Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
ས་ཟླའི་སྒྲུབ་མཆོད་སྐབས་ཀྱི་འབེལ་གཏམ་ཉུང་བསྡུས།
   


 
previous ས་ཟླའི་སྒྲུབ་མཆོད་སྐབས་ཀྱི་འབེལ་གཏམ་ཉུང་བསྡུས། next

ས་ཟླའི་སྒྲུབ་མཆོད་སྐབས་ཀྱི་འབེལ་གཏམ་ཉུང་བསྡུས།

༄༅། །ས་ཟླའི་སྒྲུབ་མཆོད་སྐབས་ཀྱི་འབེལ་གཏམ་ཉུང་བསྡུས། ༀ་སྭསྟི། བཀྲ་ཤིས་བྱེ་བའི་སྤྲིན་ཆེན་ལས། །གྲུབ་གཉིས་འདོད་དགུའི་གྲུ་ཆར་གྱིས། །ས་གསུམ་རེ་བ་སྐོང་མཛད་པ། །བླ་མ་ལྷག་པའི་ལྷ་ཡིས་སྐྱོངས། །དེ་ཡང་མཁས་མཆོག་དཔའ་བོས། ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་དུ་མཁས་པ་དགའ་བྱེད་ཡིན། །ཞེས་གསུངས་པ་ལྟར་ལུགས་གཉིས་དང་འབྲེལ་བའི་གཏམ་གྱི་སྦྱོར་བ་ཇི་སྙེད་ཅིག་ཞུ་སྲོལ་མཆིས་ནའང་། ད་ལམ་སྐབས་སུ་བབས་པའི་གཏམ་སྒྲུབ་ཆེན་འདི་ཡི་ལོ་རྒྱུས་མདོ་ཙམ་ཞུ་ན། ཇི་སྐད་དུ། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡི་གསུངས་པའི་ལུང་ཆེན་རྣམས་ལ་ནི། །ཕྱི་རོོལ་རྒོལ་བ་ངན་པ་འབྱུང་སྲིད་པས། །དང་པོ་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨྲོས། །ཞེས་གསུངས་པས། གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ཉིད་འཁོར་འདས་ཀུན་གྱི་སྔོན་རོལ་དུ་མངོན་པར་བྱང་ཆུབ་ནས། ཡེ་ཤེས་ནང་གསལ་གཞོན་ནུ་བུམ་པ་སྐུ་ཡི་ཞིང་ཁམས་སུ་དུས་བཞི་མཉམ་ཉིད་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པ་ལས། ཕྱིར་གསལ་ཡེ་ཤེས་ཀྱི་བཀོད་པ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་གར་བསམ་གྱིས་མི་ཁྱབ་པ་སྟོན་པར་མཛད་པ་ལས། རེ་ཞིག་མི་མཇེད་ཀྱི་འཇིག་རྟེན་འདིའི་དབང་དུ་བྱས་ན། སྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཉིད། གཟིགས་པ་རྣམ་པ་ལྔའི་སྒོ་ནས་དགའ་ལྡན་གྱི་གནས་ནས་གཤེགས་ཤིང་ཡུམ་གྱི་མངལ་དུ་ཞུགས་ཏེ་ངོ་མཚར་བའི་བཀོད་པ་བསམ་མི་ཁྱབ་པ་དང་བཅས་བཀྲ་ཤིས་ལུམྦཱའི་ཚལ་དུ་སྐུ་བལྟམས་པའི་མཛད་པ་བསྟན། དེ་ནས་རིམ་པར་སྒྱུ་རྩལ་དྲུག་ཅུ་རྩ་བཞིས་ཁེངས་པའི་བློ་ལྡན་རྣམས་ཟིལ་གྱིས་མནན་ཞིང་དགུང་གྲངས་ཉེར་དགུའི་བར་དུ་ཁབ་ན་བཞུགས་ཏེ་བཙུན་མོའི་འཁོར་ལ་རོལ་རྗེས། ངེས་པར་འབྱུང་བས་རབ་ཏུ་བྱུང་ནས་ལོ་དྲུག་དཀའ་བ་སྤྱད་མཐར། མ་ག་དྷ་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་དྲུང་དུ་སྲོད་ལ་བདུད་བཏུལ་གུང་ལ་མཉམ་པར་བཞགཐོ་རངས་མངོན་པར་བྱང་ཆུབ་པའི་ཚུལ་བསྟན་ནས། རིགས་ཅན་གསུམ་གྱི་གདུལ་བྱ་རྗེས་སུ་འཛིན་པའི་སླད་དུ། ཡུལ་ཝཱ་རཱ་ཎ་སཱིར་བདེན་བཞི། རྒྱལ་པོའི་ཁབ་ཏུ་མཚན་མ་མེད་པ། པདྨ་ཅན་སོགས་སུ་ངེས་དོན་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ནས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་ཐ་མའི་མཛད་པ་སྟོན་པར་བཞེད་པ་ན། འཁོར་རྣམས་ལ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་ལུང་བསྟན་པ་ལྟར། སྟོན་པ་མཆོག་གི་སྤྲུལ་པའི་སྐུ་འཇིག་རྟེན་ན་མི་སྣང་ནས་ལོ་ཉེར་བརྒྱད་ན། དམ་པའི་རིགས་ཅན་དྲྭ་མ་ལྔ་ནང་དུ་ཡང་དག་འཇོག་ལས་ལངས་ནས། ལངྐའི་ཡུལ་དུར་ཁྲོད་མེ་རི་འབར་བར་རྫུ་འཕྲུལ་གྱི་བྱ་བས་འདུས་ཏེ། ཕྱོགས་བཅུའི་སངས་རྒྱས་ཡིད་ལ་བྱས་ཏེ་གདུང་ཚིག་ཉེར་གསུམ་བཏོན་པས། དཔལ་གསང་བའི་བདག་པོ་མངོན་དུ་བྱོན་ཏེ། སྔར་ལྷ་གནས་གསུམ་སོགས་སུ་གསུངས་པའི་རྒྱུད་སྡེ་མཐའ་དག་གསུངས་ཤིང་། དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་བཻཌཱུཪྱའི་གླེགས་བམ་ལ་གསེར་གྱི་རང་ནན་དུ་བྲིས་ཏེ་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས་པའི་ཚེ། སངས་རྒྱས་ཀྱིས་ལུང་བསྟན་པའི་སྐལ་ལྡན་རྒྱལ་པོ་ཛཿལ་རྨིས་ལྟས་ངོ་མཚར་བ་བདུན་བྱུང་བ་དང་སྦྲགས་ཏནྟྲའི་གླེགས་བམ་རྣམས་ཆར་དུ་བབས་པ་དང་། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས་དཔལ་རྡོ་རྗེ་སེམས་དཔའ་ལ་དངོས་སུ་གསན་པ་སོགས་ཀྱིས་སྔགས་ནང་པ་བསྐྱེད་རྫོགས་རྣམ་པ་གསུམ་གྱི་སྐོར་རྣམས་མི་ཡུལ་དུ་བྱོན་ནས། སྐལ་ལྡན་རིག་པ་འཛིན་པ་བགྲང་གིས་མི་ལང་བ་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་རྒྱལ་སར་གཤེགས་པ་ཡིན་ལ། དེ་ལས་བྱེ་བྲག་ཏུ་གྱུར་པའི་ཆོས་ཟབ་མོ་འདི་ཉིད་ནི། འོག་མིན་དུ་ཀུན་ཏུ་བཟང་པོ་དཔལ་ཧེ་རུ་ཀཿས་ཡོངས་སུ་དག་པའི་འཁོར་རྣམས་ལ་རྡོ་རྗེའི་ཚིག་ཏུ་གསུངས་པ་རྣམས། སྡུད་པ་པོ་རྡོ་རྗེ་ཆོས་ལ་སོགས་པས་བསྡུས་ཤིང་རྫུ་འཕྲུལ་གྱི་ཡི་གེར་སྣང་བ། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད་དེ། སྒྲུབ་པ་ཆེན་པོ་བཀའ་བརྒྱད་སྤྱི་བྱེ་བྲག་གི་ཆོས་སྐོར་རྣམས་རིན་པོ་ཆེའི་སྒྲོམ་བུ་སོ་སོར་བཅུག་སྟེ་མཆོད་རྟེན་བདེ་བྱེད་བརྩེགས་པར་སྦས་པ་ལས། ཕྱིས་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་རའི་ཐུགས་ཡེ་ཤེས་ཀློང་དགུའི་རང་རྩལ་ལས་རང་ཤར་བའི་གྲུབ་པ་བརྙེས་པའི་སློབ་དཔོན་བརྒྱད་དང་། ཀུན་འདུས་རིག་འཛིན་ཆེན་པོ་པདྨ་ཐོད་འཕྲེང་རྩལ་དང་དགུར་སྣང་བ་གནས་དེ་ཉིད་དུ་དགུང་བདུན་དགོངས་པ་མཛད་པའི་ཚེ། སྨུག་ནག་དབང་གི་མཁའ་འགྲོ་མས་སྒྲོམ་བུ་རྣམས་སློབ་དཔོན་སོ་སོར་གཏད་དེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་འཇམ་དཔལ་སྐུ་ཡི་བཀའ་བབས་པ་སོགས་སྒྲུབ་སྡེ་བྱེ་བྲག་པ་བརྒྱད་པོ་སློབ་དཔོན་གཞན་བརྒྱད་ལ་བཀའ་བབས་ཤིང་། དེ་དག་ཀུན་གྱི་སྙིང་པོའི་ཡང་བཅུད་གཅིག་ཏུ་དྲིལ་བ། སྒྲུབ་པ་བཀའ་བརྒྱད་ཚོམ་བུ་གཅིག་ཏུ་དྲིལ་བ་བདེ་གཤེགས་འདུས་ཆེན་གྱི་སྐོར་རྣམས་ཨོ་རྒྱན་སངས་རྒྱས་གཉིས་པ་ལ་བཀའ་བབས་ཏེ། སློབ་དཔོན་ཆེན་པོ་འདི་ཉིད་ནི་ངེས་པའི་དོན་དུ་རྒྱལ་བ་ཀུན་དང་གཉིས་སུ་མ་དམིགས་ཀྱང་ཀུན་རྫོབ་སྣང་ཚུལ་དུའང་མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱིས་མཆོག་མངོན་དུ་བརྙེས་པའི་ཚུལ་བསྟན་ཏེ། འཁོར་བ་མ་སྟོང་གི་བར་དུ་དྲུག་པ་རྡོ་རྗེ་འཆང་གི་རྒྱལ་ཚབ་མཛད་པས་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པ་ཡིན། དེ་ལྟ་བུའི་འགྲན་བྲལ་གྱི་སློབ་དཔོན་ཆེན་པོ་དེ་ཉིད་གངས་ཅན་གདུལ་བྱའི་མགོན་དུ་ཕེབས་པའི་ཚེ་འཇམ་དཔལ་སྤྲུལ་པ་མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་གིས་གསོལ་བ་བཏབ་པའི་ངོར། དཔལ་གྱི་བསམ་ཡས་མཆིམས་ཕུའི་ཡང་དབེན་དུ། རྗེ་འབངས་འདུས་པའི་འཁོར་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་རྣམས་མནོག་ཆོས་སུ་སྩལ་པས། བཀའ་བབས་ལས་ཅན་སྙིང་གི་བུ་དགུ་གཙོ་བོར་གྱུར་པ་རྣམས་རང་རིགས་ཀྱི་བདག་པོ་དང་རྣམ་དབྱེར་མེད་པའི་གོ་འཕང་གི་ཆོས་མངོན་དུ་མཛད་ནས། བཀའ་བརྒྱུད་རྣམས་མཁས་པ་མི་བཞིས་གཉག་ལོ་ཡེ་ཤེས་གཞོན་ནུ་ལ་གནང་བ་ནས་རིམ་པར་བརྒྱུད་པ་དང་། གཏེར་ཆོས་སྨོན་ལམ་གྱི་བརྒྱུད་པ་ལ་རྗེ་འབངས་སོ་སོའི་དབང་སྐལ་དུ་སྩལ་པ་མི་འདྲ་བ་དུ་མ་ཞིག་མཆིས་པའི་ནང་ནས། སྙིང་དང་འདྲ་བ་བདེ་གཤེགས་འདུས་པའི་སྐོར་རྣམས། ཆོས་རྒྱལ་ཆེན་པོའི་སྐུའི་སྐྱེ་སྲིད་སྲིད་པ་ཐ་མའི་བྱང་སེམས་མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་ཁོ་མཐིང་རྣམ་སྣང་གི་སྐུ་རྒྱབ་ནས་སྤྱན་དྲངས་ཤིང་། གྲུབ་ཐོབ་དངོས་གྲུབ་ལས་བཀའ་མའི་བརྒྱུད་པའང་གསན་པས་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་གྱུར་པ་བཀའ་བབས་ཀྱི་བུ་ལྔ་སོགས་ལ་སྩལ་པ་ནས་རིམ་པར་བརྒྱུད་དེ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེ་སོགས་མཁས་ཤིང་དངོས་གྲུབ་བརྙེས་པའི་རིག་འཛིན་ཟམ་མ་ཆད་པ་ལས། ལོ་ཆེན་བཻ་རོ་ཙཱ་ནའི་རྣམ་པར་འཕྲུལ་བ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པས་གསན་ཅིང་། མངའ་བདག་ཉང་ཆེན་པོའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་གནང་བ་སྩལ་པ་ལྟར། ཟབ་ཅིང་འགྲིལ་ལ་ལག་ལེན་འཇུག་པ་བདེ་བ་སོགས་གཞན་ལས་ཁྱད་པར་འཕགས་པའི་བཀའ་སྲོལ་དབྱེ་བར་མཛད་པའི་རྒྱུན། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་ཇི་ལྟ་བར་ཆོས་གྲྭ་ཆེན་པོ་འདིར་གནའ་ནས་ད་བར་རྒྱུན་ཆགས་སུ་གནས་པ་སྟེ། སྟེང་ན་རིག་འཛིན་བརྒྱུད་པའི་གྲལ་མ་ཞིགས་ལ་དཀྱིལ་འཁོར་སྒྲུབ་པའི་བཀྲག་མ་ཡལ། བར་དུ་སྨན་རཀ་བདུད་རྩིའི་མཚོ་མ་སྐེམ། དམ་ཉམས་དང་འདྲེས་ཁྱེར་གྱི་སླད་མ་ཞུགས། མ་དང་མཁའ་འགྲོའི་ཁ་རླངས་ཀྱི་ངད་མ་ཡལ། བྱིན་རླབས་དོན་བརྒྱུད་ཀྱི་ཟམ་མ་ཆད་པའི་གསེར་ཆོས་ཁྱད་པར་དུ་འཕགས་པ་འདི་ཉིད་ཀྱི་སྒོ་ནས་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ཚུལ་བཞིན་དུ་གནང་པའི་སྐབས་འདིར། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ། ལས་མཐའ་རྒྱས་ཀྱི་རིམ་པས་སྒྲུབ་པའི་རྗེས་བསྐྱང་བ་རྣམས་ས་བཅད་མ་སྟོང་ཙམ་རེ་ཞུ་ན། རྡོ་རྗེ་ལས་རིམ་ལས། ཕུན་སུམ་ཚོགས་པ་ལྔ་གཞི་ལ། །ཞེས་གསུངས་པ་ལྟར། གང་དུ་སྒྲུབ་པའི་གནས་ཕུན་སུམ་ཚོགས་པ་ནི། ཡུལ་ཉེར་བཞིའི་ཡ་གྱལ་བོད་ཁ་བ་ཅན་གྱི་ལྗོངས། འཕགས་མཆོག་ཐུགས་རྗེ་ཆེན་པོའི་འདུལ་ཞིང་། བྱེ་བྲག་མདོ་ཁམས་ས་ཡི་ཐིག་ལེ། ཨོ་རྒྱན་དུས་གསུམ་མཁྱེན་པས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པའི་ཡོན་ཏན་གྱི་གནས་མཆོག་སེང་གེ་གནམ་རྫོང་དང་འབྲེལ་བར་མཁས་གྲུབ་སྐྱེས་བུ་བརྒྱུད་མར་བྱོན་པ་རྣམས་ཀྱིས་དངོས་གྲུབ་བརྙེས་ཤིང་གསང་ཆེན་ཆོས་འཁོར་བསྐོར་བའི་གནས་དཔལ་ཟེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་གཙུག་ལག་ཁང་མདོ་རྒྱུད་དང་གཙུག་ལག་ནས་བཤད་པའི་སྒྲུབ་གནས་ཀྱི་མཚན་ཉིད་ཐམས་ཅད་ཚང་བ། དུས་ཕུན་སུམ་ཚོགས་པ་ནི། རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །སྦྱོར་དང་དུས་ཚོད་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་དངོས་གྲུབ་མཚན་མ་འབྱུང་། །ཞེས་དང་། སྒྱུ་འཕྲུལ་རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་སོགས་གསུངས་པ་ལྟར། སྤྱིར་གཟའ་སྐར་འཕྲོད་སྦྱོར་དང་། དུས་ཚོད་མི་མཐུན་པ་བྲལ་བས་དགེ་ཞིང་ཤིས་པ་དང་། ཁྱད་པར་བདག་ཅག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པ་ཉིད། བཀྲ་ཤིས་ལུམྦཱའི་ཚལ་དུ་སྐུ་བལྟམས་པ་དང་རྡོ་རྗེ་གདན་དུ་མངོན་པར་བྱང་ཆུབ་པ་སོགས་དུས་ཆེན་སུམ་འཛོམས་ཀྱི་འཕེལ་ཕྱོགས་ཀྱི་ཚེས་བརྒྱད། སྒྲུབ་པའི་ཡོ་བྱད་ཕུན་སུ་འཚོགས་པ་ནི། ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆད་ཟློག །ཡོ་བྱད་དག་པ་བསྡུ་བྱ་སྟེ། །ཞེས་གསུངས་པ་ལྟར། འཚོ་བ་ཟས། རྐྱེན་ཟློག་སྨན། སྒྲུབ་པ་རྫས། མཆོད་པའི་ཡོ་བྱད་སྤྱི་དང་བྱེ་བྲག་རྣམས་ཏེ་གཙང་ཞིང་མ་ཚང་བ་མེད་པ། སྒྲུབ་པ་པོ་ལ་སྟོན་འཁོར་གཉིས་ཀྱི། སྟོན་པ་ཕུན་སུམ་ཚོགས་པ་ནི། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། །རྣལ་འབྱོར་མཐར་ལྡན་ཤིན་ཏུ་བསྟེན། །ཞེས་གསུངས་པ་ལྟར། ལྟ་བའི་མཛོད་ཨ་ཏི། སྒོམ་པའི་མཛོད་ཨ་ནུ། སྤྱོད་པའི་མཛོད་མ་ཧཱ་སྟེ་ཡོ་ག་རྣམ་པ་གསུམ་གྱི་དོན་ལ་མཁས་ཤིང་། དབང་བཞིའི་ཆུ་བོ་རྫོགས་པ། གསང་བའི་གཉེར་ཐུབ་ཅིང་རྒྱུད་ཀྱི་དོན་ལ་མཁས་པ། སྒྲུབ་པའི་ལས་རིམ་ལ་མ་རྨོངས་ཤིང་། མན་ངག་ཉམས་མྱོང་གི་དྲོད་དང་ལྡན་པ་སྟེ་རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་སུ་བཞུགས་པ་དང་། འཁོར་ཕུན་སུམ་ཚོགས་པ་ནི། དཔལ་གསང་བ་སྙིང་པོ་ལས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་པ་ལྟར་སྤྱིར་ཡོན་ཏན་དྲུག་དང་ལྡན་ཞིང་། ཁྱད་པར་རྡོ་རྗེ་སློབ་དཔོན་དང་དགོངས་པ་མཉམ་པའི་རྡོ་རྗེ་རྒྱལ་ཐེབ། སྐད་གདངས་ཆེ་ཞིང་ལས་ཁྲིགས་ལ་མཁས་པའི་རྡོ་རྗེ་ལས་མཁན། སྦྱོར་བའི་སྒྱུ་རྩལ་ལ་མཁས་པའི་རྡོ་རྗེ་གཟུངས་མ། མི་མ་ཡིན་མཐོང་བ་ཟློག་ནུས་པའི་རྡོ་རྗེ་སྤྱན་པ། སྒྲུབ་པའི་དྲོད་འཛིན་པའི་རྡོ་རྗེ་བྱ་རོགསྒྲོལ་བའི་ཐབས་ལ་མཁས་པའི་རྡོ་རྗེ་གིང་ཆེན། གཡོས་ལ་མཁས་པའི་རྡོ་རྗེ་བྱན་པོ། ཕྱི་ནང་གི་བརྡའ་སྦྱོར་ལ་མཁས་པའི་རྡོ་རྗེ་རྡུལ་ཕྱག་པ་སོགས་མཆེད་ལྕམ་འདུས་པ་རྒྱ་མཚོ་རྣམས་དང་། སྒྲུབ་པའི་ཐབས་སམ་ཆོས་ཕུན་སུམ་ཚོགས་པ་ནི། གོང་དུ་སྨོས་པ་ལྟར་གྱི་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་གསེར་ཆོས་ཁྱད་པར་དུ་འཕགས་པ་སྟེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། གསང་སྔགས་དོན་གྱི་སྙིང་པོ་འདི་ཁོ་ན། །སྒྲུབ་ཆེན་འདི་ཡི་མིང་ཙམ་སུ་གང་འཛིན། །ཨོ་རྒྱན་ང་དང་སྙིང་ཁྲག་གཅིག་ཏུ་འདྲེས། །ཞེས་དང་། པདྨ་ང་ཡི་སྲོག་གི་དྭངས་མ་སྟེ། །དུས་གསུམ་རྒྱལ་བའི་གསང་སྙིང་འདི་ཁོ་ན། །དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་འདི་ཀ་ཟབ། །འདི་འཆང་ཨོ་རྒྱན་ང་དང་འབྲལ་བ་མེད། །རིག་འཛིན་བརྒྱད་འདུས་དམ་ཅན་བྲན་དུ་ཁོལ། །ཡང་ཟབ་སྙིང་པོ་མར་གྱི་ཉིང་ཁུ་བྱུང་། །དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་པ། །ཐམས་ཅད་ཐམས་ཅད་མ་ལུས་འདིས་འགྲུབ་སྟེ། །དེ་ཕྱིར་དུས་གསུམ་རྒྱལ་པའི་སྤྱི་སྒྲུབ་ཡིན། །ཚིག་ཚོགས་མང་བས་མི་ཟབ་དོན་ལ་འདི། །ཨོ་རྒྱན་ང་ཡི་ཐུགས་བཅུད་མིན་རེ་སྐན། །ཞེས་བསླུ་མེད་རྡོ་རྗེའི་ལུང་གིས་རྗེས་སུ་བསྔགས་པར་མཛད་པ་ཡིན་ནོ། །དེ་ལྟར་སྒྲུབ་གཞི་ཕུན་སུམ་ཚོགས་པ་ལྔ་དང་འབྲེལ་བའི་སྒོ་ནས། དངོས་གཞི་བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ་ལའང་། སྤྱི་དང་བྱེ་བྲག་གི་ཁྱད་པར་མང་དུ་ཡོད་ནའང་། འདིར་སྒྲུབ་པ་ཆེན་པོའི་སྐབས་དང་སྦྱར་ན། སྒྲུབ་བྱང་ལས། རིམ་པ་ཤོམ་དང་འབྲེལ་བའི་ཕྱིར། །བསྙེན་པ་ཞེས་སུ་བརྗོད་པ་ཡིན། །གསང་སྒོར་ཞུགས་ནས་བྱིན་ལྡན་པ། །ཉེ་བའི་བསྙེན་པ་ཞེས་སུ་བརྗོད། །གང་ཡང་བར་ཆད་མི་གཡེལ་བར། །དམ་པའི་གཞུང་གཉིས་འཛིན་པས་ན། །སྒྲུབ་པ་ཞེས་སུ་བརྗོད་པ་ཡིན། །རྣལ་འབྱོར་དྲོད་ཀྱི་རྩལ་འཆང་བ། །སྒྲུབ་པ་ཆེན་པོར་དེ་བརྗོད་དེ། །ཞེས་བཤད་པ་ལྟར། ཐོག་མར་ས་བརྟག་པ་དང་བསླང་བ་སོགས་ས་ཡི་ཆོ་གཕྱི་མཚམས་རྒྱལ་ཆེན་སྡེ་བཞི་ལ་ཐོ་འཛུགས། ནང་མཚམས་འབར་བའི་ལྟ་བས་མཚམས་བཅད། བར་མཚམས་དམ་སྲི་མནན་ཞིང་སྒོ་བྱང་གདགས་པ་སོགས་བསྙེན་པ། དཀྱིལ་འཁོར་ཆེན་པོའི་ཐིག་དང་རྡུལ་ཚོན་གྱི་བྱ་བ་རྫོགས་ནས་རྒྱན་འགོད་བྱིན་འབེབས་མཆོད་རྫས་བྱིན་རླབས་སོགས་ཉེ་བསྙེན། དུས་བཞིའམ་དྲུག་ཏུ་གཞུང་བསྲངས་ནས་གསལ་བ་གསུམ་དང་ལྡན་པས་ཛབ྄་བཟླ་བ་གཙོ་བོར་སྟོན་པ་ནས་ཚོགས་གྱི་མཆོད་པ་དང་། ཉུ་ལེ་སྐྲོད་པ་སོགས་ཞག་དྲུག་གམ་བདུན་དུ་བྱེད་པ་སྒྲུབ་པ། ནུབ་ཐ་མ་ལ་དངོས་གྲུབ་བླངས་ཤིང་གཞན་ལ་དབང་བསྐུར་བ་སོགས་སྒྲུབ་པ་ཆེན་པོ་དང་འབྲེལ་བ་སྟེ། བསྙེན་སྒྲུབ་ཡན་ལག་བཞི་ལ་ཚུལ་བཞིན་དུ་བརྩོན་པས་གནས་སྐབས་སུ་ལམ་གྱུར་གྱི་རིག་འཛིན་བཞི་དང་། མཐར་ཐུག་མི་སློབ་པའི་ཟུང་འཇུག་དཔལ་ཧེ་རུ་ཀཿའི་གོ་འཕང་ལ་དཀའ་བ་མེད་པར་སྦྱོར་ནུས་པ་ཡིན་ཏེ། གསང་སྙིང་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཞེས་གསུངས་ཤིང་དེ་ཡང་། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པ་ལྟར། རྒྱུ་ཤེས་པའི་མཚན་ཉིད་སྣང་སྲིད་དག་མཉམ་ཆེན་པོའི་ལྟ་བ་གཏན་ལ་ཕེབས་ནས། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལའང་། མོས་སྒོམ་དང་ངེས་རྫོགས་ཀྱི་ཚུལ་གཉིས་ལས། སྔར་སྨོས་པ་ནི་ངེས་རྫོགས་ཀྱི་འབྲས་བུ་ཐུན་མིན་ཡིན་ནའང་། སྐབས་འདིར་མོས་སྒོམ་ཙམ་གྱིས་ཚོམ་བུར་འདུས་པའི་སྒོ་ནས་སྤྲོས་བཅས་བསྐྱེད་རིམ་དང་ཕྱོགས་མཐུན་དུ་སྒྲུབ་པའི་འབྲས་བུའང་། དབང་པོ་དང་སྐལ་བའི་ཁྱད་པར་དང་མཐུན་པར། སྐྱེ་བ་འདིའམ་བར་དོ། ཡང་ཐ་སྐྱེ་བ་བདུན་ཚུན་ཆད་རིག་འཛིན་གྱི་ས་ལ་གནས་པར་གསུངས་ཤིང་། དེ་ཡང་ལན་གཅིག་མིན་པར་ཡང་ཡང་སྒྲུབ་ན་ཤིན་ཏུ་སྐལ་བ་དམན་པས་ཀྱང་ངེས་པར་འགྲུབ་པར་གསུངས་ཏེ། བྱང་གཏེར་ལས། ལན་གསུམ་སྒྲུབ་ན་དངོས་གྲུབ་རྣམ་གཉིས་འཐོབ། །རིག་འཛིན་གྲལ་དུ་ཐེ་ཚོམ་ཡོད་རེ་སྐན། །མཆོག་དང་ཐུན་མོང་དངོས་སྒྲུབ་འཐོབ་པར་འགྱུར། །ཞེས་གསུངས་ཤིང་། དེར་མ་ཟད་སྒྲུབ་ཆེན་འདི་ལྟ་བུ་ལ་འབྲེལ་བ་ཅུང་ཟད་ཐོགས་པ་རྣམས་ཀྱང་བྱང་ཆུབ་ཀྱི་ས་བོན་ཐེབས་པར་འགྱུར་ཏེ། དད་ལྡན་སྣོད་ལྡན་གང་ཟག་ལ། །རྩེ་གཅིག་སྒོམ་པའི་སྐལ་མེད་ན། །མཐོང་ངམ་ཐོས་སམ་རེག་པ་ཡིས། །བྱང་ཆུབ་ལམ་ལ་བགྲོད་པའི་ཐབས། །འདི་ཉིད་ཡིན་ནོ་ཉམས་སུ་ལོངས། །ཞེས་དང་། དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས། བླ་མེད་ཐེག་མཆོག་སྙིང་པོའི་དོན་རྣམས་དང་། །གང་འབྲེལ་ཐམས་ཅད་སངས་རྒྱས་འགྲུབ་པའི་ཕྱིར། །འདི་གྲོལ་འདི་མ་གྲོལ་གྱི་རྣམ་དབྱེ་བྲལ། །འབྲེལ་ཚད་དོན་དང་ལྡན་ཞེས་དེ་ལ་བརྗོད། །ཅེས་གསུངས། ལས་མཐའ་རྒྱས་ཀྱི་རིམ་པས་སྒྲུབ་པའི་རྗེས་བསྐྱང་བ་ནི། ལས་བྱས་པ་དོན་ཡོད་པར་བྱ་བའི་ཕྱིར་མར་མེ་སྨོན་ལམ་བྱ་བ་དང་། དཀྱིལ་འཁོར་བསྡུ་ཞིང་། རྡུལ་ཚོན་ཆུ་བོར་སྤྱན་འདྲེན་པ་སོགས་སྒྲུབ་པ་ཆེན་པོའི་ཡན་ལག་རྣམས་ཀྱིས་མཐའ་རྒྱས་སུ་བྱ་བ་ཡིན་ཞིང་། དེ་དག་ཐམས་ཅད་ཀྱི་སྐབས་སུ་སྤྱིར་གཅེས་ཤིང་མེད་དུ་མི་རུང་བས་ཐུགས་ལ་ངེས་པར་བཅང་བྱ་འགའ་ཞིག་གསལ་འདེབས་ཀྱི་ཚུལ་དུ་ཞུ་ན། བསླབ་པའི་མཐའ་བཅུས་གསང་སྔགས་ཀྱི་ཆོས་ལ་ཞུགས་དགོས་ཏེ། སྒོ་དབང་གིས་ཕྱེ། སྲོག་དམ་ཚིག་གིས་བཟུང། ཐག་ལྟ་བས་བཅད། ལ་སྤྱོད་པས་དོར། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་། དོན་མན་ངག་གིས་སྒྲུབ། རྒྱུད་ཐོས་པས་དཀྲོལ། སྒོ་ཀུན་ལས་བསྡུ། ཤེས་བྱ་ཕྱོགས་མེད་ལ་བསླབ། དགོས་དོན་དུ་མ་རོ་གཅིག་ཏུ་བསྡུ་བ་ལགས། དེ་ལས་ཀྱང་ཐོག་མཐའ་བར་གསུམ་དུ་དམ་ཚིག་ལ་བརྟེན་ནས་རྡོ་རྗེ་ཐེག་པའི་ལམ་བགྲོད་དགོས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། སྔ་རབས་འདས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ཏེ་བྱུང་། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་རབ་ཏུ་གནས། །སླད་ཀྱིས་འབྱོན་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་རབ་ཏུ་བསྒྲུབ། །ཅེས་གསུངས་པ་ལྟར་དམ་ཚིག་ནི་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་མིག་གི་འབྲས་བུ་ལྟར་བཙའ་དགོས་ཤིང་། ཁྱད་པར་སྒྲུབ་ཆེན་འདི་ལྟ་བུའི་སྐབས་སུ་གནད་གལ་པོ་ཆེའི་དམ་ཚིག་གསང་བ་ཡོངས་རྫོགས་ཀྱི་རྒྱུད་ལས། བླ་མ་བཀུར་ཞིང་གསུང་མི་བཅག །ཐུན་བཞིའི་རྣལ་འབྱོར་ཡན་མི་བྱ། །ལྷ་དང་སྔགས་ལ་ཐེ་ཚོམ་སྤངས། །མཆེད་ལྕམ་རྣམས་ལ་གདུང་སེམས་བསྐྱེད། །སེམས་ཅན་རྣམས་ལ་སྙིང་རྗེས་སྐྱོངས། །ང་རྒྱལ་རློམ་སེམས་ཞེ་སྡང་སྤངས། འདོད་ཆགས་ཕྲག་དོག་ཁར་མི་བཏང་། །གསང་སྔགས་ལྟ་སྤྱོད་ཟུང་དུ་འབྲེལ། །རྫོགས་བསྙེན་སྒྲུབ་པ་མཐའ་རུ་དབྱུང་། ལེ་ལོ་གཉིད་དང་ཆང་དབང་སྤངས། །ཞེས་གསུངས་པ་ལྟར་མོས་གུས་དག་སྣང་ལ་གཞི་བཅའ། ལྷ་སྔགས་ཏིང་འཛིན་གྱིས་གཞུང་བསྲང་། སྡོམ་པ་དམ་ཚིག་གི་སྲོག་མཁར་བརྟེན། གཉིད་དང་ལེ་ལོ་ཆང་སོགས་བག་མེད་པའི་རྒྱུ་དང་ལྟུང་བ་འབྱུང་པའི་སྒོ་རྣམས་རིང་དུ་སྤངས། དད་སྤྲོ་བརྩོན་འགྲུས་དྲག་པོས་གཅིག་ཏུ་འབད་པ་ཤིན་ཏུ་གལ་ཆེ་སྟེ། སྤྱིར་དམ་ཚིག་ཉམས་ན་རྡོ་རྗེའི་དམྱལ་བ་ལས་ཐར་པའི་དུས་མེད་པར་གསུངས་ཤིང་ཁྱད་པར་སྒྲུབ་ཆེན་འདི་ལྟ་བུ་ནི། དུག་སྦྲུལ་མགོ་ཡི་ནོར་བུ་ལེན་པ་བཞིན་དུ་ཁེ་ཉན་ཆེ་བའི་ཕྱིར། བག་ཡངས་རང་གར་སྤྱོད་པ་དང་དམ་ཚིག་ལས་ཉམས་ན་ཉམས་པ་པོ་རང་ཉིད་ཙམ་དུ་མ་ཟད། འདིར་འདུས་པ་ཀུན་ལའང་ཉམས་གྲིབ་ཀྱི་ཤན་ཕོག་པར་འགྱུར་ཏེ། ཀུན་འདུས་རིག་པའི་མདོ་ལས། ཅི་ཕྱིར་འོ་མ་ཉུང་ངུ་ཞིག །རུལ་བས་འོ་མ་ཀུན་རུལ་ལྟར། །རྣལ་འབྱོར་ཉམས་གྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་འགྱུར། །ཞེས་གསུངས་པས་རྟག་ཏུ་དྲན་ཤེས་བག་ཡོད་དང་མ་བྲལ་བར་བསྲུང་བ་གལ་ཆེ་ཞིང་། དེ་ལྟར་བསྲུང་བའི་ཕན་ཡོན་ཡང་། བཀོད་པ་ཆེན་པོ་ལས། རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །དངོས་གྲུབ་ཡ་མཚན་ཆེན་པོ་འགྲུབ། །ཕྲིན་ལས་བཞི་པོ་ཐོགས་མེད་ཅིང་། །རྟོགས་པ་མཆོག་ནི་གོང་དུ་འཕེལ། །ཞེས་དང་། དམ་ཚིག་བཀོད་པའི་རྒྱུད་ལས། འདི་ལས་འགལ་བར་མ་བྱས་ན། །རྡོ་རྗེ་འཛིན་པ་རྫོགས་སངས་རྒྱས། །ཚེ་འདི་ཉིད་ལ་ཐོབ་པར་ངེས། །ཞེས་གསུངས། དེ་ལྟར་གཞི་དམ་ཚིག་གིས་བཟུང་ནས། གསང་སྔགས་བླ་མེད་ཀྱི་སྒོར་ཞུགས་པ་ལ། ལྟ་བའི་གདེང་གིས་འཁོར་འདས་རང་སེམས་སུ་ཐག་བཅད། སྒོམ་པའི་ཉམས་ཀྱིས་སྣང་སྲིད་དག་པ་རབ་འབྱམས་སུ་སྦྱར། སྤྱོད་པ་བརྟུལ་ཞུགས་ཀྱི་རྩལ་གྱིས་གང་བྱུང་ལམ་དུ་ཁྱེར་ཤེས་པའི་ངང་། ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲ་བས་བསྐུལ། །ཞེས་པས་བསྙེན་བསྒྲུབ་ཀྱི་བཟླས་པ་ལ་ཆུ་བོའི་རྒྱུན་བཞིན་དུ་བརྩོན་དགོས་ཤིང་། དེ་ཡང་བྱང་གཏེར་ཐུགས་སྒྲུབ་ལས། མཆོག་ཐུན་དངོས་གྲུབ་ཐོབ་པའི་ཕྱིར། །ཡི་གེ་འདུས་པ་ལྷ་ཡི་ལྷ། །གང་ཟློས་གཞུང་གི་དགོངས་པ་བསྐྱངས། །ཡུལ་གཞན་མཚན་མས་གཡེང་བ་ཡི། །བསྐལ་པར་བཟླས་ཀྱང་འབྲས་བུ་མེད། །དེ་ཕྱིར་མ་ཡེངས་ཏིང་འཛིན་གཅེས། །ཞེས་གསུངས་ཤིང་། ཏིང་ངེ་འཛིན་ལ་དབྱེ་བ་བསམ་གྱིས་མི་ཁྱབ་ཀྱང་སྐབས་འདིར། གསང་བ་ཡོངས་རྫོགས་ཀྱི་རྒྱུད་ལས། ཡེ་ཤེས་འཇིག་རྟེན་གང་སྒྲུབ་ཀྱང་། །སྲོག་སྡོམ་གཟེར་བཞིས་མ་ཐེབས་ན། །ནམ་ཡང་དོན་མེད་ཡུག་པ་བརྐྱང་། །དྲང་དོན་རྫུན་གྱི་འཁྲུལ་འཁོར་ཡིན། །ཡོངས་རྫོགས་དཔལ་ཆེན་སྲོག་འཕྲོག་ཐབས། །གཅིག་ཤེས་པས་ནི་ཀུན་སྲོག་ཐོག །དཔེར་ན་སྒྲ་གཅན་འཛིན་གྱི་ཁས། །ནམ་མཁའི་ཉི་མ་གཅིག་ཟིན་པས། །ཆུ་བྲན་སྟོང་ན་ཉི་མ་ཀུན། །མ་བཟུང་བར་ཡང་སྟོང་སྲོག་ཐོབ། །དེ་ཕྱིར་སྲོག་གི་གཟེར་བཞི་གཅེས། །ཞེས་གསུངས་པས། གསལ་དག་བརྟན་གསུམ་འཛོམས་པའི་བསྐྱེད་རིམ་ལ་སེམས་རྩེ་གཅིག་ཏུ་འཛིན་པ་ཏིང་འཛིན་དམིགས་པའི་གཟེར། གཉུག་མའི་ཡེ་ཤེས་གཞོམ་མེད་སྔགས་ཀྱི་དེ་ཁོ་ན་ཉིད་དུ་ངེས་པའི་ངང་ནས་ཛབ྄་བསྙེན་བར་མ་ཆད་པར་བཟླ་བ་སྙིང་པོ་སྔགས་ཀྱི་གཟེར། ལྷ་སྣང་རིག་པའི་རང་རྩལ་དུ་ཤེས་ཤིང་། རིག་སྟོང་ཀ་དག་ཀུན་བཟང་གི་དགོངས་པ་ལས་མི་གཡོ་བ་དགོངས་པ་མི་འགྱུར་བའི་གཟེར། དམིགས་པ་ཕྱོགས་གཅིག་ལ་མི་ཞེན་པར་སྤྱི་བྱེ་བྲག་གི་ཏིང་འཛིན་དགོངས་པའི་འཕྲོ་འདུ་ལ་བསླབ་པ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ཏེ་སྲོག་སྡོམ་གྱི་གཟེར་བཞི་དང་ལྡན་པ་གལ་ཆེ་ཞིང་། བཟླས་པའི་སྐབས་སུའང་། རིན་ཆེན་ཕྲེང་བ་ལས། བཟླས་པ་བྱེད་ཚེ་ལོང་གཏམ་ཀྱལ་ཀ་དང་། །ཁྲོ་དང་འཐབ་དང་ཤགས་དང་འཇུག་འཛིན་དང༔ཞུམ་དང་ལྷག་པའི་ང་རྒྱལ་རྣམ་པར་སྤངསཿསྒྲ་དང་རྣམ་རྟོག་སྤྲོས་པ་རྣམ་པར་བཅད༔ལྷ་དང་སྔགས་ལས་གཞན་ལ་མི་བསམ་མོ༔ཞེས་གསུངས་པའི་སྤང་བླང་གི་ཚུལ་ལ་ངེས་པས། ཉིན་མཚན་གྱི་ཐུན་འཛིན་པ་རྣམས་ནས་ཀྱང་གཉིད་དང་རྣམ་གཡེང་དུ་མི་གཏོང་ཞིང་གསལ་དག་གི་ཛབ྄་བསྙེན་རྒྱུན་མི་བཅད་པ་ཅི་ནས་ཀྱང་ཞུ་ཞིང་། དེ་ལྟར་བཟླས་པའི་ཕན་ཡོན་ཡང་། དེ་ཉིད་ལས། ལན་གཅིག་ཙམ་ཡང་སྔགས་བརྗོད་ན། །འདས་དང་འབྱུང་དང་འབྱུང་གང་ཡིན། །གང་གིས་ལྕེ་ལ་སྨྲ་གྱུར་པ། །དེ་དག་བདེན་པ་ཐོབ་པར་གྱུར། །ཞེས་དང་། གསང་སྙིང་ལས། སྔགས་དང་ཕྱག་རྒྱ་རབ་ལྡན་ན། །དངོས་གྲུབ་ཡ་མཚན་ཆེན་པོ་འབྱུང་། །ཞེས་གསུངས། སྒྲུབ་པའི་མཆེད་མང་དུ་འདུས་པ་འདིའང་བཟླས་བརྗོད་ཏིང་ངེ་འཛིན་གཅིག་གིས་ཆད་པ་གཅིག་གིས་མཐུད་པས་དགོངས་པ་ཟབ་མོ་ལ་བར་གསེང་མི་ཆོད་པ་སོགས་དགོས་པ་ཆེན་པོ་དང་ལྡན་པ་ཡིན་ཏེ། རྔམ་གློག་ལས། དཔེར་ན་འཇིག་རྟེན་མི་རྣམས་ཀྱང་། །མང་པོ་འདུས་ན་དཀའ་བའང་འགྲུབ། །དེ་བཞིན་རྡོ་རྗེའི་མིང་སྲིང་སྤུན། །དངོས་གྲུབ་སྒྲུབ་པའི་གྲོགས་མཆོག་ཡིན། །དཔེར་ན་གྲོགས་དང་ལྡན་པའི་མི། །འཚེ་བ་ཀུན་གྱིས་མི་ཚུགས་བཞིན། །དེ་བཞིན་རྣལ་འབྱོར་གྲོགས་ལྡན་ཡང་། །རྒོལ་བ་རྣམས་ཀྱིས་མི་ཚུགས་ཤིང་། །འབྲས་བུ་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་ཤིང་། དེར་མ་ཟད། ཨོ་རྒྱན་ཆེན་པོས་ཀྱང་། རང་བཞིན་འདྲེན་པ་བས་སྒྲུབ་ཆེན་འདི་ཉིད་བརྒྱ་འགྱུར་གྱི་ཡོན་ཏན་ཆེའོ། །ཞེས་ཨོ་རྒྱན་ངའི་བཀའ་འོ། །ཞེས་གསུངས་པས་དུས་གཞན་དུ་བཟླས་བསྒོམས་བྱས་པ་བས་སྒྲུབ་ཆེན་འདིའི་སྐབས་སུ་བརྒྱ་འགྱུར་གྱི་ཕན་ཡོན་ཆེ་བ་ཡིན། འདིའི་སྐབས་སུ་ཆོ་གའི་ལས་འགྲིགས། མཆོད་པའི་བཀོད་པ་སོགས་སྤྲོས་པ་ཇི་ཙམ་རྒྱས་བཞིན་ཚོགས་མྱུར་དུ་རྫོགས་པ་དང་དངོས་གྲུབ་མྱུར་དུ་འཐོབ་པ་སོགས་ཀྱི་དགོས་པ་ཆེན་པོ་ཡོད་པས་སླ་ཆོས་དང་སྙོམས་ལས་དང་ཚོད་ཡོད་རས་ཆོད་ཀྱིས་སྤྲོས་པ་བསྡུ་མི་རུང་སྟེ། ཨོ་རྒྱན་ཆེན་པོས། བློ་དང་ཁམས་ཀྱི་ནུས་ཚད་ཀྱིས་གཞུང་རྒྱས་པར་ཁྲིགས་བསྐྱང་ན་ངེས་པར་དངོས་གྲུབ་ཆེ་ལ་མྱུར་རོ། །ཅིའི་ཕྱིར་ཞེ་ན། ཆོ་ག་ཕྲ་མོ་ཡན་ཆད་ཀྱང་ཕལ་ཆེར་རྒྱུད་ལས་བྱུང་ཞིང་། འགའ་ཞིག་བླ་མ་གྲུབ་པ་བརྙེས་པའི་བཀའ་སྲོལ་ཕྱག་བཞེས་དང་། ངྷཱ་ཀི་མས་ལུང་བསྟན་པ་དང་། ཨོ་རྒྱན་ང་ཉིད་ཀྱིས་ཡང་ལེ་ཤོད་དུ་ཉམས་དང་སྦྱར་བ་ཡིན་པས་ཀུན་ཏུ་ཐེ་ཚོམ་སྤངས་ལ་སྒྲུབས་ཤིགགང་ཐེ་ཚོམ་ཅན་རྒྱུ་སླ་དེས་ཆོག་གཟུ་ལུམ་མཁན་རྣམས་ལ་དངོས་གྲུབ་ཏིལ་འབྲུ་ཙམ་མེད་དོ། །དེ་བས་དད་ཅིང་མོས་པ་ཁོ་ནས་ཉམས་སུ་བླང་བར་བྱའོ། །ཞེས་གསུངས། དེ་བཞིན་རོལ་མོའི་བརྡུང་བཀྲོལ་དང་། གདངས་དབྱངས་གར་འཆམས་སོགས་འདི་ཐམས་ཅད་ཀྱང་རྣམ་དཔྱོད་དང་མཛེས་ཁྲིགས་ཁོ་ན་མ་ཡིན་ཞིང་དགོས་གལ་ཆེན་པོ་ཡོད་པ་ཡིན་ཏེ། གུ་རུའི་བཀའ་ལས། གསང་སྔགས་རོལ་མོས་བསྐུལ་ན་བྱིན་རླབས་ཆེ། །ཞེས་དང་། གཏེར་དུ་སྦས་པའི་གསང་སྔགས་ཆོ་ག་རྣམས། །བོན་གྱེར་མི་བྱ་ཚིག་དང་དོན་དུ་སྡེབ། །འུར་ཀློག་མི་བྱ་སྙན་པའི་དབྱངས་ཀྱིས་བརྗོད། །ཅི་ཕྱིར་ཞེ་ན་གསང་སྔགས་གྱེར་ཞིང་སྒོམ། །ཞེས་དང་། དེ་ཕྱིར་དབྱངས་ཀྱིས་བསྒྲུབས་པས་དངོས་གྲུབ་སྟེར། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། གསང་སྙིང་ལས་ཀྱང་། སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །དཀྱིལ་འཁོར་བརྟན་པའི་ཏིང་འཛིན་ནི། །བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །ཞེས་སོགས་གསུངས་པ་ལྟར། ལྷ་ཡི་སྟངས་སྟབས་སོགས་བྲོ་གར་འདུ་འཕྲོའི་ཡོ་བྱད་ལ་སྤྱད་ན། གནས་སྐབས་སུ་ལུས་ཀྱི་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་ཤིང་མཐར་ཐུག་སངས་རྒྱས་དོན་ཡོད་གྲུབ་པ་འགྲུབ་པར་འགྱུར་བ་དང་། དེ་བཞིན་དུ་ཛབ྄་དབྱངས་སོགས་གླུ་ཚིག་སྒྲ་ཡི་ཡོ་བྱད་ལ་སྤྱད་ན་གདུལ་བྱའི་བློ་དང་འཚམ་པར་ཆོས་སྟོན་ནུས་ཤིང་སངས་རྒྱས་སྣང་བ་མཐའ་ཡས་འགྲུབ་པ་དང་། ཧེ་རུ་ཀཿའི་རྟགས་ཀྱིས་སྤུད་པ་སོགས་རྒྱན་དང་བགོ་བའི་ཡོ་བྱད་ལ་སྤྱད་ན་ལུས་གཟི་བྱིན་འབར་ཞིང་ཕ་རོལ་གྱི་དཔུང་གིས་མི་བརྫི་བ་དང་རྣམ་སྣང་འགྲུབ། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་བཟའ་བཏུང་གི་ཡོ་བྱད་ལ་སྤྱད་ན་ལུས་མདངས་དང་ལྡན་ཞིང་ཟས་བདུད་རྩིའི་བཅུད་དང་ལྡན་པས་འཛད་པ་མེད་པ་དང་རིན་འབྱུང་འགྲུབ་པར་འགྱུར་བ་སོགས་ཕན་ཡོན་དང་དགོས་པ་ཚད་མེད་པར་གསུངས། མདོར་ན་རིག་འཛིན་བརྒྱུད་པའི་ཕྱག་སྲོལ་འདི་ལ། རྒྱུད་སྒྲུབ་ཐབས་དང་འབྲེལ། སྒྲུབ་ཐབས་ཆོག་ཁྲིགས་དང་འབྲེལ། ཆོག་ཁྲིགས་ཕྱག་བཞེས་དང་འབྲེལ། ཕྱག་བཞེས་བླ་མ་བརྒྱུད་པའི་མན་ངག་དང་འབྲེལ་བ་སྟེ་འབྲེལ་བ་བཞི་དང་ལྡན་ཞིང་། སྤྱོད་ལམ་རྣམ་པ་བཞི་གང་ལའང་རང་རྒྱུད་སྡོམ་པ་གསུམ་གྱི་ཉེས་ལྟུང་འགོག་ཅིང་། ཡོན་ཏན་ཡར་ལྡན་གྱི་ཚུལ་གྱིས་གཞན་དང་བ་འདྲེན་པ་སོགས་ཀྱི་དགོས་པ་ཁྱད་པར་བ་ཡོད་པས་ཀུན་གྱིས་ཐུགས་དྲན་ཤེས་བག་ཡོད་དང་མི་འབྲལ་བར་ཚུལ་མཐུན་དུ་གནང་དགོས་ཏེ། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར་དང་། གལ་སྲིད་བསྐྱེད་རྫོགས་ཀྱི་གནད་སོགས་ཆེར་མི་ཤེས་ནའང་། བླ་མ་དང་མཆེད་ལྕམ་སོགས་ཐུགས་མཉེས་པའི་ཆེད་དང་། རང་གི་ཚོགས་གསོག་སྒྲིབ་སྦྱང་གི་ཕྱིར་ལྷ་སྔགས་ལ་དད་པ་དང་མོས་པ་བརྟན་པོས་ཆོ་གའི་ཆིངས་རྣམས་ལ་བརྩོན་པས་ཀྱང་དོན་འགྲུབ་པར་འགྱུར་ཏེ། དད་བརྩོན་དྲག་པོས་སྒྲུབ་གྱུར་ན། །མཚམས་མེད་ལྔ་པོ་སྤྱོད་པས་ཀྱང་། །དངོས་གྲུབ་ཐོབ་པ་གསང་སྔགས་ཁྱད། །དམ་ལྡན་རྣམས་ལ་སྨོས་ཅི་དགོས། །ཞེས་དང་། རིགས་ལྡན་འཇམ་དཔལ་གྲགས་པས། ཞིང་གཞན་སྐལ་མང་སྡོམ་ལ་གནས་པ་བས། །སྐད་ཅིག་འདིར་གནས་འབྲས་བུ་རྫོགས་པར་བྱེད། །ཅེས་དང་། མདོ་དགོངས་པ་འདུས་པ་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །མཚན་ཉིད་བཟང་ལྡན་བླ་མ་ལ། །བཀུར་ནས་རིམ་གྲོ་ཆེར་བྱས་པས། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །དཔེར་ན་ཞིང་ས་གཤིན་པོ་ལ། །ས་བོན་བཏབ་ན་འཕེལ་རྒྱས་བཞིན། །ཞེས་གསུངས་པ་ལྟར་ལགས་པས་སྒྲུབ་པ་ཆེན་པོ་འདི་ཉིད་ཀྱི་དབུ་བཙུགས་ནས་མཇུག་མ་གྲོལ་གྱི་བར་བླང་དོར་གྱི་གནས་རྣམས་ཐུགས་ལ་བཞག་ནས་ཚུལ་བཞིན་ཕྱག་ཏུ་ལེན་པའི་བཀའ་དྲིན་མི་ཆུང་བར་གསོལ་བ་ལན་བརྒྱར་འདེབས་པ་ལགས། མི་རྒན་ཚིག་ལ་ཉོབ་ཞད་ཆེ་ན་ཡང་། །དོན་ལ་བརྟགས་ན་གོ་རྒྱུ་ཅུང་ཟད་ཡོད། །དེ་སླད་འདི་ཡང་མགྲིན་པའི་རྒྱན་བཞུགས་ནས། །དེས་ཀྱང་བླང་དོར་རབ་ཏུ་གསལ་གྱུར་ཅིག །འདི་ཡང་ལུགས་གཉིས་ཀྱི་མཁྱེན་པ་གསལ་བ་ཅན་ཆོས་ཁྲིམས་སྐལ་བཟང་མགོན་པོའི་བཞེད་ངོར། སྙོམ་ལས་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་སུག་ལས་སུ་བསྟར་བ་མདྒལཾ། །།


previous ས་ཟླའི་སྒྲུབ་མཆོད་སྐབས་ཀྱི་འབེལ་གཏམ་ཉུང་བསྡུས། next