Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
ལམ་རིམ་དང་མཐུན་པར་གདམས་པ་གྲོས་འདེབས་བདུད་རྩིའི་ཐིགས་ཕྲན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལམ་རིམ་དང་མཐུན་པར་གདམས་པ་གྲོས་འདེབས་བདུད་རྩིའི་ཐིགས་ཕྲན། next

ལམ་རིམ་དང་མཐུན་པར་གདམས་པ་གྲོས་འདེབས་བདུད་རྩིའི་ཐིགས་ཕྲན།

༄༅། །ཀོམུདྱམྲྀཏམཧཱམེབྷནཱམཀཎྛེཀྟཱཛྙཱསྭརགྲཱིབཱབིཤྭསྱསེནབིཧརཏིསྨ།
༄༅། །ལམ་རིམ་དང་མཐུན་པར་གདམས་པ་གྲོས་འདེབས་བདུད་རྩིའི་ཐིགས་ཕྲན་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི། རྒྱལ་བས་ལུང་བསྟན་རྩོད་བྲལ་སྤྲུལ་པའི་སྐུ། །མཛོད་ཆེན་རྣམ་ལྔའི་ཤིང་རྟའི་སྲོལ་འབྱེད་ཅིང་། །བདག་སོགས་འགྲོ་ཀུན་སྐྱོབ་མཛད་ཆོས་ཀྱི་རྗེ། །བློ་གྲོས་མཐའ་ཡས་ཞབས་ལ་ཕྱག་བྱས་ནས། །སྲིད་པའི་གནས་ལ་ཅུང་ཟད་ཡིད་སྐྱོ་བས། །རབ་དཀར་ལས་ལ་སྤྲོ་བའི་གྲོགས་པོ་ལ། །རྨོངས་པ་བདག་གིས་སྙིང་ནས་གྲོས་ཤིག་འདེབས། །སྙིང་གཏམ་ལགས་པས་སྙིང་དབུས་འཆང་བར་མཛོད། །ད་རེས་མི་ཁོམ་བརྒྱད་པོ་རབ་སྤངས་ནས། །རྨད་བྱུང་འབྱོར་བཅུའི་ཡོན་ཏན་ཚང་དུས་འདིར། །དོན་མེད་ཚེ་འདིའི་བྱ་བས་མི་གཡེང་བར། །སྙིང་ནས་བརྩོན་པས་བྱང་ཆུབ་སྒྲུབ་པར་མཛོད། །སྔོན་བསགས་རྣམ་པར་དཀར་བའི་ཚུལ་ཁྲིམས་རྒྱུ། །མཚམས་སྦྱོར་བཟང་པོའི་རྐྱེན་གྱིས་སྨིན་པའི་འབྲས། །ལན་གཅིག་དལ་འབྱོར་གྲུ་ཆེན་འཛིན་དུས་འདིར། །སྡུག་བསྔལ་སྲིད་པའི་མཚོ་ལས་བརྒལ་བར་མཛོད། །རྣམ་པར་འཁྲུག་པའི་ཆུ་གཏེར་རྦ་རླབས་རྩེར། །ཀུན་ཏུ་གཡེངས་པའི་གཉའ་ཤིང་བུ་ག་དང་། །རུས་{རུ}སྦལ་ལོང་བའི་མགྲིན་པ་འཕྲད་པ་བས། །མི་ལུས་ཐོབ་དཀའ་ལྷ་མིའི་སྟོན་པས་གསུངས། །འགྲོ་དྲུག་ནང་ནས་མི་ལུས་རྙེད་པ་དཀོན། །དེ་བས་ཆོས་ལ་སྤྱོད་པའི་སྐྱེས་བུ་ནི། །འཁོར་སྒྱུར་རྒྱལ་སྲིད་ཐོབ་ལས་ཆེས་ལྷག་པས། །དེ་རིང་ཉིད་ནས་བརྩོན་པས་ཆོས་མཛོད་ཅིག །གལ་ཏེ་ཚེ་འདིར་ཆོས་ཤིག་མ་འགྲུབ་ན། །ཕྱིས་ནས་དཀོན་མཆོག་མཚན་ཙམ་ཐོས་དཀའ་ཞིང་། །བླང་དོར་དམིགས་བུ་བྲལ་བའི་འབྲོག་དགོན་དུ། །རྣམ་པར་འཁྱམས་ཚེ་བདག་གིས་ཇི་ལྟར་བྱེད། །མཚན་ལྡན་དགེ་བའི་བཤེས་ཀྱིས་རྗེས་བཟུང་ཞིང་། །ཟབ་རྒྱས་གདམས་པའི་སྨན་ཆེན་ཐོབ་དུས་འདིར། །སྲིད་པའི་གཅོང་ནད་དྲག་པོ་མི་བསལ་ན། །སྲིད་པའི་ཁྱོན་ན་ཁྱོད་ལས་རྨོངས་པ་སུ། །དལ་འབྱོར་ཐོབ་ཀྱང་དོན་མེད་བྱ་བས་གཡེངས། །མི་རྟག་མངོན་སུམ་མཐོང་ཡང་རྟག་པར་མཛིན། །རྒྱུ་འབྲས་བསླུ་མེད་ཟེར་གྱིན་ཆོས་འགལ་སྒྲུབ། །དེང་སང་འགྲོ་འདི་མཐོང་ན་མི་སྐྱོ་སུ། །ལྷར་བཅས་འགྲོ་བའི་བསོད་ནམས་ཞིང་མཁའ་རུ། །ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པ་ཡི། །རྒྱལ་དང་རྒྱལ་སྲས་འཕགས་པའི་ཚོགས་རྣམས་ཀྱང་། །དལ་འབྱོར་རྟེན་ལ་བརྟེན་ནས་བདུད་རྩི་བརྙེས། །དེ་ཕྱིར་ལྷ་བས་ལྷག་པའི་རྟེན་མཆོག་ཅེས། །དཔལ་ལྡན་སྲས་བཅས་རྒྱལ་བས་ལེགས་བསྔགས་པའི། །རྙེད་དཀའ་དོན་ཆེན་ཡིད་བཞིན་ནོར་འདྲའི་ལུས། །སྔོན་བསགས་བཟང་པོས་ལན་གཅིག་རྙེད་དུས་འདིར། །གང་ཞིག་ལོང་བས་རིན་ཆེན་གཏེར་རྙེད་བཞིན། །དགའ་དང་གུས་དང་སྤྲོ་བའི་སེམས་བཅས་པས། །གཏན་གྱི་འདུན་མ་དེ་རིང་སྒྲུབ་འཚལ་ལོ། །ལྟག་ཆུ་བཅད་པའི་ཞབས་རྡོལ་རྫིང་བུ་བཞིན། །བསྣོན་པ་མེད་པར་རྟག་ཏུ་འབྲི་བའི་ཚེ། །བློ་བུར་འཆི་རྐྱེན་དུ་མས་རབ་གཙེས་པས། །དེ་རིང་ཙམ་ཡང་མི་འཆིའི་གདིང་ཡོད་དམ། །འདི་ལྟར་ཕྱི་སྣོད་སྟོང་གསུམ་འཇིག་རྟེན་ཡང་། །ཐ་མར་འབྱུང་བ་གསུམ་གྱི་གཡོ་འཕྲུལ་གྱིས། །རྡུལ་ཕྲན་ཙམ་ཡང་ལུས་པར་མི་འགྱུར་ན། །ཉམ་ཆུང་མི་ཡི་ལུས་འདི་ཅིས་མི་འཇིག །གང་ཞིག་ས་གསུམ་རྒྱུ་བའི་འགྲོ་བ་རྣམས། །ཐོག་མར་སྐྱེས་ནས་མཐར་གྱིས་མ་ཤི་བ། །མཐོང་ཐོས་ལྟ་ཅི་ཐེ་ཚོམ་ཡུལ་མིན་ན། །རྟག་འཛིན་སྤོངས་ལ་མྱུར་བར་ཆོས་མཛོད་ཅིག །བསོད་ནམས་བརྒྱ་ལས་གྲུབ་པའི་ཐུབ་དབང་སྐུ། །རྩྭ་མཆོག་དྲུང་དུ་ཐ་མའི་མཛད་པ་བསྟན། །རྒྱན་མཆོག་རྨད་བྱུང་ཆོས་རྒྱལ་ལོ་པཎ་རྣམས། །དེང་སང་གཏམ་གྱི་ལྷག་མར་གྱུར་འདིར་གཟིགས། །སྔོན་རབས་འགྲོ་བའི་བླ་མ་མཆོག་རྣམས་ཀྱིས། །ལེགས་གསུང་དྲི་མེད་བསྟན་མཆོག་ཉིན་བྱེད་ཀྱང་། །སྔོན་རབས་སྔོན་རབས་ནུབ་པའི་ཚུལ་སོམས་ལ། །ཉིན་མཚན་ཕྱེད་པར་ཉམས་ལེན་སྙིང་པོར་མཛོད། །ཀྱེ་མ་ཐུབ་བསྟན་ཉིན་བྱེད་ནུབ་ལ་ཉེ། །ལྷ་མིན་ཀླ་ཀློ་གདུག་པའི་གཟའ་སྐར་ངོམ། །སྐལ་ངན་དུས་ཀྱི་འཁྲུགས་རྩོད་ལྷག་པར་བདོ། །ཚུལ་འདིར་བསམ་ན་སྐྱོ་བ་མི་འཕེལ་ལམ། །འཆི་འོ་བསམ་པ་ཀུན་གྱིས་ཤེས་མོད་ཀྱང་། །རེ་ཞིག་མི་འཆི་སྙམ་པས་སྔར་ཕན་བསླུས། །ད་ནི་བློ་སྣ་བཙན་ཐབས་བསྟུངས་བྱས་ནས། །མྱུར་བར་མྱུར་བར་དམ་པའི་ཆོས་མཛོད་ཅིག །རིགས་གཟུགས་དབང་ཐང་སྟོབས་འབྱོར་ཆེས་མཐོ་ཡང་། །འཆི་བའི་ཚེ་ན་རང་གི་རྗེས་འབྲང་བ། དཀར་ནག་ལས་ལས་གཞན་ཡོད་མ་ཡིན་ན། །སྐྱེས་མོ་ཆེ་ལ་དམ་པའི་ཆོས་མཛོད་ཅིག །འཆི་བ་ལས་ཀྱང་སྐྱེ་བ་ཉམ་ང་སྟེ། །གྲོང་ཁྱེར་དྲུག་གི་འགྲོ་བ་གར་སྐྱེས་ཀྱང་། །འགྱུར་དང་འདུ་བྱེད་སྡུག་བསྔལ་ཆད་པ་ཡིས། །གོ་མཚམས་མེད་པར་གཙེས་པས་ཉམ་རེ་ཐག །ཁྱད་པར་དམྱལ་བའི་སྡུག་བསྔལ་དཔག་ཡས་ཏེ། །ཚ་དམྱལ་མེད་སྣང་སྡིག་སེམས་འཁྲུལ་ཤེས་ངོར། །རབ་འབར་ཞུགས་ཕུང་འཕྲོ་བའི་ལྕགས་སྲེགས་གཞིར། །བརྩེ་བྲལ་དམྱལ་སྲུང་དུ་མས་རབ་གཙེས་པའི། །ཡང་སོས་པ་དང་ཐིག་ནག་བསྡུས་འཇོམས་དང་། །ངུ་འབོད་ངུ་འབོད་ཆེན་པོ་ཚ་བ་དང་། །རབ་ཏུ་ཚ་བ་མནར་མེད་རིམ་བཞིན་དུ། །འོག་མ་འོག་མར་སྡུག་བསྔལ་བདུན་འགྱུར་མྱོང་། །གྲང་དམྱལ་གངས་དང་ཆབ་རོམ་མུན་ཁྲོད་དུ། །བུ་ཡུག་འཚུབ་མས་ཀུན་ཏུ་ཉེན་པའི་ལུས། །ཆུ་བུར་ཐོན་དང་ལྷག་པར་བརྡོལ་བ་ཅན། །ཨ་ཆུ་ཀྱི་ཧུད་སྨྲེ་སྔགས་རྟག་ཏུ་སྒྲོགས། །སོ་འཐམ་པ་དང་ཨུཏྤལ་པདྨ་དང་། །པདྨ་ཆེ་ལྟར་གས་པས་སྡུག་བསྔལ་ལོ། །ཉེ་འཁོར་རོ་མྱགས་མེ་འོབས་ཕྱི་སའི་འདམ། །རལ་གྲིའི་ནགས་དང་ཐལ་ཚན་ཆུ་བོ་དང་། །ཤལ་མ་ལ་རུ་སྡུག་བསྔལ་བཟོད་པར་དཀའ། །ཉི་ཚེ་གནས་དང་སྡུག་བསྔལ་ངེས་མེད་དེ། །མདོར་ན་རྩལ་ལྡན་སྐྱེས་བུ་སུམ་བརྒྱ་ཡིས། །ཤུགས་དྲག་རྣོ་མྱུར་མཚོན་གྱིས་བཏབ་པ་ཡིས། །སེམས་དམྱལ་སྡུག་བསྔལ་ཆུང་ངུའང་མཚོན་མིན་ཞིང་། །ལས་མ་རྫོགས་པར་གཞན་དུ་འཕོ་མི་འགྱུར། །གང་ཞིག་དྲན་དང་ཐོས་པ་ཙམ་གྱིས་ཀྱང་། །ཤིན་ཏུ་མི་བཟད་འཇིགས་པ་སྟེར་གྱུར་ན། །རྣམ་སྨིན་ཉམས་སུ་མྱོང་ཚེ་ཅི་བྱར་ཡོད། །དེ་བས་སྲིད་མཚོ་བརྒལ་ལ་བརྩོན་པར་མཛོད། །ཟས་སྐོམ་ཡིད་ལ་བཏགས་པའི་འགྲོ་བ་རྣམས། །ལུས་ཆེ་ཡན་ལག་ཆེས་ཕྲ་ལྟོ་བ་ཡངས། །མགྲིན་པ་རྟ་རྔ་རྒྱ་ཁབ་མིག་ཙམ་ཁ། །ཟས་སྐོམ་མི་རྙེད་བཀྲེས་སྐོམ་དུཿཁས་གཟིར། །ལྗོན་ཤིང་མེ་འབྲས་ཆུ་ཀླུང་ལ་སོགས་པ། །བལྟས་པ་ཙམ་གྱིས་དུག་གིས་སྐེམ་ནུས་ཤིང་། །མདག་མེ་འབར་དང་ངན་སྐྱུགས་ཟས་སུ་འཚལ། །ཟས་སྐོམ་ལྟོར་སོང་ཁོང་ནས་མེ་འབར་བས། །ནང་ཁྲོལ་ཀུན་ཚིག་མེ་ལྕེ་ཁ་སྒོར་ཕྱུར། །ཉམ་ངའི་གནས་སུ་བཤེས་བྲལ་ཉམ་ཐག་གོ། མཁའ་ལ་རྒྱུ་བ་འདྲེ་སྲིན་ཕོ་མོ་རྣམས། །བཀྲེས་སྐོམ་འཇིགས་སྐྲག་སྲོག་འཕྲོག་ནད་ཀྱིས་འཚེ། །གཞན་ལ་གནོད་འཆང་འདྲེ་འདུལ་མཁན་གྱིས་བཅོམ། །རྣམ་སྨིན་འབྲས་བུས་སླར་ཡང་ངན་འགྲོར་འཆིང་། །དཔྱིད་ཀྱི་ཆར་སྤྲིན་གཞོན་ནུ་གཡོ་བས་ཀྱང་། །དེ་ཡི་ལུས་ལ་མེ་ཡིས་ཟུག་རྔུ་སྟེར། །དགུན་དུས་ཉིན་བྱེད་ཟེར་གྱིས་རེག་པས་ཀྱང་། །ལས་ཀྱི་དབང་གིས་གྲང་བའི་སྡུག་བསྔལ་བསྐྱེད། །མདོར་ན་ཡི་དྭགས་སྡུག་བསྔལ་བཟོད་དཀའ་བ། །ལྔ་སྟོང་ཁྲིར་ཡང་ཉམས་སུ་མྱོང་དགོས་ན། །སེམས་ཤེས་སུ་ཞིག་འདི་ལ་འཇིགས་མི་བྱེད། །དེ་ཕྱིར་འདིའི་རྒྱུ་སྡིག་ལས་ལྡོག་འཚལ་ལོ། །དུད་འགྲོ་རྣམས་ནི་ཤིན་ཏུ་བླུན་རྨོངས་ཏེ། །བྱིང་གནས་ཆུ་གཏེར་ཆེན་པོ་བཞི་ཡི་ནང་། །གཅིག་གིས་གཅིག་ཟ་ཤིན་ཏུ་མི་བཟད་པ། །གླིང་བར་མུན་འཐུམ་ཉིད་ཤ་ཉིད་ཀྱིས་ཟ། །ཁ་འཐོར་འགྲོ་རྣམས་རྔོན་པས་སྲོག་ལ་རྒོལ། །བཀོལ་ཕྱིར་འདུལ་བ་འཛིན་པས་ཉམ་ཐག་སྟེ། །ཤ་དང་པགས་པ་རྭ་དང་རུས་པ་དང་། །མུ་ཏིག་སོགས་ཀྱི་ཆེད་དུ་འཆི་མང་ཞིང་། །བཀྲེས་སྐོམ་ཚ་གྲང་འཇིགས་སྐྲག་བཟོད་པར་དཀའ། །ཀླུ་རྣམས་བླུན་རྨོངས་ཕྱེད་མའི་བདེ་སྡུག་དང་། །གཅིག་པུར་གྲོགས་བྲལ་དབུལ་ཕོངས་བྱེ་ཚན་ཉེན། །ནམ་མཁའ་ལྡིང་དང་རིགས་སྔགས་མཁན་གྱིས་འཚེ། །སྣ་ཚོགས་སྡུག་བསྔལ་དུ་མས་རྟག་ཏུ་མནར། །དེ་བས་ངན་འགྲོའི་འཇིགས་ལས་གྲོལ་བའི་ཕྱིར། །མངོན་མཐོ་ངེས་ལེགས་ལམ་བཟང་ལ་ཞུགས་ནས། །དགེ་བའི་ཆོས་ཀྱིས་ཉིན་མཚན་འདའ་བར་མཛོད། །མཐོ་རིས་འཇིག་རྟེན་ན་ཡང་བདེ་མེད་དེ། །མི་རྣམས་སྡུག་བསྔལ་སྔ་མ་མ་སོང་སྟེང་། །ཕྱི་མ་ཕྱི་མས་ནོན་དང་འགྱུར་བ་དང་། །ཕྱི་མའི་སྡུག་བསྔལ་མངོན་པར་འདུ་བྱེད་ཅིང་། །སྐྱེ་བའི་སྡུག་བསྔལ་བསྡུས་འཇོམས་ཁུར་འཕོས་འདྲ། །རྒ་བས་དབང་ཤེས་སྟོབས་ཉམས་འདུ་ཤེས་འཁྲུགས། །འདུ་བ་རྙོགས་པས་ལུས་སེམས་རབ་ཏུ་མནར། །འཚོ་བ་བཏང་བས་ས་ཚུགས་མེད་པར་འགྲོ། །མི་སྡུག་ཡུལ་འཕྲད་བྱིའུ་ཕྲུག་ཁྲས་ཁྱེར་འདྲ། །མཐུན་པའི་བཤེས་བྲལ་རྔ་མོའི་བེའུ་སྟོར་མཚུངས། །བཙལ་བས་མི་རྙེད་ཡི་དྭགས་ཟས་འཚོལ་བཞིན། །ཕུང་པོ་ལྔ་ཡིས་སྡུག་བསྔལ་ཉེ་བར་ལེན། །དེ་བས་སྲིད་པར་དགའ་བའི་བློ་སྤངས་ནས། །ནགས་མཐོང་རི་དྭགས་རྒྱུ་བའི་དབེན་གནས་སུ། །བག་ཡོད་ཞི་བའི་བདུད་རྩིས་ལུས་འཚོ་ཞིང་། །སྐྱེ་བའི་ལྗོན་ཤིང་གཅོད་ལ་འབད་འཚལ་ལོ། །ལྷ་མིན་རྣམས་ནི་ཕྲག་དོག་འགྲན་སེམས་ཀྱིས། །ཉིན་བཞིན་གཡུལ་གྱི་བྱ་བ་དྲུག་དྲུག་བྱེད། །ཁྱད་པར་ལྷ་ཡི་དཔལ་ལ་མི་བཟོད་པས། །བསོད་ནམས་སྟོབས་ལྡན་རྣམ་སད་གཡུལ་ངོ་རུ། བཅད་གཏུབས་དམས་པའི་སྡུག་བསྔལ་བརྒྱ་ཕྲག་མྱོང། །དེ་བས་དགེ་ལེགས་ཐར་འདོད་སྐྱེ་བོ་རྣམས། །མྱུར་བར་མྱུར་བར་དམ་པའི་ཆོས་མཛོད་ཅིག །འདོད་པའི་ལྷ་རྣམས་བག་མེད་དབང་གྱུར་ཏེ། །འཆི་བའི་ལྟས་ལྔ་མངོན་དུ་སྣང་བའི་ཚེ། །ལྷ་ཡི་ཟླ་བོ་རྣམས་ཀྱིས་རིང་དུ་དོར། །ལྷ་ཡི་མིག་གིས་ཕྱི་མའི་ཉེར་ལེན་མཐོང་། །ཤིན་ཏུ་མི་བཟད་སྡུག་བསྔལ་ཞག་བདུན་མྱོང་། །གོང་མའི་ལྷ་རྣམས་སྔ་མའི་ལས་ཟད་ནས། །ཡང་སྲིད་ཕྱི་མའི་སྡུག་བསྔལ་ཉེ་བར་ལེན། །དེ་བས་མངོན་པར་མཐོ་བའི་རྟེན་ཐོབ་ཀྱང་། ཡིད་བརྟན་མི་རུང་སྡུག་བསྔལ་དུ་མའི་སྣོད། །སྐལ་བཟང་ཐར་འདོད་སྐྱེ་བོའི་ཚོགས་རྣམས་ཀྱིས། །བྱང་ཆེན་སྤྱོད་པའི་གྲུ་གཟིངས་ལ་ཞུགས་ནས། །སྲིད་གསུམ་འཁོར་བའི་ཆུ་གཏེར་རབ་བརྒལ་ཏེ། །རྣམ་མཁྱེན་ཐར་པའི་གླིང་དུ་བཞུད་པར་མཛོད། །སྟོན་མཆོག་ལྷ་མིའི་བླ་མ་སྲས་བཅས་ཀྱིས། །ཐར་ལམ་དྲི་མེད་བདུད་རྩི་བསྟན་ཟིན་པས། །ཐར་པ་རང་ལ་རག་ལས་ཚུལ་ཤེས་ནས། །སྙིང་ནས་བརྩོན་པས་བྱང་ཆུབ་སྒྲུབ་པར་མཛོད། །བླང་དོར་དམིགས་བུ་བྲལ་བའི་འགྲོ་བ་རྣམས། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བསླུས་ཏེ། །བདེ་བ་འདོད་ཀྱང་སྡུག་བསྔལ་འབའ་ཞིག་སྒྲུབ། །ནམ་ཡང་ཐར་མེད་མ་རྣམས་སྙིང་རེ་རྗེ། །འགྲོ་ལ་ཕན་མཛད་ཐུབ་ཆེན་མང་བྱོན་ཀྱང་། །གསོ་བའི་སྤྱོད་ཡུལ་མ་གྱུར་བདག་ལྟ་བུ། །ད་ལྟའི་དུས་འདིར་ལམ་སྣ་མ་ཟིན་ན། །མཐའ་མེད་སྲིད་མཚོར་ཡང་འཁོར་སེམས་པ་སྐྱོ། །དེང་དུས་གནོད་པ་ཆུང་ཡང་མི་བཟོད་ན། །ངན་འགྲོའི་དུཿཁས་མནར་ཚེ་ཅི་ཙུག་བྱེད། །དེ་བས་ཚེ་འདིའི་བྱ་བ་ཀུན་སྤངས་ནས། །སྐྱེ་བའི་ཆུ་བོ་བཟློག་ལ་འབད་འཚལ་ལོ། །དེ་ལྟར་བདེ་སྡུག་མཐོ་དམན་ལེགས་ཉེས་ཀུན། །སྔར་བསགས་ལས་ཀྱི་འབྲས་བུར་རྒྱལ་བས་གསུངས། །འཁོར་བར་འཆིང་བྱེད་ལས་ནི་རྣམ་པ་གསུམ། །མི་དགེའི་ལས་ནི་གསོད་རྐུ་ལོག་པར་གཡེམ། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་ཀྱལ་བ། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་བཅུ། །ཡུལ་དང་ཀུན་སློང་བསམ་སྦྱོར་ངན་པ་ཡིས། །བསྐྱེད་པའི་འབྲས་བུ་རྣམ་པ་བཞི་རུ་ལྡན། །རྣམ་སྨིན་འབྲས་བུས་ངན་འགྲོའི་གནས་སུ་འཆིང་། །བྱེད་པ་རྒྱུ་མཐུན་སྔ་མའི་ལས་བྱེད་སྐྱེ། །མྱོང་བས་རིམ་བཞིན་ཚེ་ཐུང་ནོར་དང་བྲལ། །ཁྱིམ་ཐབ་མི་མཛེས་དགྲ་ཟླ་སྐུར་བ་མང་། །མཐུན་པའི་བཤེས་བྲལ་རྟག་པར་མི་སྙན་ཐོས། །ཚིག་མི་བཙུན་ཞིང་བརྣག་པའི་དོན་མི་འགྲུབ། །གནོད་པ་མང་འབྱུང་ལྟ་ངན་རྒྱུད་སྐྱེར་འགྱུར། །དབང་གི་འབྲས་བུ་ཕྱི་རོལ་ཡུལ་ལ་སྨིན། །སྲོག་ལ་ཡ་ང་མུ་གེས་ཉེན་པའི་ཡུལ། །མི་གཙང་འདམ་ཁྲོད་བསླུ་ཞིང་གཡོ་བའི་གནས། །ངམ་གྲོག་གཅོང་རོང་བགྲོད་དཀའ་རྩུབ་མོའི་གླིང་། །དུས་ཚིགས་གོ་ལོག་འབྲས་བུ་དབུལ་བའི་ལྗོངས། །འཇིགས་པ་མང་ལྡན་སྐྱབས་བྲལ་གནས་སུ་སྐྱེ། །སྐྱེས་བུ་བྱེད་པའི་འབྲས་བུས་ཆེར་འཕེལ་ཏེ། །མི་བཟད་སྡུག་བསྔལ་དུ་མ་བསྐྱེད་པར་བྱེད། །མདོར་ན་སྡིག་པའི་ལས་ནི་དུག་དང་འདྲ། །གང་གིས་བརྟེན་པ་འཕྲལ་ཡུན་དུཿཁ་སྟེར། །དེ་ཕྱིར་བསྐལ་བཟང་སེམས་ཤེས་གྲོགས་རྣམས་ཀྱིས། །དགྲ་བཞིན་རབ་ཏུ་སྤང་ལ་འབད་འཚལ་ལོ། །བསོད་ནམས་ཆ་མཐུན་དགེ་བ་རྣམ་བཅུ་ནི། །མི་དགེ་བཅུ་ཡི་ལྡོག་ཕྱོགས་ལེགས་པར་གསུངས། །གསོད་རྐུ་ལོག་པར་གཡེམ་པའི་ལས་མི་བགྱིད། །རྫུན་དང་རྩུབ་མོ་ཀྱལ་ཀའི་ཚིག་མི་བརྗོད། །བརྣབ་གནོད་ལོག་ལྟའི་སེམས་སྤངས་སྡོམ་པའོ། །དེ་ཡང་ཐབས་ཤེས་དམ་པས་མ་ཟིན་པའི། །རྣམ་སྨིན་འབྲས་བུས་འདོད་པའི་ལྷ་མིར་སྐྱེ། །བྱེད་པ་རྒྱུ་མཐུན་ངང་གིས་དགེ་ལ་འཇུག །མྱོང་བས་ཚེ་རིང་ལོངས་སྤྱོད་རྒྱ་ཆེན་ལྡན། །མཐུན་པའི་ཁྱིམ་ཐབ་དགྲ་མེད་སྐུར་མི་འབྱུང་། །ཀུན་གྱི་ཡིད་འོང་ཚིག་བཟུང་རྣམ་པར་འོས། །བརྗོད་པ་རྣར་སྙན་ཆོག་ཤེས་ནོར་དང་ལྡན། །ཕན་ཚུན་བྱམས་ཤིང་ལྟ་བ་བཟང་པོར་འགྱུར། །དབང་གིས་ཡུལ་བཟང་གཟི་ལྡན་ཉམས་དགའ་བ། །བཟའ་བཏུང་འཇུ་སླ་རོ་བྲོ་སྨན་མཐུ་ཆེ། །ཕྱོགས་གཙང་སྤོས་ཀྱི་ངད་ལྡན་སྨན་ཤིང་ཚལ། །དགྲ་དང་ཆོམ་རྐུན་གནོད་བྲལ་བསླུ་བ་མེད། །སྐྱེ་དགུ་མཐུན་ཅིང་རྡོ་གསེག་ཚེར་མ་ཉུང་། དུས་ཚིགས་མ་ལོག་མེ་འབྲས་དུས་སུ་སྨིན། །མཉམ་ཡངས་མཚོ་དང་རྫིང་བུས་བརྒྱན་པའི་གླིང་། །མེ་འབྲས་ལོ་ཐོག་བཟང་དགུ་འཕེལ་བའི་ལྗོང་། །ལོ་འབྲས་སྨན་སོགས་རོ་མཆོག་བདའ་བ་དང་། །འབྱུང་ཁུངས་རབ་བཟང་མགོན་སྐྱབས་ལྡན་པར་སྐྱེ། །སྐྱེས་བུ་བྱེད་པས་དགེ་འབྲས་གོང་འཕེལ་ཏེ། །ཕུན་ཚོགས་བསམ་དགུ་ལྷུན་གྱིས་གྲུབ་པར་བྱེད། །མི་གཡོའི་ལས་ནི་བསམ་གཟུགས་རྣམ་པ་བརྒྱད། །ངོ་བོ་རང་བཞིན་ལུང་དུ་མ་བསྟན་པ། །ཟག་བཅས་དགེ་བ་བཅུ་དང་འབྲེལ་བ་ཡིས། །གོང་མའི་ལྷ་རུ་སྐྱེ་བ་འཛིན་བྱེད་ཡིན། །ཀུན་གྱི་གཞི་ནི་མ་བསྒྲིབས་ལུང་མ་བསྟན། །གསལ་ལ་མི་རྟོག་མེ་ལོང་དྭངས་པ་འདྲ། །སྔར་བསགས་བག་ཆགས་ཀུན་གྱི་གཟུགས་བརྙན་འཛིན། །དེ་ཉིད་བདག་ཏུ་འཛིན་བྱེད་ཉོན་ཡིད་ཀྱིས། །ཆགས་སྡང་རྨོངས་སོགས་རྩ་ཉོན་ཉེ་ཉོན་དང་། །ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་དབང་བྱས་པས། །འདུ་བྱེད་ལ་སོགས་རྟེན་འབྲེལ་བཅུ་གཉིས་ཀྱི། །སྲིད་པའི་འཁོར་ལོ་མངོན་པར་སྒྲུབ་བྱེད་དོ། །དེ་ལྟར་ཟག་བཅས་བསོད་ནམས་ཆ་མཐུན་བཅུས། །བདེ་འགྲོར་འཕེན་ཞིང་དཀར་མིན་ལས་ལམ་བཅུས། །ངན་འགྲོར་ལྟུང་བ་རྒྱུ་འབྲས་བླང་དོར་ལམ། །གཉིས་མེད་གསུངས་པས་ལྷ་མིའི་ཐེག་པར་གསུངས། །དེ་བས་ལེགས་ལྡན་སྐལ་བཟང་འགྲོ་རྣམས་ཀྱིས། །རྒྱུ་འབྲས་དཀར་ནག་ལམ་ལ་འཇུག་ལྡོག་མཛོད། །ཐར་པ་ཆ་མཐུན་ངེས་པར་ལེགས་པའི་ལམ། །དམིགས་བཅས་དམིགས་མེད་ཚོགས་གཉིས་ཟུང་འཇུག་སྟེ། །རྨད་བྱུང་སྙིང་རྗེ་ཆེན་པོས་ཀུན་བསླངས་ནས། །དགེ་བ་བཅུ་དང་བསམ་གཏན་གཟུགས་མེད་བཞི། །སྦྱིན་ཚུལ་བཟོད་བརྩོན་ཏིང་འཛིན་བསྐྱེད་བཟླས་རྫོགས། །བདག་མེད་སོ་སོར་རྟོགས་པའི་ཤེས་རབ་ཀྱིས། །ལེགས་པར་གཞལ་ནས་བསྒྲུབས་པའི་གསེར་སྦྱངས་ཁམས། །བྱང་ཆུབ་ཡོངས་བསྔོའི་རྩིབས་སྟོང་རྣམ་བཀྲ་བས། །སྲིད་པའི་ཆུ་གཏེར་ཕ་མཐར་བརྒལ་ནས་ཀྱང་། །ས་བཅུ་ལམ་ལྔའི་ཐེམ་སྐས་ལ་འཛེགས་ནས། །ངེས་དོན་སྙིང་པོའི་ཁང་བཟང་བགྲོད་པར་བྱེད། །དྲི་མེད་སེམས་ཀྱི་རང་བཞིན་བདེ་གཤེགས་སྙིང་། །འོད་གསལ་རང་བཞིན་འཁོར་འདས་ཀུན་ལ་ཁྱབ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཆོས། །ཡེ་ནས་ཡོད་ཀྱང་རང་ངོ་མ་ཤེས་པས། །གློ་བུར་ཉོན་མོངས་དྲི་མའི་སྦུབས་འཐུམ་ནས། །མེད་བཞིན་སྣང་བ་རྨི་ལམ་གྲོང་ཁྱེར་བཞིན། །སྲིད་པའི་གནས་སུ་འགྲོ་ཀུན་ཉམ་རེ་ཐག །ནམ་ཞིག་ཆོས་གཟུགས་རིགས་མཆོག་གཉིད་སད་ཚེ། །ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་བསྐྱེད་ནས། །ཐབས་ཤེས་བསྐྱེད་རྫོགས་ཚོགས་གཉིས་ཟུང་འཇུག་མཐུས། །སྐུ་གཉིས་སྒྲིབ་པའི་གློ་བུར་སྤྲིན་བསལ་ཏེ། །ཆོས་གཟུགས་དྲི་མེད་ཉི་གཞོན་མངོན་མཐོང་ནས། །འགྲོ་ཀུན་སྒྲིབ་པའི་མུན་པ་སེལ་བྱེད་པ། །དག་པའི་རྒྱུ་འབྲས་ཟབ་མོའི་རྟེན་འབྲེལ་ལགས། །གཙང་བདག་རྟག་པ་བདེ་བའི་ཕར་ཕྱིན་པའི། །རང་རིག་གདོད་མའི་མགོན་པོ་མངོན་མཇལ་ཕྱིར། །བསོད་ནམས་ཡེ་ཤེས་ཚོགས་མཆོག་བླ་མེད་ཀྱིས། །གློ་བུར་སྒྲིབ་པའི་མུན་ཚོགས་བསལ་བར་མཛོད། །ཇི་སྲིད་གཟུང་འཛིན་འཁྲུལ་འཁོར་མ་ཞིག་བར། །ཀུན་རྫོབ་ལས་ཀྱི་འབྲས་བུ་བསླུ་མེད་པས། །སྟོང་ལྟ་ཧད་པོས་ཁྱད་དུ་མི་གསོད་པར། །བླང་དོར་ཚུལ་བཞིན་བྱེད་པ་སྙིང་གཏམ་ཡིན། །ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་ཞིང་། །སྤྱོད་པའི་ཕྱོགས་སུ་ལྟ་བ་མ་ཤོར་བར། །ལྟ་བ་མཐོ་ལ་སྤྱོད་པ་ཞིབ་དགོས་ཞེས། །དམ་པ་གོང་མའི་གསུང་འདི་སྙིང་དབུས་ཆོངས། །བདག་ནི་རྒྱུ་འབྲས་དབྱེ་བ་ཅུང་ཤེས་ཀྱང་། །སྔོན་ལས་འཕྲལ་རྐྱེན་ངན་པའི་གཟེབ་ཏུ་ཚུད། །སྒོ་གསུམ་བྱ་བ་ཆོས་འགལ་འབའ་ཞིག་རྒྱུ། །དེ་ཚུལ་བསམས་ན་སྙིང་རླུང་ལྡང་ལ་ཉེ། །འོན་ཀྱང་མཚན་ལྡན་བླ་མས་རྗེས་བཟུང་ཞིང་། །ཟབ་རྒྱས་གདམས་པའི་བདུད་རྩི་ཅི་འདོད་ཐོབ། །འགྲོ་དོན་སེམས་བསྐྱེད་བཟང་པོའི་སྨོན་ལམ་བཏབ། །ཐེག་ཆེན་རིགས་ཀྱི་སྐལ་ཆད་མིན་ནམ་སྙམ། །ཚེ་འདིའི་མི་ཚེ་ཡེངས་མ་ལམ་ཟད་ཀྱང་། །ཕྱི་མའི་སྐྱེ་སྲིད་ཉེ་བར་ལེན་གྱུར་གང་། །ཉམས་དགའ་རིག་པ་དྭངས་པའི་དབེན་གནས་སུ། །བག་ཡོད་བདུད་རྩིའི་བཅུད་ཀྱིས་ལུས་འཚོ་བཞིན། །སྒྲུབ་པའི་རྒྱལ་མཚན་འཛུགས་པའི་སྨོན་ལམ་འཆའ། །ཁྱེད་ཀྱང་དོན་མེད་ལས་ལ་མ་ཡེངས་པར། །དལ་འབྱོར་རྙེད་དཀའ་འཇིག་པར་སླ་བ་དང་། འཁོར་བའི་སྡུག་བསྔལ་ལས་འབྲས་བསླུ་མེད་ཚུལ། །ལེགས་པར་སོམས་ལ་སྙིང་ནས་ཆོས་མཛོད་ཅིག །མ་ལ་ཡ་ཀླུང་འཁྱམས་པའི་རྐང་འཐུང་དང་། །མི་གཙང་ཉ་རོས་དཀྲིས་པའི་ཀུ་ཤ་བཞིན། །དམ་པར་འགྲོགས་ན་སྤྱོད་བཟང་ཤུགས་ཀྱིས་འགོ། གྲོགས་ངན་ལ་བརྟེན་ཕུན་ཚོགས་ཀུན་ཉམས་པས། །རྣམ་དག་དགེ་བའི་བཤེས་ལ་རྟག་བསྟེན་ཅིང་། །སྡིག་པའི་གྲོགས་པོ་སྤང་ལ་འབད་འཚལ་ལོ། །མཚན་ཉིད་ཀུན་ལྡན་དགེ་བའི་བཤེས་གཉེན་ནི། །མདོ་རྒྱུད་ཀུན་ནས་རྒྱལ་བ་ཉིད་དུ་བསྟན། །དཀྱིལ་འཁོར་ཀུན་གྱི་སྤྱི་དཔལ་རྡོ་རྗེ་སེམས། །ཐུན་མོང་འགྲོ་ངོར་དགེ་བའི་བཤེས་སྤྲུལ་ཏེ། །རང་ལ་བདེ་གཤེགས་ལས་ཀྱང་བཀའ་དྲིན་ཆེ། །ཇི་ལྟར་ནད་པས་སྨན་པ་བསྟེན་པ་ལྟར། །བདག་འཛིན་སྒྲིབ་པའི་གཅོང་ནད་གཞིལ་བའི་ཕྱིར། །ཅི་གསུང་ཚད་མར་འཛིན་པ་གནད་དུ་ཆེ། །རབ་འབྱམས་ལྷག་པའི་ལྷ་སྐུ་བསྒོམ་པ་བས། །བླ་མ་སྐད་ཅིག་དྲན་པར་མཆོག་གསུངས་པས། །སྤྱི་བོའི་གཙུག་གམ་སྙིང་གི་དབུས་སྒོམས་ལ། །ཉིན་མཚན་དུས་དྲུག་གསོལ་བ་འདེབས་པ་གནད། །དེ་ཡང་ལྷ་དང་བླ་མ་རང་སེམས་གསུམ། །དབྱེར་མེད་མཉམ་པ་ཆེན་པོའི་དོན་རྟོགས་ན། །གྲུབ་གཉིས་འབྲས་བུ་སུག་མཐིལ་གཏེར་བཞིན་སྣང་། །དེ་གསུམ་ཐ་དད་འཛིན་ལ་ནམ་ཡང་མིན། །སངས་རྒྱས་སྐུ་གསུམ་བླ་མའི་རོལ་པ་སྟེ། །ཡི་དམ་ཞི་ཁྲོ་བླ་མའི་རྣམ་འགྱུར་ཙམ། །དེ་བཞིན་ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་སོགས། །དེ་ལས་གཞན་དུ་གྱུར་པ་རྡུལ་ཙམ་མེད། །དེ་ཕྱིར་བསྐྱེད་རྫོགས་མཚན་བཅས་མཚན་མེད་སོགས། །ཇི་ལྟར་བསྒོམས་ཀྱང་བླ་མའི་གསང་གསུམ་དུ། །ལེགས་པར་ཤེས་པའི་སྐལ་བཟང་བློ་ཆེན་ལ། །སྔགས་སྤྱོད་སྐལ་བ་ཡོད་ཀྱིས་གཞན་དུ་མིན། །མཉེས་པ་གསུམ་ནང་མཆོག་གྱུར་སྒྲུབ་པ་སྟེ། །དེ་ཕྱིར་གུ་རུ་སྤྱི་བོའི་རྒྱན་བསྟེན་ཅིང་། །གདམས་ཟབ་བདུད་རྩི་སྙིང་གི་དབུས་བཅངས་ནས། །སྒྲུབ་པའི་རྒྱལ་མཚན་ཡུན་དུ་འཛུགས་པར་མཛོད། །གཞན་ཡང་ཕྱོགས་ལྷུང་གདོན་གྱིས་མ་མྱོས་པར། །གསར་རྙིང་གྲུབ་མཐའི་ཆོས་དང་གང་ཟག་ལ། །གཤེ་སྐུར་འཕྱ་སྨོད་སྡིག་པའི་ལས་སྤངས་ནས། །ཀུན་ལ་དག་སྣང་སྦྱང་བ་གནད་དུ་ཆེ། །གཏིང་མཐའ་མི་མངོན་སྲིད་པའི་ཆུ་གཏེར་དུ། །འཇིགས་ཚོགས་ཆུ་སྲིན་གཏུམ་པོས་གཙེས་པ་ལས། །རྟག་པར་སྐྱོབ་ནུས་བླ་མ་དཀོན་མཆོག་ལ། །སྐྱབས་འགྲོ་སྡོམ་པ་ཀུན་གཞིར་མེད་ཐབས་མེད། །འགྲོ་ཀུན་སྲིད་པའི་འཇིགས་ལས་སྐྱོབ་པའི་ཕྱིར། །ནམ་ཡང་བསླུ་མེད་གཏན་གྱི་སྐྱབས་གཅིག་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་འགྲོ་བ། །འདི་ནི་རྨད་བྱུང་སྐྱེས་བུ་ཆེན་པོའི་ལམ། །མཚན་ཉིད་རྒྱུ་ཡི་སྐྱབས་གནས་དཀོན་མཆོག་གསུམ། །སྔགས་སུ་དེ་ཡི་ངོ་བོ་བླ་མར་འདུ། །སངས་རྒྱས་སྟོན་པ་ཆོས་ལ་ལམ་དང་ནི། །དགེ་འདུན་གྲོགས་ཀྱི་ཚུལ་དུ་སྐྱབས་འགྲོ་རྒྱུ། །སྐྱབས་ཀྱི་མཐར་ཐུག་སངས་རྒྱས་ཆོས་ཀྱི་སྐུ། །དུས་གཞན་འགྲུབ་འདོད་འབྲས་བུའི་སྐྱབས་འགྲོ་རུ། །བཞེད་པ་མཚན་ཉིད་རྒྱུ་ཡི་ཐེག་པའི་ལུགས། །དག་ཐོབ་བྲལ་བའི་སེམས་ཉིད་ཡེ་སངས་རྒྱས། །མི་འགྱུར་དྲི་མ་མེད་པའི་ཆོས་དང་ནི། །མ་བཙལ་ཡོན་ཏན་ལྷུན་རྫོགས་དགེ་འདུན་ཏེ། །སྐྱབས་གསུམ་དབྱེར་མེད་རང་གི་སེམས་ལ་རྫོགས། །དེ་ཕྱིར་འགྲོ་བྱ་འགྲོ་བྱེད་གཉིས་མེད་པས། །མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་བཞག་པ། །འབྲས་བུ་རྡོ་རྗེ་ཐེག་པའི་སྐྱབས་འགྲོ་ལགས། །རྒྱུ་ཡི་སྐྱབས་ཡུལ་བླ་མ་དཀོན་མཆོག་གསུམ། །དད་པའི་ཡིད་མཁར་མངོན་སུམ་བཞིན་དམིགས་ཏེ། །བདག་སོགས་འགྲོ་ཀུན་སྲིད་མཚོ་ལས་སྒྲོལ་ཕྱིར། །ཁ་ཙམ་མིན་པའི་སྐྱབས་འགྲོ་སྙིང་པོར་མཛོད། །དེས་ནི་བསོད་ནམས་ཚོགས་རྫོགས་གཟུགས་སྐུ་འགྲུབ། །ཐུན་མཐར་སྐྱབས་ཡུལ་ཐམས་ཅད་རང་ལ་བསྡུ། །འབྲས་བུའི་སྐྱབས་ཡུལ་རང་རིག་ཆོས་ཀྱི་སྐུ། །གསལ་སྟོང་འཛིན་མེད་སྤྲོས་བྲལ་ངང་དུ་ཞོག །དེ་ཡིས་ཡེ་ཤེས་ཚོགས་རྫོགས་ཆོས་སྐུ་འགྲུབ། །རྒྱུ་ཡི་བསླབ་བྱ་སྲོག་དང་བྱ་དགའི་ཆེད། །བླ་མ་མཆོག་གསུམ་མི་སྤོང་གཟུང་བྱ་ཞིང་། །མཆོད་འོས་བསླུ་དང་དམ་པར་སྐུར་འདེབས་སྤོང་། །འཇིག་རྟེན་ལྷ་ལ་ནམ་ཡང་སྐྱབས་མི་འཚོལ། །འགྲོ་ལ་འཚེ་སྤོང་སྡིག་གྲོགས་བརྟེན་མི་བྱ། །རྟག་པར་སྐྱབས་ཡུལ་སྤྱི་བོའི་རྒྱན་བསྟེན་ཅིང་། །གཟུགས་བརྙན་ཙམ་ལའང་གུས་པས་རབ་མཆོད་ནས། །ཉིན་མཚན་ཀུན་ཏུ་སྐྱབས་འགྲོ་སྙིང་པོར་བྱ། །འབྲས་བུའི་བསླབ་བྱ་ཆོས་ཀུན་མཉམ་པ་ཉིད། །སྤྲོས་བྲལ་ནམ་མཁའ་ལྟ་བུའི་དོན་ལ་སྤྱད། །གཏོང་བའི་རྒྱུ་ནི་ལོག་པར་ལྟ་བ་སྟེ། །དཀོན་མཆོག་སྤངས་དང་བསླབ་པ་ཕུལ་བས་སོ། །བསླབ་པ་ཉམས་པས་དམན་པར་ལྷུང་བ་སྟེ། །ནང་བར་མི་ཚུད་བསླབ་སྡོམ་འཇིག་པར་སླ། །རྣམ་སྨིན་འབྲས་བུ་མི་ཁོམ་བརྒྱད་དུ་སྐྱེ། །འཇིགས་དང་སྡུག་བསྔལ་ཀུན་གྱི་ཆར་འབེབས་པས། །བག་ཡོད་བརྟན་པོས་རྟག་ཏུ་སྲུང་བར་མཛོད། །ཀྱེ་ཧོ་གྲོགས་དག་ལེགས་པར་སེམས་མཛོད་ལ། །ཚངས་དབང་བདེ་འབྱུང་དཀའ་ཐུབ་བཟློག་མ་སོགས། །སྐྱབས་གཞན་ཀུན་གྱིས་བསླུས་པའི་ཚུལ་མཐོང་ནས། །ནམ་ཡང་བསླུ་མེད་འགྲན་ཟླ་ཀུན་བྲལ་བའི། །རིན་ཆེན་གསུམ་གྱི་ཐུགས་རྗེའི་ཟླ་ཟེར་ལ། །ཡིད་ཆེས་དད་པའི་པད་དཀར་ཆེར་བཞད་ནས། །ཉིན་མཚན་ཀུན་ཏུ་སྐྱབས་འགྲོ་སྙིང་པོར་མཛོད། །དེ་ཡི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། །ནང་པའི་ཁྱུར་ཚུད་སྡོམ་པ་ཀུན་གཞི་ཐེངས། །ངན་འགྲོ་ལོག་པར་ལྟུང་བའི་གཡང་ས་ཆོད། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཤིང་། །དཀར་ཕྱོགས་ལྷ་ཡིས་བརྩེ་བས་བུ་བཞིན་སྐྱོང་། །ཚོགས་གཉིས་དགེ་བའི་མྱུ་གུ་ཆེས་ཆེར་འཕེལ། །སྐྱེ་བ་དྲན་ཞིང་གཟུངས་དང་ཏིང་འཛིན་འགྲུབ། །རྨི་ལམ་ནའང་མི་འབྲལ་རྗེས་འཛིན་ཞིང་། །མཐར་ཐུག་དོན་གཉིས་ལྷུན་གྲུབ་སངས་རྒྱས་ཏེ། །མཐའ་ཡས་སྐྱེ་དགུའི་སྐྱབས་ཀྱི་མཆོག་འགྱུར་བས། །ཉིན་མཚན་བརྩོན་པས་སྐྱབས་སུ་འགྲོ་བར་མཛོད། །སྟོན་པས་བསྔགས་པའི་ཆོས་འདུལ་རིན་པོ་ཆེ། །སྟོན་དང་བསྟན་པ་གཉིས་ཀ་དེ་ལགས་པས། །ངེས་འབྱུང་མཐུ་ཡིས་ཁས་བླངས་བསྲུང་མཚམས་རིགས། །མིག་བཞིན་བཙའ་བ་ཡོན་ཏན་ཀུན་གཞི་ལགས། །དཔལ་ལྡན་སྲས་བཅས་རྒྱལ་བའི་བགྲོད་གཅིག་ལམ། །ཟབ་རྒྱས་ཆོས་ཀྱི་ཉིང་ཁུ་བླ་ན་མེད། །བཀའ་གདམས་དྲང་སྲོང་ཚོགས་ཀྱི་བརྣག་པའི་ཆོས། །རིན་ཆེན་བྱང་ཆུབ་སེམས་ལ་བློ་སྦྱོོང་མཛོད། །འགྲོ་ཀུན་འཇིགས་དང་མྱ་ངན་སྡིག་ཀུན་སེལ། །སྡུག་བསྔལ་ཀུན་འབྱུང་རྒྱུར་བཅས་རབ་སྤངས་ནས། །སྲིད་ཞིའི་ཆུ་བོའི་ཕ་མཐར་སྒྲོལ་བའི་ཕྱིར། །རིན་ཆེན་བྱང་ཆུབ་སེམས་མཆོག་སྒོམས་པར་མཛོད། །དགེ་ཚོགས་འབྲས་བུ་མི་ཟད་ཆེས་འཕེལ་ཞིང་། །དཔལ་ལྡན་སྲས་བཅས་རྒྱལ་བའི་གདུང་འཚོབ་ཕྱིར། །ས་གསུམ་འགྲོ་བའི་མཆོད་སྡོང་ཆེར་འགྱུར་བས། །རིན་ཆེན་བྱང་ཆུབ་སེམས་ལ་ནན་ཏན་མཛོད། །རྒྱལ་བ་དགྱེས་པའི་ལམ་སྲོལ་བླ་མེད་པ། །འདི་ཡི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། །རྒྱས་པར་ཐེག་ཆེན་མདོ་སྡེ་ཀུན་གཟིགས་ལ། མཆོག་ཏུ་སྤྲོ་བས་བྱང་ཆུབ་སེམས་བསྐྱེད་འཚལ། །བདེ་གཤེགས་སྲས་བཅས་མདུན་གྱི་མཁར་དམིགས་ནས། །རྨད་བྱུང་ཡན་ལག་བདུན་གྱིས་ཚོགས་བསགས་རྗེས། །སྨོན་འཇུག་སྡོམ་པ་ལུང་བཞིན་ལེན་བྱེད་པ། །ཉིན་མཚན་དུས་བཞིར་ཉམས་ལེན་ཆག་མེད་མཛོད། །ཐོབ་བྱའི་ངོ་བོ་སྲོལ་གཉིས་ལྡན་པ་སྟེ། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་འདོད་པའི། །འབྲས་བུར་དམ་བཅའ་སྨོན་པའི་སེམས་དང་ནི། །རྒྱུ་ལ་དམ་བཅའ་འཇུག་པའི་སེམས་བསྐྱེད་ལགས། །དོན་དམ་སེམས་བསྐྱེད་ཆོ་གས་ལེན་པ་ནི། །གསང་སྔགས་ལུགས་ཡིན་མདོ་ལས་བཤད་སྲིད་ན། །དམ་བཅའ་ཙམ་སྟེ་ཚོགས་གཉིས་གོམས་པའི་མཐུས། །དངོས་གནས་འཕགས་ལམ་ཆོས་ཉིད་བདེན་མཐོང་བཞེད། །དེ་ཡང་སྙིང་རྗེ་ཆེན་པོས་མཐའ་ཀླས་འགྲོ། །སྒྲོལ་བར་བརྩོན་པ་ཀུན་རྫོབ་སེམས་བསྐྱེད་དེ། །ཤེས་རབ་ཟབ་མོས་ཆོས་ཀུན་མཉམ་ཉིད་དུ། །ལེགས་པར་རྟོགས་ལ་དོན་དམ་སེམས་བསྐྱེད་བརྗོད། གང་ལ་བྱང་ཆུབ་སེམས་སྐྱེས་རྒྱལ་བའི་སྲས། །བག་མེད་གྱུར་ཀྱང་བསོད་ནམས་དཔལ་འཕེལ་ཞིང་། །སྙིང་སྟོབས་ཆེན་པོའི་གོ་ཆ་ཆེར་བགོས་པས། །གྲངས་མེད་གསུམ་གྱི་ཚོགས་ཀྱང་འདུམ་པར་འགྱུར། །དྲན་ཤེས་བག་ཡོད་གཙང་མའི་ས་གཞི་ལ། །བྱང་ཆུབ་ལམ་གྱི་མྱུ་གུ་ལེགས་སྨིན་པས། །རྟག་ཏུ་བག་མེད་གྱུར་བའི་ལས་སྤངས་ནས། །བག་ཡོད་གཙང་མའི་གོས་ཀྱིས་ཀླུབ་པར་མཛོད། །འགྲོ་བ་འདི་རྣམས་བདག་གི་ཕ་མ་སྟེ། །ཐོག་མ་མེད་ནས་དྲིན་གྱིས་བསྐྱངས་པའི་ཚུལ། །ལེགས་པར་སེམས་ལ་དྲིན་གཟོའི་བསམ་པ་ཡིས། །སྙིང་ནས་འབད་པས་བྱང་ཆུབ་སྒྲུབ་པར་མཛོད། །དགྲ་གཉེན་བར་མར་གྱུར་པའི་འགྲོ་འདི་དག །སྐྱེ་སྔོན་རང་གི་ཕ་མ་ཡིན་ངེས་པས། །ཉེ་རིང་ཆགས་སྡང་བློ་ངན་ཀུན་བཏང་ནས། །ཕན་འདོགས་ཡུལ་ལ་ཀུན་ཏུ་སྙོམ་པར་མཛོད། །འགྲོ་ཀུན་གནས་སྐབས་མངོན་མཐོའི་བདེ་འབྲས་དང་། །མཐར་ཐུག་ངེས་ལེགས་ཟག་མེད་བདེ་བ་ཡིས། །འཚོ་བར་ཤོག་ཅེས་སྙིང་ནས་བསམ་པ་ཡི། །བྱམས་པ་ཆེན་པོ་ཀུན་ཏུ་སྒོམ་པར་མཛོད། །མ་རྣམས་སྲིད་པའི་བཙོན་ར་ཉམ་ང་བར། །མ་རིག་གཟུང་འཛིན་ཞགས་པས་དམ་བཅིངས་ནས། །སྡུག་བསྔལ་གསུམ་གྱི་ཆད་པས་རྟག་གཙེས་པར། །སྙིང་རྗེའི་ཆུ་གཏེར་དྲག་ཏུ་གཡོ་བར་མཛོད། །བདེ་ལྡན་ཕུན་སུམ་ཚོགས་པའི་འགྲོ་རྣམས་ལ། །སྡང་དང་ཕྲག་དོག་བློ་ངན་ཀུན་སྤངས་ཏེ། །སྙིང་ནས་དགའ་བས་ཡིད་རབ་དྭངས་བྱས་ནས། །བདེ་མཆོག་རྒྱུན་མི་ཆད་པའི་གནས་ཐོབ་སྨོན། །བླང་དོར་མིག་བྲལ་བཤེས་གཉེན་ས་མཁན་སྟོར། །ཐབས་ཤེས་རྐང་ཆག་སྲིད་པའི་འབྲོག་དགོན་དུ། །རྣམ་པར་འཁྱམས་པའི་མ་རྣམས་རིང་དོར་ནས། །རང་ཉིད་གཅིག་པུར་ཞི་བདེ་གཉེར་ཕོད་དམ། །བདག་གི་བདེ་དགེ་གཞན་ལ་གཏོང་བྱ་ཞིང་། །དེ་དག་སྡིག་སྡུག་བདག་གིས་དང་བླང་བའི། །དམིགས་པ་གཉིས་པོ་རླུང་གི་རྟར་བསྐྱོན་ནས། །ཁ་ཙམ་མིན་པར་སྙིང་ནས་སྒོམ་འཚལ་ལོ། །སྙིང་རྗེའི་ངོ་བོ་སྟོང་ལ་རང་བཞིན་མེད། །སྟོང་པའི་རང་མདངས་མ་འགགས་སྙིང་རྗེར་ཤར། །ཐབས་ཤེས་ཟུང་འཇུག་ཡེ་ཤེས་སྙིང་པོ་ཅན། །ཉིན་མཚན་ཀུན་ཏུ་བློ་སྦྱོང་སྙིང་པོར་མཛོད། །མཆོད་འོས་བསླུ་དང་གནས་མིན་འགྱོད་པ་བསྐྱེད། །དམ་པ་དམོད་དང་འགྲོ་ལ་གཡོ་སྒྱུའི་སེམས། །བྱང་ཆུབ་དགེ་བའི་ལྗོན་ཤིང་གཅོད་པའི་མཚོན། །ནག་པོའི་ཆོས་བཞི་དུག་བཞིན་སྤོང་འཚལ་ལོ། །ཤེས་བཞིན་རྫུན་སྤོང་དགེ་བའི་བཤེས་བསྟེན་ཞིང་། །སྟོན་པའི་འདུ་ཤེས་བསྐྱེད་ལ་བསྔགས་པ་བརྗོད། །ལྷག་པའི་བསམ་པས་མཐའ་ཡས་འགྲོ་བ་ཀུན། །ཐེག་པ་ཆེན་པོའི་ལམ་ལ་འགོད་བྱེད་པའི། །དཀར་པོའི་ཆོས་བཞི་རྟག་ཏུ་བསྟེན་པར་མཛོད། །དགེ་བའི་བཤེས་ལ་སངས་རྒྱས་དངོས་དང་ནི། །ཆོས་ལ་ལམ་དང་དེ་སྒྲུབ་རྣམས་ལ་གྲོགས། །འགྲོ་ཚོགས་རྒྱ་མཚོར་བུ་ཡི་འདུ་ཤེས་བཞི། །བྱང་ཆུབ་སེམས་མཆོག་བརྟན་ཕྱིར་བསྐྱེད་འཚལ་ལོ། །བློ་སྟོབས་དབང་གིས་རྒྱལ་སྲས་རྣམ་པ་གསུམ། །རྒྱལ་པོ་མཉན་པ་རྫི་བོ་ལྟ་བུ་སྟེ། །དམན་འབྲིང་མཆོག་གི་དབྱེ་བ་ལེགས་གསུངས་པས། །དཔེ་མེད་སེམས་མཆོག་བསྐྱེད་ལ་ནན་ཏན་མཛོད། །འཇིག་རྟེན་ཚེ་འདིའི་འདུ་བྱེད་གཏོང་ཡང་སླའི། །སྲས་བཅས་རྒྱལ་བའི་སྤྱན་སྔར་དམ་བཅས་ལས། །ལྡོག་དང་འགྲོ་ཀུན་བསླུས་པ་དེ་ལྟ་མིན། །དེ་བས་འགྲོ་སྒྲོལ་དམ་བཅའ་བརྟན་པར་མཛོད། །རྙེད་བཀུར་ལ་ཆགས་བདག་བསྟོད་གཞན་ལ་སྨོད། །མགོན་མེད་འགྲོ་ལ་སེར་སྣས་ཆོས་མི་སྟེར། །བཤད་ཀྱང་མི་ཉན་ཁྲོ་བས་སླར་ལ་འཚོག །ཐེག་ཆེན་སྤོང་ཞིང་ཆོས་འདྲར་སྟོན་བྱེད་པ། །རྩ་ལྟུང་བཞི་རུ་རྒྱ་ཆེན་སྤྱོད་གཞུང་བཞེད། །ལོག་པར་ལྟ་སོགས་རྒྱལ་པོར་འབྱུང་ཉེ་ལྔ། །ཡུལ་འཁོར་འཇོམས་སོགས་བློན་པོར་ཉེ་བ་ལྔ། །ཕལ་བའི་བརྒྱད་སྟེང་སྨོན་འཇུག་སེམས་བཏང་བ། །རྩ་ལྟུང་ཉི་ཤུ་ཟབ་མོ་ལྟ་བའི་ལུགས། །གཉིས་ཀའི་ཆར་གཏོགས་ཕྱོགས་མཐུན་ཉེས་བྱས་བཅས། །རྨ་ཡི་བག་བཞིན་སྒྲིམ་སྟེ་བསྲུང་འཚལ་ལོ། །གཞན་གྱི་དོན་དུ་འགྱུར་དང་འགྱུར་བར་ཤེས། །རང་གི་དགེ་ཚོགས་མི་བསྒྲིབ་ཆེས་འཕེལ་ན། །ལུས་ངག་མི་དགེ་བདུན་ལ་གནང་སྐབས་ཡོད། །ཡིད་ཀྱི་གསུམ་ལ་ནམ་ཡང་མ་ཡིན་ནོ། །དེ་ཕྱིར་གནང་བཀག་ས་མཚམས་ཤེས་པ་གཅེས། །ལྟུང་བ་འབྱུང་བའི་སྒོ་ནི་མི་ཤེས་དང་། །མ་གུས་བག་མེད་ཉོན་མོངས་སྟོབས་ཆེན་བཞི། །དེ་ཡི་གཉེན་པོར་དྲན་ཤེས་བག་ཡོད་པས། །གཉེན་པོ་གང་འགྲོ་རྒྱུད་ལ་བསྐྱེད་པ་གལ། །སྨོན་སེམས་འཆོར་བའི་རྐྱེན་ནི་ཞུམ་པ་དང་། །སྒྱིད་ལུག་པ་དང་དམན་ལམ་ཞུགས་པའོ། །འཇུག་སེམས་རྟེན་གཞི་སྨོན་སེམས་ཤོར་བའམ། །རྩ་ལྟུང་བྱུང་ངམ་བསླབ་པ་ཕུལ་བས་ལྟུང་། །བཤགས་ཚུལ་ཐ་མས་རྟེན་གྱི་སྤྱན་སྔར་དང་། །འབྲིང་གིས་ཡི་དམ་ལྷ་ཡི་མདུན་དུ་བཤགས། །རབ་ཀྱིས་ངན་རྟོག་ཆོས་སྐུར་ལམ་སློང་བ། །རང་ནུས་བསྟུན་ལ་བཤགས་སྡོམ་སྙིང་པོར་མཛོད། །དེ་ཡང་སྨན་ཤིང་ལྗོན་པའི་རྩ་བའི་དཔེས། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་རྩར་བཅས། །བཏང་བསྲུང་དག་པ་སྤེལ་བའི་ཚུལ་གསུངས་བཞིན། །མྱུ་གུ་གསར་པ་ལྟ་བུ་ད་ལྟའི་སྐབས། །དངོས་སུ་སྦྱོར་བས་གཞན་ཕན་ནུས་མིན་པས། །ཀུན་སློང་བསམ་པ་གཞན་དོན་འབའ་ཞིག་ཕྱིར། །གཙོ་བོར་རང་རྒྱུད་གྲོལ་བའི་ཐབས་ལ་འབད། །དེས་ནི་གཞན་གྱི་དོན་ཡང་ཞར་བྱུང་འགྲུབ། །འབྲས་བུ་སྨིན་ནས་རང་གཞན་ནད་སེལ་བཞིན། །འཕགས་ས་ཐོབ་ནས་སྐད་ཅིག་ཙམ་ཡང་ནི། །གཡེལ་བ་མེད་པར་གཞན་གྱི་དོན་བསྒྲུབས་པས། །རང་དོན་ལམ་གྱི་ཡོན་ཏན་ཞར་ལ་རྫོགས། །མཐར་ཕྱིན་སངས་རྒྱས་དོན་གཉིས་ལྷུན་གྲུབ་ལགས། །དེ་ལྟར་ཤེས་བྱས་འཇུག་པའི་བསླབ་བྱ་ནི། །ཕར་ཕྱིན་དྲུག་ཡིན་དེ་ཡི་ངོ་བོ་ནི། །མི་མཐུན་ཕྱོགས་ཉམས་ཡེ་ཤེས་དམ་པས་ཟིན། །འགྲོ་བའི་རེ་སྐོང་གདུལ་བྱ་ཡོངས་སྨིན་པའི། །མཚན་ཉིད་བཞི་ལྡན་སྦྱིན་སོགས་རྣམ་པ་དྲུག །རྒྱ་ཆེ་བ་སོགས་ཡོན་ཏན་བཞི་དང་ལྡན། །སྒྲུབ་ཚུལ་མི་མཐུན་ཆགས་སོགས་དྲི་བྲལ་ཞིང་། །མཐུན་རྐྱེན་དམ་པ་དྲུག་གམ་བཅུ་གཉིས་ལྡན། །དབྱེ་ན་རེ་རེ་ལའང་དྲུག་དྲུག་སོགས། །མང་ཡང་འདིར་ནི་རྣམ་པ་གསུམ་རེར་བཤད། །གཏོང་དང་གཏོང་ཆེན་ཤིན་ཏུ་གཏོང་བ་གསུམ། །ནུས་དང་བསྟུན་ལ་གཞན་ལ་སྦྱིན་བྱ་ཞིང་། །དེ་ཡང་ལན་དང་རྣམ་སྨིན་རེ་སྤངས་ནས། །གཏོང་སེམས་དགེ་བ་རྒྱུན་དུ་གོམས་པར་མཛོད། །སྡུག་བསྔལ་མགོན་མེད་འགྲོ་བ་ཉམ་ཐག་རྣམས། །སྐྱོབ་ནུས་ཡོད་ན་འབད་པས་བསྐྱབ་བྱ་ཞིང་། །མེད་ཀྱང་ཤིན་ཏུ་མི་བཟད་འཇིགས་ཚོགས་ལས། །རྟག་པར་སྐྱོབ་པའི་སྨོན་ལམ་བཟང་པོ་ཐོབས། །གདུལ་བྱ་འདུལ་བའི་ཐབས་ལ་མཁས་པའི་ཚེ། །ཆོས་ཀྱི་སྦྱིན་པས་འགྲོ་ཀུན་རེ་བསྐོང་ཞིང་། །དེ་ཡི་བར་དུ་ཚོགས་བསགས་མདོ་རྒྱུད་བཀླག །དཀར་པོའི་ཕྱོགས་ཀྱི་རྒྱུད་གྲོལ་སྨོན་པ་གནད། །སོ་ཐར་བྱང་སེམས་རིག་འཛིན་སྡོམ་པ་རྣམས། །ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་དང་། །གནད་ཀྱིས་མི་འགལ་དགག་དགོས་ཚང་བ་ཡི། །ཡང་སྲིད་མེད་པའི་ཚུལ་ཁྲིམས་སྲུང་བར་མཛོད། །ཆོས་ཀུན་སྒྱུ་མ་ལྟ་བུར་ཤེས་པའི་ངོས། །རྨད་བྱུང་སྙིང་རྗེ་ཆེན་པོས་ཀུན་བསླངས་ནས། །རླབས་ཆེན་ཕྱིན་དྲུག་སྤྱོད་པར་ཆེས་འདུན་པའི། །ཚོགས་གཉིས་རྒྱ་མཚོ་སྤེལ་ལ་བརྩོན་པར་མཛོད། །སྦྱིན་པའི་གཡབ་མོས་སྣོད་ལྡན་འཁོར་བསྡུས་ལ། །དམ་ཆོས་སྙན་པར་སྨྲ་ཞིང་དོན་མཐུན་སྒྲུབ། །ཀུན་ཀྱང་ཐེག་ཆེན་དོན་ལ་སྤྱོད་བཅུག་པ། །རང་མཁོས་དང་བསྟུན་དོན་བྱེད་ཚུལ་ཁྲིམས་བརྩམ། །སྡིག་པའི་ལས་ལ་ཞེ་སྡང་ལས་ཐུ་མེད། །བཟོད་པ་དང་མཚུངས་དཀའ་ཐུབ་གཞན་མེད་ཕྱིར། །སྣ་ཚོགས་ཐབས་ཀྱིས་བཟོད་པའི་གོ་གྱོན་ལ། །ཁྲོ་བའི་མཚོན་ཆར་གཞིལ་ལ་བརྩོན་པར་མཛོད། །ཐབས་མཁས་ཐུགས་རྗེའི་བདག་ཉིད་བདེ་གཤེགས་ཀྱིས། །ཤིན་ཏུ་དབང་པོ་ཡང་རབ་འདུལ་བའི་ཕྱིར། །ངེས་དོན་ནམ་མཁའ་ལྟ་བུའི་ཆོས་བསྟན་ལ། །སྐྲག་པ་སྤངས་ལ་ངེས་སེམས་བཟོད་པ་སྐྱེད། །དོན་མེད་འཇིག་རྟེན་བྱ་བར་རབ་བརྩོན་ན། །གཏན་བདེ་བྱང་ཆུབ་སྒྲུབ་ལ་སྨྲོས་ཅི་དགོས། །དེས་ན་ཆོས་ཕྱིར་ན་ཚ་བཀྲེས་སྐོམ་སོགས། །དགའ་བ་དང་ལེན་བཟོད་པ་བརྟན་པོར་མཛོད། །ལེ་ལོ་གསུམ་གྱི་འཕྲང་ལས་རབ་སྒྲོལ་ཅིང་། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བ་ཡི། །རྨད་བྱུང་བྱང་ཆུབ་དོན་གཉེར་སྙིང་སྟོབས་ཀྱི། །གོ་ཆ་ཆེན་པོའི་བརྩོན་འགྲུས་རྩོམ་པར་མཛོད། །འབད་རྩོལ་གསེར་གྱི་འཁོར་ལོས་སྣ་དྲངས་ནས། །ས་བཅུ་ལམ་ལྔའི་རྒྱལ་ཐབས་འབྱོར་པ་ཡིས། །གོང་མའི་ཡོན་ཏན་མཁའ་ལ་མངོན་འཕགས་པའི། །སྦྱོར་བའི་བརྩོན་འགྲུས་མཆོག་ཏུ་རྩོན་པར་མཛོད། །ཤིན་ཏུ་བྱ་དཀའི་གནས་ལ་མི་འགོང་ཞིང་། །འགལ་བྱེད་རྐྱེན་གྱིས་ནམ་ཡང་མི་ལྡོག་པར། །དགེ་བའི་ལས་ལ་ཆོག་ཤེས་མེད་པ་ཡིས། །ཉིན་མཚན་ཀུན་ཏུ་བརྩོན་འགྲུས་རྩོམ་པར་མཛོད། །དགྲ་མེད་མི་གཡོ་ཞི་བའི་ནགས་ཚལ་དུ། །འདུ་འཛིའི་གཡེང་བ་ཐམས་ཅད་རྒྱང་བསྲིངས་ནས། །སེམས་ཀྱི་གླང་པོ་དགེ་བའི་ཀ་བར་བཏགས། །ཞི་གནས་རྒྱ་མཚོ་དྭངས་འདྲའི་བསམ་གཏན་སྒོམ། །སྣང་བའི་ངོ་བོ་གཤིས་ལུགས་བབ་ཀྱིས་སྟོང་། །སྟོང་པའི་རང་མདངས་མ་འགགས་ལྷག་གེར་གསལ། །འཛིན་པས་མ་བསླད་རང་བབ་གཉུག་མའི་ངང་། །དོན་རབ་འབྱེད་པའི་བསམ་གཏན་སྒོམས་པར་མཛོད། །འཕགས་ས་ཐོབ་ནས་གློ་བུར་ཀུན་བརྟགས་སྤྲིན། །རིམ་དེངས་དོན་དམ་སེམས་བསྐྱེད་སྙིང་པོའི་ཁམས། །མངོན་གྱུར་ཡེ་ཤེས་གཟུངས་སྤྲིན་བསམ་མི་ཁྱབ། །དེ་བཞིན་གཤེགས་དགེའི་བསམ་གཏན་སྒོམ་པར་གསུངས། །ཤེས་རབ་མཆོག་ཡིན་དེ་རྒྱུ་ཐོས་པ་སྟེ། །ཐོས་ཉུང་དམུས་ལོང་སྒོམ་ཚུལ་མི་ཤེས་ཕྱིར། །དམ་པ་བསྟེན་ནས་ཐུན་མོང་ཐུན་མིན་གཞུང་། །ཐོས་པའི་ཤེས་རབ་མིག་ཟུང་ཡངས་པོར་མཛོད། །བསམ་བྱུང་མེད་པའི་ཐོས་པ་ངལ་བའི་རྒྱུ། །ཞབས་བརྡོལ་སྣོད་དུ་བཅུད་བཟང་མི་ཆགས་བཞིན། །དེ་བས་རྟོན་པ་བཞི་དང་མི་འགལ་བར། །རྣམ་དག་རིགས་པས་སྒྲོ་འདོགས་གཅོད་པར་མཛོད། །ཆུ་བོ་ཐོས་པས་སྐོམ་པ་མི་སེལ་བཞིན། །མ་བསྒོམས་ཆོས་ཀྱིས་གནས་ལུགས་རྟོགས་མི་སྲིད། །དེ་ཕྱིར་བསམ་པས་གཏན་ལ་ཕབ་པའི་དོན། །ལེགས་པར་བསྒོམས་ནས་སྲིད་ཞིའི་འཆིང་གྲོལ་མཛོད། །འཁོར་འདས་ཆོས་ཀུན་ཡེ་ནས་ངོ་བོས་སྟོང་། །སྟོང་བཞིན་མ་འགགས་རྟེན་འབྱུང་སྒྱུ་མར་སྣང་། །དོན་ལ་དབྱེར་མེད་མཉམ་ཉིད་བྲི་གང་བྲལ། བདེན་གཉིས་ཟུང་འཇུག་གཞི་ཡི་གནས་ལུགས་ལགས། །སྣང་སྟོང་ཟུང་འཇུག་དབུ་མ་ཆེན་པོའི་ཚུལ། །ལེགས་པར་རྟོགས་ན་རང་སྟོང་གཞན་སྟོང་ཞེས། །རང་འདོད་སྒྲུབ་པའི་འཐེན་ཁྱེར་བྱ་མི་དགོས། །དོན་ལ་དབྱེར་མེད་ཟུང་འཇུག་མཉམ་པ་ཉིད། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟར་འཕོ་འགྱུར་བྲལ། །དོན་དམ་བློ་ལས་འདས་པའི་ཡེ་ཤེས་ཡིན། །སྟོང་ཉིད་ནམ་མཁའི་ངང་ལས་མ་གཡོས་བཞིན། །སྙིང་རྗེའི་སྒྱུ་མའི་རོལ་གར་ཚད་མེད་པས། །ཀུན་བཟང་སྤྱོད་པ་རྒྱ་མཚོར་འཇུག་བྱེད་པ། །ཚོགས་གཉིས་ཟུང་འབྲེལ་རྒྱལ་བ་དགྱེས་པའི་ལམ། །མཉམ་རྗེས་གོམས་པའི་ཡེ་ཤེས་འཐོར་རླུང་གིས། །གློ་བུར་གཟུང་འཛིན་སྒྲིབ་པའི་སྤྲིན་ཚོགས་ཀུན། །ལྷག་མེད་བསལ་ལས་ཆོས་གཟུགས་ཉི་ཟླའི་དཔལ། །མངོན་སྣང་མཐར་ཕྱིན་འབྲས་བུའི་ཁྱད་པར་ལགས། །ཁྱད་པར་ཐབས་མང་དཀའ་བ་མེད་པའི་ལམ། །དབང་པོ་རྣོན་པོའི་དབང་བྱས་རྡོ་རྗེའི་ཐེག །བྱ་སྤྱོད་རྣལ་འབྱོར་བླ་མེད་སྔགས་ཀྱི་ཚུལ། །རང་བློ་དང་འཚམས་ཉམས་སུ་ལེན་པ་གལ། །གསང་སྔགས་ལམ་གྱི་རྩ་བ་སྨིན་བྱེད་དབང་། །དེ་ཡི་སྲོག་ནི་དམ་ཚིག་ལ་ཐུག་པས། །སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་ཡི། །བསྲུང་མཚམས་གནས་ལ་འཇུག་ལྡོག་ལྷོད་མེད་འཚལ། །ཐུན་མིན་མདོ་སྔགས་ལམ་གྱི་ཡོན་ཏན་ཚོགས། །བླ་མ་སངས་རྒྱས་ཉིད་ལས་འབྱུང་བའི་ཕྱིར། །ཐ་མལ་མི་རུ་བཟུང་པའི་བློ་སྤངས་ནས། །དཀྱིལ་འཁོར་ཀུན་བདག་ཤེས་པའི་མོས་གུས་གནད། །སྔགས་ཀྱི་དམ་ཚིག་ས་ཡ་འབུམ་སྡེ་ཡང་། །རྩ་བ་སྐུ་གསུང་ཐུགས་སུ་མ་འདུས་མེད། །སྒོ་གསུམ་རྡོ་རྗེ་གསུམ་དུ་ཡོངས་ཤེས་ན། །འདའ་ཉམས་རལ་བའི་ཉེས་པས་གོས་མི་འགྱུར། །འཁོར་འདས་ཆོས་ཀུན་མ་སྐྱེས་མཉམ་པ་ཉིད། །རང་བཞིན་འོད་གསལ་སྐུ་དང་ཡེ་ཤེས་ཁམས། །ཡེ་ནས་དག་མཉམ་བདེན་གཉིས་དབྱེར་མེད་ཕུལ། །ལྷག་པའི་ཆོས་སྐུར་ཤེས་པ་ལམ་གྱི་སྲོག །ཕྲ་རབ་རྡུལ་གྱི་ཆོས་ལས་རབ་འདས་པའི། །ཡེ་ཤེས་ནམ་མཁའི་གཟུགས་ཅན་རྟག་གནས་ཀྱང་། །རྨོངས་པའི་འགྲོ་བ་རྣམས་ཀྱིས་མ་མཐོང་ནོངས། །གཟུང་འཛིན་ཞགས་པས་སྲིད་པའི་བཙོན་རར་བཅིངས། །དེ་ལྟ་ནའང་རང་བྱུང་ཡེ་ཤེས་མཆོག །ནམ་ཡང་དམས་པར་གྱུར་པ་ཅུང་ཟད་མེད། །ས་འོག་ཆུ་དང་བུམ་ནང་མེ་སྒྲོན་བཞིན། །རྡོ་རྗེའི་གནས་འདིར་ངེས་དོན་མདོ་རྒྱུད་མཐུན། །དེ་ཕྱིར་ཐེག་རྩེ་རྣལ་འབྱོར་བླ་མེད་སྲོག །སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་གདོད་མ་ནས། །ཡོངས་གྲུབ་གདན་གསུམ་འཁོར་ལོར་བཞུགས་པའི་ཕྱིར། །ལྟ་སྒོམ་སྤྱོད་འབྲས་ཆོས་ཀུན་རོ་མཉམ་ཉིད། །སྣང་བ་ཐབས་མཆོག་རང་གསལ་བསྐྱེད་རིམ་སྟེ། །ཨ་འཐས་འཛིན་ཞེན་མེད་ན་རྫོགས་རིམ་བཅུད། །ཐ་དད་བློ་ཡིས་རྒྱས་གདབ་བྱ་མི་དགོས། །ཡེ་ནས་ཟུང་འཇུག་གོ་བའི་རྣལ་འབྱོར་སྐྱིད། །འོན་ཀྱང་དབང་རབ་སྦྱངས་པ་སྔོན་སོང་ལས། །ཇི་བཞིན་དང་པོའི་ལས་ཅན་རྟོགས་དཀའ་བས། །བསྐྱེད་བཟླས་རྫོགས་རིམ་མཚན་བཅས་མཚན་མེད་རྣམས། །རིམ་གྱིས་བགྲོད་པའི་ལམ་འདི་རྒྱལ་བས་བསྟན། །ཐ་མལ་སྣང་ཞེན་སྦྱོང་བྱེད་བསྐྱེད་པའི་རིམ། །དག་རྫོགས་སྨིན་གསུམ་གནད་དུ་གང་འགྲོ་ཡིས། །དེ་བཞིན་ཉིད་དབྱིངས་སྙིང་རྗེ་སྒྱུ་མའི་གར། །ཟུང་འཇུག་རྒྱུ་ལས་ལྷ་སྐུའི་ཕྱག་རྒྱ་ཆེ། །རྣམ་པ་གསལ་བ་ཆུ་ཟླ་ལྟ་བུར་སྒོམས། །རང་བྱུང་གཞིར་གནས་རིག་པར་སྐུ་གསུམ་རྫོགས། །སེམས་དང་ལྷ་གཉིས་ཡེ་ནས་རྣམ་དབྱེར་མེད། །དེ་ཕྱིར་དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀཿ། །དངོས་ཡིན་སྙམ་པའི་ང་རྒྱལ་བརྟན་པ་གནད། །བསྒྲུབ་བྱའི་ལྷ་ནི་ཆོས་སྐུ་མཉམ་པ་ཉིད། །ཐིག་ལེ་ཉག་གཅིག་ཞལ་ཕྱག་སྤྲོས་མཚན་འདས། །གདུལ་བྱ་འདུལ་ཕྱིར་ཡེ་ཤེས་མཚན་མའི་ལྷར། །ཡོངས་ཤར་མཆོག་ཏུ་རྣམ་དག་དྲན་པ་གཅེས། །མ་དག་སྒོ་གསུམ་འཁྲུལ་བའི་བྱ་སྤྱོད་རྣམས་། །རྣམ་དག་རྒྱལ་བའི་གསང་གསུམ་ཕྲིན་ལས་ཆེར། །སྦྱོར་བྱེད་སྲོག་སྡོམ་གཟེར་བཞིའི་མན་ངག་མཆོག །བསྐྱེད་རྫོགས་དོན་གྱི་གནད་འདྲིལ་མེད་ཐབས་མེད། །འགྲོ་འོངས་སྲོག་རྩོལ་ཉི་ཟླའི་བགྲོད་པ་ཀུན། །འཕོ་མེད་སྒྲ་གཅན་དབྱིངས་སུ་དག་པའི་ཕྱིར། །རླུང་སྔགས་རྡོ་རྗེའི་བཟླས་ལ་བརྩོན་པ་དང་། །རང་ལུས་ཐབས་ལྡན་ལམ་ལ་གོམས་པ་གནད། །བརྟན་པ་ཐོབ་ནས་གཞན་ལུས་ཕོ་ཉའི་ལམ། །བསྒོམས་པས་དཔེ་དོན་ཡེ་ཤེས་བཙན་ཐབས་སུ། །འདྲེན་པའི་ཐབས་ཚུལ་རྒྱལ་བས་ལེགས་བསྔགས་པས། །རྡོ་རྗེ་ཐེག་པའི་ཉེ་ལམ་མཆོག་ཡིན་ཀྱང་། །བློ་མཆོག་འགའ་ལས་ཕལ་གྱིས་སྤྱོད་ཡུལ་མིན། །གསུམ་པའི་རྟེན་གྱིས་བསླུས་པ་དེང་སང་མང་། །དེ་ཕྱིར་ཡིད་རིག་ཙམ་ལ་རྟེན་བཅས་ནས། །ཚངས་སྤྱོད་གྲོལ་ལམ་བག་ཡོད་སྤྱོད་པ་གཅེས། །འོན་ཀྱང་གང་ཟག་དབང་རིམ་གཙོ་ཆེ་བས། །ཉེ་རྒྱུའི་ལམ་འདི་རྡོ་རྗེ་འཆང་གིས་བསྟན། །སྐྱེས་པས་སྐྱེས་པར་གཡེམ་དང་འདི་མི་མཚུངས། །དེ་ཕྱིར་སྨོད་པར་མི་བྱ་དག་སྣང་སྦྱངས། །ཁྱད་པར་དབང་རྣོན་འབད་མེད་གྲོལ་བའི་ཐབས་། །རྡོ་རྗེ་སྙིང་པོ་རྩོལ་བྲལ་ཨ་ཏིའི་ལུགས། །སེམས་ལས་འདས་པའི་ཡེ་ཤེས་ཆེན་པོའི་གདངས། །མངོན་སུམ་ལམ་བྱེད་ཐེག་པའི་རྩེ་མོ་ལགས། །འདི་ལྟར་སྣང་བརྟགས་སྲིད་པའི་ཆོས་རྣམས་ཀུན། །བྱེད་པོ་གཞན་ན་མེད་དེ་རང་གི་སེམས། །སེམས་ཉིད་དུས་གསུམ་འཕོ་འགྱུར་བགྲེས་རྒུད་བྲལ། །འོད་གསལ་རང་བཞིན་སྐུ་གསུམ་ལྷུན་གྱིས་རྫོགས། །དེ་ཡི་རྩལ་ལས་ཤར་བའི་རོལ་པ་ཀུན། །གཉིས་སུ་བརྟགས་ཀྱང་གཉིས་མེད་མཉམ་པ་ཉིད། །འོད་གསལ་རང་མདངས་ཤར་དང་མ་ཤར་མེད། །ཐམས་ཅད་ལྷུན་རྫོགས་བདེ་ཀློང་གཅིག་ཏུ་འཁྱིལ། །གཟུགས་སྣང་སྟོང་པ་ལྷ་སྐུའི་ཕྱག་རྒྱ་ཆེ། །སྒྲ་གྲགས་བརྗོད་བྲལ་སྙིང་པོ་སྔགས་ཀྱི་དབྱངས། །འགྱུ་འཕྲོའི་དྲན་རྟོག་འོད་གསལ་ཆོས་ཀྱི་སྐུ། །སྣང་སྲིད་དཀྱིལ་འཁོར་གསུམ་ཚུལ་འདུ་འབྲལ་མེད། །གང་ཞིག་དེད་དཔོན་གསེར་གླིང་ཕྱིན་པ་བཞིན། །གང་ཤར་ཅིར་སྣང་ཡེ་ཤེས་སྤྱོད་ཡུལ་ཏེ། །མ་དག་མཚན་མའི་དངོས་ཀུན་གང་དུ་བཙལ། །སུས་བཅིངས་གང་བཀྲོལ་འགྲོལ་བྱེད་མཁན་པོ་སུ། །ནམ་མཁའི་མེ་ཏོག་སྨིག་རྒྱུའི་ཐག་པས་བཅིངས། །རྨི་ལམ་ཁྱེའུ་ཆུང་སྒྱུ་མའི་ཐང་ལ་འཕྱན། །དེ་ལྟར་ཤེས་ན་མཁའ་བཞིན་དྲི་མེད་འགྱུར། །འོན་ཀྱང་དང་པོའི་ལས་ཅན་འཇུག་བྱའི་ཕྱིར། །ཞི་ལྷག་ཟུང་འབྲེལ་ལམ་ལ་གོམས་བྱས་ན། །རིམ་གྱིས་གཟུང་འཛིན་འཆིང་བ་ཀུན་ཞིག་ནས། །ཡེ་ཤེས་ཡངས་པའི་ཐང་ལ་ཅི་དགར་རྩེན། །དེས་ན་དབེན་པའི་གནས་སུ་ལུས་བསྲངས་ཤིང་། །སྙིང་དབུས་དྭངས་མའི་ཐིག་ལེར་སེམས་གཏད་ལ། །འཇམ་པའི་རླུང་བཟུང་རྣམ་རྟོག་ཐད་ཀར་བཅད། །བྱིང་རྒོད་སྐྱོན་བསལ་གཉེན་པོའི་འདུ་བྱེད་བརྟེན། །ཡུན་ཐུང་གྲངས་མང་སྙིང་རུས་མཐར་དབྱུང་བས། །གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ཉམས་ལྔ་པོ། །རྫོགས་ནས་ཤིན་སྦྱངས་བདེ་བའི་བསམ་གཏན་སྐྱེ། །དེ་ཚེ་ལྷག་མཐོང་ཡེ་ཤེས་བསྐྱེད་པའི་ཕྱིར། །སྣང་བརྟགས་ཆོས་ཀུན་བདེན་མེད་སྒྱུ་མར་སྦྱངས། །ཕྱི་རོལ་ཡུལ་ཀུན་སེམས་ལ་སྣང་ན་ཡང་། །སེམས་སུ་མ་གྲུབ་སེམས་ལས་གཞན་ཡོད་མིན། །བག་ཆགས་དབང་གིས་གཉིས་སུ་སྣང་ན་ཡང་། །གཉིས་སུ་མ་གྲུབ་རྨི་ལམ་གཏེར་རྙེད་འདྲ། །ནང་སེམས་བདག་ཏུ་འཛིན་པའི་རྣམ་རྟོག་འདི། །རྩ་བ་བཅད་ན་གཅོད་མཁན་དབྱིངས་སུ་སྟོར། །འདི་ཞེས་མི་མཚོན་ཐ་སྙད་ཡུལ་ལས་འདས། །དཔྱད་དང་མ་དཔྱད་མེད་པར་མཉམ་ཁད་དེ། །ཡེངས་དང་མ་ཡེང་མེད་པར་གསལ་སིང་{སེང}ངེ་། །བསྒོམས་དང་མ་བསྒོམས་མེད་པར་ཟང་ཐལ་ལེ། །གུ་ཡངས་ཕྱལ་བ་གཏད་མེད་རྒྱ་ཡན་ཆེ། །བརྗོད་བྲལ་ནམ་མཁའ་ལྟ་བུའི་གཤིས་ལུགས་འཆར། །དེ་ཀ་ལྷག་མཐོང་རང་བྱུང་ཡེ་ཤེས་ཏེ། །དབུ་མ་དེ་ཡིན་ཕྱག་རྒྱ་ཆེན་པོའང་དེ། །རང་བཞིན་འོད་གསལ་རྫོགས་པ་ཆེན་པོ་ཞེས། །དབང་བཞིའི་ལམ་གྱིས་སྐྱེལ་སོ་མཐར་ཐུག་པའོ། །དེ་ཚེ་རང་བྱུང་ཡེ་ཤེས་བརྟན་པའི་ཕྱིར། །ལུས་སེམས་ཁོང་ཀློད་མིག་འབྲས་དབྱིངས་སུ་གཏད། །ཆོས་ཉིད་རིག་པའི་གསལ་འདེབས་ཙམ་མ་གཏོགས། །བསྒོམ་བྱ་སྒོམ་བྱེད་བློ་ཡི་འཛིན་སྟངས་དོར། །དགག་སྒྲུབ་མ་བྱེད་ཡིད་དཔྱོད་བྲལ་བར་ཞོག །འདི་ནི་རྫོགས་པ་ཆེན་པོའི་གཅེས་གནད་ལགས། །ཐུན་མཚམས་ཀུན་ཏུ་ཚོགས་དྲུག་ལྷུག་པར་སྤྱོད། །དུག་ལྔ་མི་སྤོང་རང་གྲོལ་ལམ་དུ་ཁྱེར། །ཡིད་དཔྱོད་འཛིན་སྟངས་ཐམས་ཅད་ཅི་དགར་བོར། །ཉམས་ལ་མ་ཞེན་ཡང་ཡང་བཤིག་པ་གཅེས། །མདོར་ན་ད་ལྟའི་རིག་པ་ཟང་ཀ་མ། །དུས་གསུམ་རྟོག་པས་མ་བསླད་བཞི་པའི་ཆ། །ཀ་དག་རིག་སྟོང་ཆོས་ཟད་རྗེན་པ་འདི། །ཡིད་དཔྱོད་བྲལ་བར་མངོན་སུམ་ངོ་འཕྲོད་ནས། །དེ་ཀ་ཀུན་བཟང་ཆོས་སྐུའི་དགོངས་པ་རུ། །ལེགས་པར་རྟོགས་ནས་གཅིག་ཐོག་ཐག་བཅད་དེ། །གཟུང་འཛིན་རྟོག་ཚོགས་སྦྲུལ་མདུད་རང་གྲོལ་བཞིན། །གྲོལ་ཐོག་གདེང་བཅའ་ལམ་འདིའི་ཁྱད་ཆོས་ལགས། །གཞན་ཡང་སྐྱེ་འཆི་བར་དོའི་ལམ་ཁྱེར་དང་། །མཐར་ཐུག་རླུང་སེམས་ཙམ་གྱི་ལྷ་སྐུ་ལས། །རབ་བརྒལ་ཟུང་འཇུག་ཡེ་ཤེས་སྒྱུ་མའི་གར། །འཕོ་ཆེན་འཇའ་སྐུར་གྲོལ་བའི་ཟབ་ཁྱད་ཅན། །འོད་གསལ་མཐར་ཐུག་ལྷུན་གྲུབ་ཐོད་རྒལ་སོགས། །ཀུན་མཁྱེན་ཡབ་སྲས་བརྒྱུད་པ་རིན་པོ་ཆེའི། །མན་ངག་ཡང་བཅུད་བླ་མའི་ཞལ་ལུང་བཞིན། །ལེགས་པར་གོམས་པས་སྲིད་ལས་འདའ་ཐོབ་མཛོད། །དེ་ལྟར་ཐབས་ཤེས་བསྐྱེད་རྫོགས་ཚོགས་གཉིས་ལམ། །ཟུང་དུ་འཇུག་པས་ཁམས་ཀྱི་སྒྲིབ་བྱེད་ཚོགས། །རབ་བསལ་བྱང་ཆུབ་ཅེས་པའི་མིང་ཐོབ་ནས། །དཔག་མེད་ཡོན་ཏན་ཕན་བདེའི་སྤྲིན་ཚོགས་ཅན། །རྟོག་མེད་ལྷུན་གྲུབ་ཕྲིན་ལས་རླབས་པོ་ཆེས། །དུས་རིང་སྲིད་པར་འཁྱམས་པའི་འགྲོ་ཚོགས་རྣམས། །རང་བྱུང་གདོད་མའི་གཞི་ལ་དབུགས་འབྱིན་མཛོད། །ཚུལ་འདི་ངེས་དོན་མདོ་རྒྱུད་མཐུན་པར་བཤད། །དེ་ལྟར་ལེགས་འདོམས་དབྱར་གྱི་རྔ་སྒྲ་ཡིས། །འགྲོ་མང་བག་མེད་གཉིད་ལས་རབ་བཟློག་ནས། །དོན་མཐུན་རྨ་བྱ་གཞོན་ནུ་དགའ་བའི་གར། །དོན་གཉིས་རྣམ་གྲོལ་མཁའ་ལ་བསྐྱོད་གྱུར་ཅིག །ཐོག་མར་དགེ་བ་སྲིད་ལ་རྒྱབ་ཀྱིས་ཕྱོགས། །བར་དུ་དགེ་བ་ཞི་མཐར་ཞེན་པ་མེད། །ཐ་མར་དགེ་བ་བྲལ་འབྲས་གཞི་ལ་རྫོགས། །དུས་གསུམ་དགེ་བའི་བཀྲ་ཤིས་མཆོག་སྩོལ་ཅིག །དེ་སྐད་འདྲིས་པའི་གྲོགས་ཀྱིས་བསྐུལ་བའི་ངོར། །གཞན་ཕན་ལྷག་བསམ་བཟང་པོས་མཚམས་སྦྱར་ནས། །པདྨ་རྣམ་པར་རྒྱལ་བས་བྲིས་པ་སྟེ། །དགེ་བས་འགྲོ་ལ་ལམ་བཟང་སྣང་གྱུར་ཅིག །ཅེས་པ་འདི་སྔ་སོར་གཞོན་དུས་ཞིག་ལ་བྲིས་པ་ལ་མཇུག་ནས་ཅུང་མ་ཚང་བ་སླར་ཁ་བཀང་སྟེ་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གྱི་དབེན་སྤྱིལ་དུ་བྲིས་པ་དགེ། །།


previousལམ་རིམ་དང་མཐུན་པར་གདམས་པ་གྲོས་འདེབས་བདུད་རྩིའི་ཐིགས་ཕྲན། next