Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཐེག་པའི་ལམ་གྱི་ཟབ་པའི་གནད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཐེག་པའི་ལམ་གྱི་ཟབ་པའི་གནད། next

རྡོ་རྗེ་ཐེག་པའི་ལམ་གྱི་ཟབ་པའི་གནད།

༄༅། །རྡོ་རྗེ་ཐེག་པའི་ལམ་གྱི་ཟབ་པའི་གནད། ན་མོ་གུ་ར་ཝེ། བསྟན་པའི་བདག་པོ་མཉམ་མེད་ཤཱཀྱའི་སྲས། །རྒྱལ་ཚབ་མ་ཕམ་མགོན་དང་འཇམ་པའི་དབྱངས། །ཀླུ་སྒྲུབ་ཐོགས་མེད་ཡབ་སྲས་བརྒྱུད་པར་བཅས། །འཕགས་བོད་པཎ་གྲུབ་རིག་འཛིན་ཚོགས་རྣམས་རྒྱལ། །རང་བཞིན་འོད་གསལ་བདེ་གཤེགས་སྙིང་པོའི་ཁམས། །གློ་བུར་འཁྲུལ་པའི་སྦུབས་རྒྱ་ལས་གྲོལ་བ། །དག་པ་གཉིས་ལྡན་སྤྲོས་བྲལ་ཆོས་ཀྱི་སྐུ། །ཡེ་ཤེས་རང་གསལ་གཞི་ལ་བྱང་ཆུབ་ནས། །འོད་གསལ་རང་སྣང་ཡེ་ཤེས་ཆེན་པོའི་མདངས། །མི་ཟད་རྒྱན་འཁོར་ལྔ་ཡི་བཀོད་པའི་སྤྲིན། །དུས་གསུམ་དུས་མེད་མཉམ་པར་རྟག་བཞུགས་པའི། །རང་རྩལ་འགགས་མེད་གང་འདུལ་སྤྲུལ་པའི་གར། །སྲིད་པ་ཇི་སྲིད་བར་དུ་སྣང་བ་ལས། །མི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱ་རུ། །མཉམ་མེད་ཐུབ་པ་ཆེན་པོའི་སྐུར་བསྟན་ནས། །སྣ་ཚོགས་གདུལ་བྱའི་ཁམས་དབང་བསམ་པ་བཞིན། །བརྒྱད་ཁྲི་བཞི་སྟོང་ཆོས་སྒོ་བསམ་འདས་བསྟན། །ཀུན་ཀྱང་གནས་སྐབས་གདུལ་བྱ་དཀྲི་ཚུལ་ལས། །མཐར་ཐུག་ཐེག་གཅིག་ངེས་དོན་སྙིང་པོར་གཞོལ། །འོན་ཀྱང་གང་ཟག་སོ་སོའི་ཞེན་ཕྱོགས་ཀྱིས། །འགལ་འདུར་མཐོང་བ་རང་བློའི་སྐྱོན་དུ་ཟད། །དེས་ན་བླ་མའི་མན་ངག་གནད་ལྡན་པས། །ཟབ་མོའི་གནད་ལ་བློ་མིག་སྦྱོང་བ་གཅེས། །རྒྱལ་བའི་བཀའ་འཁོར་བར་ཐའི་དགོངས་པ་རྣམས། །སྦྲང་རྩིའི་རོ་བཞིན་འགལ་མེད་དོན་གཅིག་ཏུ། །ཤེས་ན་འགག་བརྒྱ་གནད་གཅིག་གིས་དཀྲོལ་ཕྱིར། །ཟབ་མོའི་གནས་ལ་མི་འཇིགས་སྤོབས་པ་མཐོ། །གནས་སྐབས་དོན་དམ་དཔྱོད་པའི་ཚད་མའི་ངོར། །ཤེས་བྱའི་ཆོས་ཀུན་མི་སྟོང་མི་སྲིད་ཀྱང་། །ཐ་སྙད་ཀུན་རྫོབ་དཔྱོད་པའི་ཚད་མའི་ངོར། །རྟེན་འབྱུང་ཆོས་ཀུན་མ་འགགས་ཅིར་ཡང་སྣང་། །མཐར་ཐུག་དོན་དམ་དཔྱོད་པའི་ཚད་མའི་ངོར། །སྟོང་དང་རྟེན་འབྱུང་ཟུང་འཇུག་མཉམ་པ་ཉིད། །རྡོ་རྗེ་ནམ་མཁའ་དག་པའི་དབྱིངས་ལྟ་བུ། །འགྱུར་མེད་དོན་དམ་བདེན་པའི་མཚན་ཉིད་ནི། །གློ་བུར་ཀུན་རྟོག་སྤྲོས་དང་མཛའ་བ་མིན། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་མཆོག །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞེས་རྒྱལ་བས་བསྔགས། །དངོས་གནས་འཕགས་པའི་ཡེ་ཤེས་སྤྱོད་ཡུལ་མོད། །རྗེས་མཐུན་ཟབ་མོའི་གནས་ལ་ཡིད་ཆེས་པའི། །བརྒྱུད་པའི་མན་ངག་ལྡན་འགའི་སྤྱོད་ཡུལ་ལས། །རྟོག་གེའི་རིག་ལམ་སྐམ་པོས་ཕིག་མི་འགྱུར། །དོན་དམ་ངོས་ན་སྲིད་ཞི་མཉམ་གཉིད་ཕྱིར། །དགག་སྒྲུབ་ཡོད་མེད་སྟོང་དང་མི་སྟོང་དང་། །རྟག་དང་མི་རྟག་དག་དང་མ་དག་སོགས། །གཉིས་ཆོས་སྤྲོས་པའི་མཚན་མ་མ་དམིགས་ཀྱང་། །ཀུན་རྫོབ་ཐ་སྙད་སྣང་ཚུལ་བསླུ་མེད་ངོར། །ཟབ་མོའི་བློ་དང་ལྡན་རྣམས་འདི་སྐད་སྨྲ། །འཁོར་འདས་ཆོས་ཀུན་ཡེ་ནས་མཉམ་པ་ཉིད། །འཆིང་གྲོལ་ལས་འདས་གདོད་ནས་སངས་རྒྱས་ཀྱང་། །དེ་ལྟར་མ་རྟོགས་ཀུན་རྫོབ་འཁྲུལ་པའི་དྲིས། །ཇི་ལྟར་ནོར་བུ་འདམ་གྱིས་གཡོགས་པ་བཞིན། །དེ་བསལ་སླད་དུ་ཐུབ་པ་ཆེན་པོ་ཡིས། །ཐབས་ལ་མཁས་པས་དང་པོའི་ལས་ཅན་ལ། །སྡུག་བསྔལ་ཀུན་འབྱུང་འགོག་ལམ་སྤང་གཉེན་ཚུལ། །བདེན་བཞིའི་ཆོས་ཀྱིས་དང་པོར་སྨིན་པར་མཛད། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད། །སྟོང་ཞིང་བདག་མེད་སྤྲོས་མཚན་ཀུན་བྲལ་བ། །རྣམ་མཐར་གསུམ་ལྡན་སྟོང་པ་ཉིད་ཀྱི་ཚུལ། །བློ་ཆེན་བྱང་སེམས་འཁོར་ལ་བར་དུ་བསྟན། །རིགས་ཁམས་བདེ་གཤེགས་སྙིང་པོ་འདུས་མ་བྱས། །ཟབ་ཞི་སྤྲོས་བྲལ་སྐུ་དང་ཡེ་ཤེས་དབྱིངས། །པད་ནང་སྐུ་དང་བུམ་ནང་སྒྲོན་སོགས་དཔེས། །ཡོངས་སྨིན་རྒྱལ་སྲས་མཆོག་ལ་ཐ་མར་གསུངས། །དེ་དོན་ས་བཅུའི་དབང་ཕྱུག་མ་ཕམ་དང་། །དཔལ་ལྡན་ཀླུ་ཡི་བསྟོད་ཚོགས་གཞུང་སོགས་ལས། །ལེགས་བཀྲལ་ཤིང་རྟའི་རིང་ལུགས་ཟླ་མེད་པ། །ཀུན་མཁྱེན་ཆོས་རྗེའི་དགོངས་པའི་རྒྱ་མཚོར་བསྐྱིལ། །འདི་ལ་སྣང་སྟོང་ཕྱོགས་རེའི་ཁས་ལེན་བྲལ། །མཐར་འཛིན་གྲུབ་མཐའི་ཞེན་པས་བསླད་པ་མེད། །སྣང་སྟོང་ཟུང་འཇུག་དོན་ལ་མཉམ་པ་ཉིད། །རྟག་ཆད་དྲྭ་བ་འཇོམས་པའི་སྨན་ཆེན་ཡིན། །ཚུལ་འདིར་དྲང་ངེས་འདོད་ཚུལ་ཆེས་མང་ཡང་། །སྟོན་མཆོག་རང་གིས་བདེན་གསུང་སེང་གེའི་སྒྲས། །གསལ་བར་བསྟན་ཕྱིར་ངེས་དོན་བསྙོན་མེད་གྲུབ། །མཐར་ཐུག་རྡོ་རྗེ་ཐེག་པར་གསལ་ཞིང་རྫོགས། །གཉུག་སེམས་ཕྲ་བའི་སྒོ་གསུམ་རྡོ་རྗེ་གསུམ། །ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ཞེས། །གཞི་ལམ་འབྲས་བུའི་ཡེ་ཤེས་གསུམ་སོགས་སུ། །ཇི་སྙེད་དབྱེ་བའང་ཚུལ་འདི་ལས་གཞན་མིན། །སྟོང་པའི་དབྱིངས་དང་འདུ་འབྲལ་མེད་པ་ཡི། །ཡེ་ཤེས་རང་གསལ་ཟག་མེད་འབྲས་ཆོས་ཀུན། །ཉི་མཁའ་བཞིན་དུ་གདོད་ནས་འབྲལ་མེད་པ། །འགྲོ་བ་ཀུན་གྱི་སེམས་ཀྱི་ཆོས་ཉིད་ཡིན། །དེ་ལྟ་ནའང་ཐོག་མ་མེད་དུས་ནས། །གློ་བུར་མ་རིག་སྒྲིབ་པས་གཡོགས་པའི་ཕྱིར། །ནུས་པའི་ཡོན་ཏན་ཇི་བཞིན་མི་མངོན་པ། །རལ་གྲི་ཤུབ་དང་མེ་ལོང་སྒྲོམ་ཆུད་དང་། །ནོར་བུར་ཤུན་བཅས་ལ་སོགས་དཔེ་ཡིས་མཚོན། །འདི་ཡོད་མངོན་རྟགས་སྲིད་ལ་སྐྱོ་བ་དང་། །མྱང་འདས་སྒྲུབ་འདོད་འགྲོ་ལ་སྙིང་རྗེའི་ཤུགས། །སྟོང་ཉིད་ལ་དགའ་ཤེས་རབ་སྐྱེ་འགྱུར་གྱི། །གཞན་དུ་རྒྱུ་མེད་འབྲས་བུ་གང་ལས་འབྱུང་། །ཐེག་མཆོག་རིགས་སད་བདག་རྐྱེན་དགེ་བཤེས་ལས། །བྱང་ཆུབ་སེམས་བསྐྱེད་ཚོགས་གཉིས་གོམས་པའི་མཐུས། །མེད་སྣང་གློ་བུར་དྲི་མ་བྱང་རིམ་བཞིན། །ལམ་ལྔའི་ཡོན་ཏན་རིམ་གྱིས་སྣང་ཚུལ་སྟོན། །དེ་ལྟར་ན་ཡང་སྙིང་པོའི་བཞུགས་ཚུལ་ལ། །བསལ་བཞག་འཕེལ་འབྲི་མེད་དེ་གདོད་ནས་དག །སྔ་ཕྱི་ཁྱད་མེད་འགྱུར་མེད་ཆོས་ཉིད་དེ། །ངེས་དོན་མདོ་རྒྱུད་མན་ངག་དགོངས་པ་གཅིག །མཐར་ཐུག་སྒྲིབ་པའི་ས་བོན་གཏན་སྤངས་ཚེ། །ཇི་ལྟར་ཤུབ་ཐོན་རལ་གྲིས་གཅོད་སོགས་བཞིན། །མཁྱེན་གཉིས་ལ་སོགས་ཡེ་ཤེས་བསམ་མི་ཁྱབ། །ཆོས་གཟུགས་ཡོན་ཏན་ནམ་མཁའི་མུ་ཁྱུད་བརྡལ། །དེ་ལྟ་ནའང་བྲལ་བའི་འབྲས་ཙམ་ལས། །བསྐྱེད་བྱེད་རྒྱུ་ཡིས་གསར་དུ་སྒྲུབ་པ་མིན། །ཡང་དག་དོན་ལ་སྤངས་རྟོགས་ཐ་མི་དད། །མཐར་ཐུག་སངས་རྒྱས་ཞེས་བྱའི་སྒྲ་དོན་འབྲེལ། །དེས་ན་ཀུན་རྫོབ་ཆོས་ཀུན་གློ་བུར་པ། །སྔོན་མེད་ཕྱིས་མེད་བར་འདིར་མེད་བཞིན་སྣང་། །འདུས་བྱས་རང་བཞིན་སྐྱེ་ཞིང་འཇིག་པའི་ཆོས། །མི་རྟག་སྟོང་པ་གློག་སྤྲིན་འབབ་ཆུ་བཞིན། །དོན་དམ་འོད་གསལ་ཆོས་དབྱིངས་འདུས་མ་བྱས། །སྐྱེ་འགག་གནས་དམིགས་འགྲོ་འོང་སྤྲོས་མཚན་བྲལ། །ཡེ་ཤེས་རང་གསལ་ཉི་དང་མཁའ་བཞིན་དུ། །ཡེ་ནས་འབྲལ་མེད་དུས་གསུམ་འཕོ་འགྱུར་བྲལ། །དེ་ཕྱིར་གློ་བུར་དག་གིས་ཁམས་སྟོང་གི། །བླ་མེད་ཆོས་ཀྱིས་སྟོང་པ་མིན་ཞེས་གསུངས། །འདི་ནི་གནས་སྣང་མཐུན་དང་མི་མཐུན་ལ། །བདེན་གཉིས་འཇོག་པ་ཐ་སྙད་ཚད་མའི་ལུགས། །ཚུལ་འདིས་དོན་དམ་འོད་གསལ་སྙིང་པོའི་ཁམས། །དུས་གསུམ་འཕོ་འགྱུར་མེད་ཕྱིར་མི་བསླུ་བདེན། །ཀུན་རྫོབ་འཁྲུལ་བའི་ཆོས་ཀུན་མི་བདེན་བརྫུན། །དེ་ལྟར་ཤན་འབྱེད་སྨྲ་བ་མཁས་པའི་ཚུལ། །ཟག་མེད་དབྱིངས་ལ་ཡོན་ཏན་མེད་གྱུར་ན། །འབྲས་བུའི་ཆོས་ཀུན་མི་བདེན་བརྫུན་པར་འགྱུར། །དེ་ལྟར་ན་ནི་མཐར་ཐུག་ཆོས་སྐུ་ཡི། །སྒྲ་དོན་ཙམ་ཡང་རྙེད་པར་དཀའ་མིན་ནམ། །གལ་ཏེ་སྔར་མེད་ལམ་གྱིས་གསར་བསྒྲུབས་ན། །འདུས་བྱས་ཡིན་ཕྱིར་དེ་ཉིད་མི་རྟག་འགྱུར། །འདོད་ན་མེད་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །དམ་པའི་དོན་གྱི་སྐྱབས་གནས་གང་དུ་འཚོལ། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་སོགས་ཀྱི། །ཡང་དག་ཚད་མའི་ལུང་དང་མི་འགལ་ལམ། །གསར་དུ་བསྐྱེད་པའི་ཉི་ཚེའི་འབྲས་བུ་དེ། །མཉམ་ཉིད་ཡེ་ཤེས་རྡོ་རྗེར་ཇི་ལྟར་འགྱུར། །གནས་ཚུལ་ངོས་ན་ཡོན་ཏན་ཀུན་ལྡན་ཡང་། །སྣང་ཚུལ་འཁྲུལ་བས་བསྒྲིབས་ལ་འགལ་བ་ཅི། །ཇི་ལྟར་ཉི་མ་སྤྲིན་གྱིས་བསྒྲིབས་པའམ། །མཁྲིས་ནད་ཅན་གྱི་དུང་ལ་སེར་སྣང་བཞིན། །ཚུལ་འདིས་འཁྲུལ་གྲོལ་གཞི་ལམ་འབྲས་ཀུན་འཐད། །དེ་ལྟ་མིན་ན་འགྲོ་ཀུན་འབད་མེད་དུ། །གྲོལ་ལམ་ཡང་ན་སུ་ཡང་གྲོལ་མི་སྲིད། །དེ་ཕྱིར་ལམ་ལ་འབད་ཀུན་དོན་མེད་འགྱུར། །དེས་ན་རང་བཞིན་རྣམ་དག་ཡིན་པའི་ཕྱིར། །གློ་བུར་དྲི་མ་ལམ་གྱིས་བསལ་བྱས་པས། །དག་པ་གཉིས་ལྡན་མཐར་ཐུག་ཆོས་གཟུགས་ཀྱི། །ཡོན་ཏན་མུ་མཐའ་མེད་པ་མངོན་བྱེད་འགྱུར། །དེ་ཕྱིར་ཆོས་དབྱིངས་རང་བཞིན་རྣམ་དག་གཙང་། །དུས་གསུམ་འཕོ་འགྱུར་མེད་པས་རྟག་པ་ཆེ། །འགྱུར་བཅས་ཟུག་རྔུ་བྲལ་བས་བདེ་བའི་མཆོག །སྲིད་ཞི་ཀུན་ཁྱབ་དམ་པའི་བདག་ཀྱང་ཡིན། །འདི་ནི་མུ་སྟེགས་བདག་དང་མི་འདྲ་སྟེ། །ཟབ་གསལ་གཉིས་མེད་སྤྲོས་མཚན་གདོད་ནས་དག །སྣང་སྟོང་ཟུང་འཇུག་འཕགས་པའི་སྤྱོད་ཡུལ་མཆོག །མདོ་རྒྱུད་ཀུན་གྱི་ལྟ་བའི་ཡང་སྙིང་ཡིན། །སྟོང་པར་གཞིག་ཀྱང་འདི་ཡི་ཆོས་ཉིད་དེ། །སྣང་བར་བསྒྲུབས་ཀྱང་འདི་ཡི་རང་བཞིན་དངོས། །ཇི་ལྟར་གཞལ་ཡང་ཆོས་དབྱིངས་གཅིག་ཏུ་འབབས། །རང་སྟོང་གཞན་སྟོང་དགག་སྒྲུབ་བྱ་མི་དགོས། །བློ་བྲལ་འདི་ལ་བློ་ཡིས་དཔྱད་དུ་ཅི། །ཡིད་དཔྱོད་གྲུབ་མཐའི་འཆིང་བ་དེས་ཅི་བྱ། །ཐུན་མིན་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས། སྣང་སྲིད་དག་མཉམ་བདེན་གཉིས་དབྱེར་མེད་ཅེས། །འདི་ལྟར་འཁོར་འདས་ཆོས་རྣམས་ཇི་སྙེད་པ། །བྱེད་པོ་གཞན་ན་མེད་དེ་རང་གི་སེམས། །སེམས་ཉིད་གདོད་ནས་རྣམ་དག་མཉམ་པ་ཉིད། །མཉམ་ཉིད་ཀློང་དུ་མ་དག་རྡུལ་ཙམ་ཅི། །དེ་ལས་ཤར་བའི་ཕུང་སོགས་ཆོས་རྣམས་ཀུན། །དག་པ་ཆེར་གྱུར་གསེར་དང་གསེར་རྒྱན་བཞིན། །གདན་གསུམ་ཡོངས་རྫོགས་ལྷ་ཡི་འཁོར་ལོ་མཆོག །སྣང་སྤྱོད་ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ། །ཉོན་མོངས་རྣམ་དག་ཡེ་ཤེས་ཆེན་པོ་སྟེ། །སྡུག་བསྔལ་མིང་མེད་ཀ་དག་མཉམ་པའི་ཀློང་། །ཐམས་ཅད་ལྷུན་མཉམ་འོད་གསལ་གཉུག་མའི་བབས། །རང་ཤར་རང་གྲོལ་སྤང་བླང་མཚན་མ་བྲལ། །དེ་ལྟར་རྟོགས་ན་མ་དག་བཙལ་ཀྱང་ཅི། །གཟུགས་སྣང་གྲོལ་ལོ་ལྷ་སྐུའི་ཕྱག་རྒྱ་ཆེ། །སྒྲ་གྲགས་གྲོལ་ལོ་གཞོམ་མེད་རྡོ་རྗེའི་སྒྲ། །དྲན་རྟོག་གྲོལ་ལོ་གང་ཤར་ཡེ་ཤེས་ཆེ། །ཐམས་ཅད་གྲོལ་ལོ་ཆོས་ཉིད་མཉམ་པའི་བབས། །མཉམ་ཉིད་ཀློང་དུ་མ་གྲོལ་ཆོས་མེད་པས། །སྣང་སྲིད་ཡེ་སངས་རྒྱས་པའི་ལྟ་བར་བཤད། །དེ་ལྟར་ཤེས་པའི་སྔགས་སྤྱོད་བློ་ཆེན་གྱིས། །སྣང་བཅས་སྣང་མེད་བསྐྱེད་རྫོགས་གང་བསྒོམས་ཀྱང་། །ཆོས་ཉིད་དངོས་པོའི་གནས་ཚུལ་མ་འཁྲུལ་པའི། །ཡང་དག་དོན་རེག་འབྲས་བུ་ལམ་བྱེད་གྲུབ། །དེ་ལྟར་མ་ཤེས་བོང་བ་གསེར་སྒོམ་བཞིན། །དོན་ལ་མིན་ཀྱང་བློ་ཡིས་བཅོས་སྙམ་སོགས། །གཞི་འབྲས་འགལ་བའི་ལྟ་སྤྱོད་བཅོས་མ་བརྒྱས། །གནས་ཚུལ་ཡང་དག་དོན་ལ་རེག་པ་མིན། །མདོར་ན་རྡོ་རྗེའི་ལུས་ལ་གནད་བསྣུན་སོགས། །ཐབས་ལ་བརྟེན་ནས་དཔེ་ཡི་ཡེ་ཤེས་ཀྱིས། །དོན་གྱི་ཡེ་ཤེས་བཙན་ཐབས་འདྲེན་བྱེད་པའི། །རྡོ་རྗེ་ཐེག་པའི་ལམ་གྱི་ཟབ་པའི་གནད། །ཀུན་གྱི་མཐའ་ནི་འདིར་ཐུག་གཞན་དུ་མིན། །ཁྱད་པར་ཀ་དག་ལྷུན་གྲུབ་ཟུང་འབྲེལ་བའི། །ཡེ་ཤེས་མངོན་བྱེད་རྫོགས་པ་ཆེན་པོའི་ཚུལ། །བདེ་གཤེགས་སྙིང་པོའི་རང་བཞིན་ཇི་ལྟ་བར། །གཏན་ལ་འབེབས་བྱེད་ཐེག་རྩེ་བླ་མེད་པའོ། །དེ་སྐད་ཟུང་འཇུག་གྲུབ་པའི་ལམ་འདི་ལ། །མི་ཕྱེད་མོས་པ་རྡོ་རྗེ་ལྟར་བརྟན་པའི། །བྱ་བྲལ་རྒན་པོས་མདོ་ཙམ་བརྗོད་པ་སྟེ། །དགེ་བས་ངེས་དོན་ལམ་བཟང་སྣང་གྱུར་ཅིག །ཅེས་པའང་ཟུང་འཇུག་གྲུབ་པའི་རྡོ་རྗེར་འབོད་པའི་ཀུ་སཱ་ལིས་སྨྲས་པ་དགེ།


previousརྡོ་རྗེ་ཐེག་པའི་ལམ་གྱི་ཟབ་པའི་གནད། next