུགས་པ་ཡིས། །དེ་ཀུན་སྡིག་ལས་རྣམ་པར་གྲོལ། །ཞེས་གསུངས། དཀྱིལ་འཁོར་མཐོང་བ་ཙམ་ལ་དེ་འདྲ་ན་དེར་ཞུགས་ཏེ་དབང་ནོད་པ་དང་ཚུལ་བཞིན་དུ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་དུ་བརྩོན་ན་འབྲས་བུ་བླ་ན་མེད་པ་ཐོབ་པ་སྨོས་ཀྱང་ཅི་འཚལ་ཏེ་སྔགས་སྤྱོད་ལས་དང་པོ་པའང་རྒྱུའི་བྱང་སེམས་ཕྱིར་མི་ལྡོག་པ་སོགས་ལས་ཀྱང་ཁྱད་པར་དུ་འཕགས་པར། སྒྱུ་འཕྲུལ་མེ་ལོང་ལས། རང་རིག་ཡེ་ཤེས་རྒྱུད་སྟོན་ཕྱིར། །རང་སྣང་རིག་པ་མངོན་བྱས་པ། །རིག་འཛིན་མཆོག་དེ་ལྷུན་གྲུབ་པའི། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྦྱོང་སེམས་དཔས་བསྐྱོད་དུ་མེད། །བདེ་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུའི་ལུང་ཐོབ་པའོ། །ཞེས་གསུངས། སྤྲོས་བཅས་ཀྱི་ཡན་ལག་སྒྱུ་འཕྲུལ་ཁྲོ་བོའི་རྩ་འཆམ་དང་གར་འཆམ་སོགས་ནི་རྒྱུད་ལས་དངོས་སུ་བསྟན་ཅིང་གཞན་ཚེས་བཅུ་སོགས་ཀྱང་རྩོད་པ་དང་བྲལ་བའི་གཏེར་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་སོགས་ཀྱི་དག་སྣང་ལས་བྱུང་བ་ལན་གཅིག་མཇལ་བ་ཙམ་གྱིས་གནས་སྐབས་ཀྱི་བར་ཆད་དང་ཉེར་འཚེ་མཐའ་དག་ཞི་ཞིང་མཐར་ཐུག་རིག་འཛིན་གྱི་ས་ལ་སྦྱོར་བར་གསུངས་ཤིང་། བླ་མ་དགོངས་འདུས་ལས་ཀྱང་། ཕྱི་ནང་གསང་བའི་སྦྱོར་སྒྲོལ་ལ་སོགས་ཀྱི༔གར་སྟབས་འཆམ་དང་རྣམ་འགྱུར་དུ་མ་ཡང༔རྣལ་འབྱོར་ཉམས་དང་བསྟུན་ཏེ་གཞུང་བཞིན་བྱ༔དེས་ནི་བྱིན་འབེབས་མ་མོ་མཁའ་འགྲོ་འདུ༔མངའ་ཐང་ལོངས་སྤྱོད་དཔལ་འབྱོར་ལ་སོགས་འཕེལ༔གཞན་ཡང་ཞི་རྒྱས་དབང་དྲག་ལ་སོགས་ཀྱི༔ལས་ཀྱི་ཁ་བསྒྱུར་འོས་པའི་དུས་རྣམས་སུ༔ཕྱི་ནང་གསང་གསུམ་གང་ལ་གང་འཐད་ཀྱི༔གར་འཆམ་ལ་སོགས་ཚུལ་དང་མཐུན་པ་རྣམས༔མྱུར་དུ་འགྲུབ་ཕྱིར་མཁས་པས་ལག་ཏུ་བླང༔ཞེས་དང་། མཁས་པས་དུས་སྐབས་བསྟུན་ཏེ་ལེགས་བྱས་ན༔བཀྲ་ཤིས་བྱིན་འབེབས་ལྷ་རྣམས་དགྱེས་པ་བསྐང༔རྣལ་འབྱོར་ཉམས་འཆར་སྣང་སྲིད་དབང་དུ་འདུས༔མ་དག་དགྲ་བགེགས་ལོག་འདྲེན་འབྱུང་པོ་འབྲོས༔ཞི་གསུམ་དགེ་བསྙེན་ས་བསྲུང་དམ་ལ་གནས༔ལས་རྣམས་མྱུར་འགྲུབ་ཆོས་སྐྱོང་གནས་ནས་ཁོལ༔ཡུལ་རིས་རྒྱལ་ཁམས་བདེ་ལེགས་དཔལ་འབྱོར་ཐོབ༔ཐབས་ཤེས་དབང་གིས་རྟེན་འབྲེལ་དུ་མ་འཆར༔བསྒྲུབ་ལ་བོགས་ཐོན་སྣང་སྲིད་རྩེད་མོར་རྟོགས༔ཕྱི་ནང་བརྡའ་འཕྲོད་དགེ་སྦྱོར་འཕེལ་གྲོགས་བྱེད༔དེ་ཕྱིར་བྱེ་བྲག་ཕྱེད་པས་བརྩོན་པར་བྱ༔ཞེས་དང་། འཁྲུལ་འཁོར་ཆ་ལུགས་འདི་ལ་མ་འདུས་མེད༔ལུས་སྦྱང་རྩ་མཉེན་རླུང་གི་ནུས་པ་འཕེལ༔བདེ་བའི་ཡེ་ཤེས་བྱང་སེམས་མཉམ་པར་འཁྲེམ༔ལས་ཀྱི་རླུང་ཟད་ཡེ་ཤེས་རླུང་སྟོབས་རྒྱས༔བདེ་སྟོང་ཟག་མེད་སྙིང་པོའི་བརྟན་པ་ཐོབ༔བཀོད་པའི་རྡོ་རྗེའི་ལུས་ཀྱི་རྩ་མདུད་གྲོལ༔མཁྱེན་བརྩེ་རྟོགས་པའི་རི་མོ་མ་འགགས་འཆརཿཕྱི་རོལ་སྣང་བ་ཅི་བྱེད་རང་བྱན་ཚུད༔སྣང་སེམས་གཉིས་འདྲེས་སྐྱེ་འཆི་རང་དབང་ཐོབ༔ཐུན་མོང་ལས་རྣམས་ཞོར་འགྲུབ་སྨོས་ཅི་དགོས༔ཐར་པ་སྒྲིབ་པའི་བདུད་དཔུང་ངང་གིས་ཐུལ༔འདིས་ནི་གནས་སྐབས་མཐར་ཐུག་གཉིས་ཀ་ཡི༔དྲང་དོན་ངེས་དོན་བསྐྱེད་རྫོགས་འཇུག་སྒོ་ཡིན༔བསྐྱེད་རིམ་ཚད་རིག་རྫོགས་རིམ་གཏན་ལ་ཕབ༔བསྐྱེད་རིམ་བསྒོམ་ཚུལ་འདི་ལས་ལྷག་པ་མེད༔དེ་ཕྱིར་རྩོལ་བས་འདི་ལ་འབད་པར་བྱ༔ཞེས་གསུངས༔གཞན་ཡང་རྡོ་རྗེ་གུར་དང་དང་པོའི་སངས་རྒྱས་སྒྱུ་འཕྲུལ་དྲྭ་བ་དང་རྔམས་གློག་སོགས་གསར་རྙིང་གི་རྒྱུད་སྡེ་ཆེན་པོ་དུ་མ་ནས་བསྟན་ཅིང་། རྒྱུད་ཀྱི་རྒྱལ་པོ་གསང་བ་སྙིང་པོ་ལས་ཀྱང་། བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས། །འཛུལ་ལམ་ནམ་མཁའ་འགྲོ་བར་འགྱུར། །ཞེས་སྤྱིར་བསྟན་ནས། བྱེ་བྲག་ཏུ། ཁྲག་འཐུང་ཆེན་པོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོ་ཡིས། །ཐམས་ཅད་ཐམས་ཅད་ཅི་འདོད་པ། །ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །ཞེས་སོགས་རྒྱས་པར་གསུངས་པ་བཞིན་གནས་སྐབས་སུ་ལུས་ཀྱི་སྒྲིབ་པ་དག་ཅིང་། ལུས་འབྱུང་བ་བཞི་ལ་ཐོགས་མེད་དུ་འགྲོ་བར་ནུས་པ་སོགས་རྫུ་འཕྲུལ་སྣ་ཚོགས་སྟོན་པ་ལ་དབང་འབྱོར་ཞིང་། ཞི་སོགས་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐོབ། མཐར་ཐུག་སྐུ་རྣམ་པ་ཐམས་ཅད་པ་འདོད་དགུར་འཕྲུལ་བའི་མཐུ་ཐོབ་པར་བྱེད་པའི་ཉེ་རྒྱུ་ཡིན་ལ། དེར་མ་ཟད་རིན་པོ་ཆེ་དང་རུས་པའི་རྒྱན་སོགས་ཞི་བ་དང་། དཔལ་ཆས་སོགས་ཁྲོ་བོའི་རྒྱན་དང་རྟགས་ཀྱིས་སྤུད་པ་ཙམ་གྱིས་ཀྱང་ལུས་གཟི་བརྗིད་འབར་ཞིང་གཞན་གྱིས་ཐུབ་པར་དཀའ་བ་སོགས་ཀྱི་དངོས་གྲུབ་འབྱུང་སྟེ། རྒྱུད་དེ་ཉིད་ལས། རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །ཅེས་གསུངས། ཁུངས་ལྡན་བརྒྱུད་པའི་མན་ངག་ཇི་ལྟ་བར་སྙན་འགྱུར་ཁུག་ལྡན་གྱི་དབྱངས་ཀྱི་ང་རོ་སོགས་ལ་བརྩོན་ན། གནས་སྐབས་ངག་གི་སྒྲིབ་པ་བྱང་ཞིང་ངག་ལ་བདེན་ཚིག་གྲུབ། མཐར་ཐུག་གསུང་དབྱངས་གཅིག་གིས་མཐའ་ཡས་པའི་གདུལ་བྱར་ཆོས་ཀྱི་འཁོར་ལོ་བསྐོར་ནུས་པའི་གསུང་རྣམ་པ་ཐམས་ཅད་པ་འགྲུབ་པ་ཡིན་ཏེ། དེ་ཉིད་ལས། གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས། དེར་མ་ཟད་འདུལ་བ་ལུང་ལས་ཀྱང་། སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲགས་པ་དང་། རྒྱུན་ཆགས་གསུམ་པ་འདོན་པ་ལ་དབྱངས་ཀྱི་ང་རོ་བྱའོ། །ཞེས་དང་། འདུལ་བ་སུམ་བརྒྱ་པ་ལས་ཀྱང་། ཆོས་སྒྲོགས་བྱེད་པའི་གླུ་ནི་ཉེས་པ་མེད། །སྟོན་པའི་ཡོན་ཏན་བརྗོད་པའང་དེ་བཞིན་ནོ། །དམ་ཆོས་ཆེད་དུ་གླུ་ནི་མི་ཤེས་ན། །དབེན་པར་སོང་སྟེ་རབ་ཏུ་བསླབ་པར་བྱ། །ཞེས་སོ་སོ་ཐར་པའི་གཞུང་ལས་ཀྱང་རྗེས་སུ་གནང་བ་ཡིན་ལ། གཞན་ཡང་བཅའ་འབུད་བརྡུང་དཀྲོལ་སོགས་ཇི་སྙེད་པའང་བསོད་ནམས་ཀྱི་ཚོགས་རྫོགས་པའི་ཐབས་སྲོལ་བླ་ན་མེད་པ་སྟེ། མཐར་ཐུག་གཟུགས་སྐུ་གཉིས་འགྲོ་ལ་སྣང་བའི་ལྷན་ཅིག་བྱེད་རྐྱེན་དུ་འགྱུར་ཞིང་། གནས་སྐབས་སུའང་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བ་སྟེ། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་དང་། ཀླུ་སྒྲུབ་ཀྱིས། གཟུགས་ཀྱི་སྐུ་ནི་མདོར་བསྡུས་ན། །བསོད་ནམས་ཚོགས་ལས་འཁྲུངས་པ་ཡིན། །ཞེས་གསུངས། སྤྱིར་ཡང་སངས་རྒྱས་ལ་དམིགས་པའི་ཐལ་མོ་ཡ་གཅིག་གདེང་བའམ་མེ་ཏོག་གཅིག་ནམ་མཁར་གཏོར་བའམ་བསྔགས་པ་ཚིག་གཅིག་བརྗོད་པ་སོགས་ཀྱང་བྱང་ཆུབ་མཆོག་གི་རྒྱུ་ལས་བར་མ་དོར་ནམ་ཡང་ཆུད་མི་ཟ་བར་མདོ་སྡེ་རྣམས་ལས་ཀྱང་རྒྱ་ཆེར་གསུངས་ཤིང་། ཁྱད་པར་སྒྲུབ་ཆེན་ཟབ་མོ་འདི་ལྟ་བུ་དང་འབྲེལ་བའི་སྔགས་ཀྱི་ཐབས་ཤེས་ཁྱད་པར་ཅན་གྱི་ཟིན་པ་ནི་ཕན་ཡོན་ནམ་དགོས་ཆེད་ཚད་མེད་པ་དང་ལྡན་པར་རིགས་པས་ཀྱང་གྲུབ་ལ། ལུང་ལས་ཀྱང་གསུངས་ཏེ། སྤྱི་མདོ་དགོངས་འདུས་ལས། དབུ་མ་རྣམ་ཐར་གསུམ་སྒོར་དཀའ་སྤྱད་ཀྱང་། །དེ་ལ་རྒྱལ་བས་མི་དགོངས་བཀུར་མི་མཛད། །སྙིང་པོའི་དོན་རིག་སྐད་ཅིག་ཙམ་གྱིས་ཀྱང་། །བྱིན་རླབས་ཡོན་ཏན་རྒྱལ་བས་བཤད་མི་རྫོགས། །དཀར་པོ་མཐར་ཐུག་བསོད་ནམས་ཀུན། །སེན་མོའི་སྟེང་གི་རྡུལ་དང་འདྲ། །རྡོ་རྗེ་སྙིང་པོར་གཅིག་བསྐྱེད་པས། །ས་ཡི་དཀྱིལ་འཁོར་ཆེན་པོ་ཙམ། །དཀར་པོའི་ཕྱོགས་ཀྱི་མཐར་ཐུག་པ། །དེ་ནི་མུན་ཁང་སྒྲོན་མེ་ཙམ། །རྡོ་རྗེ་སྙིང་པོར་གཅིག་རིག་པ། །དུས་མཐའི་བསྐལ་པའི་མེ་ཆེན་འདྲ། །དབུ་མར་སྣང་བའི་ནམ་མཁའ་ནི། །གང་གི་གསེང་ཁུང་ནམ་མཁའ་འོ། །རྡོ་རྗེ་གསང་བའི་ནམ་མཁའ་ནི། །འབྱུང་ཆེན་གཏོས་ཀྱི་ནམ་མཁའ་འདྲ། །ཞེས་གསུང་། རྒྱུ་མཚན་དེའི་ཕྱིར་གལ་ཆུང་ཁྲལ་མཐོང་ཙམ་དུ་མ་སོང་བར་ཁུངས་ལྡན་རིག་འཛིན་བརྒྱུད་པའི་ཕྱག་སྲོལ་ཇི་ལྟ་བར་བརྩོན་ན་རྙིང་མའི་གྱེར་སྒོམ་པ་ཞེས་མཚན་དོན་མཐུན་པར་འགྱུར་ཞིང་། རང་རང་གི་དལ་འབྱོར་ལན་གཅིག་ཐོབ་པ་འདི་ཆུད་ཟོས་སུ་མ་སོང་བར་དོན་ཅན་དུ་བྱེད་པ་ཡིན་པས་ཀུན་གྱི་ཐུགས་ལ་གཞུག་པ་དང་། ཁྱད་པར་དབྱངས་རོལ་བཅའ་འབུད་འཆམ་སོགས་གང་ལ་གང་བབས་སྦྱངས་བརྩོན་མཐའ་ཐུབ་དང་། དེ་ཡང་སྨིན་ལུགས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་སྔོན་སྲོལ་འཆུག་མེད་ལས། འདི་བས་འདི་ལེགས་དང་། འདི་བས་འདི་སྙན་སོགས་རང་བློའི་ཕོ་ཚོད་ཀྱིས་གསར་བཅོས་དང་། གཞན་གྱི་གཡོམ་རྒྱུག་སོགས་གཏན་ནས་བྱེད་མི་ཆོགགཞན་དབྱར་དགུན་གྱི་བཅའ་བ་དང་དུས་མཆོད་ཆེ་རིགས་རྣམས་སུ་གྲྭ་རྒན་གཞོན་ཚང་མ་ཞིབ་འདུས་སོགས་བླང་དོར་དམིགས་བསལ་གྱི་བཅའ་ཡིག་ཟུར་བཀོད་ལྟར་དྲན་ཤེས་བག་ཡོད་ཀྱིས་ལག་ལེན་ཚུལ་མཐུན་གནང་བ་སོགས། མདོར་ན། བསྟན་དགོན་གྱི་བྱ་བ་ཆེ་ཕྲ་གང་ལའང་བླ་གྲྭ་བསམ་ཤེས་ཀུན་ནས། རང་འདོད་གཡོ་ཟོལ་མེད་པའི་ལྷག་བསམ་ཆུན་དྲིལ་གྱིས། ཆོས་ལྡན་གྱི་མཛད་སྒོ་སྔར་ཡོད་རྣམས་མ་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ལུགས་གཉིས་གང་ཐད་ནས་གནང་ན། སྤྱིར་སངས་རྒྱས་བསྟན་པའི་ཞབས་འདེགས་དང་། གོང་མ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་དགོངས་རྫོགས། ད་ལྟ་ཞལ་བཞུགས་མཆོག་སྤྲུལ་ཟླ་བ་གསར་དུ་ཚེས་པའི་སྐུ་ཆུས་དང་ཐུགས་དགྱེས་པའི་རོལ་མོ། རང་རང་གི་ཚོགས་བསགས་སྒྲིབ་སྦྱང་གང་ལ་བསམས་ཀྱང་དེ་ལས་དོན་ཆེ་བ་མེད་ཅིང་། དུས་ཚོད་དང་བསྟུན་པར་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་གྲངས་སུའང་འགྲོ། ལས་འབྲས་བསླུ་བ་མེད་པས་ཚེ་འདིར་ཡང་མི་མཐུན་འགལ་རྐྱེན་རིགས་ཞི་བ་དང་། མཐུན་རྐྱེན་ལེགས་ཚོགས་གོང་འཕེལ་དུ་འགྱུར་ཞིང་། མཐར་ཐུག་རྣམ་མཁྱེན་བླ་ན་མེད་པའི་རྒྱུར་ངེས་པར་མ་ཟད། འཕགས་པའི་ས་ལ་བཞུགས་ངེས་པའི་ཐུབ་པའི་རྒྱལ་ཚབ་ཆེན་པོ་རྩོད་པ་དང་བྲལ་བ། ༧འཇམ་མགོན་རྡོ་རྗེ་འཆང་སོགས་ཀྱིས་བསླུ་མེད་རྡོ་རྗེའི་བདེན་ཚིག་དང་། ཆོས་སྐྱོང་བའི་སྲུང་མ་གཉན་པོ་རྣམས་ལ་གཉེར་དུ་གཏད་ཅིང་ཕྲིན་ལས་སུ་གསོལ་བར་མཛད་འདུག་པས་ཀུན་གྱིས་ཐུགས་གཞུག་དང་། དོན་གྱི་རྩ་བ་འཇམ་མགོན་རྡོ་རྗེ་འཆང་ཆེན་པོས་སྩལ་པའི་བཅའ་ཡིག་ལས། ཕྱིས་ཀྱི་མི་རྣམས་ཤེས་ཡོད་དྲང་ཐུབ་སྤྱི་བསམ་ཅན་ཤིན་ཏུ་དཀོན། ཤེས་མེད་བསམ་མེད་གཡོ་སྒྱུ་རང་འདོད་ཅན་མང་། ཁྱད་པར་རྒྱལ་བསེན་དམ་སྲི་སྙིང་དང་ངག་ལ་ཞུགས་པས་བླ་སློབ་དང་གྲྭ་ཚང་བར་དབྱེན་ཁ་བདེན་བདེན་ལེགས་ལེགས་འདྲ་བའི་དབང་དུ་ཤོར་ན། ཆེ་ས་ནས་དམ་ཚིག་ཉམས་པས་དམྱལ་བ་སྒྲུབ། ཆུང་ས་ནས་ནང་མི་མཐུན་པས་བསྟན་པའི་ཕུང་སེལ་ཆེན་པོ་དེ་འདྲ་སྔར་ཡང་བྱུང་། ད་ཡང་བར་ཆད་བདུད་དབང་གིས་མི་འབྱུང་ངེས་པ་མེད་པས་བླ་མ་གྲྭ་ཚང་སོགས་ནས་ཐུགས་སྟབས་གཟབ་དགོས། སྙིང་གཏོད་ས་ནས་བློ་རྐུ་ཟེར་བ་དེ་ཡིན་པས་མིག་མཐོང་ལག་ཟིན་མ་བྱུང་ན་ངོ་བསྟོད་དང་ལྐོག་གཏམ་རིགས་ལ་བླ་གྲྭ་སུས་ཀྱང་ཆགས་འཇོག་མི་ཉན། དེ་སྔ་སྤྲུལ་སྐུ་རྣམ་གཉིས་སོགས་དང་གྲྭ་ཚང་རྣམས་ཟློས་གཞི་མེད། བླ་མའི་ཐུགས་གཏད་དང་གྲྭ་ཚང་གིས་དད་འདུན་བཀུར་སྟི་བྱེད། ཕན་ཚུན་ཐུགས་མཐུན་འཁོན་སེལ་མེད་པ་ཐོས་པས་ཆོས་འཇིག་རྟེན་གང་གི་ལུགས་ལའང་དེ་ཕན་མི་འདུག་པས། ད་རུང་མཐའ་འཁྱོལ་བ་ཞིག་བྱུང་ན་དུས་ལ་དཔགས་པའི་བསྟན་པ་དང་བསྟན་འཛིན་དེ་ལ་ངོས་བཟུང་དགོས་པས་ཐུགས་བཞག་ཤིན་ཏུ་གལ་ཆེ། ཞེས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་འདོམས་པར་མཛད་པ་བཞིན། བླ་སློབ་ཐུགས་མཐུན་ཁྲིམས་གཙང་དམ་ཚིག་ལ་སེལ་མ་ཞུགས་པར་ལེགས་མཛད་མཐར་འཁྱོལ་རེ་བྱུང་ན་གཞན་ཀུན་ལས་དོན་ཆེ་བས། སྔོན་༧སྐྱབས་རྗེ་བདེ་བར་གཤེགས་པ་ཞལ་བཞུགས་དུས་ནས་བཟུང་། དམན་པ་རང་ནས་ཀྱང་ལུགས་གཉིས་གང་ཐད་འཁོས་ཀ་འབུ་བས་ཞན་ཀྱང་། རང་རྒྱུད་དྲང་པོ་གཡོ་ཟོལ་མེད་པས་གོང་མ་བཀུར་ཤེས་དང་། འོག་མ་འཚོ་ཤེས་ཟེར་བའི་དཔེ་ལྟར་བྱས་པས། ངེད་བླ་སློབ་ཁ་ཞེ་ངོ་ལྐོག་མེད་པར་དམ་ཚིག་ལ་སེལ་ནོག་སྤུ་ཙམ་མེད་པར་རང་ཡིད་རང་ལ་ཆེས་པས་བློ་བདེ། ད་ལྟའི་དུས་ཀྱང་རང་དགོན་གྱི་བླ་གྲྭ་ཚང་མ་དང་སེལ་ནོག་ཉམས་ཆག་ཡོད་ས་གཅིག་ཀྱང་མེད་པས་ད་ལྟ་རང་ཤི་ཡང་འགྱོད་པ་མེད། འདི་ག་ཙམ་བླ་མའི་ཡོན་ཏན་བྱས་ཀྱང་ཡིན། རྣམ་ཐར་བྱས་ཀྱང་དེ་ཡིན། དེ་ལས་ལྷག་པ་གཞན་གང་ཡང་སྟོན་རྒྱུ་མེད། ད་ནི་བགྲང་བྱའི་ཁུལ་ཡང་དགའ་རབ་སོང་ཆོས་འཇིག་རྟེན་གང་ཐད་ནས་འདི་བྱ་དང་འདི་བྱེད་ཀྱི་སྤྲོས་པ་མང་པོའི་གཉེར་ཁ་གཞན་མེད། ཀུན་ལ་འབྱུང་བར་ངེས་ཤིང་བཟློག་ཏུ་མེད་པའི་འཆི་བ་སྒུག་སྟེ་སྡོོད་རྩིས་ཡིན་ཡང་ལས་རླུང་གི་འཕེན་པ་ཅི་འདྲ་ཡོད་མ་འཚལ། དེ་བཞིན་དུ་ད་ལྟའི་ཞལ་བཞུགས་དཀྱིལ་འཁོར་གཅིག་ལ་བརྟེན་ཅིང་མར་མེ་གཅིག་གི་འོད་ལ་ལྟ་བའི་རྡོ་རྗེའི་མཆེད་གྲོགས་བླ་གྲྭ་ཚང་མ་ནས་ཀྱང་དེ་བཞིན་ཐུགས་ལ་བཞག་ནས་ཟླ་བ་མགོ་དཀར་འཇུག་དཀར་གྱི་དཔེ་བཞིན་དུ་གྱུར་སོང་ན་དེ་ལས་དོན་ཆེ་བ་མེད་ཅིང་། ཕྲན་བན་རྒན་གྱི་བསམ་པ་ཡང་དེས་རྫོགས། གསོན་གྱི་ཁ་ད་ཡང་དེ་ཡིན། ཤི་ཡང་ཁ་ཆེམས་དེ་ལས་མེད་པས་ཀུན་གྱི་ཐུགས་གཞུག་གནང་གྲུབ་དང་། མཐར་ཐུག་རིག་འཛིན་གྱི་ས་ལ་ཚོམ་བུ་གཅིག་ཏུ་གྲོལ་བའི་སྨོན་ལམ་ཡང་དག་པས་མཐའ་བརྒྱན་པ་ལགས་ན། དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །སླར་སྨྲས་པ། དལ་འབྱོར་གྲུ་བོ་རྣམ་རིག་བ་དན་ཅན། །སྔོན་བསགས་བཟང་པོས་རྙེད་པའི་གྲོགས་པོ་རྣམས། །བཤེས་གཉེན་དེད་དཔོན་མཆོག་གིས་རྗེས་ཟིན་ཚེ། །སྡུག་བསྔལ་སྲིད་མཚོའི་ཕ་རོལ་བརྒལ་བར་མཛོད། །གཡོ་བའི་ཚེ་འདི་མི་བརྟན་ཆུ་བུར་འདྲ། །ཡུད་ཙམ་འདུས་ཀྱང་མྱུར་བར་འབྲལ་ངེས་པས། །ངན་ཤགས་འཐབ་མོས་རང་རྒྱུད་མ་བསྲེགས་པར། །སྙིང་ནས་བརྩོན་པས་དགེ་ལ་གཞོལ་བར་མཛོད། །རྣམ་དག་ཁྲིམས་གཙང་འཛིན་མའི་ལྟོ་བ་རུ། །ཐོས་བསམ་སྒོམ་པའི་ལྗོན་ཤིང་རྩ་བ་བརླིང་། །རིམ་གཉིས་ལམ་གྱི་ཡལ་འདབ་རྣམ་པར་བཀྲ། །དོན་གཉིས་འབྲས་བུའི་ལྕིད་ཀྱིས་འབྱོར་བར་མཛོད། །རྒྱལ་བསྟན་དར་ཞིང་བསྟན་འཛིན་ཞབས་པད་བརྟན། །འགྲོ་རྣམས་བདེ་སྐྱིད་དུས་ཀྱི་རྒུད་པ་ཞི། །རྫོགས་ལྡན་དཔལ་བཞིན་སྣོད་བཅུད་འབྱོར་པ་རྒྱས། །འཁོར་ལོ་གསུམ་གྱི་ཕྲིན་ལས་རྟག་ཁྱབ་ཤོག །ཅེས་པའང་སྐྱབས་གཅིག་འཁོར་ལོའི་མགོན་པོ། ༧རྫོགས་ཆེན་རབ་འབྱམས་ལྔ་པའི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་དགེ་སྦྱོང་གཟུགས་བརྙན་འདུ་གསུམ་པ། ༧ཨོ་རྒྱན་མི་འགྱུར་ཀུན་བཟང་བསྟན་པའི་རྒྱལ་མཚན་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེར་འབོད་པས། རང་ལོ་ཞེ་བདུན་པ་དམར་སེར་ཅན་གྱི་ལོ་ནག་པ་ཟླ་བའི་འཕེལ་ཕྱོགས་ཀྱི་ཚེས་དགེ་བར་བླ་བྲང་ཕུན་ཚོགས་ཡོངས་འདུའི་སྟེང་ཤག་བཀྲ་ཤིས་འཆི་མེད་འོད་སྣང་ནས་བྲིས་པ་དགེ་ལེགས་ཀྱི་སྣང་བས་ཕྱོགས་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག །།།
༄༅། །ༀ་སྭསྟི། ཚོགས་གཉིས་ནོར་བུ་རྒྱས་པའི་སྤྲིན་ཆེན་ལས། །དགེ་ལེགས་ཕན་བདེའི་གྲུ་ཆར་འཇོ་བ་ཡིས། །ས་གསུམ་སྐྱེ་དགུའི་རེ་བ་སྐོང་མཛད་པའི། །མི་མཆོག་ཤཱཀྱ་སེང་གེས་ཤིས་པ་སྩོལ། །ཀྱེ་ལགས་དལ་འབྱོར་གསེར་གྱི་སྙེ་མ་མཆོག །བསླབ་གསུམ་འབྲས་ཁུལ་ལྕི་བའི་འདུས་པའི་སྡེའི། །ལེགས་མཛད་མི་ཉམས་ཡར་ཟླའི་དཔལ་ཡོན་ལྟར། །འཕེལ་ཆེད་ལྷག་པའི་བསམ་པས་མཆིད་འདི་གསོལ། །སྔོན་རབས་དུ་མར་གོམས་པའི་ལེགས་བྱས་མཐུས། །དེང་འདིར་ཐུབ་པའི་བསྟན་ལ་ངུར་སྨྲིག་གི། །ཐར་པའི་རྒྱལ་མཚན་རང་ཤུགས་འབྱོར་དུས་འདིར། །བག་མེད་འཆལ་སྤྱོད་དབང་དུ་མི་གཏོང་འཚལ། །རྒྱལ་བ་ཐུབ་པའི་བསྟན་པ་ལུང་རྟོགས་གཉིས། །འཛིན་བྱེད་འདུས་པའི་སྡེ་ལ་རག་ལས་ཕྱིར། །ཚུལ་གནས་ཐོས་བསམ་སྒོམ་པའི་ཤེས་རབ་ལ། །སྦྱོར་བར་འཕགས་བོད་མཁས་རྣམས་མགྲིན་གཅིག་བསྔགས། །དེ་ཕྱིར་ཐོག་མར་ངེས་པར་འབྱུང་བའི་བློས། །སོ་བྱང་སྔགས་ཀྱི་བཅས་པའི་ཁྲིམས་མཐའ་དག །གནད་ཀྱིས་འགལ་མིན་ཡོན་ཏན་ཡར་ལྡན་ངོས། །སྲོག་གི་དྭངས་མ་བཞིན་དུ་བཙའ་བར་རིགས། །ཚར་གཅོད་རྗེས་འཛིན་ཀུན་མཁྱེན་ཉེ་རྒྱུ་མཆོག །འབྲི་ཀློག་སྒྲ་ཚད་བཟོ་གསོ་ནང་དོན་རིགས། །བརྟན་མཁས་ཡོན་ཏན་རྫོགས་པའི་བཤེས་གཉེན་ལས། །འབད་པས་ཉན་ཞིང་སྒྲོ་འདོགས་ཆོད་པ་གལ། །ཁྱད་པར་ཐེག་རྩེ་རྡོ་རྗེ་སྙིང་པོའི་སྲོལ། །གཉགས་གནུབས་སོ་ཟུར་ཀུན་མཁྱེན་ཀློང་རོང་གཉིས། །ཆོས་ཀྱི་རྒྱལ་པོ་སྨིན་གླིང་ཡབ་སྲས་ཀྱི། །བཞེད་པའི་གཞུང་ཀུན་ཐོས་སྒོམ་སྙིང་པོར་ཟུང་། །ཅུང་ཟད་ཐོས་ཚེ་རང་རྒྱུད་མི་ཁེངས་ཤིང་། །ཕྱོགས་ཙམ་གོ་ཚེ་གཞན་སྐྱོན་རྟོག་མིན་པར། །ཐོས་པས་རང་རྒྱུད་གྲོལ་བའི་ཉམས་ལེན་གྱིས། །རྒྱལ་བ་དགྱེས་པའི་ལམ་ལ་སློབ་པར་མཛོད། །གངས་ལྗོངས་སྒྲུབ་བརྒྱུད་ཤིད་རྟ་ཆེ་བརྒྱད་ཀྱི། །གདམས་པའི་གནད་ཀུན་དགོངས་པའི་སྐྱེལ་སོ་གཅིག །བརྒྱུད་པའི་ལོ་རྒྱུས་རྣམ་ཐར་སོ་སོར་ཆེ། །དེ་སླད་ཀུན་ལ་དག་སྣང་སྦྱང་བ་གཅེས། །ནག་ཆང་བསད་ཤ་ཐར་སྲོག་གཅོད་པའི་མཚོན། །རྒྱན་པོ་འགྱེད་སོགས་གྲགས་པ་ཉམས་པའི་རྒྱུ། །གཞན་གནོད་གཞིར་བཅས་ཁ་ན་མ་ཐོའི་ལས། །དམ་པས་སྨད་འོས་མཐའ་དག་དུག་བཞིན་སྤོངས། །ངེས་འབྱུང་དག་སྣང་ཆོས་དཀར་སྣང་བའི་སྒོ། །བྱམས་དང་སྙིང་རྗེ་ཐེག་ཆེན་ལམ་གྱི་སྲོག །བསྐྱེད་རྫོགས་རྫོགས་ཆེན་ཚེ་གཅིག་གྲོལ་བའི་ལམ། །མ་ལུས་སྟན་ཐོག་གཅིག་ཏུ་ཉམས་ལེན་གཅེས། །ཕྱི་ཚུལ་ཀུན་སྤྱོད་འདུལ་བའི་ལུགས་བཞིན་གཙང་། །ནང་དུ་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་དུལ། །གསང་བ་རིམ་གཉིས་ལམ་གྱི་དྲོད་ཐོབ་པའི། །འཕགས་ཚོགས་རིག་འཛིན་འདུས་པའི་ཕྱག་བཞེས་སྲོལ། །ཀུན་དང་མཐུན་ཞིང་ཀུན་ལས་ཁྱད་འཕགས་པའི། །མྱོས་སྟོན་བརྒྱུད་པའི་རིང་ལུགས་རྨ་མེད་པ། །གཟུར་གནས་དམ་པ་རྣམས་ཀྱིས་མགྲིན་གཅིག་བསྔགས། །དེ་སླད་དེ་ཡི་བཞེད་སྲོལ་ཉམས་མེད་མཛོད། །དེང་དུས་སྙིགས་སྤྱོད་ཕལ་གྱི་ཆོས་ལུགས་བཞིན། །ལྟ་བ་མ་རྟོགས་ཐོ་ཅོའི་སྨྱོ་སྤྱོད་ཀྱིས། །བསྟན་ལ་རྨ་འབྱིན་དགེ་འདུན་དཀྲུགས་པའི་རིགས། །ཆོས་དང་མཐུན་པའི་ཆད་པས་ཚར་བཅད་འོས། །རྡོ་རྗེའི་དམ་ཅན་དཀར་ཕྱོགས་སྐྱོང་རྣམས་ཀྱི། །ཡེ་ཤེས་སྤྱན་གྱིས་མ་བསྒྲིབས་ས་ལེར་གཟིགས། །དམ་ལྡན་སྐྱོང་ཞིང་ཉམས་པ་སྒྲོལ་ངེས་པས། །དམན་མཆོག་ཀུན་གྱིས་འདི་ལ་བག་ཡོད་མཛོད། །དེ་སྐད་ཕན་པར་འདོམས་པའི་ཞུ་འཕྲིན་འདི། །ཤཱཀྱའི་དགེ་སྦྱོང་དཔལ་ལྡན་ཟེ་ཆེན་པས། །མདོ་སྔགས་དར་རྒྱས་གླིང་གི་འདུས་པའི་སྡེར། །ཆུ་སྟག་ཆོ་འཕྲུལ་ཟླ་བའི་ཚེས་ལ་སྤྲིངས། །དགེ་བ་འདིས་ཀྱང་རྒྱལ་བསྟན་ཡུན་དུ་གནས། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་ཕྲིན་ལས་རྒྱས། །ཡུལ་ཁམས་ཀུན་ཏུ་བདེ་སྐྱིད་ཆོས་འཕེལ་ཞིང་། །ཕྱམས་གཅིག་གདོད་མའི་རྒྱལ་སར་དབང་འབྱོར་ཤོག །
༄༅། །ༀ་སྭསྟི། ངག་ལ་ངག་གི་དཔལ་བསྐྱེད་ཚངས་སྲས་མ། །ཡིད་ལ་ཡེ་ཤེས་མཆོག་སྟེར་འཇམ་པའི་དབྱངས། །སྙིང་ལ་སྙིང་རྗེའི་ཆུ་སྦྱིན་མིག་མི་འཛུམ། །དབྱེར་མེད་དྲིན་ཆེན་བླ་མས་དགེ་ལེགས་སྩོལ། །སྔོན་བསགས་ལེགས་སྨོན་དཔྱིད་ཀྱི་རྒྱལ་མོ་ཡིས། །ཉེར་བཀུག་དོན་མཐུན་དཔག་བསམ་རྐང་འཐུང་རྩེར། །ལྷན་ཅིག་འཚོགས་པའི་གཞན་གསོས་གཞོན་ནུའི་ཚོགས། །ཡུད་ཙམ་ཁོ་བོའི་ངག་ལ་སྙན་གཏོད་ཅིག །སྔོན་རབས་དུ་མར་གོམས་པའི་ལེགས་བྱས་མཐུ། །ད་རེས་དལ་འབྱོར་དཔལ་དུ་ཉེར་འཁྲུངས་ཤིང་། །རང་དབང་དམ་པའི་ཆོས་ལ་སྤྱོད་དུས་འདིར། །དོན་ཆེན་སྙིང་པོ་ལེན་ན་མི་ལེགས་སམ། །ལང་ཚོའི་མེ་ཏོག་མགུལ་རྒྱན་ཡུད་ཀྱིས་རྙིང་། །འཆི་བདག་བཟློག་དཀའི་གྲིབ་སོ་ལ་འུར་འོང་། །བྱ་བྱེད་བྱིས་པའི་རྩེད་མོ་ཟིན་དུས་མེད། །དེ་རིང་ཉིད་ནས་བརྩོན་པ་བསྐྱེད་ན་ལེགས། །དྲི་མེད་ཐུབ་བསྟན་ཉིན་བྱེད་ནུབ་ལ་ཉེ། །ལྷ་མིན་ཀླ་ཀློ་གདུག་པའི་རྒྱུ་འགྲུལ་རྒོད། །མི་རྣམས་ཕལ་ཆེར་བསམ་སྤྱོད་ཕྱིན་ཅི་ལོག །ཚུལ་འདི་བསམ་ན་སྐྱོ་བ་མི་འཕེལ་ལམ། །ལྷ་མིའི་བླ་མ་ཤཱཀྱ་སེང་གེ་དེས། །གྲངས་མེད་གསུམ་དུ་རླབས་ཆེན་བརྩོན་པའི་གོ །ཡུ་བུའི་དོན་དུ་བགོས་པའི་བཀའ་དྲིན་ཕུལ། །གཟུགས་སུ་གྲུབ་ན་སྟོང་གསུམ་སྣོད་རུང་ཅི། །མ་འདྲིས་མཛའ་བཤེས་ཆེན་པོ་དེ་ཡི་བསྟན། །སྙིགས་སྤྱོད་དབང་གིས་སྐལ་ངན་བགྱིད་ཉེའི་ཚེ། །བཤད་སྒྲུབ་དཔུང་པས་འཛིན་པར་མི་བྱེད་ན། །སྲིད་པ་གསུམ་ན་དེ་ལས་ཁྲེལ་བོར་སུ། །ཐུགས་རྗེ་ཅན་དེས་རྒྱུན་རིང་བརྣགས་པའི་བཅུད། །བདུད་རྩིའི་བགོ་བཤའ་སྩལ་བ་འདི་ལགས་ན། །ཟས་མཆོག་རྙེད་ནས་འཁྲུད་མ་མི་འཚོལ་བར། །ཐོས་བསམ་སྒོམ་པས་མགྲིན་པར་འཐུངས་ཤིག་གུ། །ཡབ་གཅིག་མཚུངས་མེད་དེ་ཡིས་རྗེས་འཇུག་བུར། །གཏད་པའི་རྒྱལ་སྲིད་མཆོག་ནི་འདི་ཡིན་པས། །རང་ཇུས་བོར་ནས་སྤྲང་དུ་མི་འཁྱམས་པར། །བསླབ་གསུམ་ནོར་བུའི་མཛོད་ལ་སྤྱོད་ཅིག་གུ། །སྔོན་ཚེ་འདྲེན་པ་མཆོག་གིས་རྒྱལ་སྲིད་དང་། །སྐུ་སྲོག་བྱེ་བ་གཏོང་ནས་སྒྲུབ་པའི་ནོར། །མ་འབད་བསོད་ནམས་སུག་པར་ཐོབ་དུས་འདིར། །མདོ་མེད་རང་གར་མ་བོར་སྙིང་གི་གྲོགས། །དམ་ཆོས་ཚིག་བཞི་གཅིག་ཙམ་ཉན་བཤད་སྒོམ། །དམ་ཆོས་འཛིན་པ་ཡིན་ཞེས་ཐུབ་པས་གསུངས། །དེ་ཡི་བསོད་ནམས་ཕ་མཐའ་རྒྱལ་བས་ཀྱང་། །གཞལ་ནུས་མིན་ན་ཕལ་གྱིས་བསམ་བྱ་ཅི། །ཀུན་མཁྱེན་ཤཱཀྱའི་བསྟན་པ་ལུང་རྟོགས་གཉིས། །དེ་འཛིན་བྱེད་པ་བཤད་སྒྲུབ་གཉིས་ཁོ་ན། །བསྟན་པ་ལོགས་ན་མེད་ཀྱིས་རང་ལག་ཡོད། །སྐལ་བཟང་བློ་ལྡན་ཡོད་ན་བརྩོན་པར་རིགས། །ནང་གི་ཀླ་ཀློ་སྙིང་ལ་མ་ཞུགས་ན། །ཕྱི་ཡི་ཀླ་ཀློ་འབུམ་གྱིས་ཅི་བྱར་ཡོད། །དོན་ལ་ཡིད་ཆེས་ངེས་པའི་གདེང་ཡོད་ན། །སྟོང་གསུམ་དགྲ་རུ་ལངས་ཀྱང་བཟློག་ནུས་མིན། །ཐོག་མེད་དུས་ནས་སྙིང་ལ་ཉལ་བའི་གདོན། །བླང་དོར་སྒྲིབ་པའི་མ་རིག་མུན་པའི་དཔུང་། །རྣམ་གསུམ་ཤེས་རབ་སྒྲོན་མེས་མ་བསལ་ན། །མཐའ་མེད་འཁོར་བའི་རྦབ་ལ་འཕྱན་པར་ངེས། །རྟག་འཛིན་སྲིན་མོའི་འཇོ་སྒེག་བསླུ་བྲིད་འདིས། །མི་བཟད་ལྕགས་ཁང་དོ་རར་འཆིང་ཉེ་བས། །ཤེར་བརྩོན་རྟ་རྒྱལ་མཇིང་བར་ཞོན་ནས་སླར། །ངེས་འབྱུང་ཟབ་མོས་ཕྱི་མིག་བོར་ན་ལེགས། །ལོག་ལྟ་རལ་གྲི་གདེངས་པའི་གཤེད་མ་འདིས། །རྣམ་ཀུན་དགེ་བའི་སྲོག་རྩར་ཆེས་འཚེ་བས། །ལས་འབྲས་ཡིད་ཆེས་ལྟ་བའི་གོ་བགོས་ནས། །བདག་ལྟའི་དགྲ་བོ་ཡུལ་ནས་དབྱུང་ན་ལེགས། །ཕྱོགས་ལྷུང་ཆང་གིས་མྱོས་པའི་གླང་པོ་ཡིས། །དག་སྣང་དཀར་པོའི་ཡུལ་ཁམས་གཞིག་ཉེ་ན། །ཡང་དག་རྟོན་པ་བཞི་ཡི་སེང་གེའི་སྒྲ། །ཐུབ་བསྟན་གངས་རིའི་ངོགས་སུ་སྒྲོགས་ན་ལེགས། །རང་དོན་ཡིད་བྱེད་སྦྲུལ་གདུག་འཁྲི་ཤིང་གིས། །ཡང་དག་རྣམ་མཁྱེན་མཆོག་ལ་སྐབས་བཙལ་བས། །སྟོང་དང་སྙིང་རྗེ་ཟུང་དུ་འཇུག་པའི་ཕུལ། །རྒྱལ་བ་དགྱེས་པའི་ལམ་བཟང་བསྙེགས་ན་ལེགས། །ཐོས་བསམ་མིག་བུ་བྲལ་བའི་འབྲོག་དགོན་དུ། །ལམ་གོལ་མུན་པའི་གཡང་ལ་འཕྱན་ངེས་པས། །ཆོས་རབ་རྣམ་འབྱེད་ལམ་སྟོན་སྐྱེལ་མ་མཆོག །མེད་ཐབས་མེད་དོ་ངལ་བརྒྱས་བརྟེན་ན་ལེགས། །རབ་འབྱམས་སྲས་བཅས་རྒྱལ་རྣམས་དགྱེས་བསྐྱེད་ཕུལ། །མཐུ་ལྡན་དཀར་ཕྱོགས་ལྷ་ཀླུ་དགའ་བའི་གསོས། །མ་གྱུར་འགྲོ་བ་སྲིད་མཚོ་ལས་སྒྲོལ་གྲུ། །རང་ཉིད་རྣམ་མཁྱེན་ཁང་སྟེང་འཇུག་པའི་སྐས། །ལྷ་མིན་ཀླ་ཀློའི་གཡུལ་ངོ་བཟློག་པའི་མཚོན། །མི་ཁོམ་བརྒྱད་ཀྱི་རྒྱུན་ལམ་གཅོད་པའི་སྒོ། །དོན་གཉིས་འདོད་པ་ཡིད་བཞིན་འཇོ་བའི་གཏེར། །སྐལ་བཟང་སྐྱེ་བོ་ཡོངས་ཀྱི་སྨོན་གནས་མཆོག །རྣམ་ཀུན་རྒྱལ་བའི་ཐུགས་རྗེའི་འབབས་སྟེགས་ཆེ། །སྒྲིབ་གསུམ་བུད་ཤིང་སྲེག་པའི་བསྐལ་དུས་མེ། །ཚོགས་གཉིས་དགེ་ཆོས་སྡུད་པའི་ལག་པ་སྟེ། །རྣམ་དག་ཞིང་མཆོག་བགྲོད་པའི་རྐང་པ་བཟང་། །རབ་བྱུང་རྣམས་ཀྱི་ལས་སྐལ་གཅིག་པུ་པ། །བཤད་སྒྲུབ་ཐོས་བསམ་སྒོམ་ལས་གཞན་ཡོད་མིན། །སྔོན་བྱོན་དམ་པ་ཡོངས་ཀྱིས་མགྲིན་གཅིག་བསྔགས། །རྗེས་འཇུག་སྐལ་བཟང་མཐའ་དག་དེ་ལ་སྦྱར། །མི་བསླུ་ངེས་པའི་གཏན་ཚིགས་དཔག་མེད་ཡོད། །དམན་པ་བདག་ཀྱང་ཚུལ་དེར་གཅིག་ཏུ་སྤྲོ། །གྲོགས་མཆོག་རྣམས་ཀྱང་ཚུལ་འདིར་འཇུག་པར་རིགས། །འུ་ཅག་དོན་མཐུན་བྱང་ཆུབ་བར་དུ་འགྲོགས། །རྒྱལ་བའི་གདུང་འཚོབ་རྒྱལ་བའི་ཆོས་མཛོད་འཛིན། །རྒྱལ་སྲས་དང་འགྲོགས་རྒྱལ་སྲས་སྤྱོད་མཐར་ཕྱིན། །རྒྱལ་གྱུར་འགྲོ་བའི་ཕན་བདེ་སྤེལ་བར་སྨོན། །དེ་སྐད་སྨྲ་བྱེད་པདྨ་བི་ཛ་སྟེ། །བླུན་ཡང་མོས་དགེ་ལྷག་བསམ་མ་རྨས་རྒྱུས། །བརྗོད་པའི་ངག་འདི་དོན་དང་ལྡན་སྙམ་བགྱིད། །ཕན་སེམས་གནད་ཀྱི་སྙིང་གཏམ་འདི་ཁོ་ན། །ལོ་བརྒྱར་འགྲོགས་ཀྱང་འདི་ལས་སྨྲ་རྒྱུ་མེད། །དེ་སླད་ཡང་དང་ཡང་དུ་ཐལ་སྦྱར་ནས། །ཕྱོགས་དང་ཕྱོགས་མེད་སྐྱེ་བོ་མཐའ་དག་ལ། །དུས་དང་དུས་མེད་རྟག་པར་གསོལ་བ་ལགས། །དགེ་བས་ཐུབ་པའི་བསྟན་པ་ཡུན་དུ་གནས། །བཤད་སྒྲུབ་ཕྲིན་ལས་རྒྱ་མཚོའི་གོས་ཅན་ཁྱབ། །ཕས་རྒོལ་ཀླ་ཀློའི་འཚེ་བ་མཐའ་དག་ཞི། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་ས་ཟླའི་ཚེས་བཞིའི་ནུབ་མོར་བྱང་ཆུབ་ཆོས་གླིང་དུ་སྣང་གསལ་གྱི་ངོགས་སུ་བྲིས་ཤིང་གསོལ་བ་དོན་དང་ལྡན་པར་གྱུར་ཅིག་གུ།
༄༅། །ༀ་སྭསྟི། རྒྱལ་ཀུན་ཡེ་ཤེས་སྐུ་ཅན་འཁོར་ལོའི་མགོན། །ཡང་ཡང་སྙིང་གི་པདྨོར་བཀོད་བྱས་ནས། །དེང་སང་བདག་ལ་རྟོན་པའི་མི་རྣམས་ལ། །བརྩེ་བའི་སེམས་ཀྱིས་ཕན་པའི་མཆིད་འདི་གསོལ། །བདག་ནི་རྒ་དང་ན་བས་ཆེས་མནར་བས། །གཅིག་པུར་དབེན་པར་ཡིབ་སྟེ་གནས་པ་ལ། །གསོལ་འདེབས་ཞལ་གདམས་མོ་བརྟག་ལ་སོགས་པ། །དགོས་ཞེས་རེ་ཆེ་ཨུ་ཚུགས་མ་མཛད་ཅིག །བླ་མ་སངས་རྒྱས་ཆོས་སྐུར་ཐག་ཆོད་པའི། །མོས་གུས་ཡོད་ན་བྱིན་རླབས་རྩོལ་མེད་འབྱུང་། །གསོལ་འདེབས་དེ་ཡིན་བླ་མའི་རྣལ་འབྱོར་དེ། །འདི་མེད་ཇི་ལྟར་བྱས་ཀྱང་ཕན་གོ་ཆུང་། །ཞལ་གདམས་དགོས་ན་རྒྱལ་བཀའ་མཁས་པའི་གཞུང་། །གྲུབ་པའི་དོ་ཧ་ལོ་ལེགས་སྙེ་མ་འདྲ། །གཅིག་བས་གཅིག་ཟབ་ས་སྟེང་ཆོས་ཀྱིས་ཁེངས། །ཉམས་ལ་མ་སྦྱར་དེ་ཡིས་བེད་ཅི་ཡོད། །རང་གི་སེམས་ལ་གང་ཕན་གདམས་ངག་སྟེ། །ངོ་དགའ་ངོ་བསྟོད་ཚིག་གི་ཁ་ན་མེད། །དེ་བས་རང་གི་རྒྱུད་ལ་ལེགས་རྟོག་ལ། །ཆོས་དང་རང་སེམས་ཨེ་འདྲེས་མནོ་བསམ་ཐོངས། །དལ་བའི་རྟེན་འདི་ཕྱིས་ནས་རྙེད་པར་དཀའ། །སྔོན་བསགས་མཐུ་ཡིས་འབྱོར་པ་ད་རེས་ཙམ། །དོན་མེད་སྟོང་ལོག་བྱེད་རྣམས་ཀྱེ་མ་བླུན། །དོན་འབྲས་སྙིང་པོ་ཅི་ལོན་རང་ལ་དྲིས། །རང་ལས་རྒན་གཞོན་བར་མའི་འགྲོ་བ་རྣམས། །ཇི་ཙམ་སྔོན་ཆད་ཤི་བའི་ཚུལ་སོགས་ལ། །རང་ཡང་དེ་འདྲའི་ཚུལ་ལས་མ་འདས་ཕྱིར། །མི་འགྱོད་བློ་གདེང་ཅི་ཡོད་རང་ལ་དྲིས། །དཀར་ནག་ལས་ནི་ལུས་དང་གྲིབ་མ་འདྲ། །ལས་འབྲས་མི་བསླུ་ཐུབ་པ་འཆོག་གིས་གསུངས། །རང་གིས་ཐོས་ཤིང་ཕྱོགས་ཙམ་ཤེས་དུས་འདིར། །འཇུག་ལྡོག་ལག་ལེན་ཨེ་འདུག་རང་ལ་དྲིས། །འཁོར་བའི་གནས་ནི་མེ་ཡི་འོབས་དང་འདྲ། །ནམ་ཡང་བདེ་མེད་སྡུག་བསྔལ་གསུམ་གྱི་སྣོད། །འདི་ལ་ཞེན་རྣམས་གཏན་གྱི་འདུན་མ་ཉེས། །བཅོས་མིན་ངེས་འབྱུང་ཨེ་འདུག་རང་ལ་དྲིས། །འཁོར་བའི་དཔོན་ནི་ཇི་ལྟར་བཟང་ཡང་བསླུ། །སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད། །ཡིད་ཆེས་བློ་གཏད་ནུས་ན་འཇིགས་ཀུན་སྐྱོབ། །སྙིང་ནས་ཡིད་ཆེས་ཨེ་འདུག་རང་ལ་དྲིས། །སངས་རྒྱས་བྱང་ཆུབ་གཞན་ཕན་མཐུ་ཡིས་བརྙེས། །འཁོར་སྐྱོན་མཐའ་དག་བདག་ཏུ་འཛིན་ལས་བྱུང་། །བྱང་ཆུབ་སེམས་ནི་རྒྱལ་ཀུན་བགྲོད་གཅིག་ལམ། །ཕན་སེམས་སྙིང་ལ་ཨེ་འདུག་རང་ལ་དྲིས། །སྡུག་བསྔལ་རྩ་བ་ཀུན་འབྱུང་ལས་ཉོན་ཏེ། །བཤགས་ན་འདག་པ་སྡིག་པའི་ཡོན་ཏན་ཡིན། །སྟོབས་བཞི་མ་ཚང་ཁ་ཙམ་ཕན་མི་ཐོགས། །འགྱོད་དང་སྡོམ་སེམས་ཨེ་འདུག་རང་ལ་དྲིས། །རྒྱལ་བའི་སྐུ་གཉིས་ཚོགས་གཉིས་གོམས་པའི་མཐུ། །ཚོགས་མ་བསགས་ལ་བསོད་ནམས་ཏིལ་ཙམ་མེད། །ཚོགས་བསགས་སྙིང་པོ་མཎྜལ་འབུལ་བ་ཟབ། །བསམ་སྦྱོར་དངོས་པོ་ཨེ་དག་རང་ལ་དྲིས། །བྱིན་རླབས་འཇུག་བྱེད་བླ་མའི་རྣལ་འབྱོར་ཟབ། །བླ་མའི་བྱིན་རླབས་སེམས་ལ་མ་ཞུགས་ན། །ཇི་ལྟར་བརྩོན་ཡང་གནས་ལུགས་རྟོགས་མི་སྲིད། །ཟོལ་མེད་མོས་གུས་ཨེ་འདུག་རང་ལ་དྲིས། །སྐྱབས་སུ་འགྲོ་དང་སོ་བྱང་སྔགས་གསུམ་གྱི། །བསླབ་སྡོམ་ཞུས་ཞུས་ཐོབ་ཐོབ་མང་ན་ཡང་། །ཚུལ་བཞིན་མ་བསྲུངས་ཉམས་པའི་ཉེས་པ་ལྕི། །ཁས་བླངས་སྲུང་སྡོམ་ཨེ་དག་རང་ལ་དྲིས། །གཞུང་བརྒྱ་ཉན་དང་ཁྲིད་བརྒྱ་ཞུས་ལ་སོགས། །ཇི་ཙམ་འབད་ཀྱང་རང་རྒྱུད་མ་གྲོལ་ན། །གནད་ཀྱིས་ཕན་མེད་ཕྱིར་ཞིང་འཆིང་བའི་རྒྱུ། །སེམས་རྒྱུད་ཆོས་ཀྱིས་ཨེ་ཐུལ་རང་ལ་དྲིས། །ཐུབ་གསུང་མཐའ་དག་ངེས་དོན་ཀློང་དུ་གཅིག །གནས་སྐབས་གྲུབ་མཐའི་ཞལ་བཞེས་འགལ་བ་མེད། །ཀུན་ཀྱང་རྣམ་གྲོལ་ལམ་འཚོལ་ཉིད་ཡིན་ཕྱིར། །དག་སྣང་ཕྱོགས་མེད་ཨེ་འབྱོངས་རང་ལ་དྲིས། །དགག་བྱ་ཉོན་མོངས་དགོས་པ་མི་འཆིང་གཅིག །གནད་ཀྱིས་མི་འགལ་སྡོམ་གསུམ་ཡར་ལྡན་ངོས། །རང་སེམས་འདུལ་བ་སངས་རྒྱས་བསྟན་པ་ཡིན། །ལྟ་སྤྱོད་གཞུང་དང་ཨེ་མཐུན་རང་ལ་དྲིས། །བདེན་མེད་གནས་ལུགས་རྟོགས་ཀྱང་བླ་མ་བསྟེན། །ཆོས་ཀུན་མཉམ་པར་ཤེས་ཀྱང་ལས་འབྲས་འཛེམས། །ཐམས་ཅད་སྒྱུ་མར་གོ་ཡང་དག་སྣང་སྦྱོངས། །གོང་མའི་རྣམ་ཐར་ཨེ་འཚོབ་རང་ལ་དྲིས། །གཞན་སྐྱོན་མ་བརྟགས་རང་གི་སྐྱོན་ལ་རྟོགས། །གཞན་མཚང་མ་འབྲུ་རང་མཚང་རྟིང་ནས་ཕྱུང་། །གཞན་གཡམ་མ་རྒྱུགས་རང་ཚོད་རང་གིས་ཟུངས། །དྲན་ཤེས་བག་ཡོད་ཨེ་འདུག་རང་ལ་དྲིས། །དེ་ཀུན་འཚོགས་ན་ཡང་དག་ཆོས་པ་སྟེ། །ལྷ་དང་བླ་མ་དབྱིངས་ནས་དགྱེས་པར་ངེས། །འདི་མེད་ཇི་ལྟར་བྱས་ཀྱང་ཐུགས་ཀྱིས་ཁྲེལ། །དཔང་པོ་སེམས་ལ་ཆོལ་ཅིག་འདྲིས་པའི་གྲོགས། །འདི་ནི་བྱ་བྲལ་བདག་གི་སྙིང་གཏམ་སྟེ། །ཞལ་གདམས་དེ་ཡིན་བསླབ་བྱའང་དེ་ཉིད་ཡིན། །གཅིག་ལ་བཤད་འདི་ཀུན་གྱིས་གོ་བར་རུང་། །ཐུགས་ལ་ཞོག་དང་སེམས་ལ་ཕན་ཡང་སྲིད། །ལྐོག་གྱུར་ཤེས་པའི་མངོན་ཤེས་བདག་ལ་མེད། །མོ་རྨིས་ཙམ་ལའང་ཡིད་བརྟན་འཆའ་རུང་ཅི། །དེ་བས་རྒྱལ་བའི་བཀའ་ལུང་བསླུ་མེད་བཞིན། །བླང་དོར་ཚུལ་བཞིན་མཛོད་དང་འཕྲལ་ཡུན་དགེ། །ཚེ་རིང་འདོད་ན་གཞན་ལ་འཚེ་མི་བྱ། །འབྱོར་པ་རྒྱས་འདོད་རྐུ་འཕྲོག་སེར་སྣ་སྤོངས། །སྐལ་བ་བཟང་འདོད་བསོད་ནམས་ཚོགས་བསགས་རེམ། །ཀུན་ལ་གྲགས་འདོད་ལེགས་པའི་ཡོན་ཏན་སློབས། །དྲངས་ཤིང་གཡོ་སྒྱུ་མེད་ན་ལྷ་ཡང་མགུ། །རང་འདོད་ཆུང་ན་ཀུན་གྱིས་བརྩི་ཞིང་བཀུར། །བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ཡི། །མི་ལ་དཔལ་མགོན་ཉེ་བར་གནས་ཞེས་གསུངས། །མཆོད་འོས་བླ་མ་དཀོན་མཆོག་གཙུག་ཏུ་ཁུར། །བཀུར་འོས་ཕ་མ་རྒན་རྒོན་ལྷ་བཞིན་བཀུར། །བསྐྱང་འོས་བྲན་འཁོར་གནག་ཕྱུགས་བུ་བཞིན་སྐྱོངས། །བསྐྱེད་འོས་ལས་འབྲས་ཡིད་ཆེས་རྒྱུད་ལ་བསྐྱེད། །ད་ལྟའི་བདེ་སྡུག་སྔོན་བསགས་འབྲས་བུ་སྟེ། །ཕྱི་མའི་བདེ་སྡུག་ད་ལྟའི་ལས་ཀྱིས་བྱེད། །དེ་ཕྱིར་སྡུག་བསྔལ་རྒྱུར་གྱུར་སྡིག་ཀུན་སྤོངས། །བདེ་བའི་རྒྱུར་གྱུར་དགེ་ལ་འབད་པ་གནད། །ཕྱག་དང་སྐོར་བས་ལུས་ཀྱི་སྒྲིབ་པ་སྦྱོང་། །ཁ་ཏོན་བཟླས་བརྗོད་ངག་གི་སྒྲིབ་པ་འདག །བསམ་པ་བཟང་པོས་ཡིད་ཀྱི་སྒྲིབ་པ་འབྱོངས། །སྒོ་གསུམ་སོས་དལ་མ་སྡོད་དགེ་ལ་འབོད། །དུས་ཆེན་བཞི་དང་ཉ་སྟོང་བརྒྱད་སོགས་སུ། །བསྙེན་གནས་སྲུང་སོགས་བསླབ་གཞི་སྣ་རེས་ཀྱང་། །བདེ་མང་ལྷ་ཡི་དཔལ་འཛིན་ཕྱི་མའི་དུས། །རྣམ་འདྲེན་བྱམས་པའི་གདུལ་བྱར་སྐྱེ་བར་གསུངས། །བོད་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས། །བླ་མའི་སྐལ་བ་གུ་རུ་པདྨ་འབྱུང་། །འཇིགས་པ་ཀུན་སྐྱོབ་འཕགས་མ་སྒྲོལ་མ་སྟེ། །འདི་གསུམ་བརྟེན་ན་འཕྲལ་དང་ཡུན་དུ་དགེ། །ཞིང་མཆོག་དྲན་དང་ཚོགས་བསགས་སེམས་མཆོག་བསྐྱེད། །དགེ་རྩ་བསྔོ་སྟེ་ཆོས་བཞི་གོམས་བྱས་ན། །ཚེ་འཕོས་བདེ་བ་ཅན་གྱི་ཞིང་ཁམས་སུ། །སྐྱེ་བར་མདོ་ནས་གསུངས་བཞིན་འབད་པ་གལ། །དགེ་བ་གང་སྒྲུབ་སྦྱོར་བ་སེམས་བསྐྱེད་དང་། །དངོས་གཞི་དམིགས་མེད་རྗེས་ལ་བསྔོ་བ་སྟེ། །དམ་པ་གསུམ་གྱིས་ཟིན་པ་ཤིན་ཏུ་གཅེས། །འདི་དོན་མཆོག་ཕལ་ཀུན་གྱི་ཐུགས་ལ་ཆོངས། །འཕྲད་ཀྱང་སྨྲ་རྒྱུ་དེ་ལས་མ་མཆིས་ཤིང་། །ཤི་ཡང་ཁ་ཆེམས་འདི་ལས་གཞན་མེད་པས། །ཐུགས་ལ་ཞོག་ཅིག་དོན་མཐུན་གྲོགས་པོ་རྣམས། །རེ་ཆེ་ཨུ་ཚུགས་མ་མཛད་སྐུ་ཚེ་རིང་། །ཁྱེད་ཅག་གནས་སྐབས་མི་མཐུན་ཀུན་ཞི་ཞིང་། །མཐུན་རྐྱེན་བསམ་པ་ཡིད་བཞིན་འགྲུབ་པ་དང་། །མཐར་ཐུག་རྫོགས་པའི་བྱང་ཆུབ་མྱུར་ཐོབ་པའི། །སྐྱབས་སྨོན་གང་ཤེས་ཁོ་བོས་བགྱིད་པ་ལགས། །དེ་སྐད་དབྱུག་པ་ཟླ་བའི་ཚེས་གཅིག་ནུབ། །སྒྲོན་འོད་ལ་བརྟེན་པདྨ་རྣམ་རྒྱལ་གྱིས། །བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོགས་ཁང་ནས། །བྲིས་སོ་དུས་ཀུན་དགེ་བའི་བཀྲ་ཤིས་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་མཛེས་པའི་རྒྱན་གྱུར་ཅིག །


previous ཞེ་ཆེན་འདུས་སྡེའི་བཅའ་ཡིག་གསར་བཀོད་བླང་དོར་རབ་གསལ་སྣང་བ། next