Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
བསླབ་བྱ་ནོར་བུའི་དོ་ཤལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསླབ་བྱ་ནོར་བུའི་དོ་ཤལ། next

བསླབ་བྱ་ནོར་བུའི་དོ་ཤལ།

༄༅། །བསླབ་བྱ་ནོར་བུའི་དོ་ཤལ། དད་གསུམ་སྙིང་གི་པདྨོར་རྟག་རོལ་བའི། །ཡེ་ཤེས་སྐུ་ཅན་ཁྱབ་བདག་འཁོར་ལོའི་མགོན། །བློ་གྲོས་མཐའ་ཡས་རྒྱལ་བ་གཉིས་པ་དེས། །ཁྱོད་ལ་ཤིས་པའི་མེ་ཏོག་སྦྱིན་གྱུར་ཅིག །ཀྱེ་ཧོ་སྔོན་བསགས་བཟང་པོས་བསྐྱེད་པའི་འབྲས། །དལ་འབྱོར་གསེར་གྱི་སྙེ་མ་གཡུར་སྨིན་ཞིང་། །སྒྲུབ་བརྒྱུད་སྙིང་པོའི་བསྟན་དང་མཇལ་དུས་འདིར། །བག་མེད་རྣམ་གཡེང་དབང་དུ་མི་གཏོང་འཚལ། །ལང་ཚོའི་མེ་ཏོག་མགུལ་རྒྱན་ཕལ་ཆེར་རྙིང་། །རྒ་བའི་ཞགས་པས་མ་ཚོར་ངང་དུ་ཟིན། །དོན་མེད་བྱ་བའི་ཆུ་རིས་མཛད་པ་མེད། །ད་ནི་བློ་སྣ་བཙན་ཐབས་བསྟུངས་ན་ལེགས། །རྒྱལ་བས་རྗེས་ཀྱི་ནང་ནས་ཁྱུ་མཆོག་དང་། །མེ་ཏོག་ནང་ནས་པདྨ་དཀར་པོ་བཞིན། །འདུ་ཤེས་རྣམས་ལས་མི་རྟག་དྲན་མཆོག་ཅེས། །ལེགས་པར་གསུངས་པའི་ཚུལ་དེ་ཡིད་ལ་ཆོངས། །ཕྱི་སྣོད་མི་རྟག་དུས་བཞིའི་འགྱུར་ལྡོག་ངོམ། །ནང་བཅུད་མི་རྟག་སྐྱེ་འཆིའི་འཁོར་ལོ་བསྐོར། །དགྲ་གཉེན་མི་རྟག་གར་མཁན་ཟློས་གར་འདྲ། །གང་ལ་བལྟས་ཀྱང་ཡིད་བརྟན་འདུག་གམ་སོམས། །ད་ལྟའི་བདེ་སྡུག་སྔོན་བསགས་འབྲས་བུ་སྟེ། །ཕྱི་མ་ཅིར་འགྱུར་ད་ལྟའི་ལས་ཀྱིས་ཤེས། །ལས་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས། །དཀར་ནག་འབྲས་བུ་བདེ་སྡུག་སོ་སོར་སྨིན། །གྲུང་པོ་རྣམས་ཀྱིས་འདི་ལ་བསམ་པར་རིགས། །རིགས་གཟུགས་དཔལ་འབྱོར་དབང་ཤེད་སྙན་གྲགས་སོགས། །ཇི་ཙམ་འབྱོར་ཡང་རྨི་ལམ་གཏེར་རྙེད་འདྲ། །དེ་ལ་བརྟེན་ནས་ཆགས་སྡང་ཟུག་རྔུ་སྡང་། །སྲིན་བུའི་ཁ་ཆུས་རང་ཉིད་འཆིང་བར་ཟད། །དེ་བས་འདོད་ཆུང་ཆོག་ཤེས་ནོར་བརྟེན་ཞིང་། །བྱ་བ་ཅི་བྱེད་ཆོས་དང་མཐུན་པའི་ངང་། །ཉིན་མཚན་རྒྱུན་དུ་རང་གི་རྒྱུད་བརྟགས་ལ། །ཉེས་ན་སྨ་དབབ་དགེ་ན་གཟེངས་བསྟོད་བྱ། །མཆོག་གསུམ་མཚན་གྱི་བདུད་རྩིའི་ཟེགས་ཙམ་ཡང་། །ཐོས་པས་སྲིད་པའི་རིམས་ནད་རྒྱུན་གཅོད་ན། །སྙིང་ནས་སྐྱབས་གསོལ་མཆོད་བསྟེན་སྨོས་ཅི་དགོས། །དེ་ཕྱིར་བློ་གཏད་ཡིད་ཆེས་དེ་ལ་ཆོལ། །ཐེག་ཆེན་ལམ་གྱི་རྩ་བ་དམ་པ་གསུམ། །འདི་ཡོད་ཅི་བྱེད་བྱང་ཆུབ་ལམ་དུ་འགྲོ། །འདི་མེད་ཡང་དག་ལམ་ལ་འགྲོ་མི་སྲིད། །བྱང་ཆུབ་སྤྱོད་པའི་གཞུང་ཤིང་འདི་ཁོ་ན། །མཁའ་མཉམ་འགྲོ་ཀུན་ཕ་མའི་རང་བཞིན་ལ། །བྱས་པ་ཤེས་ཤིང་དྲིན་གཟོའི་བསམ་པ་ཡིས། །བྱམས་སོགས་ཚད་མེད་བཞིས་དྲངས་སྨོན་འཇུག་སེམས། །སྲོག་ལ་ཐུག་ཀྱང་མི་གཏོང་དམ་བཅའ་གལ། །གནས་ཚུལ་ཆོས་ཀུན་མི་རྟོག་སྤྲོས་ལས་འདས། །སྣང་ཚུལ་ཀུན་རྫོབ་རྟེན་འབྱུང་བསླུ་བ་མེད། །བདེན་གཉིས་ཟུང་འཇུག་སྣང་སྟོང་སྒྱུ་མའི་འཕྲུལ། །ཐབས་ཤེས་ཟུང་འབྲེལ་ཚོགས་གཉིས་དཔུང་བསྐྱེད་འཚལ། །ཁྱད་པར་དེང་སང་བསྟན་ཞབས་སྡུད་ཉེའི་ཚེ། །ཚིགས་བཅད་གཅིག་ཙམ་ཉན་འཆད་འབྲི་ཀློག་དང་། །ཉིན་ཞག་གཅིག་ཙམ་བསླབ་པ་སྲུང་བ་ཡི། །བསོད་ནམས་དཔག་མེད་རྒྱལ་བས་བསྒྲང་དཀའ་གསུངས། །བསམ་སྦྱོར་དག་ན་རྒྱལ་དང་སེམས་ཅན་གཉིས། །བྱང་ཆུབ་སྒྲུབ་པའི་ཞིང་ལ་ཁྱད་པར་མེད། །དེ་བས་སེམས་ཅན་མགུ་བར་བྱ་བ་ལས། །ལྷག་པའི་ཆོས་གཞན་འགའ་ཡང་ཡོད་མ་ཡིན། །དཀོན་མཆོག་མཆོད་དང་རྟེན་བཞེངས་སྦྱིན་ལ་སོགས། །བྱ་བ་གང་ཡང་སྡིག་དང་མ་འདྲེས་གལ། །བསམ་སྦྱོར་དག་ན་ཆུང་ཡང་འབྲས་མང་ཞིང་། །དེ་ལྡོག་དངོས་པོ་ཆེ་ཡང་དེ་ལྟ་མིན། །རྗེས་ལ་དགེ་ཚོགས་ཆེ་ཕྲ་གང་བསགས་ཀྱང་། །འཁོར་གསུམ་དམིགས་པའི་མཚན་མས་མ་བསླད་པར། །ཀུན་ཏུ་བཟང་སོགས་སྲས་བཅས་རྒྱལ་རྣམས་ཀྱི། །རྣམ་ཐར་རྗེས་སློབ་བྱང་ཆེན་ཕྱིར་བསྔོ་གལ། །དེ་སྐད་བསླབ་བྱ་ནོར་བུའི་དོ་ཤལ་འདི། །གྲོགས་མཆོག་མགུལ་བའི་རྒྱན་དུ་སྤ་མཛོད་དང་། །ནམ་ཕུག་མི་བསླུ་རྒྱལ་བཀའ་དཔང་པོར་ཆེ། །དེ་སླད་འདི་བཞིན་མཛད་ན་དགེ་བར་འགྱུར། །དེ་ཚུལ་སྨྲ་བྱེད་པདྨ་བི་ཛ་སྟེ། །རང་ཚུལ་ཡང་དག་ཆོས་དང་རྒྱབ་འགལ་མོད། །བརྗོད་པའི་ངག་འདི་ཆོས་མཐུན་ཡིན་པར་རློམ། །དགེ་བས་ཁྱེད་བློ་དགེ་ལ་གཞོལ་གྱུར་ཅིག །

༄༅། །མཁྱེན་རབ་རལ་གྲི་འབར་བའི་གཟི་བྱིན་གྱིས། །རྨོངས་ཆེན་བློ་ཡི་དྲྭ་བ་འདྲལ་མཛད་པའི། །འཇམ་དཔལ་དགྱེས་པའི་ཞབས་ཀྱི་ཆུ་སྐྱེས་ལ། །བཏུད་ནས་ཁྱོད་ལ་ཕན་པའི་གཏམ་འདི་གསོལ། །རྙེད་དཀའ་དོན་ཆེན་ཡིད་བཞིན་ནོར་འདྲའི་རྟེན། །སྔོན་བསགས་བཟང་པོས་རྙེད་པ་ད་རེས་ཙམ། །དལ་བའི་རྟེན་འདིར་སྙིང་པོ་མ་ལོན་ན། །ཕྱིས་ནས་འདི་འདྲའི་འབྱོར་པ་ཐོས་སྲིད་དམ། །འདུས་བྱས་མར་མེའི་རྩེ་མོ་ཡུད་ཀྱིས་གཡོ། །གློག་འདྲའི་ཚེ་སྲོག་མི་བརྟན་མྱུར་དུ་འཇིག །ད་ལྟ་ཉིད་ནས་བརྩོན་པ་མ་བསྐྱེད་ན། །སང་ཙམ་སྡོད་པའི་བློ་གདེང་ཡོད་དམ་ཅི། །ཁམས་གསུམ་འཁོར་བ་སྡུག་བསྔལ་གསུམ་གྱི་སྣོད། །ཡིད་བརྟན་མི་རུང་སྲིན་མོའི་འཛུམ་དཀར་འདྲ། །སྡུག་བསྔལ་བདེ་བར་བཟུང་བས་བསླུས་པར་ཟད། །དེ་རིང་ཉིད་ནས་ངེས་འབྱུང་བློ་སྣ་སྐྱེད། །ལས་འབྲས་མི་བསླུ་ཐུབ་གསུངས་གཅེས་པའི་མཛོད། །མྱོང་འགྱུར་མཐའ་དག་ཟིན་འབྱུང་ཕུང་པོའི་སྟེང་། །དེ་སླད་ལས་འབྲས་ལག་ལེན་མ་འཆོལ་ངང་། །ལུང་མ་བསྟན་ཡང་དགེ་ལ་བསྒྱུར་བའི་རིགས། །དེ་ཕྱིར་འཇིག་དང་སྡུག་བསྔལ་དྲན་པའི་བློས། །མི་བསླུ་གཏན་སྐྱབས་ཡོན་ཏན་བྱེ་བའི་གཏེར། །མཆོག་གསུམ་ཐུགས་རྗེའི་གྲིབ་བསིལ་བཟང་པོ་ལ། །བསྟེན་འདི་སྡོམ་པ་ཀུན་གཞིར་མེད་ཐབས་ཅི། །ས་ཆེན་བཞིན་དུ་ཡོན་ཏན་ཀུན་གྱི་རྟེན། །དཀར་ཆོས་རིགས་ཀྱི་མྱུ་གུ་བསྐྱེད་བསྲིངས་པའི། །དྲི་མེད་ཚུལ་ཁྲིམས་བསླབ་པའི་རྒྱན་མཆོག་འདི། །བརྟེན་པར་མི་བྱེད་མི་གང་རོ་དང་འདྲ། །གཞན་ཕན་བྱང་ཆུབ་སེམས་ཀྱི་གསེར་འགྱུར་རྩིས། །མ་དག་ཉོན་མོངས་དག་པའི་ཡེ་ཤེས་སུ། །བསྒྱུར་བའི་ཐབས་ཚུལ་སྟོང་ཉིད་སྙིང་རྗེའི་སྨན། །རྒྱལ་བའི་སྲས་ཀྱི་བཅུད་ལེན་དེ་ཁོ་ན། །གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་པར་ཤེས། །དུ་མ་མི་རྟག་སྟོང་དང་བདག་མེད་ཚུལ། །ངེས་ཤེས་བློ་ཡི་མར་མེ་གསལ་བའི་གཟིས། །ཚུལ་མིན་ཡིད་བྱེད་མུན་ཚོགས་གཞིལ་བ་གནད། །སྣང་བའི་ཆོས་ཀུན་གཤིས་ལུགས་བབ་ཀྱིས་སྟོང་། །སྟོང་པའི་རང་མདངས་མ་འགགས་ཅིར་ཡང་གསལ། །བདེན་གཉིས་ཟུང་འཇུག་རྣམ་ཀུན་མཆོག་ལྡན་ལུས། །སྨྲ་བསམ་བརྗོད་བྲལ་དབུ་མའི་ལྟ་བ་ཡིན། །འོད་གསལ་རང་བཞིན་སེམས་ཀྱི་ཆོས་ཉིད་ཁམས། །གཟུང་འཛིན་འཁྲུལ་བའི་དྲི་མས་མ་བསླད་པར། །རང་གསལ་མི་གཡོ་ཡེ་ཤེས་ཆེན་པོའི་ངང་། །བྱིང་རྒོད་གཉིས་མེད་རང་བབ་སྒོམ་པའི་བཅུད། །གནས་ཚུལ་ངང་ནས་ཆོས་ཀུན་མ་དམིགས་ཀྱང་། །སྣང་ཚུལ་ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད། །རྟེན་འབྱུང་ཟབ་མོའི་ཚུལ་ལ་མཁས་པ་ཡི། །ཚོགས་གཉིས་ཟུང་འབྲེལ་རྒྱལ་སྲས་སྤྱོད་པའི་ཕུལ། །དེ་བཞིན་ཉིད་དབྱིངས་ཤིན་ཏུ་རྣམ་དག་ཁམས། །གློ་བུར་འཁྲུལ་བའི་སྦུབས་རྒྱ་ལས་གྲོལ་བའི། །གཙང་རྟག་བདེ་བ་བདག་གམ་ཕ་རོལ་ཕྱིན། །སྐུ་བཞི་ལྷུན་གྲུབ་འབྲས་བུའི་ཐུས་ཀ་ལགས། །དེ་ལས་གཞན་དུ་མ་སྦྱངས་བྱིས་པའི་ངག །ལྟ་བའི་སྐབས་སུ་བདེན་གཉིས་རྣམ་འབྱེད་བྲལ། །སྒོམ་པའི་སྐབས་སུ་དྲན་དང་ཤེས་བཞིན་སྟོར། །སྤྱོད་པའི་སྐབས་སུ་རྒྱུ་འབྲས་འདོར་ལེན་མེད། །ཐམས་ཅད་ཕྱོགས་མཉམ་འཁྲུལ་རྟོག་རྒྱ་འབྱམས་ངང་། །ཁ་རོག་སྡོད་པས་མི་ཚེ་འཕུལ་འདྲ་བས། །ཁ་བོ་འབྲུག་ལྟར་ཆེ་ཡང་ཞེ་གཏིང་སྡར། །དེ་འདྲའི་ཚུལ་ལ་སུ་ཞིག་ཡིད་རྟོན་འཆའ། །དེ་བས་རྒྱལ་བ་དགྱེས་པའི་ལམ་པོ་ཆེ། །སྟོང་དང་རྟེན་འབྱུང་ཟབ་མོའི་ཚུལ་ངེས་པས། །ཚོགས་གཉིས་ཟུང་འབྲེལ་ལམ་ལ་བསླབ་མཛོད་དང་། །སྐུ་གཉིས་འབྲས་བུ་སྨིན་ལ་བསྙོན་དུ་ཅི། །དེ་སྐད་སྨྲ་བྱེད་བློ་གྲོས་རྒྱ་མཚོ་སྟེ། །བླུན་ཡང་མོས་དགེ་ལྷག་བསམ་མ་རྨས་རྒྱུས། །བླ་མའི་གསུང་ལ་བརྟེན་ནས་མདོ་ཙམ་བཤད། །དགེ་བས་ཡང་དག་ལམ་བཟང་སྣང་གྱུར་ཅིག །


previousབསླབ་བྱ་ནོར་བུའི་དོ་ཤལ། next