Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གལ་མདོ་གནད་ཀྱི་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགལ་མདོ་གནད་ཀྱི་གདམས་པ། next

གལ་མདོ་གནད་ཀྱི་གདམས་པ།

༄༅། །གལ་མདོ་གནད་ཀྱི་གདམས་པ། ན་མོ་གུ་རུ་པདྨཱ་ཀ་ར་ཡ། འདི་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །བྱེད་པོ་གཞན་ན་མེད་དེ་རང་གི་སེམས། །ཐོག་མེད་དུས་ནས་བག་ཆགས་གོམས་པའི་མཐུས། །མེད་བཞིན་སྣང་བ་རྨི་ལམ་གྲོང་ཁྱེར་བཞིན། །བདེ་དང་སྡུག་བསྔལ་སྣ་ཚོགས་སོ་སོར་སྨིན། །ལེགས་པར་བརྟགས་ན་ཡེ་སྟོང་རྩ་བྲལ་ཀློང་། །བཟུང་ཡུལ་མི་དམིགས་ཆུ་ཟླ་འཇའ་ཚོན་འདྲ། །འཛིན་པའི་སེམས་མེད་ཡེ་སྟོང་ནམ་མཁའི་བབས། །ཡེ་ཡིན་ཀུན་ཡིན་ཐམས་ཅད་མཉམ་པ་ཉིད། །སྤང་བླང་བྱར་མེད་ཐོབ་དང་མ་ཐོབ་མེད། །འཁོར་འདས་རོ་མཉམ་ཐིག་ལེ་ཉག་གཅིག་ཀློང་། །སྐྱིད་ཉལ་ཆོག་པ་རྫོགས་ཆེན་རྣལ་འབྱོར་བདེ། །གནད་འདི་མ་ཤེས་བྱིས་པའི་སྐྱེ་བོ་རྣམས། །བདག་མེད་ཆོས་ལ་བདག་ཏུ་བཟུང་བས་འཁྲུལ། །མཉམ་པ་ཉིད་ལ་ཕྱོགས་རེའི་བློ་ཡིས་བསླད། །ཡེ་གྲོལ་རིག་པ་ཡོངས་གྲོལ་རེ་བས་བཅིངས། །མཐའ་བྲལ་ཤེས་པ་སྤྲོས་མཐའི་དྲྭ་བར་བཙུད། །གླང་པོ་ལོན་ནས་གླང་རྗེས་ནགས་སུ་དེད། །ཐ་སྙད་ཚིག་གིས་ཆོས་ཉིད་རྟོགས་པར་རློམ། །འཇུར་དྲན་སྒོམ་གྱིས་གཉུག་མའི་རང་ཞལ་སྒྲིབ། །རྣམ་རྟོག་གཙེས་པས་སྙིང་རླུང་རྙོགས་མ་སྡང་། །ཁོ་ཐག་མ་ཆོད་ཡི་མུག་ཁོང་ནས་སྐྱེས། །ཕལ་དག་བླུན་སྒོམ་མུན་ནང་རྡོ་འཕེན་གྱིས། །ཐོམ་མེ་ཡེ་རེའི་ངང་དུ་མི་ཚེ་ཟད། །ཁ་ཅིག་ཟ་ཟའི་ཉམས་ཀྱིས་བློ་བྲིད་ནས། །རང་མཐོང་ང་རྒྱལ་གཞན་མ་ཁྱད་དུ་གསོད། །རྐྱེན་དང་འཕྲད་ཚེ་རང་མཚང་ལྷུག་པར་ངོམ། །མིས་འཕྱ་རང་སྡུག་འཆི་ཁར་འགྱོད་པའི་རྒྱུ། །མཁས་རློམ་ཁ་ཅིག་ཡོད་མེད་སྣང་སྟོང་སོགས། །ཐལ་འགྱུར་སྤྲོས་པ་མང་པོའི་ཁས་ལེན་གྱིས། །ཚིག་གི་ན་ཡམ་དོན་གྱི་རང་ཞལ་བསྒྲིབས། །སྤྲ་སྤྲོ་མང་པོས་མི་ཚེའི་ཉི་མ་འཕུལ། །ཆོས་ཉིད་རྣལ་མའི་དོན་ལ་རེག་པ་མེད། །འགའ་ཞིག་ཞུས་ཞུས་ཐོབ་ཐོབ་རྣམ་གྲངས་མང་། །སྒོམ་སྒོམ་བཟླས་བཟླས་བྱས་ཡུས་འདྲེན་ནའང་། །མ་བཅོས་གཉུག་མའི་རང་གནད་མ་འཚལ་བའི། །བྱས་ལོ་ཐོས་ལོས་རང་མགོ་འཁོར་བ་མང་། །དེས་ན་སྐལ་བཟང་ཐར་པ་དོན་གཉེར་རྣམས། །བརྒྱུད་ལྡན་བླ་མའི་མན་ངག་བདུད་རྩིའི་རོས། །གཟུང་འཛིན་འཁོར་བའི་གཅོང་ནད་གཞིལ་བར་མཛོད། །ཡོད་དང་མེད་པར་འཛིན་པ་ལྟ་བའི་མཐའ། །སྣང་སྟོང་ཕྱོགས་རེར་ཞེན་པ་སྒོམ་པའི་མུ། །དབུ་མར་འཛིན་ལའང་བློ་ཡི་འཛིན་སྟངས་ཡོད། །འཛིན་པ་ཡོད་རིང་འཁོར་བའི་ས་བོན་ཏེ། །མ་བཅོས་རྣལ་མའི་དོན་ལ་རེག་པ་མེད། །བློས་བྱས་ལྟ་བས་བློ་བྲལ་གདེང་མི་རྙེད། །ཡིད་དཔྱོད་བསྒོམས་པས་གཉུག་མའི་དོན་མི་མཐོང་། །མཚན་འཛིན་སྤྱོད་པས་ཡང་དག་ལམ་མི་བགྲོད། །རེ་དོགས་བློ་ཡིས་འབྲས་བུ་ཐོབ་མི་འགྱུར། །དེ་བས་སྤྲ་སྤྲོས་རང་མགོ་མ་བསྐོར་བར། །དབེན་པའི་གནས་སུ་རེ་དོགས་ཁོང་ལྷོད་ནས། །བླ་མའི་མོས་གུས་ལམ་དུ་བྱེད་པ་ཡིས། །མ་བཅོས་གཉུག་མའི་ངང་དུ་ངལ་སོས་ཤིག །གདོད་མའི་ཤེས་པ་ཀ་དག་གཉུག་མའི་ངང་། །བླ་མའི་བྱིན་རླབས་མཐུ་ཡིས་ནམ་རྟོགས་ཚེ། །མུན་ཁང་ནང་དུ་སྒྲོན་མེ་བཏེགས་པ་བཞིན། །ཡེ་ཤེས་རང་ལ་གསལ་བ་ངོ་མཚར་ཆེ། །ཡོད་མེད་སྣང་སྟོང་ཞེན་པའི་དམིགས་གཏད་ཞི། །མཐར་འཛིན་ལྟ་བའི་མུན་པ་དབྱིངས་སུ་སངས། །སོ་མར་རང་གནས་ཡེ་རེ་རྗེན་ནེ་བ། །འབོལ་ལེ་ཤིག་གེ་ཕྱལ་ལེ་སིང་ངེ་བ། །འཛིན་མེད་རང་གསལ་རྒྱ་ཡན་ཧར་སངས་ངང་། །ཟང་མ་ཐལ་བྱུང་བརྗོད་མེད་གཉུག་མའི་བབས། །ཚིག་གིས་མི་མཚོན་བློ་བྲལ་རྗེན་པའི་གཤིས། །ངོ་ཤེས་ཐག་ཆོད་བློ་བདེ་ཁོང་ནས་འཆར། །དེ་ཚེ་མ་བཅོས་རང་བབས་རང་ཡན་ངང་། །ལྟ་སྒོམ་ཞེན་པའི་དམིགས་གཏད་བོར་ལ་ཐོངས། །བྱ་བྱེད་ཚོལ་འཕྲོ་བློ་ཡི་འཛིན་སྟངས་དོར། །སྒོ་ལྔ་རང་ཡན་ཚོགས་དྲུག་ལྷུག་པར་སྐྱོངས། །རེ་དོགས་ཁོང་ལྷོད་སྤྲོས་པ་རྒྱངས་ཀྱིས་སྐྱུངས། །ཉམས་ལ་མ་ཞེན་གཉུག་མའི་གཏན་སྲིད་ཟུངས། །འདི་ནི་གལ་མདོ་གནད་ཀྱི་གདམས་པ་སྟེ། །བླ་མའི་དྲིན་གྱིས་ཕྱོགས་ཙམ་རྟོགས་པའི་ཚུལ། །སྐལ་བཟང་གྲོགས་མཆོག་རྣམས་ལ་མདོར་བསྡུས་གདམས། །ཉམས་སུ་ལོངས་དང་ཡིད་ཆེས་སྐྱེ་བར་འགྱུར། དེ་སྐད་རང་བྱུང་པདྨའི་སྒྲུབ་གནས་མཆོག །བདེ་ཆེན་འོད་གསལ་ཕུག་གི་བྲག་སྐྱིབས་ནས། །དམ་པས་བྱིན་རླབས་བག་ཡངས་སྒྲུབ་པ་པོ། །པདྨ་རྣམ་རྒྱལ་མཆིད་ནས་བྱུང་རྒྱལ་ཐལ། །


previousགལ་མདོ་གནད་ཀྱི་གདམས་པ། next