Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགེ་བའི་བཤེས་གཉེན་གུ་ཎའི་མཚན་ཅན་གྱི་ཐུགས་བཞེད་སྐོང་ཕྱིར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགེ་བའི་བཤེས་གཉེན་གུ་ཎའི་མཚན་ཅན་གྱི་ཐུགས་བཞེད་སྐོང་ཕྱིར། next

དགེ་བའི་བཤེས་གཉེན་གུ་ཎའི་མཚན་ཅན་གྱི་ཐུགས་བཞེད་སྐོང་ཕྱིར།

༄༅། །དགེ་བའི་བཤེས་གཉེན་གུ་ཎའི་མཚན་ཅན་གྱི་ཐུགས་བཞེད་སྐོང་ཕྱིར། རྒྱལ་བས་བསྔགས་པའི་རྩོད་བྲལ་སྤྲུལ་པའི་སྐུ། །བློ་གྲོས་མཐའ་ཡས་ཡོན་ཏན་རྒྱ་མཚོའི་གཏེར། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ལ། །གུས་པས་སྐྱབས་མཆི་བདག་རྒྱུད་བྱིན་གྱིས་རློབས། །ཀྱེ་ལགས་དེང་སང་སྙིགས་མའི་མཐའ་ལ་ཐུག །ཕྱི་སྣོད་མི་རྟག་ལོ་རེ་ལོ་རེས་ཞན། །ནང་བཅུད་མི་སྤྱོད་ཟླ་རེ་ཟླ་རེས་འགྱུར། །གང་ལ་བལྟས་ཀྱང་ཡིད་བརྟན་ཕེར་བ་ཅི། །སྙིགས་དུས་འགྲོ་བའི་བསམ་སྦྱོར་ཕྱིན་ཅི་ལོག །ལེགས་ལམ་མི་དྲན་ཉེས་དགུ་འབའ་ཞིག་དྲན། །གང་སྤྱོད་ངན་སོང་རྒྱུ་འབྲས་ཁོ་ན་ཉིད། །འདི་ལ་བསམ་ན་སྐྱོ་བ་གཏིང་ནས་སྐྱེས། །སྟོན་ཆེན་རེ་ལ་མི་འདྲའི་གྲུབ་མཐའ་རེ། །མཁས་པ་རེ་ལ་མི་འདྲའི་བཤད་སྒྲོས་རེ། །སྒོམ་ཆེན་རེ་ལ་མི་འདྲའི་སེམས་འཛིན་རེ། །སྔགས་སྤྱོད་རེ་ལ་མི་འདྲའི་གཏེར་ཆོས་རེ། །གྲུབ་ཐོབ་རེ་ལ་མི་འདྲའི་མཛད་སྤྱོད་རེ། །གང་ཟག་རེ་ལ་མི་འདྲའི་ཆོས་སྐད་རེ། །མ་བརྟགས་ཉམས་དགའ་བརྟགས་ན་ཐེ་ཚོམ་གཞི། །ཕལ་ཆེར་སྔོན་བྱོན་དམ་པའི་ལུང་དང་འགལ། །འོན་ཀྱང་གང་ཟག་རྒྱུད་ཚོད་གང་ཟག་གིས། །བཟུང་བར་མི་རུང་རྒྱལ་བ་མཆོག་གིས་གསུངས། །དེ་ཕྱིར་བསྟོད་སྨད་རྗེས་སུ་འཇུག་བྱ་མིན། །བཏང་སྙོམས་བཞག་ལེགས་ཉེས་པས་གོས་མི་འགྱུར། །ཉམས་ལེན་ནུས་ན་སྙིང་ཐིག་རྣམ་པ་བཞི། །འཆད་སྤེལ་ནུས་ན་མདོ་སྒྱུ་སྒྲུབ་སྡེ་བརྒྱད། །ཐོས་བསམ་ནུས་ན་ཀུན་མཁྱེན་ཡབ་སྲས་སོགས། །སྔོན་བྱོན་མཁས་གྲུབ་ཚད་མའི་གསུངས་རྣམས་ཡོད། །གཞན་ལ་རེ་བའི་འགྲམ་ཆུ་ལྡང་མི་དགོས། །གངས་ལྗོངས་ལྷ་གཅིག་འཕགས་པ་སྤྱན་རས་གཟིགས། །བླ་མའི་སྐལ་བ་གུ་རུ་པདྨ་འབྱུང་། །ཡིད་ཆེས་དད་པས་སྐྱབས་བཟུང་གསོལ་བཏབ་ན། །མཆོག་དང་ཐུན་མོང་དངོས་ཀུན་འདི་ཡིས་སྩོལ། །རྒྱལ་བའི་ཆོས་ཚུལ་ཟབ་དགུའི་སྙིང་པོའི་བཅུད། །གདམས་ངག་ཐོང་བཤོལ་སྟོང་གི་རྨོད་གནས་ཀྱང་། །བདག་འཛིན་ཉོན་མོངས་ཐ་བ་འདི་ལགས་པས། །གཉེན་པོས་འདུལ་སྦྱོང་བརྩོན་ཅིག་དགེ་བའི་བཤེས། །ངེས་པར་འབྱུང་བའི་བློ་མིག་ཟུམ་གྱུར་ན། །འཇིག་རྟེན་ཆོས་བརྒྱད་སྲིན་མོའི་བསླུ་བྲིད་ཀྱིས། །ངན་འགྲོའི་ལྕགས་ཁྱིམ་དོ་རར་འཆིང་ཉེ་བས། །ཞེན་ལོག་རྟ་མཆོག་ཞོན་ཅིག་དགེ་བའི་བཤེས། །དག་སྣང་དགེ་བའི་དམིག་བུས་བཏང་གྱུར་ན། །ཆོས་སྤངས་གཡང་ས་གདུག་པའི་གཅོང་རོང་དུ། །ཁོམ་མིན་རྦ་ལ་གཡེངས་པའི་ཉེན་ཆེ་བས། །དད་བརྒྱའི་མིག་ཡངས་བསྐྱེད་ཅིག་དགེ་བའི་བཤེས། །ཚུལ་ཁྲིམས་རྙོག་མར་གྱུར་པའི་རྫིང་བུ་རུ། །ཡོན་ཏན་ཟླ་གཟུགས་འཛིན་པའི་སྐབས་མེད་ཕྱིར། །བག་ཡོད་ཀེ་ཏ་ཀ་ཡི་ནོར་བུ་ཡིས། །བསླབ་གསུམ་བྱི་དོར་གྱིས་ཤིག༴ ཐོས་བསམ་ལམ་རྒྱུས་མེད་པའི་མཉེན་པ་ཡི། །ཉི་ཚེའི་ལམ་གྱིས་ཐར་གླིང་འཁྲིད་རློམ་ཡང་། །ལམ་གོལ་རྒྱ་མཚོའི་ཀློང་སྒོར་བྱིང་ཉེན་པས། །མཚན་ལྡན་དེད་དཔོན་ཚོལ་ཅིག༴ བྱམས་དང་སྙིང་རྗེའི་འདབ་གཤོག་ཉམས་པའི་བྱ། །སྟོང་ཉིད་མཁའ་ལ་ལྟ་བའི་མིག་རྣོ་ཡང་། །ཉན་རང་ས་ལས་འཕགས་པའི་སྐབས་མེད་པས། །སྙིང་རྗེའི་གཤོག་ཡངས་རྐྱངས་ཤིག༴ རྒྱུད་ཚོད་མི་རྟོག་ཀུན་སྤྱོད་ས་བླ་རུ། །གཤེགས་སྙམ་དྲག་ཤུལ་གོམས་པའི་འདེགས་འཇོག་གིས། །ཉམས་པ་ཆེན་པོའི་གཡང་སར་ལྷུང་ཉེ་བས། །ཚོགས་གཉིས་ངལ་སྟེགས་ཆོས་ཤིག༴ ལྷག་མཐོང་རིག་སྔགས་རྩི་ཡིས་མ་ཟིན་པའི། །ཞི་གནས་དངུལ་ཆུ་འཐུང་ལ་རྟག་བརྩོན་ན། །སྲིད་རྩེའི་ཟུག་རྔུ་བསྐྱེད་ལས་གཞན་དུ་མིན། །རང་གྲོལ་བཅུད་ལེན་བརྟེན་ཅིག༴ དད་པའི་བརླན་བཅུད་བྲལ་བའི་བྱིན་ཟའི་གཞིར། །ཉམས་རྟོགས་འདབ་སྟོང་བཀྲ་བ་སྲིད་མིན་ཕྱིར། །ཡིད་ཆེས་དད་པའི་གསོལ་འདེབས་དབྱར་གྱི་རྔས། །ཐུགས་རྗེའི་སྤྲིན་ཕུང་བསྐུལ་ཅིག༴ སྟོང་ཉིད་སྙིང་རྗེའི་ཡོངས་བསྔོ་གྲུབ་པའི་རྩིས། །ཟིན་མིན་དགེ་ཚོགས་རྡོ་ཡི་སྙིང་པོའི་ཁམས། །རྣམ་མཁྱེན་གསེར་དུ་འགྱུར་བའི་སྐབས་མེད་པས། །དམ་པ་གསུམ་དང་འགྲོགས་ཤིག༴ ཚོགས་བསགས་སྒྲིབ་སྦྱོང་དམན་པའི་རིང་ལམ་ཞེས། །རྩྭ་བཞིན་དོར་བའི་ལུགས་ཤིག་དེང་སང་དར། །ཚོགས་རྫོགས་སྒྲིབ་བྱང་མིན་པའི་སངས་རྒྱས་ཞིག །མདོ་སྔགས་གང་ནས་བསྟན་འདུག་མཁས་ལ་དྲིས། །ཉམས་ལེན་འཇུག་སྒོ་དད་དང་ངེས་འབྱུང་ཡིན། །ཉམས་ལེན་དངོས་གཞི་སྟོང་ཉིད་སྙིང་རྗེ་ཟབ། །ཉམས་ལེན་བོགས་འདོན་བླ་མར་མོས་གུས་གཅེས། །ཉམས་ལེན་འབྲལ་མེད་དྲན་ཤེས་སོ་པ་བསྟེན། །ཉམས་ལེན་མཐར་འདོན་བརྩོན་འགྲུས་ལྕག་གིས་བྲོབ། །ཉམས་ལེན་འཆུག་མེད་ཕྱིན་དྲུག་ལམ་ལ་སློབ། །འདི་ནི་ཐེག་ཆེན་ལམ་གནད་རྩ་བ་ཡིན། །འདི་བཞིན་མཛོད་དང་འཕྲལ་ཡུན་ཀུན་ཏུ་དགེ། །འདི་ལས་ལྷག་པའི་ཉམས་ལེན་ཡོད་མི་དགོས། །འདི་ལ་ཐུགས་དམ་མཛོད་ཅིག་དགེ་བའི་བཤེས། །དེ་སྐད་ཆོས་མེད་དྲེད་པོ་པད་རྣམ་གྱིས། །དགེ་བའི་བཤེས་གཉེན་གུ་ཎའི་མཚན་ཅན་གྱི། །ཐུགས་བཞེད་སྐོང་ཕྱིར་གང་དྲན་ཐོལ་བྱུང་སྨྲས། །དགེ་བས་འགྲོ་ཀུན་རྣམ་གྲོལ་མངོན་བྱེད་ཤོག །
༄༅། །བླ་མ་ལ་ཕྱག་འཚལ་ལོ། །ཀ་ལའི་རྒྱན་དུ་འཆི་སྐྲ་དཀར་པོ་ཟུག །ཁ་ཡི་སོ་དོན་བཞིན་བྱད་གཉེར་མས་གང་། །ག་རུ་ཕྱིན་ཀྱང་ཀུན་གྱི་ཡིད་མི་འོང་། །ང་རོས་བོས་ཀྱང་གྲོགས་ཀྱིས་ཨང་མི་སྟེར། །ཅ་རེ་བལྟས་ཀྱང་མི་མཐོང་ར་རིའི་གཟུགས། །ཆ་ནས་བསྒྲིམས་ཀྱང་མི་དྲན་ཐོམ་ཡེ་རེ། །ཇ་སོགས་བྲོ་བ་མི་མྱོང་གྲང་ཉོག་གེ། །ཉ་ཤིང་ཁོང་བུད་སེམས་རྒྱུད་སྐྱོ་ཆད་དེ། །ཏ་ལའི་སྡོང་ལྟར་དྲང་པོའི་ལུས་ཀྱང་སྒུར། །ཐ་དག་འདོད་པ་སྒྲུབ་པའི་བློ་མཐུ་ཟད། །ད་དུང་སེམས་ཀྱིས་མ་བཟོད་འོ་དོད་འབོད། །ན་གཞོན་བྱིས་པའི་ཚོགས་ཀྱི་ཅོ་འདྲིའི་གཙེས། །པ་པཾ་ཁུར་གྱིས་ནོན་པས་སེམས་མ་བདེ། །ཕ་རོལ་འཆི་བ་དྲན་པས་སྙིང་རྩ་འདར། །བ་སྤུ་གྱེན་ལངས་མིག་འབྲས་ཁོང་དུ་དིབ། །མ་རུངས་ཡི་དྭགས་གཟུགས་འདྲའི་མི་སྡུག་བཞིན། །ཙ་རེ་ཁ་ཆུ་མཆིལ་མས་སྐྱུག་བྲོའི་གནས། །ཚ་གྲང་མ་སྙོམ་འདུ་འཁྲུགས་ཟུག་རྔུས་ནོན། །ཛ་ཁུ་ཛི་རེད་ཧུ་དང་ཕུ་འདེབས་བཞིན། །ཝ་རྒན་གལ་ལ་ཚུད་འདྲའི་ཚོར་བས་གཟེར། །ཞ་ལོང་ལྐུག་འཐོམ་མལ་ནས་ལྡང་མི་ནུས། །ཟ་འཐུང་མི་ཞུ་གཅིན་རྟུག་མལ་ན་འཆོར། །འ་འུར་འཆི་ཆོས་དྲན་ཡང་འཕྱིས་ནས་མེད། །ཡ་མ་ར་ཛས་ཟིན་ཚེ་ཅི་ཙུག་བྱེད། །ར་མདའ་དཀོན་མཆོག་སྦྲན་ན་མི་ལེགས་སམ། །ལ་འུར་བརྩོན་པས་བྱང་ཆུབ་མ་བསྒྲུབས་ན། །ཤ་ཡི་ཆུ་བུར་ནམ་རྡོལ་ཆ་ཡོད་དམ། །ས་གསུམ་བླ་མ་གཤེགས་པའི་ལམ་ལ་ཞུགས། །ཧ་ལ་ལྟ་བའི་ལོག་འཚོར་མ་གཡེངས་པར། །སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་བྱང་ཆུབ་སེམས། །ཨ་རུ་རྣམ་རྒྱལ་ལྟ་བུའི་སྨན་ཆེན་གྱིས། །བདག་འཛིན་ཁོང་སྐྲན་གཞིག་ལ་བརྩོན་པར་མཛོད། །ཅེས་པའང་པདྨ་བི་ཛས་སོ། །


previousདགེ་བའི་བཤེས་གཉེན་གུ་ཎའི་མཚན་ཅན་གྱི་ཐུགས་བཞེད་སྐོང་ཕྱིར། next