Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འབྲོང་བ་རྡོར་ཤུལ་སྟོད་མའི་དཔོན་པོའི་བཞེད་སྐོང་དུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའབྲོང་བ་རྡོར་ཤུལ་སྟོད་མའི་དཔོན་པོའི་བཞེད་སྐོང་དུ། next

འབྲོང་བ་རྡོར་ཤུལ་སྟོད་མའི་དཔོན་པོའི་བཞེད་སྐོང་དུ།

༄༅། །འབྲོང་བ་རྡོར་ཤུལ་སྟོད་མའི་དཔོན་པོའི་བཞེད་སྐོང་དུ། ༀ་སྭསྟི། ཆོས་དབྱིངས་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས། །ཐུགས་རྗེའི་ཆར་གྱིས་རྣམ་གྲོལ་མྱུ་གུའི་ཚོགས། །སྐྱེད་མཛད་དྲིན་ཆེན་བླ་མར་ཕྱག་བྱས་ནས། །ཁྱེད་གསུང་མི་ལྡོག་བསླབ་བྱ་མདོ་ཙམ་བྲི། །ངོ་བོ་རྒྱུ་རྐྱེན་དཔེ་གྲངས་གང་བསམས་ཀྱང་། །ཤིན་ཏུ་རྙེད་དཀའ་ཡིད་བཞིན་ནོར་འདྲའི་རྟེན། །སྔོན་བསགས་བཟང་པོས་ལན་གཅིག་ཐོབ་དུས་འདིར། །ཆོས་མིན་བྱ་བས་རང་མགོ་མི་བསྐོར་འཚལ། །ཕྱི་སྣོད་འཇིག་རྟེན་དུས་བཞིའི་འགྱུར་ལྡོག་ངོམ། །ནང་བཅུད་འགྲོ་ཀུན་སྐྱེ་རྒ་ན་འཆིའི་གཙེས། །གསང་བ་ཕུང་ལྔའི་ཚོགས་པ་རྒུད་ཅིང་རྙིང་། །ཚུལ་འདིར་དགོངས་ལ་ངེས་འབྱུང་བློ་སྣ་སྟུངས། །མ་རིག་གཟུང་འཛིན་ལྕགས་སྒྲོག་དམ་པོ་ཡིས། །ཐོག་མེད་དུས་ནས་སྲིད་པའི་བཙོན་རར་བཅིངས། །སྡུག་བསྔལ་འགྱུར་དང་འདུ་བྱེད་ཆད་པས་མནར། །ད་དུང་ཐར་པའི་སྐབས་མེད་སྐྱོ་བ་སྐྱེད། །དཔེར་ན་ས་བོན་མངར་ཁ་གང་བཏབ་པར། །འབྲས་བུ་མི་འཁྱོལ་དེ་དེར་སྨིན་པ་བཞིན། །ནམ་ཡང་མི་བསླུ་རྒྱུ་འབྲས་ཟབ་མོའི་ཚུལ། །རྒྱལ་བ་བདེན་པར་སྨྲ་བའི་གསུང་མཛོད་ལགས། །ཀུན་སློང་ཆགས་སྡང་རྨོངས་པས་མ་བསླད་པར། །འདིར་ཡང་བདེ་ལ་ཕྱི་མར་ཕན་པ་ཡི། །ལས་ཀྱི་ལམ་དེ་འབད་པས་སྒྲུབ་བྱ་ཞིང་། །དེ་ལས་ལྡོག་རྣམས་དུག་བཞིན་སྤོང་འཚལ་ལོ། །བྱམས་དང་སྙིང་རྗེས་འབངས་འཁོར་བུ་བཞིན་སྐྱོངས། །མ་བརྟགས་སྤྱོད་སྤོངས་དམ་པའི་ཚུལ་ལ་གནས། །དགེ་བཅུའི་ཁྲིམས་སྲོལ་ཉེ་འཁོན་མེད་པར་ལྕི། །བཟང་པོའི་ངོ་བསྟོད་ངན་པ་སྨ་འབེབས་འཚལ། །གཙུག་ལག་ཀུན་སྦྱངས་དགེ་བའི་གྲོགས་དང་འགྲོགས། །དྲང་པོའི་ཁར་ཉན་གཡོན་ཅན་ཁར་མི་རྒྱུག །ཀུན་ལ་ཕན་འདོགས་འཁོན་འཛིན་འགྲས་མི་ཚོལ། །འབངས་འཁོར་འདུན་མ་དགེ་བའི་ལམ་ལ་དྲངས། །སྲིད་པའི་གཅོང་ནད་གཞིལ་བྱེད་ལེགས་གསུངས་ཆབ། །གངས་ལྗོངས་དད་བསོད་ཡོལ་གོར་བསྐྱིལ་བ་ལས། །གསར་རྙིང་གྲུབ་མཐའི་དབྱེ་བ་མང་ཙམ་བྱུང་། །ཀུན་ལ་དག་སྣང་བསྐྱེད་པ་གནད་དུ་ཆེ། །སྲིད་དང་ཞི་བའི་འཇིགས་པ་ཀུན་སྐྱོབ་པའི། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་སྡེར། །ཁྱེད་ཤེས་དད་པས་སྐྱབས་སུ་འགྲོ་བ་འདི། །ནང་པ་སངས་རྒྱས་པ་ལ་མེད་ཐབས་མེད། །འགྲོ་རྣམས་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །རྣམ་མཁྱེན་སངས་རྒྱས་ཐོབ་འདོད་བྱང་ཆུབ་སེམས། །རྒྱུ་དང་འབྲས་བུར་དམ་བཅའ་སྨོན་འཇུག་ཚུལ། །ཐེག་ཆེན་ལམ་རྩ་ཡིན་པས་བསྐྱེད་འཚལ་ལོ། །བསླབ་བྱ་མང་ཡང་བསྡུ་ན་རྣམ་པ་གསུམ། །སྲོག་ལ་བབས་ཀྱང་སྨོན་སེམས་མི་འདོར་ཞིང་། །གཞན་གནོད་གཞི་དང་བཅས་པ་སྤོང་བ་དང་། །གཞན་ཕན་ཡོངས་སུ་སྒྲུབ་ལ་འདུ་བ་ལགས། །ཐོག་མ་མེད་ནས་སྲིད་པར་འཆིང་བའི་རྒྱུ། །ལས་དང་ཉོན་མོངས་སྒྲིབ་གཉིས་དྲི་མའི་དཔུང་། །སྦྱོང་བྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཟབ། །དེ་ཡང་སྟོབས་བཞིའི་དམིགས་གནད་ཚང་བ་གཅེས། །ཚོགས་བསགས་སྙིང་པོ་མཎྜལ་འབུལ་བ་སྟེ། །དེ་ཡང་རྒྱུ་ཚོགས་བཀོད་པ་ཁྱད་འཕགས་པས། །སྒོ་གསུམ་གཅིག་དྲིལ་ཅི་འབྱོར་མཆོད་ཚོགས་སྤུངས། །ཞེན་འཛིན་མེད་པས་དཀོན་མཆོག་གསུམ་ལ་འབུལ། །བྱིན་རླབས་འཇུག་བྱེད་བླ་མའི་རྣལ་འབྱོར་སྒོམས། །བླ་མ་སངས་རྒྱས་དངོས་མཐོང་མོས་གུས་ཀྱིས། །ཁྱེད་ཤེས་དད་པས་གསོལ་བཏབ་དབང་བླངས་ནས། །ཐུགས་ཡིད་དབྱེར་མེད་བསྲེས་ལ་མཉམ་བཞག་གཅེས། །བོད་ཀྱི་ལྷ་སྐལ་ཕྱག་ན་པདྨོ་ཡིན། །སྙིང་པོ་ཡི་གེ་དྲུག་མ་ལས་ཟབ་མེད། །སྒོ་གསུམ་རྡོ་རྗེ་གསུམ་དུ་གསལ་ཐོབ་ལ། །བཟླས་པ་ཆུ་བོའི་རྒྱུན་བཞིན་བརྩོན་པར་མཛོད། །གངས་ལྗོངས་བླ་མའི་སྐལ་བ་པདྨ་འབྱུང་། །རྣམ་ཐར་བཀའ་དྲིན་ཡོན་ཏན་བསམ་མི་ཁྱབ། །གསོལ་བ་བཏབ་ན་མཆོག་ཐུན་དངོས་གྲུབ་འབྱུང་། །དེ་ཕྱིར་དེ་ལ་བློ་སྙིང་བྲང་གསུམ་གཏོད། །བདེ་གཤེགས་ཚེ་འོད་ཡེ་ཤེས་དཔག་མེད་ཀྱི། །ཐུགས་བསྐྱེད་སྨོན་པའི་ཁྱད་པར་དུ་མ་ཡིས། །ཆེས་འཕགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །སྐྱེ་བ་འཛིན་པའི་སྨོན་ལམ་གདབ་པ་གཅེས། །དེར་སྐྱེ་རྒྱུ་བཞི་སྟོན་པས་བཀའ་སྩལ་ཏེ། །ཡང་ཡང་ཞིང་བཀོད་ཡིད་ལ་བྱེད་པ་དང་། །བསོད་ནམས་ཡེ་ཤེས་ཚོགས་མཆོད་ངོམས་མེད་བསགས། །བྱང་ཆུབ་སེམས་བསྐྱེད་སྨོན་ལམ་གདབ་པའོ། །མདོར་ན་ཁྱོད་བློ་དགེ་ལ་གཞོལ་བྱ་སྟེ། །དགེ་བ་དེ་ཡང་སྦྱོར་བ་སེམས་བསྐྱེད་དང་། །དངོས་གཞི་དམིགས་མེད་རྗེས་སུ་བསྔོ་བ་སྟེ། །དམ་པ་གསུམ་གྱི་རྩི་ཡིས་ཟིན་པར་མཛོད། །ཚུལ་འདི་དམ་པ་ཟུང་གི་བཞེད་སྐོང་དུ། །བྲིས་པའི་དགེ་བས་ཁྱེད་ལ་སོགས་པ་ཡི། །འགྲོ་རྣམས་ལས་ཉོན་འཆིང་བའི་རྒྱ་གྲོལ་ནས། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པའང་ཆོས་སྲིད་ཕྲིན་ལས་ཀྱི་ཡལ་འདབ་རྣམ་པར་བཀྲ་བ་འབྲང་བ་རྡོར་ཤུལ་སྟོད་མའི་དཔོན་བསྟན་པ་དང་། ཕྲིན་ལས་སེར་སྐྱ་ཟུང་གི་བཞེད་སྐོང་དུ་ཞེ་ཆེན་རྒྱལ་ཚབ་སྤྲུལ་མིང་པ་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོས་བྱང་སྤུ་ཐོག་གཞུང་གི་ཚུགས་སོར་གང་དྲན་ཤར་མར་བྲིས་པ་དགེ།


previousའབྲོང་བ་རྡོར་ཤུལ་སྟོད་མའི་དཔོན་པོའི་བཞེད་སྐོང་དུ། next