Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མང་དུ་མ་ཐོས་ཤིང་ཤེས་རབ་ཞན་པ་རྣམས་ཀྱི་ཐུགས་ལ་བཅང་རྒྱུར།
   
   
   
   
   


 
previousམང་དུ་མ་ཐོས་ཤིང་ཤེས་རབ་ཞན་པ་རྣམས་ཀྱི་ཐུགས་ལ་བཅང་རྒྱུར། next

མང་དུ་མ་ཐོས་ཤིང་ཤེས་རབ་ཞན་པ་རྣམས་ཀྱི་ཐུགས་ལ་བཅང་རྒྱུར།

༄༅། །མང་དུ་མ་ཐོས་ཤིང་ཤེས་རབ་ཞན་པ་རྣམས་ཀྱི་ཐུགས་ལ་བཅང་རྒྱུར། སྲིད་མཚོར་མ་ཆགས་ཐར་པའི་སྐམ་ལ་གཤེགས། །ཞི་ལ་མ་ཞེན་འགྲོ་ལ་སྙིང་རྗེས་དགོངས། །འབྲེལ་ཚད་དོན་ལྡན་བསྟན་པའི་སྒྲོན་མེ་སྦར། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རང་མགོ་མི་ཐོན་གཞན་མགོ་འདོན་པར་རྩོམ། ཁས་ལེན་མང་ཡང་ལག་ལེན་གཅིག་ཀྱང་མེད། །བདག་དང་བདག་འདྲ་ཅོལ་ཆུང་སེམས་ཅན་རྣམས། །སེམས་རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །དེ་ཡང་བདག་ཉིད་དང་སྟབས་གཅིག་ཏུ་རྒྱུ་བའི་མང་དུ་མ་ཐོས་ཤིང་ཤེས་རབ་ཞན་པ་རྣམས་ཀྱི་ཐུགས་ལ་བཅང་རྒྱུར། རང་རེ་རྣམས་སྔོོན་བསགས་རྣམ་པར་དཀར་བའི་རྒྱུ་བྱས། སྨོན་ལམ་རྣམ་པར་དག་པའི་རྐྱེན་གྱིས་མཚམས་སྦྱར་ནས། ད་རེས་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། མཚན་ལྡན་གྱི་དགེ་བའི་བཤེས་ཀྱིས་ཟིན། ཟབ་པ་དང་རྒྱ་ཆེ་བའི་གདམས་ངག་ཐོབ། རང་དབང་རང་ལ་ཡོད་པའི་དུས་འདིར་ནམ་ཞིག་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པ་ཞིག་དགོས། དེའི་ཆེད་དུ་སྡིག་པ་སྤངས་ཅི་ནུས་དང་དགེ་བ་སྒྲུབ་ཅི་ནུས་ལ་འབད་དགོས། དེ་ཡང་སང་བྱ་གནང་བྱའི་དབང་དུ་ཕྱི་བཤོལ་དུ་མ་སོང་བ་གལ་ཆེ་སྟེ། སྐྱེས་བུའི་ཚེ་ནི་རི་གཟར་གྱི་འབབ་ཆུ་དང་འདྲ་སྟེ་མྱུར་དུ་འགྲོ། འཆི་བདག་གི་བདུད་ནི་དགོང་ཀའི་གྲིབ་སོ་དང་འདྲ་སྟེ་ཚུར་ཚུར་འོང་། བར་ཆད་ཀྱི་རྐྱེན་རྣམ་པ་སྣ་ཚོགས་ནི་སྟོན་གཞུག་གི་སེར་བུ་དང་འདྲ་སྟེ་གློ་བུར་དུ་ལྡང་། སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས་ངེས་པར་སྔོན་ལ་སུ་འབྱུང་ཆ་མེད་པས་སྡར་མའི་པང་དུ་སྦྲུལ་འཁྱིལ་བའམ། སྒེག་མོའི་མགོ་ལ་མེ་ཤོར་བ་བཞིན་དུ་ཆོས་ལ་བརྩོན་འགྲུས་དྲག་ཏུ་བསྐྱེད་དགོས། དགྲ་འཆི་བདག་བདུད་པོ་ཁོ་དྲུང་དུ་བསླེབས་ཚེ། མཐོན་པོའི་ཐོབ་ཀྱིས་མི་བསྐྱབ། དཔའ་བའི་དཔུང་གིས་མི་བཟློགམཛའ་བའི་གཉེན་གྱིས་མི་བཤོལ། བཙན་པོའི་རྫོང་གིས་མི་རྟེན། བསགས་པའི་ནོར་གྱིས་མི་བསླུས། ལྕེ་བདེ་བས་ཤགས་ཁ་མི་ཐེབས། བློ་ཤེས་རྒྱ་ཆེ་བས་མི་ཕན། རྒས་པ་རྣམས་འཆི་བ་ཡོལ་ཟེར་བ་ནི་མེད། གཞོན་པ་རྣམས་འཆི་མ་རན་ཟེར་བ་ནི་མེད། གཅེས་པ་རྣམས་འཆི་མི་བྲ་ཟེར་བ་ནི་མེད། དེ་དུས་རང་གི་རྗེས་སུ་འབྲང་བ་ནི་ལས་དགེ་སྡིག་གཉིས་ཁོ་ན་སྟེ། དགེ་བ་མ་བྱས་པར་ཁྱེར་དབང་ནི་མེད། སྡིག་པ་བྱས་ཟིན་པ་སྐྱུར་དབང་ནི་མེད། གཤིན་རྗེའི་ཁྲིམས་ལ་རྫུན་དང་ཕྱི་བཞག་ནི་མི་འོང་། སྡིག་པ་བྱས་པའི་འབྲས་བུས་ནི་འཁོར་བ་དང་ངན་སོང་གི་གནས་སུ་སྡུག་བསྔལ་ཡུན་རིང་ལ་དོས་དྲག་པོ་མྱོང་དགོས་ཏེ། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད། མི་སྐྱེ་རྒ་ན་འཆི། ལྷ་མིན་འཐབ་རྩོད། ལྷ་འཕོ་ལྟུང་སོགས་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱིས་དུས་རྒྱུན་ཆད་མེད་པར་མནར་བས། ད་ལྟ་ལུས་ལ་མེ་སྟག་ཕོག་པ་ཙམ་མམ། ནུབ་གཅིག་གི་དགོང་ལྟོ་བཅག་པ་ཙམ་ཡང་མི་བཟོད་ན། ངན་སོང་གི་སྡུག་བསྔལ་དྲག་པོས་མནར་ཚེ་ཅི་ཙུག་བྱེད། དེ་བས་ད་ལྟ་གར་འགྲོ་རང་དབང་ཡོད་དུས་མིག་ཡོད་གཡང་ལ་མི་མཆོང་བར་དམ་པའི་ཆོས་གཤའ་མ་ཞིག་སྙིང་ཐག་པ་ནས་སྒྲུབས་མཛོད། དམ་པའི་ཆོས་ཞེས་པ་དེ་ལ་དབྱེ་སྒོ་མཐའ་ཡས་པ་ཞིག་ཡོད་ཀྱང་རེ་ཞིག་ལས་དང་པོ་པའི་དབང་དུ་བྱས་ན་བླ་མ་དང་དཀོན་མཆོག་ལ་ཁ་ཞེ་མེད་པའི་དད་པ་མོས་གུས་ཀྱིས་གསོལ་འདེབས་དང་སྐྱབས་འགྲོ་ལ་འབུངས། གྲུབ་མཐའ་གང་ལའང་ཕྱོགས་ཞེན་ཆགས་སྡང་གི་བསམ་པས་འཕྱ་སྨོད་དང་བསྐུར་འདེབས་སོགས་ཆོས་སྤང་གི་ལས་མི་གསོག་པར་དག་སྣང་ཕྱོགས་མེད་དུ་སྦྱོངས། བླ་མ་དགེ་བའི་བཤེས་གཉེན་དང་གྲོགས་ཚངས་པར་སྤྱོད་པ་རྣམས་ཀྱི་སྐྱོན་ལ་མི་རྟོག་པར་ཡོན་ཏན་འབའ་ཞིག་བསམ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་གཞན་གནོད་གཞི་དང་བཅས་པ་སྤོངས། དངོས་བརྒྱུད་བསམ་སྦྱོར་ཀུན་གྱི་སྒོ་ནས་གཞན་ལ་ཕན་པ་ཅི་འགྲུབ་ཀྱིས་དགེ་ཚོགས་རྒྱུན་མི་ཆད་པ་སྒྲུབས། རང་དང་ཉེ་བ་ཐམས་ཅད་བློ་ཁ་དམ་པའི་ཆོས་ལ་ཅི་འགྱུར་ལས་དགེ་བའི་གེགས་སུ་མི་འགྲོ་བ་རེ་ཅིས་ཀྱང་གལ་ཆེ། ཁྱད་པར་སེམས་ཅན་འདི་ཐམས་ཅད་སྐྱེ་བ་ཐོག་མ་མེད་པ་ནས་རང་གི་ཕ་མ་བྱས་པའི་དྲིན་ཆེན་ཤ་སྟག་ཡིན་པས། དྲིན་དྲན་ཞིང་དྲིན་གཟོ་བའི་བསམ་པས་བདེ་བ་དང་བདེ་བའི་རྒྱུ་དགེ་བའི་ལམ་ལ་གནས་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བ་དང་བྲལ་འདོད་ཀྱི་སྙིང་རྗེ། སྡུག་བསྔལ་མེད་པའི་བདེ་བ་དམ་པ་ལས་དུས་ནམ་ཡང་མི་འབྲལ་བར་གནས་འདོད་ཀྱི་དགའ་བ། སྲིད་པའི་རྩ་བ་བདག་འཛིན་གྱིས་བསྐྱེད་པའི་ཉེ་རིང་ཆགས་སྡང་གི་བློ་ངན་དང་གཏན་དུ་བྲལ་འདོད་ཀྱི་བཏང་སྙོམས་བཅས་ཁ་ཞེ་མེད་པར་སྙིང་ཐག་པ་ནས་མྱོང་བ་ཐོན་ཐོན་དུ་སྒོམས། གཞན་ཡང་ལུས་ཀྱི་ལས་སུ་ཕྱག་དང་བསྐོར་བ། ངག་གི་ལུས་སུ་ཁ་བཏོན་དང་བཟླས་བརྗོད། ཡིད་ཀྱི་ལས་སུ་དད་པ་མོས་གུས་བྱམས་སྙིང་རྗེ་བསྐྱེད་རིམ་རྫོགས་རིམ་སོགས་རང་གི་བློ་ནུས་དང་བསྟུན་ནས་ཅི་འགྲུབ་སྒྲུབས། དགེ་བ་དེ་ཡང་ཐོག་མར་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་དགེ་ཚོགས་སྒྲུབ་སྙམ་པའི་སྦྱོར་བ་སེམས་བསྐྱེད། བར་དུ་གང་བསྒྲུབ་རྒྱུའི་དགེ་བ། གང་གིས་སྒྲུབ་པའི་གང་ཟགགང་བསྒྲུབས་པའི་འབྲས་བུ་སོགས་འཁོར་གསུམ་བདེན་ཞེན་སྤངས་པ་དངོས་གཞི་དམིགས་མེད་ཀྱི་ཤེས་རབ། རྗེས་དགེ་བའི་འབྲས་བུས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་པ་མཇུག་བསྔོ་བ་སྟེ། དམ་པ་གསུམ་གྱིས་རྩིས་ཟིན་པར་མཛོད་ལ་རང་རྒྱུད་ཆོས་དང་ཅི་འདྲེས་མཛད་འཚལ། རེ་ཞིག་གི་ཉམས་ལེན་དེ་བཞིན་མཛོད་དང་སླད་ནས་ཁ་ཙམ་མིན་པ་སྙིང་ཐག་པ་ནས་ཉམས་ལེན་བྱེད་མཁན་བྱུང་ན་བསྐྱེད་རྫོགས་རྫོགས་ཆེན་སོགས་ངེས་དོན་ཟབ་མོའི་ཁྲིད་རིམ་རྣམས་ཀྱང་རིམ་པ་བཞིན་བྱེད་ཆོག་པ་ལགས། སྲིད་ལས་ངེས་འབྱུང་ཐར་བ་དོན་གཉེར་བློས། །སྡོམ་དང་དམ་ཚིག་ཁས་བླངས་རྣམ་པར་དག །སྟོང་ཉིད་སྙིང་རྗེ་ཚོགས་གཉིས་ཟུང་འབྲེལ་བའི། །རྒྱལ་བ་དགྱེས་པའི་ལམ་ལ་སློབ་པར་ཤོག །ཅེས་པའང་སྙོམ་ལས་པ་པདྨ་བི་ཛ་ཡིས་སོ། །


previousམང་དུ་མ་ཐོས་ཤིང་ཤེས་རབ་ཞན་པ་རྣམས་ཀྱི་ཐུགས་ལ་བཅང་རྒྱུར། next