Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
ལམ་ཁྱེར་གནད་ཀྱི་མན་ངག་མདོར་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལམ་ཁྱེར་གནད་ཀྱི་མན་ངག་མདོར་བསྡུས། next

ལམ་ཁྱེར་གནད་ཀྱི་མན་ངག་མདོར་བསྡུས།

༄༅། །ལམ་ཁྱེར་གནད་ཀྱི་མན་ངག་མདོར་བསྡུས། དུས་གསུམ་ཚེ་རབས་ཕྲེང་བར་རིགས་བདག་ཏུ། །འབྲལ་མེད་འགྲོགས་པའི་དྲིན་ཆེན་ཆོས་ཀྱི་རྗེ། །དད་གསུམ་སྙིང་གི་བདྨོར་རྟག་བཀོད་ནས། །ལམ་ཁྱེར་གནད་ཀྱི་མན་ངག་མདོར་བསྡུས་བཤད། །གང་གི་དྲིན་གྱིས་ལྷན་སྐྱེས་བདེ་བ་ཆེ། །སྐད་ཅིག་འཆར་བྱེད་ཁྱབ་བདག་འཁོར་ལོའི་མགོན། །མདོ་རྒྱུད་ཀུན་ནས་སངས་རྒྱས་ལས་འཕགས་གསུངས། །དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་བླ་ན་མེད། །རབ་འབྱམས་རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་སྤྲིན། །ཇི་ལྟར་སྣང་ཡང་བླ་མའི་རོལ་པ་སྟེ། །བླ་མའི་ཐུགས་ནི་སྲིད་ཞི་ཀུན་ལ་ཁྱབ། །དོན་དམ་འོད་གསལ་སྤྲོས་མཚན་མཐའ་ལས་གྲོལ། །རང་བྱུང་བརྗོད་བྲལ་གཞིག་ནས་ཡེ་ཤེས་མཆོག །དེ་ནི་སྒྲ་ཚིག་བྱ་རྩོལ་ཡུལ་ལས་འདས། །དེ་ཡི་སྣང་ཆ་མ་འགགས་རྟེན་འབྱུང་མཐུ། །རབ་འབྱམས་ལྷ་སྔགས་ཕྱག་རྒྱའི་རོལ་བར་ཤར། །གང་ལྟར་སྣང་ཡང་ཆོས་སྐུའི་རང་རྩལ་ཏེ། །སྲིད་པ་གསུམ་པོ་ཡེ་ནས་སངས་རྒྱས་ཞིང་། །སྡུག་བསྔལ་མིང་མེད་བདེ་བ་ཆེན་པོའི་ཀློང་། །འཁོར་འདས་རོ་མཉམ་དྭངས་མའི་ཐིག་ལེར་རྫོགས། །དེ་ལྟར་རྟོགས་པའི་རྣལ་འབྱོར་སྐལ་ལྡན་ལ། །སྔགས་སྤྱོད་སྐལ་བ་ཡོད་ཀྱིས་གཞན་དུ་མིན། །སྣང་གྲགས་རིག་གསུམ་བླ་མའི་སྐུ་གསུང་ཐུགས། །རྡོ་རྗེ་གསུམ་དང་ཡེ་ནས་འདུ་འབྲལ་མེད། །དེ་ལྟར་ཤེས་པའི་རྣལ་འབྱོར་བློ་རབ་ལ། །འདས་ཉམས་རལ་བའི་སྐྱོན་གྱིས་གོས་མི་འགྱུར། །ནམ་ཡང་བླ་མ་དྲན་ལས་ཁྱད་འཕགས་པའི། །ལམ་ཁྱེར་གནད་ཀྱི་གདམས་པ་གཞན་ཡོད་མིན། །སྤྱོད་ལམ་རྣམ་བཞིར་རྟག་པར་དྲན་མཛོད་དང་། །དོན་གཉིས་འདོད་པ་འཇོ་ལ་སོམ་ཉི་ཅི། །ཟ་ཚེ་ལོངས་སྤྱོད་འཁོར་ལོའི་རྩ་འདབ་དབུས། །རྩ་གསུམ་འདུས་ཞལ་དྲིན་ཆེན་བླ་མ་སྒོམས། །བཟའ་བཏུང་ཟག་མེད་བདུད་རྩིར་མོས་པས་རོལ། །ལྟེ་བའི་ཨ་ལས་གཏུམ་མོའི་མེ་འབར་བས། །སྤྱི་བོའི་ཧཾ་ཡིག་རི་བོང་འཛིན་པ་བཞུས། །ཟག་མེད་བདེ་སྟོང་དགའ་བཞིའི་མཆོད་པ་ཡིས། །དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་དེ་མཉེས་བྱ། །དེས་ནི་ཟས་ཀྱི་སྒྲིབ་པ་མི་འབྱུང་ཞིང་། །གང་སྤྱད་ལོངས་སྤྱོད་ཚོགས་ཀྱི་འཁོར་ལོར་འགྱུར། །གསང་སྔགས་ནང་གི་དཀའ་ཐུབ་བླ་ན་མེད། །རྒྱུད་སྡེ་འོག་མ་ཕལ་གྱིས་དོ་ཟླ་མིན། །ཉལ་ཚེ་ཆོས་ཀྱི་འཁོར་ལོར་ཡེ་ཤེས་སྐུ། །མཚན་དཔེའི་ལང་ཚོས་འཁྱུད་པའི་ཉམས་འགྱུར་གྱིས། །ལུས་ཀུན་ཡེ་ཤེས་ལྔ་རྫོགས་གུར་ཁྱིམ་འཁྲིད། །རང་བཞིན་བརྒྱད་ཅུའི་རྟོག་པ་དབྱིངས་སུ་བསྟིམ། །རླུང་སེམས་དྭངས་མ་དྷཱུ་ཏིར་ཞུགས་པའི་ཚེ། །ཡེ་རྫོགས་བློ་བྲལ་དོན་གྱི་བླ་མའི་ཞལ། །བཏང་བཞག་འགྲོ་འོང་བྲལ་བར་ལེགས་མཇལ་ན། །བག་ཆགས་ཉིང་འཁྲུལ་རྨི་ལམ་རྒྱུན་ཆད་ནས། །གཉིད་མཐུག་འོད་གསལ་ཆེན་པོའི་ངང་དུ་གྲོལ། །བར་དོ་ཆོད་པའི་གདེང་ཚད་མྱུར་དུ་ངོམ། །རྨི་ལམ་འཛིན་སྤྲུལ་ཕལ་གྱིས་དོ་ཟླ་མིན། །འགྲོ་ཚེ་བླ་མ་ཕྲག་པའི་སྟེང་སྒོམ་ནས། །བསྐོར་བར་མོས་དང་ཁྱད་པར་ཕུང་ཁམས་ཆོས། །ཡེ་ནས་གདན་གསུམ་འཁོར་ལོའི་རང་བཞིན་ཆེར། །ལེགས་པར་རྟོགས་པས་ཡན་ལག་བྱིན་བརླབས་ཏེ། །རྡོ་རྗེའི་གར་དང་གླུ་བྲོ་ཛབ྄་དབྱངས་ཁྱེར། །སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་དོན་གོམས་ན། །ས་ཚོན་འབྲི་བའི་ངལ་དུབ་ཅུང་དགོས་སམ། །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱའི་རང་བཞིན་ཏེ། །སྨྲ་བརྗོད་མཐའ་དག་སྙིང་པོ་སྔགས་ཀྱི་གདངས། །ཇི་ལྟར་བྱས་ཀྱང་ཚོགས་ཆེན་ཡེ་རྫོགས་འགྱུར། །འོན་ཀྱང་དང་པོའི་ལས་ཅན་བཀྲི་བའི་ཕྱིར། །གྲོལ་ལམ་བག་ཡོད་དགེ་སྦྱོང་སྤྱོད་པ་གཅེས། །འདུག་ཚེ་བླ་མ་ཚངས་གནས་རྒྱན་དུ་སྒོམ། །གསོལ་བཏབ་དབང་བླང་ཐུགས་ཡིད་དབྱེར་མེད་བསྲེས། །དུས་གསུམ་སེམས་བྱུང་སྤྲོས་པ་དབྱིངས་སུ་བཅད། །ཚོགས་དྲུག་མི་དགག་ཡུལ་གྱི་བདུད་རྩི་བརྟེན། །དུག་ལྔ་རང་གྲོལ་ཡེ་ཤེས་རྒྱན་དུ་ཁྱེར། །ཉམས་ལ་མ་ཞེན་མ་བཅོས་སོ་མར་ཞོག །བློ་བྲལ་ཆོས་ཉིད་གདོད་མའི་བཙན་ས་ཟུངས། །ཡིད་དཔྱོད་ལྟ་སྒོམ་ཕལ་གྱི་དོ་ཟླ་ཅི། །མདོར་ན་སྐྱེ་འཆི་བར་དོའི་གནས་སྐབས་ཀུན། །ལམ་ཁྱེར་བླ་མ་དྲན་ལས་ཟབ་པ་མེད། །མོས་གུས་རྡོ་ཡི་རི་མོ་འབྲལ་མེད་དུ། །སྙིང་ལ་གནས་ན་ཨོ་ཟོབ་གཅམ་བུའི་ངག །གྲོང་ཡུག་དཀྲོག་པའི་འོ་དོད་འབོད་མི་དགོས། །དགོངས་བརྒྱུད་བྱིན་རླབས་འཕོས་པའི་ཉེ་ཁྱད་ཀྱིས། །དོན་གཉིས་འབྲས་བུ་ཚེ་འདིར་མངོན་འབྱིན་ངེས། །དེ་སྐད་པདྨ་དགྱེས་པའི་ཉམས་ཤར་གཏམ། །ཐོལ་བྱུང་མགྲིན་པའི་རྒྱུད་ནས་སྦ་མེད་སྨྲས། །དོན་མཐུན་གྲོགས་པོ་མཆིས་ན་ཐུགས་ལ་བསྟིམ། །དགེ་བས་དག་པ་རབ་འབྱམས་དོན་རྟོགས་ཤོག །


previousལམ་ཁྱེར་གནད་ཀྱི་མན་ངག་མདོར་བསྡུས། next