Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཨང་ཡིག་བཅུ་བདུན་གྱི་གླུ་ཆུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཨང་ཡིག་བཅུ་བདུན་གྱི་གླུ་ཆུང་། next

ཨང་ཡིག་བཅུ་བདུན་གྱི་གླུ་ཆུང་།

༄༅། །ཨང་ཡིག་བཅུ་བདུན་གྱི་གླུ་ཆུང་། ཤེས་རབ་སྙིང་རྗེ་ཟུང་འབྲེལ་བས། །སྲིད་ཞིའི་མཐའ་ལ་མི་གནས་པའི། །རྣམ་གྲོལ་ཡོན་ཏན་རྒྱ་མཚོའི་གཏེར། །གདོད་མའི་མགོན་ལ་ཕྱག་འཚལ་ལོ། །དལ་འབྱོར་རྙེད་དཀའ་ཐོབ་ལགས་ཀྱང་། །མི་རྟག་འཆི་བ་མྱུར་དུ་འོང་། །འཆི་ཚེ་ཆོས་ལས་ཕན་པ་མེད། །ཆོས་མིན་བྱ་བ་སྤོངས་ཤིག་ཨང་། །འགྲོ་ཀུན་རང་དོན་སྒྲུབ་པས་ཕུང་། །ཐུབ་པ་གཞན་དོན་མཛད་པས་འཚེངས། །སྲིད་པའི་རྩ་བ་བདག་འཛིན་ཡིན། །རང་འདོད་འགོང་པོ་ཐུལ་ཅིག་ཨང་། །ཡོན་ཏན་གཞི་མ་ཚུལ་ཁྲིམས་ཡིན། །སངས་རྒྱས་བྱང་ཆུབ་སེམས་ལས་འཁྲུངས། །འབྲས་ཆོས་ཐུན་མིན་གསང་བ་སྔགས། །སྡོམ་གསུམ་འགལ་མེད་སྲུངས་ཤིག་ཨང་། །ཐོས་པས་མ་རིག་མུན་པ་སེལ། །བསམ་པས་ཉོན་མོངས་དགྲ་བོ་ཆོམས། །སྒོམ་པས་འོད་གསལ་གཏེར་ཁ་འབྱེད། །རྣམ་གསུམ་གཅིག་ཏུ་དྲིལ་ཅིག་ཨང་། །ཉམས་རྟོགས་བྱིན་རླབས་སྟོབས་ལས་ཤར། །དེ་ཡི་རྩ་བ་མོས་གུས་ཡིན། །རྗེ་ལ་སངས་རྒྱས་དངོས་མཐོང་བའི། །གསོལ་འདེབས་ཐུན་བཞིར་སྒོམས་ཤིག་ཨང་། །ཆོས་ཀུན་རྩ་བ་རང་གི་སེམས། །མ་རིག་རྣམ་རྟོག་འཁོར་བའི་རྒྱུ། །རྟོགས་ན་ལྷན་སྐྱེས་ཕྱག་རྒྱ་ཆེ། །ཆོས་སྐུའི་རང་མདངས་སྐྱོངས་ཤིག་ཨང་། །དགག་སྒྲུབ་འཛིན་བློ་མ་སྐྱེད་པར། །འོད་གསལ་གཉུག་མའི་ངང་དུ་ཀློད། །གང་ཤར་ཕྱག་རྒྱ་ཆེན་པོའི་ངང་། །ཡེ་ཤེས་རྒྱུན་ཆད་མེད་དོ་ཨང་། །བདེ་གསལ་མི་རྟོག་ཉམས་ཞེན་ཅན། །ཁམས་གསུམ་འཁོར་བའི་ས་བོན་ཡིན། །གཉུག་མ་རང་གནས་གཟུང་འཛིན་བྲལ། །མཐོང་མེད་ཚུལ་གྱིས་མཐོང་ངོ་ཨང་། །རྣམ་རྟོག་ཉོན་མོངས་བདེ་སྡུག་དང་། །ན་ཚ་རྐྱེན་ངན་ཤི་གསོན་སོགས། །གང་ཤར་རང་ངོར་བལྟས་པས་གྲོལ། །རོ་སྙོམས་ལམ་དུ་ཁྱེར་ཅིག་ཨང་། །ཕྱག་རྫོགས་དབུ་གསུམ་ལ་སོགས་པའི། །གྲུབ་མཐའི་ཆོས་སྐད་མང་ལགས་ཀྱང་། །ངེས་དོན་མཐར་ཐུག་གཅིག་ཏུ་འབབས། །མ་བཅོས་གཉུག་མར་ཀློད་ཅིག་ཨང་། །འདིར་སྣང་ཆོས་བརྒྱད་ཆོམ་དང་གཅིག །དབེན་གནས་རི་ཁྲོད་འགྲིམ་དང་གཉིས། །དད་བརྩོན་ཤེས་རབ་འཛོམས་དང་གསུམ། །སྒྲུབ་ལ་མེད་ཐབས་མེད་དོ་ཨང་། །མོས་གུས་ལྟེམ་རྐྱང་མེད་དང་གཅིག །གདམས་ཟབ་སྒྲོ་འདོགས་ཆོད་དང་གཉིས། །སྣང་བ་ཐད་ཀར་གཅོད་དང་གསུམ། །རྟོགས་པ་སྐྱོངས་ལ་དགོས་སོ་ཨང་། །དག་སྣང་ཕྱོགས་མེད་འབྱོངས་དང་གཅིག །གང་བྱུང་ལམ་དུ་ཁྱེར་དང་གཉིས། །ཐམས་ཅད་སྤྱི་བོས་ཁུར་དང་གསུམ། །རྒྱལ་ཁམས་འགྲིམ་ལ་དགོས་སོ་ཨང་། །རང་འདོད་འཁྲི་བ་ཆོད་དང་གཅིག །གཞན་ཕན་གཡོ་ཟོལ་མེད་དང་གཉིས། །བསྡུ་བཞིའི་ལག་ལེན་མཁས་དང་གསུམ། །ཚོགས་པ་སྐྱོངས་ལ་དགོས་སོ་ཨང་། །སྦྱོར་བ་སེམས་བསྐྱེད་བཟང་དང་གཅིག །དངོས་གཞི་འཁོར་གསུམ་རྟོག་མེད་གཉིས། །རྗེས་ལ་བྱང་ཆུབ་ཡོངས་བསྔོ་གསུམ། །བྱང་ཆུབ་སྒྲུབས་ལ་དགོས་སོ་ཨང་། །བདེན་གཉིས་གནས་ལུགས་ཤེས་དང་གཅིག །སྟོང་ཉིད་སྙིང་རྗེར་འབྲེལ་དང་གཉིས། །ཚོགས་གཉིས་ཟུང་དུ་འཇུག་པ་གསུམ། །རྒྱལ་བ་དགྱེས་པའི་ལམ་ཡིན་ཨང་། །གསོག་ན་འཕགས་པའི་ནོར་བདུན་སོག །འདུལ་ན་རང་རྒྱུད་ཉོན་མོངས་ཐུལ། །སྐྱོང་ན་བླ་མའི་རྣམ་ཐར་སྐྱོངས། །བྱ་རྒྱུ་དེ་ལས་མེད་དོ་ཨང་། །ཨང་ཡིག་བཅུ་བདུན་གླུ་ཆུང་འདི། །རྒྱལ་ཁམས་བསྐོར་བའི་སྙོམ་ལས་པས། །རང་གཞན་དྲན་པའི་གསོས་སུ་བྲིས། །དགེ་བས་འགྲོ་ཀུན་སྨིན་གྲོལ་ཤོག །ཅེས་པའང་སྙོམ་ལས་པ་པདྨ་བི་ཛས་ཤངས་ཟབ་ལུང་མི་ཚོར་གཉེན་གྱི་ཕུག་པའི་འདབས་ཞོལ་དུ་ཉམས་ལ་ཤར་ནས་བྲིས་པ་དགེ།
༄༅། །ཀ་དག་ལྟ་བ་རྟོགས་པའི་རྦད་ཁམས་ནི་ཆེན་པོས། །ཁ་མཁས་མི་ལ་གཏོང་བར་དགའ་མོ་རང་འདུག་སྟེ། །ག་ལེར་ནང་དུ་རྟོགས་དང་གོ་རྒྱུ་ཞིག་ཡོང་གི། །ང་བདག་འཛིན་པ་ཐུལ་ལམ་སྙིང་གྲོགས་ཀྱི་ཚོགས་རྣམས། །ཅ་ག་ནོར་རྫས་འགུགས་པའི་བློ་སྟོབས་ནི་ཆེན་པོས། །ཆ་ལུགས་ཆོས་ལྟར་བཅོས་པའི་ཆོས་བརྒྱད་ཀྱི་ཞགས་པས། །ཇ་དང་རིན་ཆེན་ལོག་འཚོའི་རྙེད་པ་དེ་འདུ་མོད། །ཉ་ར་བྱེད་རྒྱུའི་སྡོམ་གསུམ་རྣམ་དག་དེ་འདུག་གམ། །ཏ་མིང་རྒྱལ་པོའི་མངའ་ཐང་ལོངས་སྤྱོད་ཀྱིས་འབྱོར་ཡང་། །ཐ་ཆད་སེམས་ལ་ངོམས་པའི་དུས་སྐབས་ཤིག་མེད་པས། ད་ལྟ་ཉིད་ནས་རང་སེམས་གྱོང་པོ་འདི་ཐུལ་ལ། །ན་འཆིའི་གཙེས་ཚེ་ཕན་པའི་ལྷ་ཆོས་ཤིག་མཛོད་ཨང་། །པ་ར་མི་ཏའི་གཞུང་དང་གསང་སྔགས་ཀྱི་ལམ་སྲོལ། །ཕ་མཆོག་བླ་མའི་ལུང་བཞིན་འགལ་མེད་དུ་སྤྱོད་ཅིག །བ་གླང་རྭ་ལྟར་བདེན་གཉིས་འགལ་བ་རུ་འཛིན་ན། །མ་རིག་གཉིས་འཛིན་གཟེབ་ནས་བདེན་མཐོང་དེ་དཀའོ། །ཙཱ་གངས་{གོང}གནས་ཆེན་འགྲིམ་པའི་གྲོགས་མཆེད་ཀྱི་ཚོགས་རྣམས། །ཚ་གྲང་ངལ་དུབ་བཟོད་ནུས་གོ་ཆ་ཞིག་མེད་ན། །ཛ་ལང་བཙན་ལས་ཆེ་བའི་གཤིས་ངན་དེ་འགྲན་ཚེ། །ཝ་སྐྱེས་ལྤགས་སྔོན་ལྟ་བུའི་ཉམས་དམས་དེ་འོང་སྲིད། །ཞྭ་གོས་འཕྱོར་ཆས་ངོམས་པའི་རྫིག་རྫིག་འདྲ་མེད་ཀྱང་། །ཟ་མ་ལྟོ་འགྲང་ཙམ་འདི་སྔོན་བསགས་ཀྱི་འབྲས་བུ། །འ་ཅག་ཇི་ལྟར་བྱས་རུང་སྐྱིད་པོ་རུ་འདུག་པས། །ཡ་རབས་སྦྱོད་པས་གནས་བསྐོར་དོན་ལྡན་རེ་མཛོད་ཅིག །ར་བ་གངས་རིས་མཛེས་པ་མདོ་སྨད་ཀྱི་ལྗོངས་ནས། །ལ་ལུང་བགྲོད་དཀའི་འཕྲང་བསྒྲལ་ལྷོ་མོན་གྱི་ལྗོངས་སུ། །ཤ་ཟན་གདོལ་ཕྲུག་ཚོགས་རྣམས་བདེ་བླག་ཏུ་བསླེབས་ཟིན། །ས་ཐག་རིང་པོ་མིན་གྱིས་དབུས་གཙང་ལ་ཆས་འགྲོ། །ཧ་ཧ་ཉམས་མཚར་ཀླུ་དབྱངས་ཀ་སྨད་ཀྱི་ཕྲེང་བ། །ཨ་གྲོ་བན་ཆུང་མགྲིན་པའི་རྒྱུད་མངས་ལས་དྲངས་སོ། །དུས་གསུམ་ཀུན་ཏུ་དགེ་བའི་ཤིས་བརྗོད་ཀྱི་མེ་ཏོག །དཀོན་མཆོག་རིན་ཆེན་གསུམ་གྱིས་དེང་འདིར་རུ་སྩོལ་ཅིག །
༄༅། །རྗེ་རྫོགས་པའི་སངས་རྒྱས་མི་གཟུགས་ཅན། །མགོན་བློ་གྲོས་མཐའ་ཡས་ཞབས་ལ་འདུད། །མི་བདག་དང་བདག་འདྲ་སྙིགས་མའི་འགྲོ། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །ཀྱེ་ལེགས་པར་གསོན་དང་བཞིན་བཟང་པོ། །ཁྱེད་ཁ་སེང་གདམས་ངག་དགོས་སོ་ཞེས། །ནན་ཏན་གྱིས་བསྐུལ་མོད་བཏང་སྙོམས་ལུས། །དུས་དེ་རིང་ཉམས་ལ་ཤར་ནས་སྨྲ། །ཚེ་དགོང་ཀའི་ཉི་བཞིན་ཕར་ཕར་འགྲོ། །དགྲ་འཆི་བདག་གྲིབ་སོ་ཚུར་ཚུར་འོང་། །ལང་ཚོ་ཡི་མེ་ཏོག་ཡུད་ཀྱིས་རྙིང་། །དུས་དོ་ནུབ་འཆི་འམ་སུ་ཡིས་ཤེས། །སྟོབས་མངའ་ཐང་ཆེ་ཡང་སྡོད་དབང་མེད། །ནོར་ལོངས་སྤྱོད་ཕྱུག་ཀྱང་བསླུ་མི་ནུས། །གཉེན་ཉེ་བ་མང་ཡང་བཤོལ་མི་ཐེབས། །དཔའ་དཔུང་ཚོགས་འཛོམས་ཀྱང་བརྒལ་མི་ནུས། །ཤགས་སྨྲ་ལྕེ་བདེ་ཡང་ལན་མི་ཐེབས། །བློ་ཤེས་རྒྱ་ཆེ་ཡང་གྲོས་མི་བཏུབ། །སིབ་སིབ་ཀྱི་མཆི་མའི་ཆར་གཡོ་བཞིན། །རིག་རིག་གི་ཉེ་དུའི་གདོང་ལ་བལྟ། །ལྡབ་ལྡིབ་{བརྡབ་རྡིབ}ཀྱི་གཏམ་གྱི་ཐ་མ་སྨྲ། །ངར་ངར་གྱི་དབུགས་ཀྱི་ཕྲེང་བ་བརྩེགས། །ལུས་སེམས་ཀྱི་ཚོགས་པ་སོ་སོར་བྲལ། །རྣམ་ཤེས་ཁོ་རྟེན་མེད་གཅིག་པུར་འཁྱམས། །ནོར་ལོངས་སྤྱོད་རྣམས་དང་གཏན་བྲལ་བྱས། །གཉེན་ཉེ་བའི་གྲོགས་དང་རྒྱབ་ཀྱིས་གྱེས། །འཇིགས་རུང་གི་མུན་པས་མདུན་ནས་བསུ། །ལས་རླུང་དམར་དྲག་པོས་རྒྱབ་ནས་དེད། །བཟོད་དཀའ་བའི་བར་དོའི་གཡང་ལ་ལྷུང་། །དབང་མེད་དུ་གཤིན་རྗེའི་ཁྲིམས་རར་ཚུད། །དགེ་སྡིག་གི་ཞལ་ལྕེ་གཅོད་པའི་ཚེ། །ལས་དགེ་བ་མ་བསགས་ཁྱེར་དབང་མེད། །སྡིག་མི་དགེ་བྱས་ཟིན་བསྐྱུར་མི་གཏུབ། །ངན་སོང་གི་སྡུག་བསྔལ་བཟོད་གླགས་མེད། །དུས་དེ་ཚེ་འགྱོད་ཀྱང་ཅི་བྱར་ཡོད། །དུས་ད་ལྟ་རང་དབང་རང་ལ་ཡོད། །མགོན་བདེ་བར་གཤེགས་པའི་བསྟན་དང་མཇལ། །མཚན་ལྡན་གྱི་དགེ་བའི་བཤེས་ཀྱིས་ཟིན། །ཆོས་གདམས་ངག་གང་འདོད་ཐོབ་དུས་འདིར། །མི་བསམ་ཤེས་ཡོད་ན་ལྷ་ཆོས་མཛོད། །གཏན་འདུན་མ་ལེགས་ཉེས་ད་རེས་ཡིན། །བློ་གཏད་ས་དཀོན་མཆོག་གསུམ་ལ་གྱིས། །སྡིག་མི་དགེའི་ལས་རྣམས་དུག་བཞིན་སྤོངས། །སྔར་བྱས་ཀྱི་ལས་ལ་བཤགས་སྡོམ་གྱིས། །ལས་རྣམ་དཀར་ཚོགས་རྣམས་འབད་པས་སྒྲུབས། །གཞན་དགེ་བ་སྒྲུབ་ལ་ཡི་རང་ཕུལ། །མ་འགྲོ་དྲུག་ཡོངས་ལ་སྙིང་རྗེ་སྒོམས། །སྒོ་གསུམ་གྱི་ཕན་འདོགས་ཅི་ནུས་སྒྲུབས། །ལུས་ཐ་མལ་མ་སྡོད་ཕྱག་བསྐོར་རེམས། །ངག་ལོང་གཏམ་མ་མང་ཁ་བཏོན་འབུངས། །སེམས་ཡན་པར་མ་བཏང་ནང་དུ་ཁུག །མོས་གུས་དང་སྙིང་རྗེ་བྱང་སེམས་སྒོམས། །དུས་རྒྱུན་དུ་མ་བརྗེད་དྲན་ཤེས་བརྟེན། །ཅི་བྱེད་ཀུན་དགེ་བའི་ལམ་ལ་བསྒྱུར། །དགེ་ཚོགས་རྣམས་རྣམ་མཁྱེན་རྒྱུ་རུ་བསྔོས། །ཁྱེད་དེ་ལྟར་མཛད་ན་སྐལ་བར་ལྡན། །གཏན་འདུན་མ་ལེགས་པའི་ཕོ་རྒོད་ལགས། །ཚིག་དེ་སྐད་པདྨ་བི་ཛ་ཡས། །གཙང་བཀྲ་ཤིས་ལྷུན་པོའི་ཞོལ་དུ་སྨྲས། །དགེ་དེས་ཀྱང་རྨུ་རྒོད་འགྲོ་བ་རྣམས། །བློ་དམ་པའི་ཆོས་སུ་འགྲོ་བར་ཤོག །


previousཨང་ཡིག་བཅུ་བདུན་གྱི་གླུ་ཆུང་། next