Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
བཀྲ་ཤིས་དགེ་བའི་གཏམ་བཤད་མདོར་བསྡུས་བཀྲ་ཤིས་དབྱངས་སྙན།


 
previous བཀྲ་ཤིས་དགེ་བའི་གཏམ་བཤད་མདོར་བསྡུས་བཀྲ་ཤིས་དབྱངས་སྙན། no next

བཀྲ་ཤིས་དགེ་བའི་གཏམ་བཤད་མདོར་བསྡུས་བཀྲ་ཤིས་དབྱངས་སྙན།

༄༅། །བཀྲ་ཤིས་དགེ་བའི་གཏམ་བཤད་མདོར་བསྡུས་བཀྲ་ཤིས་དབྱངས་སྙན་བཞུགས། སྭ་སྟི། བཀྲ་ཤིས་དགེ་བའི་ཆུ་གཏེར་ལས། །བཀྲ་ཤིས་དགེ་བའི་གཏམ་སྙན་དུང་། །བཀྲ་ཤིས་དགེ་བའི་དུས་སྟོན་ཆེར། །བཀྲ་ཤིས་དགེ་བས་དབྱངས་སུ་ལེན། །འདིར་ལོ་མཇུག་དུས་རིམ་ཆེན་མོའི་སྐབས་སྔོན་གྱི་བླ་མ་གོང་མ་རྣམས་ཀྱི་ཕྱག་སྲོལ་ལྟར་བཀྲ་ཤིས་དགེ་བའི་གཏམ་བཤད་མདོར་བསྡུས་བྱ་ན། ཐོག་མར་ཕྱག་དང་ཕྱག་དབང་ལེན་པ་སོགས་སྔོན་དུ་འགྲོ་བས། ༀ་སྭ་སྟི། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །སོགས་ཆོས་རྗེ་མི་ཕམ་རིན་པོ་ཆེས་མཛད་པའི་བཀྲ་ཤིས་བརྒྱད་པའི་ཚིག་བཅད་རྫོགས་པར་བརྗོད་མཐར། འོ་དེ་ལྟར་ཐོག་མར་དགེ་བ་བཀྲ་ཤིས་ཤིང་དགེ་བའི་ཚིགས་སུ་བཅད་པས་མདུན་བསུས་ཏེ། ད་བར་དུ་དགེ་བའི་བཀྲ་ཤིས་ཤིང་དགེ་བའི་གཏམ་གྱི་སྦྱོར་བ་ཅུང་ཟད་ཞུ་ན། ང་བན་རྒན་བཀྲ་ཤིས་དགེ་བ། མིང་ཡང་བཀྲ་ཤིས་ཤིང་དགེ་ལ་དོན་ཡང་བཀྲ་ཤིས་ཤིང་དགེ་བ། སྔོན་གྱི་དུས་སུ་འཇམ་དཔལ་སྐུ་ཡི་བཀའ་བབས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་རྣམ་འཕྲུལ། རབ་འབྱམས་སྨྲ་བའི་སེང་གེ་གཉིས་པ། རྗེ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་གྱི་གྲྭ་རྒན། རླུང་སེམས་ལྷ་སྐུར་སྨིན་པས་སྐྱེ་འཆིའི་མཚན་མ་དགསྲོག་རྩོལ་དབུ་མར་དེངས་པས་ངག་ལ་བདེན་ཚིག་གྲུབ། གཟུང་འཛིན་དབྱིངས་སུ་ནུབ་པས་འོད་གསལ་ལ་རྒྱུན་ཆད་མེད། སྣང་སྤྱོད་སྒྱུ་མར་རྟོགས་པས་རྟེན་འབྲེལ་ཐབས་ལ་མཁས། ཅིར་སྣང་ཡེ་ཤེས་སུ་ཤར་བས་གང་བྱས་དོན་དང་ལྡན། དུས་རྟག་པར་འཆི་མེད་གཉུག་མའི་ཞིང་ཁམས་རིག་འཛིན་འདུས་པའི་ཚོགས་གྲལ་དུ་འཁོད་པ་ལས། ད་རེས་སྔ་འགྱུར་རིག་འཛིན་བརྒྱུད་པའི་ཕྱག་བཞེས། བསྟན་དང་བསྟན་འཛིན་སྲུང་བའི་མཁར་རྫོང་། ཕས་རྒོལ་བྱད་མ་བཟློག་པའི་འཁྲུལ་འཁོར། མི་བསྲུན་ཉམས་པ་སྒྲོལ་བའི་མཚོན་ཆ། ལོ་འཇུག་དུས་རིམ་ཆེན་མོའི་སྤྲོས་བཅས་ངོ་མཚར་གྱི་བཀོད་པ། ཅིར་སྣང་ལྷ་སྐུའི་ཕྱག་རྒྱ། སྒྲ་གྲགས་སྔགས་ཀྱི་སྙིང་པོ། དྲན་རྟོག་འོད་གསལ་གྱི་འཆར་ཆ། གང་སྤྱད་སྒྱུ་མའི་རོལ་མོ། ཅིར་སྤྱོད་ཐབས་མཁས་ཀྱི་འཕྲུལ་ཆེན། གང་སྣང་ཆོས་ཉིད་ཀྱི་ཡོ་ལང་། མཆོག་ཕལ་ཀུན་གྱི་མིག་དང་རྣ་བའི་བདུད་རྩིར་ལོངས་སྤྱོད་པའི་སྐབས་འདིར། སྟོན་འཁོར་ཕུན་སུམ་ཚོགས་པའི་གསེར་ཞལ་མཇལ་ཕྱིར་འོང་བ་ཡིན་ལགས། དེ་ལྟར་འོང་ནས་གང་གླེང་བར་བྱ་བ་ནི། མཁས་མཆོག་དཔའ་བོས། ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་དུ་མཁས་པ་དགའ་བྱེད་ཡིན། །ཞེས་གསུངས་པ་ལྟར། སྤྲོས་བཅས་འདི་ཉིད་ཀྱི་ལོ་རྒྱུས་དང་འབྲེལ་བར་ཅུང་ཟད་ཞུ་ན། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད། རྣམ་པ་གདུལ་བྱ་གདུག་པ་ཅན་རྣམས་འདུལ་བའི་ཕྱིར་རབ་འཇིགས་ཁྲོ་བོ་རོལ་པའི་སྐུར་བཞེངས་པ་ནི་འཇམ་དཔལ་དུས་དགྲའི་དབང་པོ་ཡིན་ཏེ། རྒྱུད་ལས། འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི། །ཁྲོ་བོ་རབ་འཇིགས་གཤིན་རྗེར་བསྟན། །ཞེས་གསུངས། དེ་ལྟར་བསྟན་པའི་དགོས་པའང་ཁྲག་འཐུང་འདུས་རྒྱུད་ལས། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ༔ཞི་བས་ཕན་པར་མི་འགྱུར་ཏེ༔ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད༔ཅེས་དང་། སངས་རྒྱས་ཐམས་ཅད་ཁྲོས་པས་ནི༔གདུག་པ་མ་ལུས་འདུལ་བར་བྱེད༔ཅེས་སོ། །དེ་ལྟ་བུའི་སྟོན་པ་ཕུན་སུམ་ཚོགས་པས། གནས་ཕུན་སུམ་ཚོགས་པ་འོག་མིན་གསང་ཆེན་རོལ་པར། འཁོར་ཕུན་སུམ་ཚོགས་པ་ཉིད་ལས་མི་གཞན་པའི་ཚོགས་ལ། ཆོས་ཕུན་སུམ་ཚོགས་པ་འཇམ་དཔལ་སྐུ་ཡི་རྒྱུད་ལ་སོགས་པ་དཔག་ཏུ་མེད་པ། དུས་ཕུན་སུམ་ཚོགས་པ་རྟག་པ་རྒྱུན་གྱི་འཁོར་ལོར་གསུངས་པ་ཉིད། སྡུད་པ་པོ་གསང་བདག་ཕྱག་ན་རྡོ་རྗེས་བསྡུས་ཏེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་བཤད་ནས་མི་ཡུལ་དུ་དར་བར་མཛད་པ་ཡིན་ཏེ། རིག་འཛིན་འདུས་པའི་རྒྱུད་ལས། མ་ལ་ཡ་ཡི་ཡུལ་དག་ཏུ༔སྐྱེས་པའི་མཉྫུ་མི་ཏྲ་ཡིས༔སྐུ་ཡི་སྒྲུབ་ལུགས་གསལ་བར་བྱེད༔ཅེས་ལུང་བསྟན་པ་ལྟར། སློབ་དཔོན་དེ་ཉིད་ཀྱིས་རི་མེ་རི་འབར་བའི་རྩེ་མོར་གྲུབ་པ་བརྙེས་ནས་རྒྱུད་དོན་རྣམས་མན་ངག་ཏུ་བསྡེབས་ཏེ་སློབ་དཔོན་གཙུག་ལག་དཔལ་དགེ་ལ་བཤད། དེས་རྒྱ་གར་ཁྲག་འཐུང་ནག་པོ་ལ། དེས་ཕུང་བྱེད་ཤཱན་ཏིང་གརྦྷ་ལ་བརྒྱུད་པ་ནི་རིང་བརྒྱུད་དང་། ཉེ་བརྒྱུད་ཐུན་མིན་ཀྱི་དབང་དུ་བྱས་ན། རིག་འདུས་རྩ་རྒྱུད་ལས། ཞི་བའི་སྙིང་པོ་ཞེས་བྱ་བས། །དྲག་སྔགས་སྤྱོད་པ་སྒྲུབ་ཅིང་སྟོན། །ཞེས་གསུངས་པ་ལྟར། གསང་བདག་གིས་གཤེད་སྐོར་རྣམས་བསེ་སྡིག་ཁྲོ་ཆུའི་སྒྲོམ་དུ་བཅུག་སྟེ། དུར་ཁྲོད་བསིལ་བའི་ཚལ་དུ་སྦས་པ་སློབ་དཔོན་འདི་ཉིད་ཀྱིས་འདོན་པར་མཛད་པ་སྟེ། དེ་ལྟར་རིང་བརྒྱུད་དང་ཉེེ་བརྒྱུད་ཀྱི་སྒོ་ནས་དྲག་སྔགས་མཐུ་ཡི་བཀའ་བབས་པ་ནི་སློབ་དཔོན་ཤཱནྟིང་གརྦྷ་ཡིན་ལ། དེ་ཉིད་ལས་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ཀྱིས་གསན་པར་མཛད་དེ། གཏེར་གཞུང་རྩ་བར། བདག་འདྲ་པདྨ་འབྱུང་གནས་ཀྱིས༔སུམ་སྟོང་ཉེ་བར་རྒྱ་གར་དུ༔བདེ་གཤེགས་བསྟན་པའི་བྱ་བ་བྱས༔རིག་འཛིན་གྲུབ་ཐོབ་ཐམས་ཅད་ལ༔དབང་དང་གདམས་པ་དཔག་མེད་ཞུས༔ཁྱད་པར་དྲག་སྔགས་མཐུ་ཡི་བདག༔ཕུང་བྱེད་ཤཱན་ཏིང་གརྦྷ་ལ༔འཇམ་དཔལ་རྒྱུད་དང་སྒྲུབ་ཐབས་ཀྱི༔སྙིང་པོ་གཅིག་བསྡུས་མན་ངག་མཆོག༔ཐུགས་རྒྱུད་དྭངས་མའི་ཁྲག་ཐིག་ཞུས༔ཉམས་བླང་རང་གི་སྙིང་ལ་གབ༔དེ་ཚེ་གངས་ཅན་བོད་ཀྱི་རྒྱལ༔ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱིས༔སྤྱན་དྲངས་ངོ་དང་གདུལ་བྱ་ཡི༔དུས་ལ་བབ་ཕྱིར་བོད་དུ་འོངས༔རྗེ་ཡི་དགོངས་པ་མཐར་ཕྱིན་བྱས༔ཆོས་དང་གདམས་པ་གྲངས་མེད་སྦས༔བོད་ཀྱི་བདེ་སྐྱིད་གོང་དུ་སྤེལ༔ཕན་བདེའི་འགྲོ་དོན་དཔག་མེད་བྱས༔ཁྱད་པར་བྲག་དམར་མཆིམས་ཕུ་རུ༔ལས་ཅན་དག་པའི་འཁོར་གཉིས་ཀྱིས༔རིན་ཆེན་གསེར་གྱི་མཎྜལ་ཕུལ༔ཕྱག་དང་བསྐོར་བ་གྲངས་མེད་བྱས༔སྙིགས་མ་ལྔ་བདོར་གྱུར་པའི་ཚེ༔བདེ་གཤེགས་བསྟན་དགྲ་བསྒྲལ་བ་དང༔ཆོས་བྱེད་སྐྱེས་བུའི་དོན་ཆེད་དུ༔གདམས་པའི་གནད་ཐིག་ཞུས་པའི་ཚེ༔བདེ་གཤེགས་ཐུགས་ཀྱི་ཏི་ཀ་མཆོག༔ཟབ་འདྲིལ་དྲེགས་པ་འཇོམ་བྱེད་འདི༔སྔོན་ཆད་རྒྱ་དང་བོད་གཉིས་ཀར༔རླུང་ཕྱོགས་ཙམ་དུ་མ་གྲགས་ཀྱང༔སྨོན་ལམ་ལས་ཀྱི་འབྲེལ་བ་དང༔སྣོད་དང་ལྡན་ཕྱིར་བདག་གིས་བཤད༔ཅེས་གསུངས་པ་ལྟར། རྗེ་འདི་ཉིད་ཀྱིས་འཕགས་བོད་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པའི་རྒྱལ་མཚན་བསྒྲེངས། བདུད་དང་མུ་སྟེགས་སོགས་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་བཅད། ལས་ཅན་གྱི་གདུལ་བྱ་རྒྱ་མཚོ་སྨིན་གྲོལ་ལ་བཀོད། ཁྱད་པར་བསམ་ཡས་མཆིམས་ཕུར་ལས་ཅན་དག་པའི་འཁོར་མཁར་ཆེན་བཟའ་དང་། ལོ་ཆེན་བཻ་རོ་ཙ་ན་གཉིས་ཀྱི་གསོལ་བ་བཏབ་པའི་ངོར། འཇམ་དཔལ་གཤིན་རྗེ་གཤེད་དྲེགས་པ་འཇོམ་བྱེད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ། གདམས་ངག་ཟབ་འདྲིལ་སྙིང་པོའི་ཡང་བཅུད་ཀྱི་ཚུལ་དུ་སྩལ་པར་མཛད་ནས། གདམས་པའི་གཏད་རྒྱ་ལོ་ཆེན་བཻ་རོ་ཙ་ནའི་སྐལ་བར་གདམས་ཤིང་མ་འོངས་སྙིགས་དུས་ཀྱི་གདུལ་བྱ་ལ་དགོངས་ཏེ་ཡར་ལུང་ཤེལ་གྱི་བྲག་ཕུག་གི་བྱང་འདབས་རྒྱལ་མཚན་འདྲ་བའི་ངོགས་སུ་ཟབ་མོའི་གཏེར་དུ་སྦ་བར་མཛད་པ་ལས། ཕྱིས་དུས་ལ་བབས་པའི་ཚེ། ལུང་བྱང་ལས། དེ་ཚེ་འདི་ཉིད་འབྱིན་པའི་སྐྱེས་བུ་ནི༔ད་ལྟའི་ལོ་ཙ་བཻ་རོ་ཙ་ན་ཁྱོད༔འཕོ་མེད་ཆོས་སྐུའི་དགོངས་པ་མངོན་གྱུར་ཀྱང༔སེམས་བསྐྱེད་སྨོན་ལམ་བཏབ་པའི་མཐུ་བཙན་པས༔མ་འོངས་གཡོ་རུ་གྲྭ་ཞེས་བྱ་བའི་ཕུ༔ལུང་པ་བྱང་ལྟ་དོར་མ་བརྐྱང་འདྲའི་སར༔ཕ་མ་ཚེ་དང་འཛིན་གྱིས་བསྐྱེད་པའི་བུ༔སྔགས་སྐྱེས་རྣལ་འབྱོར་བྱའམ་ཁྱི་ཡི་ལོ༔ལུས་སྒེག་རིན་ཆེན་རིགས་ཀྱི་རྟགས་ཚང་བ༔གསང་བའི་མཚན་རྟགས་ཕྱག་རྒྱ་རྣམ་ལྔས་སྤྲས༔པདྨའི་མིང་ཅན་ཨོ་རྒྱན་བདག་ལ་མོས༔ཞེས་དང་། མ་ངེས་སྤྱོད་པས་སྣ་ཚོགས་འགྲོ་བ་འདུལ༔སྨོན་ལམ་མཐུ་ཡིས་ཟབ་མོའི་གཏེར་འགའ་འབྱིན༔དེ་འདྲའི་ལས་ཅན་འབྲེལ་ཚད་དོན་དང་ལྡན༔འདུད་ཅིང་བསྟོད་རྣམས་བླ་མེད་བྱང་ཆུབ་ཐོབ༔ཅེས་སོགས་ཀྱིས་བསྟན་པ་བཞིན། ངེས་གསང་སྔ་འགྱུར་བཀའ་གཏེར་གྱི་བསྟན་པའི་ཉི་མ་གཅིག་པུར་གྱུར་པ། ངོ་མཚར་བའི་རྣམ་ཐར་དང་བཀའ་དྲིན་ཚད་བཟུང་དང་བྲལ་ཞིང་། སྙན་པའི་བ་དན་དཀར་པོ་སྲིད་པའི་རྩེ་མོ་ན་སྒྲེང་བ། ཨོ་རྒྱན་གཏེར་བདག་གླིང་པའམ་མཚན་གཞན་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱིས་ཨོ་རྒྱན་ཆེན་པོ་སྲིན་པོའི་ཁ་གནོན་དུ་གཤེགས་ནས་ལོ་བརྒྱད་བརྒྱ་དང་གསུམ་འདས་པ། རབ་བྱུང་བཅུ་གཅིག་པའི་མེ་མོ་ལུག་གི་ལོ་ལ་ངོ་མཚར་བའི་རྫུ་འཕྲུལ་གྱི་བཀོད་པ་དང་བཅས་ཏེ་སྤྱན་འདྲེན་པར་མཛད་ཅིང་། དེ་ཚེ་ཆོས་འདི་དབང་བའི་སྐྱེས་བུ་ནི༔པདྨ་ང་སྤྲུལ་བྱང་སེམས་རྟ་སྦྲུལ་ལོ༔བཟང་པོའི་མིང་ཅན་སྨོན་ལམ་མཐའ་བཙན་པས༔གདམས་པ་འདི་ཉིད་གབ་སྦས་མེད་པར་བྱིན༔ང་དྲུག་ང་བརྒྱད་ཚེ་ཡི་བར་ཆད་སེལ༔ཕ་རོལ་གཞན་སྡེའི་གནོད་པ་མ་ལུས་པ༔འདི་ཉིད་ཉམས་སུ་བླངས་པས་ངེས་པར་བཟློག༔ཁྱད་པར་ཆོས་འདིའི་འགྲོ་དོན་སྒོ་འབྱེད་འགྱུར༔འགྱུར་མེད་ཆོས་འདིའི་རྩ་བའི་བདག་པོ་ཡིན༔ཞེས་ལུང་ཟིན་རྩ་བའི་ཆོས་བདགཁམས་གསུམ་ཆོས་ཀྱི་རྒྱལ་པོ། ༧སྐྱབས་མཆོག་ཐམས་ཅད་མཁྱེན་པ་ལྔ་པ་རིན་པོ་ཆེ་ལ་ཐོག་མར་ཕུལ་བས་སྐུ་ཚེའི་རྟེན་འབྲེལ་འགྲིགས་ཤིང་མངའ་ཐང་དང་ཆབ་སྲིད་བརྟན། མཐའ་བཞི་དབང་དུ་འདུས། ཟབ་ཆོས་ཀྱི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་བའི་བསླུ་མེད་རྡོ་རྗེའི་བདེན་ཚིག་གི་ལུང་དོན་མངོན་དུ་གྱུར། གཞན་ཡང་ལས་སྨོན་འབྲེལ་བས་མཚམས་སྦྱར་བས༔འདི་ཉིད་འཆང་བའི་ཆོས་ཀྱི་བདག་པོ་ནི༔ཕྱི་ཡི་ཆོས་བདག་བྱང་སེམས་སྐྱེས་བུ་གསུམ༔ནང་གི་ཆོས་བདག་སྔགས་སྤྱོད་རྣལ་འབྱོར་ལྔ༔གསང་བའི་ཆོས་བདག་བྱ་བཏང་གྲུབ་ཐོབ་གཉིས༔དེ་རྣམས་འདི་ཉིད་དབང་བའི་ལས་ཅན་ཏེ༔ཆོས་སྲུང་ཌཱ་ཀིས་སྒྲིབ་མེད་གསལ་བར་སྟོན༔ཞེས་སོགས་ཀྱིས་བསྟན་པ་ལྟར་ལུང་ཟིན་ཆོས་ཀྱི་བདག་པོ་རྣམས་དང་སྣོད་ལྡན་ལས་ཅན་རྣམས་ལ་རིམ་པར་སྤེལ་བར་མཛད་པ་སྟེ། དེ་ལྟ་བུའི་གདམས་པའི་ཟབ་ཁྱད་ཀྱང་། རྩ་བར། དེས་ན་འདི་ཉིད་སྲ་བའི་གོ༔ཆོས་མཛད་སྐྱེས་བུ་སྲུང་བའི་མཁར༔བདེ་གཤེགས་སྤྱི་དགྲ་སྒྲོལ་བའི་མཚོན༔ཕས་རྒོལ་རྦོད་གཏོང་བཟློག་པའི་གཤེད༔འདི་ཡི་སྔགས་དང་སྲུང་བ་ཙམ༔གང་གིས་མཐོང་རེག་ཙམ་གྱིས་ཀྱང༔བདུད་ཚོགས་བ་མོར་ཉི་ཇི་བཞིན༔ཞེས་དང་། འདི་ནི་ཀུན་གྱི་ཡང་སྙིང་སྟེ༔བདུད་སྡེ་བྱེ་བ་འབུམ་སྡེ་ཡང༔སྐད་ཅིག་ཉིད་ལ་རླག་པར་བྱེད༔དེ་བས་འདི་ལ་ནན་ཏན་མཛོད༔ཅེས་གདམས་པ་ལྟར། རྣམ་བཅད་དུ་བྱང་ཆུབ་སྒྲུབ་པའི་གེགས་དང་བར་ཆད་ཐམས་ཅད་བསལ་བས། ཡོངས་གཅོད་དུ་བྱང་ཆུབ་སྒྲུབ་པའི་ཐབས་མཁས་ཀྱི་སྒོ་བླ་ན་མེད་པར་གྱུར་པ། ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་བཅུད་ཀྱི་མན་ངག་ཟབ་མོ། དམ་ཉམས་དང་འདྲེས་ཁྱེར་གྱི་བསླད་མ་ཞུགས་པའི་དབྱིངས་ཀྱི་མཁའ་འགྲོའི་དགོངས་ཉམས། སྔོན་བྱོན་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཚད་མ་ཇི་ལྟ་བར། གང་ལ་དམིགས་པར་བྱ་བའི་ཡུལ། གང་གིས་སྒྲུབ་པར་བྱེད་པའི་ཐབས། དེས་གྲུབ་པའི་འབྲས་བུ་དང་གསུམ་གྱི་ཆིངས་ཀྱིས་བཅིངས་ཤིང་། དེ་ལས་གང་སྒྲུབ་པར་བྱེད་པའི་ཐབས་ལ་ཡང་། སྒྱུ་འཕྲུལ་དྲྭ་བ་ལས། ཐོག་མར་བདག་ཉིད་རྟོགས་པས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་གསུངས་པ་ལྟར། ཐོག་མར་རྟོགས་པས་བདག་བསྒྲལ་བ་དང་། དེ་ནས་ཐུགས་རྗེས་གཞན་སྒྲོལ་བའི་ཕྲིན་ལས་གཉིས་ཀྱི། དང་པོ་ནི། ཆོས་ཀུན་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་དེ་ཁོ་ན་ཉིད་རྟོགས་པར་བྱེད་པའི་གེགས། བདག་ལྟའི་མཚན་ཉིད་ཅན་གྱི་གཉིས་འཛིན་གྱི་ཞེན་རྟོག་དེ་ཉིད། བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་མཚོན་ཆས། རིག་སྟོང་སྐྱེ་མེད་ཀྱི་དབྱིངས་སུ་སྒྲོལ་བར་བྱེད་པ་སྟེ། དེའི་ཐབས་ཀྱང་ཟླ་གསང་རྩ་རྒྱུད་ལས། ལྟ་བ་དབང་བགྲོད་དམ་ལྡན་པས། །སེམས་ཀྱི་འདུ་འཛི་མེད་པ་རུ། །དཔལ་བརྟུལ་སྔགས་ཀྱི་དམོད་པ་དབབ། །ཅེས་གསུངས་པ་ལྟར། དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས། གང་དུ་སྒྲུབ་པའི་གནས། གང་གི་ཚེ་སྒྲུབ་པའི་དུས། གང་ལྟར་སྒྲུབ་པའི་བསྐྱེད་རྫོགས་ཀྱི་ཐབས་དང་གསུམ། ཕྱི་མ་ལའང་ཡིད་དམ་ཞི་བར་བསྙེན་པ་དང་། ཁྲོ་བོར་སྒྲུབ་པའི་ཚུལ་སོགས་གཏེར་གཞུང་རྩ་བ་དང་བརྒྱུད་པའི་མན་ངག་གིས་ཁ་བསྐང་བ་བཅས་སྟོད་ལས་བྱང་ཆུབ་སྒྲུབ་པའི་རྣལ་འབྱོར་གྱིས་གཞི་བཟུང་ནས། གཉིས་པ་ཐུགས་རྗེས་གཞན་སྒྲོལ་བ་ནི། རྒྱུད་ལས། སངས་རྒྱས་བསྟན་པ་སྲུང་ཆེད་དུ། །དགྲ་བོའི་སྲོག་ནི་གཅོད་པ་ལ། །ཕྱི་རབས་གང་ཟག་རྣམས་ཀྱིས་ནི། །རྫས་དང་སྔགས་དང་ཏིང་འཛིན་གསུམ། །ཞེས་གསུངས་པ་ལྟར། སྒོམ་པའི་འཕྲང་ལས་ལྟ་བའི་རྫོང་ཟིན་ཅིང་། སྤྱོད་པའི་སྲོག་ལ་དབང་འབྱོར་བའི་སྔགས་མཁན་གྱིས། གང་དུ་བྱ་བའི་གནས་དུས་ཁྱད་པར་ཅན་ལ། རྫས་སྔགས་ཏིང་འཛིན་དམིགས་པའི་སྒྱུར་སོ་ལ་བརྟེན་ནས་སྲུང་བཟློག་བསད་གསུམ་གྱིས་ལས་ལ་སྦྱར་བ་དང་། མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་མཐའ་སྡུད་ཚུལ་བཅས་སྨད་ལས་དྲག་པོ་སྒྲོལ་བའི་མན་ངག་གི་ལས་ཀྱི་རིམ་པ་འདི་ལྟ་བུ་ལ་འཇུག་པའི་དགོས་པའང་། གཞུང་རྩ་བར། སྙིགས་མ་ལྔ་བདོར་གྱུར་པའི་ཚེ༔བསྒྲལ་བའི་ཞིང་ནི་རྣམ་པ་བཅུ༔དཀོན་མཆོག་སློབ་དཔོན་སྐུ་དགྲ་དང༔དམ་ཉམས་ལོག་ལྟ་འཁུ་བ་དང༔འདུ་བར་འོས་མིན་ཡོངས་ལ་གནོད༔ངན་སོང་གསུམ་སོགས་བཅུ་པོ་ནི༔བསྒྲལ་བའི་ཞིང་དུ་གྱུར་པ་སྟེ༔གང་ཚེ་འདི་དག་མ་བསྒྲལ་ན༔ལོག་རྟོག་མུན་པར་འཕེལ་བ་དང༔གསང་སྔགས་བསྟན་པ་ཉམས་པར་འགྱུར༔དེ་ཕྱིར་ལས་ལ་འཇུག་པར་བྱ༔ཞེས་དང་། གཤིན་རྗེ་གཤེད་དམར་པོ་ལས། སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དམོད་དང་ཆོས་འཁོར་འཇོམས། །རྡོ་རྗེ་སློབ་དཔོན་དམོད་པ་དང་། །དམ་ཆོས་སྤྱོད་ལ་དམོད་བྱེད་རྣམས། །མངོན་སུམ་བསྒྲལ་བ་དམ་ཚིག་ཡིན། །སྡིག་པར་བལྟས་ན་རང་སྲོག་འབྱིན། །ཞེས་གསུངས། ཐབས་ཇི་ལྟ་བུས་སྒྲོལ་ན། གདབ་ཁའི་བྱང་བུ་ལས། ཨེ་མ་ཁམས་གསུམ་སེམས་ཅན་རྣམས༔མ་རྟོགས་འཁྲུལ་པ་སྙིང་རེ་རྗེ༔སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔བསད་ཅིང་མནན་པ་མ་ཡིན་ཏེ༔ཐུགས་རྗེ་ཐབས་ཀྱི་སྦྱོར་བ་ཡིས༔ཕུང་པོ་བསྒྲལ་བའི་ཞིང་དུ་བྱས༔རྣམ་ཤེས་ཡུམ་གྱི་མཁའ་བ་སྦ༔ཡེ་ཤེས་དཔའ་བོར་བྱིན་རློབས་ཏེ༔རིག་པ་ཆོས་ཀྱི་དབྱིངས་སུ་འཕང༔ཁྱོད་ནི་རྒྱལ་བའི་སྲས་སུ་བསྐྱེད༔ཅེས་གསུངས་པ་ལྟར། དོན་ནམ་རྩ་བ་རྒྱུའི་སེམས་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པས། བསྒྲལ་བྱ་ཞིང་བཅུའི་ལོག་འདྲེན་གདུག་པ་ཅན། ཞི་བས་མི་ཐུལ་བའི་རིགས་ཅན་རྣམས། ཐབས་ལ་མཁས་པས་རྗེས་སུ་འཛིན་པའི་ཕྱིར། སྟོངས་སམ་གནས་སྐབས་གྲོགས་ཀྱི་སེམས་རྣམ་པ་ཞེ་སྡང་གི་ཚུལ་དུ་ཤར་བས། རྫས་སྔགས་དམིགས་པའི་འཁྲུལ་འཁོར་གྱིས། བསྒྲལ་བྱའི་ལས་ཉོན་རྣམ་སྨིན་གྱི་སྐྱེ་བརྒྱུད་རྩད་ནས་གཅོད་ཅིང་། རྣམ་ཤེས་བདེ་བ་ཆེན་པོར་སྦྱོར་བ་སྟེ། དེ་ལ་གསལ་བ་གསུམ་དང་ཚེ་ཁྲུས་ཀྱི་དགོངས་པ་གལ་ཆེ་བའི་ཚུལ་ཡང་། རང་ལྷའི་ཕྱག་རྒྱར་མ་གསལ་ན་རང་ལ་བཟློག་པའི་སྐྱོན་ཡོད། ཕུར་པ་སྲས་མཆོག་ཏུ་མ་གསལ་ན་དམིགས་བྱ་ལ་མི་ཚུགས་པས་རྡུགས་པའི་སྐྱོན་ཡོད། ལིདྒ་དེ་དགྲ་བགེགས་དངོས་སུ་མ་གསལ་ན་དམིགས་ཡུལ་གཞན་ལ་འབྱམས་པའི་སྐྱོན་ཡོད་དོ། །དེའི་ཕྱིར་བདག་ཉིད་གཤིན་རྗེ་གཤེད་དུ་གསལ་བའི་ཕྱག་སོར་བཅུར་རིག་ལྔ་ཡབ་ཡུམ། དེ་རྣམས་སྙོམས་པར་སྦྱོར་བའི་སྦྱོར་མཚམས་ནས་བྱུང་བའི་སྲས་མཆོག་ཀཱི་ལ་ཡའི་རྣམ་པར་ཕུར་བུ་དེ་ཉིད་བསྐྱེད་ཅིང་། རྒྱལ་བའི་བྱིན་རླབས་བསྡུས་པས་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པའི་མཐུ་དང་ལྡན་པར་བསམ། དེ་ནས་དམིགས་བྱ་གསལ་བཏབ་ལ། ཕུར་བུ་སྒྲིལ་ཞིང་བཏབ་པ་ན། ཕུར་བུའི་འོད་ཀྱིས་ཁོ་ལ་རེག་པས་བདུད་བཞི་རང་གཤེད་དུ་ཕབ་སྟེ་འཁོར་ལོའི་རྩ་རྣམས་ཉལ་གྱིས་བཅད་དེ། ཀླད་ཁྲག་ཁྲུག་གིས་འདྲེས། གཟུགས་ཕུང་འབྱུང་ལྔའི་དྭངས་མ་རིམ་བཞིན་འདུས་ཏེ་ཡལ། ཚེ་རྟེན་ཨ་དཀར་གྱི་རྣམ་པར་གནས་པ་དེ་ཕུར་རྩེའི་ཧཱུྃ་གིས་བླངས་ཏེ་རང་ལ་བསྟིམས་པས། ཁོའི་བཀྲག་དང་གཟི་མདངས་ཐམས་ཅད་རང་ལ་ཐིམ་པར་བསམ་པ་སྟེ་ཚེ་ལུང་ངོ་། །སླར་ཡང་ཕུར་བུ་བཏབ་པས་རྣམ་ཤེས་ནྲིའི་རྣམ་པར་འདུས་པ་ཕུར་རྩེའི་ཧཱུྃ་གིས་བླངས་ཏེ། ཕཊ་ཀྱིས་འཕངས་པས་ཕུར་པའི་ཁོང་གསེང་ནས་དཔག་ཆེན་གྱི་མདའ་འཕང་བ་ལྟར་སོང་བས་ལས་ངན་གྱི་རྣམ་སྨིན་བཀྲུས་པས། རྒྱ་མདུད་ཀྱི་མགོར་རྣམ་ཤེས་རྡུལ་བྲལ་དྭངས་མའི་ཐིག་ལེ་ཧཱུྃ་ཡིག་གི་རྣམ་པར་རྒྱང་གིས་འཐོན་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཐིམ་པར་བསམ་པ་ནི་ཁྲུས་ལུང་སྟེ། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ་བ་ཞེས་བྱའོ། །དེ་ནས་སྙིགས་མ་མཚོན་ཆས་དུམ་བུར་གཏུབ་ཅིང་ཐོ་བས་བརྡུང་སྟེ་ཕུང་པོ་དུར་ཁྲོད་དུ་བསྒྲལ་རྗེས། ཤ་ཁྲག་རུས་པའི་ཚོགས་རྣམས་བདུད་རྩིར་སྦར་ནས་སྟོབ་པ་དང་། མཆོད་སྦྱིན་བྱ་བ་སྟེ། ཚུལ་དེ་ལྟ་བུས་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་གང་བརྩམས་ཀྱང་ཉེས་པར་མི་འགྱུར་གྱི་སྟེང་དུ། གཟས་པོའི་རྣམ་ཤེས་ཆོས་དབྱིངས་སུ་བསྒྲལ་བས་ཡེ་ཤེས་ཀྱི་ཚོགས་དང་། ཕུང་པོ་དུར་ཁྲོད་དུ་བསྒྲལ་ནས་བཏབ་པས་བསོད་ནམས་ཀྱི་ཚོགས་ཀྱང་རྫོགས་པར་འགྱུར་ཏེ། གསལ་བཀྲ་ལས། །ཏིང་འཛིན་སྔགས་རྒྱས་བག་ཆགས་སྦྱངས། །རྣམ་ཤེས་ལྷར་བསྐྱེད་དབང་བསྐུར་འཕང་། །ཡེ་ཤེས་ཚོགས་ཀྱང་རྫོགས་པར་འགྱུར། །ཕུང་པོ་བྱིན་རློབས་མཆོད་པར་བསྔོ། །བསོད་ནམས་མཆོག་ཏུ་འདི་འགྱུར་རོ། །ཞེས་གསུངས། ཁྱད་པར་དུ། ཆོས་ཐམས་ཅད་དོན་དམ་པར་སྤྲོས་པའི་མཐའ་དང་བྲལ་ཞིང་། ཀུན་རྫོབ་ཏུ་སྣང་ཡང་རང་རྒྱུད་པས་སྟོང་པའི་ཕྱིར། སྒྱུ་མའི་སྐྱེས་བུས་མིག་ཡོར་གྱི་གང་ཟག་ལ་སྒྲོལ་བའི་ལས་བརྩམ་པ་བཞིན་ཉེས་པས་གོས་པར་མི་འགྱུར་ཏེ། དམར་པོ་ལས། རྟོག་མེད་རང་གསལ་ཐག་ཆོད་ན། །དགེ་དང་སྡིག་པ་གཉིས་མེད་དོ། །གང་ལ་འཆིང་བས་མ་གོས་པས། །ནམ་མཁའི་སྤྲིན་བཞིན་ངང་དུ་ཞི། །ཇི་ལྟར་བཤད་ཀྱང་ཆོས་ཉིད་ཀྱི། །སྙིང་པོའི་དོན་ལ་མི་གོས་ཏེ། །ཇི་ལྟར་སྤྱད་ཀྱང་བདེ་ཆེན་གྲོགས། །ཞེས་དང་། གསང་སྙིང་ལས། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུར་མར་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་དང་། ཡེ་ཤེས་རྒྱས་པ་ལས་ཀྱང་། །ཇི་ལྟར་སྒྱ྄ུ་མའི་མཁན་པོ་དག །རང་གིས་སྤྲུལ་བའི་སྒྱུ་མ་ལ། །དགེ་དང་མི་དགེ་འདུ་བྱེད་པ། །ཉེས་པ་གང་གིས་མི་གོས་ལྟར། །ཐབས་ལ་མཁས་པས་རྣམ་པར་སྤྱོད། །ཅེས་གསུངས། དེ་ལྟར་སྟོད་ལས་དང་འབྲེལ་བར་བསྐྱེད་རྫོགས་ཀྱི་རིམ་པ་ཉམས་སུ་བླང་བའི་སྒོ་ནས་བྱང་ཆུབ་སྒྲུབ་པའི་ལམ་གྱི་གཞི་བཟུང་། སྨད་ལས་དང་འབྲེལ་བར་མངོོན་སྤྱོད་ཀྱི་ལས་རབ་འབྱམས་ལ་བརྟེན་ནས། ནང་དགྲ་གཟུང་འཛིན་གྱི་ཞེན་རྟོག་དང་། ཕྱི་དགྲ་ཞིང་བཅུའི་ལོག་འདྲེན་སོགས་བར་ཆད་ཀྱི་མཚན་མ་མཐའ་དག་བསལ་བས་ལམ་གྱི་གྲོགས་བྱས་ཏེ། གནས་སྐབས་ཀྱི་འབྲས་བུ་ཐུན་མོང་ཞི་སོགས་ཕྲིན་ལས་བཞི་དང་གྲུབ་པ་བརྒྱད། ཐུན་མིན་རིག་འཛིན་བཞིའི་གསེང་ལམ་ལ་བརྟེན་ནས། མཐར་ཐུག་གི་འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཁྱབ་བདག་རིགས་དྲུག་པའི་ངོ་བོ་འཇམ་དཔལ་དུས་དགྲའི་དབང་པོའི་གོ་འཕང་དཀའ་བ་མེད་པར། རབ་ཚེ་འདི། འབྲིང་བར་དོ། ཐ་མ་སྐྱེ་བ་བརྒྱུད་ནས་ཐོབ་ངེས་པ་ལགས་པས། དེ་ལྟ་བུའི་དགོངས་སྤྱོད་རྒྱ་མཚོ་དང་ལྡན་པས་ལས་ཀྱི་རིམ་པ་ལ་ཚུལ་བཞིན་དུ་འཇུག་པར་ཞུ་ལགས། ཞེས་བརྡ་སྦྱར། རྗེས་ཟོར་ལས་ཀྱི་མགོར། ཇི་སྐད་དུ། དཀར་པོ་ཆོས་བཞིན་བསྒྲུབ་པ་ལ། །ནག་པོ་མཐུ་ཡི་ལྕགས་རི་གཅེས། །དེ་ཕྱིར་དྲག་སྔགས་དམོད་པའི་ཐོག །འབེབས་པའི་གད་རྒྱངས་རྡོ་རྗེའི་སྤྲིན། །ཆོས་ཉིད་སྤྲོས་བྲལ་ལྟ་བའི་གྱད། །ཏིང་འཛིན་གསལ་སྣང་སྒོམ་པའི་རྩལ། །ཕོ་ཉའི་དྲག་འབེབས་འཁྲུལ་འཁོར་གནད། །གང་ཤེས་སྔགས་འཆང་ཞེས་སུ་སྒྲོགས། །ཞེས་དང་། དམོད་པ་དྲག་སྔགས་དྲག་པོའི་སྤྲིན་ནག་ལས། །འཇིགས་རུང་དཔའ་བོའི་འབྲུག་སྒྲ་རྣམ་འཇིགས་པས། །དགྲ་བགེགས་སྡིག་ཅན་དོན་སྙིང་ཚལ་བ་བརྒྱར། །འགེམ་འདི་སྔགས་འཆང་དཔའ་བོའི་གད་རྒྱངས་ཡིན། །ཞེས་དང་། དགོས་པ་བྱུང་ན་དྲེགས་པ་ལས་ལ་བསྐུལ། །བརྒྱུད་པའི་ཁྱད་ཀྱིས་ཕྲིན་ལས་ཆེ་བར་མཐོང་། །བསྟན་པ་གཅེས་ན་ཉམས་པ་ཆོམ་ལ་ཕོབས། །ཅེས་གསུངས་པ་ལྟར། ད་རེས་ཀྱི་སྐབས་སུ་དགོས་པ་ཁྱད་པར་བ་དང་འབྲེལ་བར། རྩ་གསུམ་ཆོས་སྲུང་བཀའ་སྡོད་སྤྲུལ་པ་ཡང་སྤྲུལ་ལས་བྱེད་དྲེགས་པའི་དམགས་ཚོགས་དང་བཅས་པའི་ཐུགས་དམ་གནད་ནས་བསྐུལ་ཞིང་ཉམས་པ་རྩད་ནས་གཅོད་པའི་ཕྲིན་ལས་སུ་གསོལ་བ་དགོངས་གསོལ་འདི་ཉིད་སྒྲོགས་པ་ཡིན་པས། གཟུགས་ཅན་གཟུགས་མེད་སྣང་སྲིད་ལྷ་འདྲེ་མི་གསུམ་ཀུན་གྱིས་ཉོན་ཅིགཅེས་མཚམས་སྦྱར་ནས། རྗེ་གཏེར་ཆེན་བླ་མའི་གསུང་ངམ་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཟིལ་གནོན་བཞད་པ་སྩལ་གྱིས་མཛད་པའི་དགོངས་གསོལ་དཔའ་བོའི་འབྲུག་སྒྲ་སོགས་མཁྱེན་དགོངས་དམོད་བཅོལ་གྱི་རིགས་རྔམ་ཟིལ་དང་ལྡན་པར་བཀླགབསྡུ་ན། ཧོ་དགོངས་སུ་གསོལ་ལོ། །ཧོ་དགོངས་སུ་གསོལ་ལོ། །ཧོ་དགོངས་སུ་གསོལ་ལོ། །རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ། བཀའ་བབས་ལུང་བསྟན་གྱི་བརྒྱུད་པ། ཤོག་སེར་ཚིག་གི་བརྒྱུད་པ་ལ་སོགས་ཏེ་སྔ་འགྱུར་བཀའ་གཏེར་དག་སྣང་གི་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་སྤྱི་དང་། བྱེ་བྲག་ཏུ་འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་ཕྲིན་ལས། མ་མོ་རྦོད་གཏོང་། འཇིག་རྟེན་མཆོད་བསྟོད། རིག་འཛིན་སློབ་དཔོན། དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། ཁྱད་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད། བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཆེན་པོས་ཟིལ་གྱིས་གནོན་པ་དྲེགས་པ་འཇོམས་བྱེད། ཡུམ་ཆེན་བཻ་ཏ་ལི། སྤྲུལ་པ་རྣམ་གསུམ། གཤེད་ཆེན་བཞི། སྒོ་སྐྱོང་བཞི། ཕྱོགས་བཅུ་སྐྱོང་བའི་ཁྲོ་བོ་བཅུ་སོགས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་རྣམས་དང་། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ཚོགས་ཀྱི་བདག་པོ། ནག་པོ་ཆེན་པོ་ཕྱག་བཞི་པ། དཔལ་མགོན་མ་ནིང་ནག་པོ། མཐུ་ཆེན་དྲག་པོ་ཞལ་བཞི། མ་མོ་སྔགས་ཀྱི་སྲུང་མ། ལྷ་ཆེན་དབང་ཕྱུག་ཆེན་པོ། ཁྱབ་འཇུག་དུག་གི་སྤུ་གྲི། རྒྱལ་ཆེན་རྣམ་མང་ཐོས་སྲས། ཞིང་སྐྱོང་དུར་ཁྲོད་མ་མོ། སྔགས་བདག་དྲེགས་ཆེན་བཅོ་བརྒྱད། དྲེགས་པའི་སྡེ་དཔོན་སུམ་ཅུ། ཕུར་སྲུང་དམ་ཅན་བཅུ་གཉིས། ཞིང་སྐྱོང་སེང་གདོང་ཡབ་ཡུམ། དཔལ་མགོན་བདུན་ཅུ་རྩ་ལྔ། བོད་སྐྱོང་བརྟན་མ་བཅུ་གཉིས། དགེ་བསྙེན་ཉི་ཤུ་རྩ་གཅིགདམ་ཅན་རྡོ་རྗེ་ལེགས་པ། རྒྱལ་ཆེན་ལི་བྱིན་ཧ་ར། བཙན་རྒོད་རོལ་པ་རྐྱ་བདུན། གཏེར་སྲུང་བདུད་བཙན་ཀླུ་གསུམ་སོགས། བརྒྱུད་གསུམ་རིག་འཛིན་བླ་མའི་བཀའ་དང་ཐ་ཚིག་ལ་གནས་པའི་སྲུང་མ་ཆེན་པོ་རྣམས་དང་། ཁྱད་པར་དུའང་། བཀའ་སྡོད་ལས་ཀྱི་གཤིན་རྗེ་བེ་ཝ་ས་ཏྭ། ཡུམ་གཏུམ་མོ་དུག་ཧྲུལ་མ། བཀའ་ཉན་འཆི་བདག་ཕོ་བརྒྱད་མོ་བརྒྱད། ལོ་ཟླ་ཞག་དུས་དང་ཟ་མའི་གཤིན་རྗེ་ལ་སོགས་པ་ཕྱི་ནང་གསང་བ་གབ་སྦས་བརྟག་ཆགས་ལས་བྱེད་མྱུར་འགྱོགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད་རྣམས་དང་། བྱེ་བྲག་ཉི་མ་དེ་རིང་གི་དུས་ཚོད་ཚེས་གྲངས་ལ་དབང་བྱེད་པའི་ས་བདག་རྗེ་བློན་ལ་སོགས་པ་ཡེ་ཤེས་དང་ལས་ལ་གྲུབ་པའི་དྲེགས་པ་ཕོ་རྒྱུད་མོ་རྒྱུད་རྫུ་འཕྲུལ་མྱུར་མགྱོགས་ཀྱི་མཐུ་རྩལ་མངའ་བ་ཁྱེད་རྣམས་ཀྱིས་གསན་ཅིང་དགོངས་པར་མཛོད་ལ། ལེགས་ཉེས་ཀྱི་སྟངས་ཟུངས་ཤིགབདེན་རྫུན་གྱི་ཤན་ཕྱེས་ཤིག་རྣལ་འབྱོར་པ་བདག་གིས་མ་ཉེས། སྡིག་ཅན་གྱི་དགྲ་བོ་འདིས་ཉེས་སོ། །སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིགས་སོ། །དཀོན་མཆོག་གྱི་དབུ་འཕང་དམོད་དོ། །སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་བཤིགས་སོ། །ལས་དགེ་བ་བཅུ་ཁྱད་དུ་བསད་དོ། །མི་དགེ་བཅུ་དང་དུ་བླང་ངོ། །སྣང་སྲིད་དྲེགས་པ་ལ་དོ་བརྡོས་སོ། །རྣལ་འབྱོར་པ་བདག་ཅག་ལ་ཕོད་བཙུགས་སོ། །ཆོས་སྐྱོང་སྲུང་མ་ལ་འཁོན་བཏང་ངོ་། །དེས་ན་བསྒྲལ་བྱའི་ཡུལ་དུ་གྱུར་པ། ཞིང་བཅུ་ཚང་བའི་བསྟན་པའི་སྤྱི་དགྲ་ཡོངས་དང་། བྱེ་བྲག་དུས་གསུམ་རྒྱལ་བའི་གདུང་འཚོབ་དཔལ་མཁན་སློབ་ཆོས་གསུམ་གྱི་རིང་ལུགས་རིན་པོ་ཆེ་མདོ་སྔགས་ཉི་ཟླ་ཟུང་འབྲེལ་སྤྱི་དང་། ཁྱད་པར་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པ་ཡབ་སྲས་བརྒྱུད་པར་བཅས་པ་དང་། འཁོར་ལོའི་མགོན་པོ་འཇམ་མགོན་རྣམ་གསུམ་གྱི་རིང་ལུགས་དྲི་མ་མེད་པ་ལ་བསམ་པ་ངན་པ། སྦྱོར་བ་རྩུབ་པ། དངོས་སུ་འཚེ་བ། ལྐོག་ཏུ་གཤེ་བ། བརྒྱུད་ནས་གནོད་པ། བསྟན་དང་བསྟན་འཛིན་གྱི་དབུ་འཕང་སྨད་པའི་དགྲ་བགེགས་སྡིག་ཅན་རྣམས་འཇིག་རྟེན་གྱི་ཁམས་གང་ན་འདུག་པ་འབར་བའི་སྤྱན་གྱིས་གཟིགས་ལ་ད་ལྟ་ཉིད་དུ་སྒྲོལ་ཅིགདགྲ་བགེགས་དེ་དག་གི་སྡེ་དང་ཕྱོགས་སུ་གཏོགས་པ་རྣམས་ཀྱི་བསོད་ནམས་རླུང་རྟ་ཐམས་ཅད་ཁ་ཕུང་རྗེས་མེད་དུ་ཐོངས་ཤིགཧོ་དགོངས་སུ་གསོལ་ལོ། །ཁྱད་པར་དུའང་ཆོས་སྡེ་ཆེན་པོ་འདི་ཉིད་དང་བདག་ཅག་དཔོན་སློབ་མི་ཕྱུགས་ས་ཞིང་གནས་ཁང་ལྷ་འབངས་ཆོས་གཞིས་ཡོན་བདག་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་བྱད་མ། མཐོ་ལ་ཁ་ནས་ཇག་པ་རྟ་ཁ་བསིག་མི། རྨ་ལུང་ཁུང་ནས་རྐུན་མ་ཤ་ཆང་ཁུར་མི། རྐུ་ཁ་ཤོམ་བྱེད་མི། འཇབ་ལག་ཤོམ་བྱེད་མི། མི་མེད་དང་ལྷ་མེད་ཟེར་མི། ཁ་མཆུ་དང་རྩོད་ཡ་བཟུང་མི། ཁ་དཀར་ཞིང་སྙིང་ནག་པ། དོ་བསྡོ་{བརྡོ}ཞིང་ཕོད་བཙུགས་པ། བསམ་པ་ངན་ཞིང་སྦྱོར་བ་རྩུབ་པ། ཕུང་སེལ་དང་ནང་དབྱེན་བཏང་མི། དགྲ་སྣ་གྱོད་ཟུར་འཁྲིད་མི། སྡེ་ཡུལ་དང་ས་རྩོད་བྱེད་མི། ལེགས་ན་མི་དགའ་ཉེས་ན་དགའ་བ། བཟང་ན་མི་དགའ་ངན་ན་དགའ་བ། བསྟོད་ན་མི་དགའ་སྨད་ན་དགའ་བ། ཚེ་སྲོག་དབང་ཐང་ལ་འཁུ་ཞིང་། སྟོབས་དཔལ་འབྱོར་བ་ལ་འཚེ་བ། གཤེ་སྐུར་དུག་སྦྱོར་བྱེད་ཅིང་། བྱད་ཕུར་རྦོད་གཏོང་ཤོམ་པ། མངོན་དུ་མེ་མདའ་འཕེན་ཞིང་ལྐོག་ཏུ་གླ་རྙི་བཙུགས་ནས། རི་རྒྱ་དང་རྔོན་རྒྱ་ཕེད་མི། ཆོས་ཁྲིམས་ཀྱི་བཀའ་རྒྱ་བཤིག་མི་སོགས། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་ཤོམ་པ། ད་དགྲ་ཐད་དུ་ལང་བ། མིང་བྱང་བུ་ལ་བཀོད་པ། མཚན་དཀར་ཆག་ལ་བཏབ་པ། ཕྲིན་ལས་ཀྱི་ཡུལ་དུ་གྱུར་པ། བསྒྲལ་བའི་ཞིང་དུ་གྱུར་པའི་འདིར་དགྲ་བགེགས་དམིགས་གསལ་ཡོད་ན་འཛུད་མཆན་དགྲ་བགེགས་སྡིག་པོ་ཆེ་འདི་རྣམས་ཀྱི་སྟེང་དུ་རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་ཚོགས་རྣམས་ཁྲོས་འཁྲུགས་རྔམ་པའི་རང་བཞིན་དུས་མཐའི་མེ་རླུང་གིས་བསྐྱོད་པའི་གནམ་ལྕགས་དྲག་པོའི་སེར་སྤྲིན་འཁྲིག་པ་ལྟ་བུའི་དམག་དཔུང་ཆེན་པོ་དུས་ད་ལྟ་ཉིད་དུ་ཕོབ་ཅིགདམ་ཉམས་པའི་དགྲ་བོ་འདི་རྣམས་ཀྱིས། བླ་མའི་བཀའ་ལ་མ་བརྩིས། མཆེད་གྲོགས་ཀྱི་དམ་ལ་མ་གནས། དམ་ཅན་གྱི་མཐུ་ལ་མ་སྐྲག་པར། མཐུ་བུ་ལོན་བཞིན་དུ་བསྙགས། གཏད་རྟ་ཕོ་བཞིན་དུ་ཉོས། དུག་བདུད་རྩི་བཞིན་དུ་འཐུང་སྟེ། བསྟན་དང་བསྟན་འཛིན་བརྒྱུད་པར་བཅས་པ་ལ་དོ་བསྡོས་སོ། །མི་ཆོས་ཀྱི་མནའ་ཟོས་སོ། །ལྷ་ཆོས་ཀྱི་དམ་ཚིག་ཉམས་སོ། །བློ་གཏད་ས་ནས་སྙིང་བསླུས་སོ། །གྲོས་འདྲིས་ནས་མཚང་བྲུས་སོ། །ཕན་བཏགཔ་ལ་དགྲར་བལྟས་སོ། །བཟང་ལན་ངན་གྱིས་འཇལ་ལོ། །ཐོས་བསམ་དང་སྒོམ་སྒྲུབ་ལ་བར་དུ་བཅད་དོ། །དཀོན་མཆོག་གི་སྤྱི་དགྲ་ལགས་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་གནོད་དོ། །བླ་མའི་སྐུ་དགྲ་ལགས་ཏེ་ཆོས་མཛད་ཀྱི་སྐུ་ཚེ་ལ་གནོད་དོ། །དམ་ལས་ཉམས་པ་ལགས་ཏེ་འདི་ཕྱི་ཆུ་ལ་ཕོས་སོ། །དམ་ལས་ལོག་པ་ལགས་ཏེ་ཁྲེལ་མེད་ལང་ལ་ཤོར་རོ། །དམ་ལས་འཁུས་པ་ལགས་ཏེ་དམ་ལྡན་གྱི་རྣལ་འབྱོར་ལ་གནོད་དོ། །དམ་ཚིག་གི་དགྲ་ལགས་ཏེ་ཤེས་བཞིན་དུ་ཁྱད་དུ་གསོད་དོ། །ངན་པའི་ངང་ཚུལ་ཅན་ལགས་ཏེ་ཉེས་སྤྱོད་སྣ་དགུ་བྱེད་དོ། །གསང་བའི་འདུ་བར་འོང་སྟེ་སྦེད་ཐབས་ཀྱིས་དབང་གྲལ་དུ་འཚང་ངོ་། །ཡོངས་ལ་གནོད་པ་ལགས་ཏེ་ཡུལ་སྡེ་ཕུང་བར་བྱེད་དོ། །ངན་སོང་གསུམ་གྱི་རྒྱུ་སྒྲུབ་པ་ལགས་ཏེ་སྐྱེ་འགྱུར་གྱི་ལས་ཚང་བའོ། །དེས་ན་འདི་ནི་བསྒྲལ་བའི་ཞིང་བཅུ་ཚང་བ་ལགས་ཏེ། ཞིང་བཅུ་ཚང་བའི་དགྲ་འདིས་ནི་དམ་ལྡན་བདག་ཅག་རྣམས་ལ་དོ་བསྡོས་སོ། །ཕོད་བཙུག་གོ །འགྲན་ཚོལ་ལོ། །ལྷ་བསྐལ་པའི་བར་དུ་བསྟེན་ཞིང་མཆོད་ན་དྲག་ཤུལ་གྱི་ལས་ལ་བསྐུལ་ཞིང་རྦད་པ་ནི་ད་རེས་ཙམ་ལགས་ན། ལྷའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས། ཏིང་འཛིན་གྱི་སྙན་གྱིས་གསོན། མངོན་ཤེས་ཀྱི་ཐུགས་ཀྱིས་དགོངས་ལ་ཉམས་པ་ཅན་ལ་ཆད་པ་ཆོད་ཅིགབདག་ཅག་དཔོན་སློབ་ཡོན་མཆོད་སྡེ་དགོན་ལྷ་འབངས་མི་ཕྱུགས་འཁོར་དང་བཅས་པ་ལ་གནོད་སེམས་འཆང་བའི་དགྲ་བོ་དེ་ཕུ་ནུ་དང་ཉེ་བ་བྲན་གཡོག་ཡིན་ཀྱང་མ་བཞགརྐུན་པོ་དང་ཉེས་ཅན་ཡིན་ན་དགེ་འདུན་གྱི་ཚོགས་གྲལ་ན་ཡོད་ཀྱང་མ་བསྐྱུར། བདག་ཅག་ནི་སོ་སོའི་སྐྱེ་བོ་ལགས་པས་ཉེས་ཅན་གར་ཡོད་ཀྱང་མི་ཤེས། ཉམས་པ་ཅན་སུ་ཡིན་ཡང་མི་ཤེས་ན། ལྷའི་མངོན་མཁྱེན་ཐུགས་ཀྱིས་དགོངས་ལ་དམ་ཉམས་པའི་དགྲ་བོ་གང་ན་ཡོད་ཀྱང་བརྒྱ་གྲལ་ནས་བཤའ་ལུག་བཞིན་དུ་ཟུངས། སྟོང་གྲལ་ནས་བཙོན་པ་བཞིན་དུ་ཁྲིད་ལ། མིང་འདྲ་མིང་ནས་མ་ནོར། རུས་འདྲ་རུས་ནས་མ་ནོར་བར་དུས་ད་ལྟ་ཉིད་དུ་རྡུལ་དུ་རློག་ཅིགདགྲ་བོ་ཆེ་རྒྱུད་ལ་བབ་ན་སྡོང་རྒན་ལ་མེ་མཆེད་པ་བཞིན་དུ་ཐོངས་ཤིགའབྲིང་རྒྱུད་ལ་བབ་ན་ལྕུག་ཕྲན་ཟོར་བས་བརྔས་པ་བཞིན་དུ་ཐོངས་ཤིགཆུང་རྒྱུད་ལ་བབ་ན་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་ཐོངས་ཤིགཕོ་རྒྱུད་ཀྱི་རྩ་བ་ཆོད་ཅིགམོ་རྒྱུད་ཀྱི་མངལ་མཐའ་སྐེམས་ཤིགསྐྱེས་དར་མ་གྲི་རུ་སོད་ཅིགམོ་དར་མ་འགགས་སུ་ཆུག་ཅིགབུ་ཚ་ཚང་ཕྱིང་ནང་དུ་སོད་ཅིགགནམ་གྱི་འཇུ་ཐག་ཆོད་ཅིགས་ཡི་རྟེན་ཕུར་ཕྱུངས་ཤིགལྟ་བའི་མིག་ཕྱུངས་ཤིགབསམ་བའི་སེམས་སྟོར་ཅིགསྙབ་པའི་ལག་པ་ཆོག་ཅིགའགྲོ་བའི་རྐང་པ་ཆིངས་ཤིགཉེས་བྱས་སྨྲ་རུ་ཆུག་ཅིགཁོང་ཁྲག་ས་ལ་ཕོས་ཤིགརོའི་ཟམ་པ་ཚུགས་ཤིགཁྲག་གི་ཆག་ཆག་ཐོབ་ཅིགངུ་འབོད་ཀྱི་གཟིང་ལོང་ཐོངས་ཤིགཕོ་རྒྱུད་ཤ་ལ་དགའ་བས་ཤ་ཟོ། མོ་རྒྱུད་ཁྲག་ལ་དགའ་བས་ཁྲག་འཐུང་། སྲོག་བདག་སྲོག་ལ་རྔམ་པས་དབུགས་རྔུབ། སྡེ་བརྒྱད་གཟན་ལ་རྔམ་པས་ཟ་ཁ་སྟོན་ཅིགདགྲ་བོའི་ཚེ་སྲོག་ལ་བབ་ན་མར་མེ་རླུང་གིས་བསད་པ་བཞིན་དུ་ཐོངས་ཤིགཁ་རྗེ་ལ་བབ་ན་བྲག་རི་ཐོག་གིས་བཤིག་པ་བཞིན༴ ལུས་སྟོབས་ལ་བབ་ན་སྒོང་ང་བྲག་ལ་བཅར་བ༴ ལྷ་སྲུང་ལ་བབ་ན་བྱ་རོག་འུར་རྡོས་བསྐྲོག་པ༴ མངའ་ཐང་ལ་བབ་ན་ལོ་ཐོག་སེར་བས་བཅོམ་པ༴ འཁོར་འབངས་ལ་བབ་ན་ནགས་ཚལ་མེས་ཚིག་པ༴ ཟས་ནོར་ལ་བབ་ན་ཐལ་བ་རླུང་གིས་གཏོར་བ༴ གཉེན་བཤེས་ལ་བབ་ན་ཤོག་སྐྱ་ལུང་གིས་ཁྱེར་བ༴ ཡུལ་མཁར་ལ་བབ་ན་བྱེ་མའི་ཁོང་བུ་འགྱེལ་བ་བཞིན༴ ནོར་ཕྱུགས་ལ་བབ་ན་གྲོག་ཚང་ལ་རྡོ་ཕོག་པ༴ བསོད་ནམས་ལ་བབ་ན་ནམ་ལང་གི་སྐར་མ་ཡལ་བ༴ རླུང་རྟ་ལ་བབ་ན་ཁོང་རུལ་ལ་སྒྱོགས་རྡོ་ཕོག་པ༴ སྟོབས་ཤུགས་ལ་བབ་ན་རི་དྭགས་རྒྱ་རུ་བཙུད་པ༴ དཔལ་འབྱོར་ལ་བབ་ན་མེ་སྟག་ཆུ་ལ་བོར་བ་བཞིན་དུ་ཐོངས་ཤིགལིང་ཁུང་ཆེན་པོ་ཁ་མ་དོགས་ཤིགཤན་པ་ལག་དམར་གྱི་སྤུ་གྲི་མ་རྡུལ་ཅིགསྐྱེ་བ་ཕྱི་མ་ལ་དུས་མ་བཏབ་ལས་ཀྱི་རྣམ་སྨིན་ལ་ཁུངས་མ་ཕྱུང་བར་རྩ་གསུམ་དམ་ཅན་རྒྱ་མཚོའི་སྐུ་ཤུགས་དྲག་པོ་མི་བཟད་པ་མྱུར་དུ་བསྐྱེད་པར་མཛད་ནས། དུས་ད་ལྟ་ཉིད་དུ་དགྲ་བགེགས་སྡིག་ཅན་འདི་རྣམས་ལ་འཇིགས་སུ་རུང་བའི་ཆོ་འཕྲུལ་ཐོངས་ཤིགལྟས་ངན་གྱི་ཡོ་ལང་སློངས་ཤིགསྐྱོབ་བྱེད་ཀྱི་ལྷ་གནོད་པའི་བདུད་དུ་ཕོབས་ཤིགསྲུང་བའི་གུར་རྡོ་རྗེའི་མཚོན་གྱིས་ཤིག་ཅིགབསམ་སྦྱོར་ངན་པའི་མཚོན་ཆ་ཁོ་ཡི་རང་གཤེད་དུ་ཕོབས་ཤིགབདུན་བརྒྱུད་རྩད་ནས་ཆོད་ཅིགམིང་ཙམ་ཡང་མེད་པར་ཐལ་བའི་རྡུལ་དུ་རློགས་ཤིགམདོར་ན་བསྟན་དགྲ་སྡིག་པོ་ཆེ་འདི་རྣམས་ཀྱི་བླ་ཚེ་སྲོག་དབུགས་སྟོབས་དཔལ་འབྱོར་དང་བཅས་པ་རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་འབར་བའི་ཞལ་དུ་བཞེས་ནས་དགྱེས་པའི་གད་རྒྱངས་དྲག་པོ་འབྲུག་སྒྲ་སྟོང་ལྟར་བསྒྲགས་པས་བདག་ཅག་དཔོན་སློབ་སྡེ་དང་བཅས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་མཚུངས་པ་མེད་པའི་སྒོ་ནས་དགྲ་བགེགས་འབྱུང་པོའི་ཚོགས་རྣམས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ངོ་བོ་གདོད་མའི་ཆོས་སྐུ་ཆེན་པོར་ཐུགས་རྗེའི་ཤུགས་ཀྱིས་སྒྲོལ་བའི་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་མཐར་ཕྱིན་པར་མཛོད་ཅིགཅེས་བརྗོད་མཐར། འོ་ད་ནི་ལས་མཐའ་དགེ་ཞིང་ཆོས་རྒྱུད་རིང་བ་དང་བཀྲ་ཤིས་དགེ་ལེགས་འཕེལ་རྒྱས་སུ་བྱ་བའི་སླད་དུ། ཐ་མར་དགེ་བ་བཀྲ་ཤིས་ཤིང་དགེ་བའི་ཚིག་གིས་མཐའ་བརྒྱན་ཏེ་དགེ་ལེགས་སུ་བྱ་བ་ཡིན་པས་ཕྱོགས་བཅུ་དུས་གསུམ་གྱི་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་མཁའ་འགྲོ་ཆོས་སྲུང་། ཡུལ་ལྷ་གཞི་བདག་དཀར་ཕྱོགས་སྐྱོང་བ་ཡོངས་ཀྱིས་བདེན་ཚིག་ཤིས་པའི་གླུ་དབྱངས་དང་བཅས་མེ་ཏོག་མནྡ་ར་བའི་ཆར་ཆེན་པོ། ཕྱོགས་དུས་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཁྱབ་པར་བཀྲམ་པས། སྣོད་བཅུད་ཀྱི་རྒུད་པ་ཞི་ཞིང་སྲིད་ཞིའི་དཔལ་ཡོན་རྒྱས་པ་དང་། ཁམས་གསུམ་དབང་དུ་འདུ་ཞིང་ཕས་རྒོལ་གྱི་གཡུལ་ལས་རྒྱལ་ཏེ། དོན་གཉིས་ཀྱི་བསམ་པ་ཡིད་བཞིན་དུ་འགྲུབ་པ་དང་། ངོ་མཚར་པའི་སྙན་གྲགས་ཆེན་པོས་ཆོས་ཀྱི་དབྱིངས་རབ་འབྱམས་ཁྱབ་སྟེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དགའ་སྟོན་ལ་ལོངས་སྤྱོད་པའི་ཐུགས་མོས་མཛོད་ཅིགཅེས་མཚམས་སྦྱར་ནས། ༀ། སྣང་སྲིད་རྣམ་དག་ཆོས་དབྱིངས་གཞལ་ཡས་སུ། །རང་བྱུང་ཡེ་ཤེས་འཇམ་དཔལ་གཞོན་ནུའི་སྐུ། །ཡིད་འོང་ཉི་མ་འཆར་ཀའི་ལང་ཚོ་ཅན། །དང་པོའི་ཕྱག་གཉིས་རལ་གྲི་ཨུཏྤ་ལ། །ཐ་མའི་ཕྱག་གཉིས་ནོར་བུ་བུམ་བཟང་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་གིས། །རབ་མཛེས་པདྨ་ཟླ་བའི་གདན་སྟེང་ན། །དཔག་བསམ་ཤིང་ལ་སྐུ་རྒྱབ་བརྟེན་ནས་བཞུགས། །བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས་པ་ཡིས། །རབ་འབྱམས་མཆོད་པའི་སྤྲིན་གྱིས་མཁའ་དབྱིངས་འགེངས། །དྲན་པ་ཙམ་གྱིས་ཕུན་ཚོགས་དཔལ་ཡོན་ཀུན། །ཡིད་བཞིན་ལེགས་པར་སྩོལ་བའི་བདག་ཉིད་ལ། །མ་ལུས་ཕྱོགས་དུས་ཞིང་གི་རྒྱལ་བ་དང་། །རྒྱལ་བའི་སྲས་བཅས་ཏིལ་གང་ལྟར་བཞུགས་པས་། །མེ་ཏོག་ཆར་འབེབས་ཤིས་པའི་གླུ་དབྱངས་སྒྲོགས། །ཡེ་ཤེས་འོད་ཟེར་སྣང་བས་མཁའ་ཁྱབ་གསོལ། །ཨེ་མ་ཧོ། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །འཇམ་དཔལ་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །བཀྲ་ཤིས་དོན་ཀུན་འགྲུབ་པར་མཛད་དུ་གསོལ། །སྣང་སྲིད་རྣམ་དག་བདེ་བ་ཆེན་པོའི་ཞིང་། །མི་ཤིས་མཚན་མ་འགའ་ཡང་མ་དམིགས་པའི། །བདེན་པ་དེ་ཡིས་ཕྱོགས་དང་དུས་ཀུན་ཏུ། །བཀྲ་ཤིས་བདེ་ལེགས་ཆེན་པོས་ཁྱབ་པར་མཛོད། །ཉིན་པར་བཀྲ་ཤིས་སོགས་ནས། ཡེ་ཤེས་སྐུ་འགྲུབ་མཛོད། །ཀྱི་བར་ཁོ་བོས་བྱས་པའི་བཀྲ་ཤིས་མཆོད་ཆོག་ནང་ལྟར་ཚང་བར་བཀླགདེ་ནས་ས་ལ་འོག་མིན༴ མདོ་སྔགས་ལུང་རྟོགས༴ རྒྱལ་བ་ཀུན་གྱི༴ སྟོན་པ་འཇིག་རྟེན༴ བསླབ་པ་གསུམ་ལྡན༴ ཕན་བདེ་འབྱུང་བའི༴ དཔོན་སློབ་མི་འབྲལ༴ གནས་འདིར་ཉིན་མོ་བདེ་ལེགས་སོགས༴ ཇི་ལྟར་རིགས་པའི་སྨོན་ལམ་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་མཐར། ད་ནི་བན་རྒན་བཀྲ་ཤིས་དགེ་བ་ཡང་། ཚེ་ཉི་ཟླ་དང་མཉམ། མདངས་པདྨ་ལྟར་གསལ། གཟི་བརྗིད་ཉི་མ་ལས་ཆེ། སྟོབས་གླང་པོ་ཆེ་ལས་ལྷགརྩལ་སེང་གེ་བས་བཟང་། བང་རླུང་ལས་མགྱོགས་པའི་རྫུ་འཕྲུལ་གྱི་ཤུགས་ཀྱིས་རེ་ཞིག་འཆི་མེད་གཉུག་མའི་ཞིང་ཁམས་སུ་འགྲོ་ཞིང་། སླར་ཡང་སྟོན་འཁོར་ཕུན་སུམ་ཚོགས་པའི་དུས་སྟོན་ལ་འོངས་ནས་གསེར་ཞལ་ཡང་ཡང་མཇལ་བའི་རྟེན་འབྲེལ་དང་སྨོན་ལམ་ཞུ་ལགས། བཀྲ་ཤིས་དགེ་བའི་གཏམ་བཤད་འདི། །བཀྲ་ཤིས་དགེ་བས་བསྐུལ་བའི་ངོར་། །བཀྲ་ཤིས་དགེ་བའི་ཚེས་ལ་བྲིས། །བཀྲ་ཤིས་དགེ་བ་མཐར་རྒྱས་ཤོག །ཅེས་པའང་པདྨ་བི་ཛས་བྲིས་པ་དགེ། ༈ མདོ་སྔགས་ལུང་རྟོགས་བསྟན་པ་གཉིས་ལྡན་ཆེ། །བཤད་དང་སྒྲུབ་པས་དར་ཞིང་རྒྱས་མཛད་པའི། །བསླབ་གསུམ་ངུར་སྨྲིག་འཆང་བའི་ཆོས་སྡེ་འདིའི། །འཕྲིན་ལས་གླིང་བཞི་ཡོངས་ལ་ཁྱབ་པར་ཤོག །ཅེས་པའང་ཤཱཀ་བཙུན་ངྷརྨ་རཱ་ཛས་ཆེད་དུ་བརྗོད་པ་ཇི་ལྟར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིགཛ་ཡ་ཛ་ཡ་སུ་ཛ་ཡ།། །


previous བཀྲ་ཤིས་དགེ་བའི་གཏམ་བཤད་མདོར་བསྡུས་བཀྲ་ཤིས་དབྱངས་སྙན། no next