Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
ངེས་འབྱུང་བསྐུལ་བའི་གླུ་དཔྱིད་ཀྱི་དབྱངས་སྙན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousངེས་འབྱུང་བསྐུལ་བའི་གླུ་དཔྱིད་ཀྱི་དབྱངས་སྙན། next

ངེས་འབྱུང་བསྐུལ་བའི་གླུ་དཔྱིད་ཀྱི་དབྱངས་སྙན།

༄༅། །ངེས་འབྱུང་བསྐུལ་བའི་གླུ་དཔྱིད་ཀྱི་དབྱངས་སྙན། ན་མོ་གུ་རུ། བསྐལ་མང་གོམས་པའི་ངེས་འབྱུང་ཤིང་རྟ་ཡིས་དྲངས་པས། །འཁོར་བསྒྱུར་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་བོར་ནས། །དབེན་པར་བརྩོན་པའི་གོ་ཆས་བདུད་བཞི་ཡི་དཔུང་བཅོམ། །བདུད་རྩིའི་བགོ་བཤལ་སྩལ་མཛད་ཐུབ་མཆོག་དེ་དྲན་ནོ། །མགོན་པོ་གང་གི་རྗེས་ཞུགས་སྙིགས་དུས་ཀྱི་བཙུན་གཟུགས། །དམར་སེར་རྟགས་ཀྱིས་སྤུད་ཀྱང་ངེས་འབྱུང་གི་རླན་བྲལ། །ཅི་བྱེད་ཚེ་འདིའི་འདུན་མ་སྐྱེ་བོ་ཡི་ཡང་ཐ། །བདག་འདྲའི་སེམས་རྒྱུད་དུལ་བའི་བྱིན་རླབས་ཤིག་ཞུའོ། །ཀྱེ་ལགས་ལེགས་པར་གསོན་དང་དོན་མཐུན་གྱི་གྲོགས་རྣམས། །ཁ་ཆོས་བྱེད་བྱེད་མང་པོའི་ཤོམ་ར་དེས་ཅི་བྱ། །དོན་གནད་ནང་དུ་སོམས་དང་རང་སེམས་དེ་ཐུལ་ལམ། །སེམས་ལ་ཡར་སྐྱེད་མེད་པའི་ཨོ་ཟོབ་འདིས་བསླུའོ། །ད་རེས་སྔོན་བསགས་བཟང་པོས་ཡུལ་དབུས་ཀྱི་མིར་སྐྱེས། །ལེགས་སྨོན་མཐུ་ཡིས་རྒྱལ་བའི་བསྟན་པ་དང་མཇལ་ཞིང་། །བཤེས་གཉེན་དམ་པའི་ཐུགས་རྗེའི་ལྕགས་ཀྱུ་ཡིས་ཟིན་ཚེ། །རང་དབང་ཆོས་ལ་མི་སྤྱོད་སྨྱོན་པ་ཡི་ཡང་ཐ། །ངེས་འབྱུང་བཤོལ་གྱིས་དུལ་མིན་རང་རྒྱུད་ཀྱི་ཐ་རེངས། །ཆོས་བརྒྱད་ལྡུམ་ཁྲོད་སྟུག་པོའི་གཞན་དབང་དུ་གྱུར་ལ། །ཟབ་དགུའི་གདམས་པའི་ཆར་གྱིས་ཇི་ཙམ་དུ་བརླན་ཡང་། །ངེས་ལེགས་སྙེ་མ་འཁྲུངས་པའི་སྐལ་བཟང་ནི་མི་སྲིད། །སྲིད་ལ་མངོན་ཞེན་སྲིན་མོའི་འཇོ་སྒེག་གིས་བསླུས་བསླུས། །སྡུག་བསྔལ་ལྕགས་ཁྱིམ་ར་བར་ཚུད་ཚུད་དེ་ཨེ་གཟིགས། །ད་དུང་དེ་བཞིན་བྱེད་ན་ཐར་དུས་ཞིག་མི་ཡོང་། །སྡོམ་གསུམ་ནོད་པར་བརླམས་ཀྱང་མིང་ཙམ་དུ་འགྱུར་ཉེན། །མི་རྟག་ཆུ་སྲིན་གདུག་པའི་གྲེ་བ་རུ་ཚུད་བཞིན། །རྒྱུན་རིང་སྡོད་སྙམ་བྱེད་པའི་རྐང་གཉིས་ཀྱི་འགྲོ་བ། །བློ་གྲོས་ཕྱུགས་ལས་བླུན་པའི་ངང་ཚུལ་འདི་གཟིགས་ལ། །དོན་མེད་བྱ་བྱེད་མང་པོའི་རང་སྡུག་དེ་མ་ཉོ། །དཔྱིད་དཔལ་བརླན་དྲོད་འཛོམས་པའི་དུས་ཚིགས་ལ་བརྟེན་ནས། །འབྲས་དྲུག་ས་ལ་སྦ་བའི་བློ་རིང་གི་ཚོགས་རྣམས། །ཉིན་ཞག་བརྒྱ་ཡི་ཆོམ་པོས་ཚེ་སྲོག་ལ་གཟན་མིན། །སྟོན་གསུམ་འབྲུ་བཅུད་འཐུང་ངེས་བློ་གདེང་ཞིག་ཡོད་དམ། །རྒྱ་ཟོང་དབུས་སུ་འགྲིམ་པ་འབྱོར་ལྡན་གྱི་ཚོང་དཔོན། །ཤུལ་རིང་ལམ་ལ་བགྲོད་པའི་དཀའ་ཚེགས་ལ་བཟོད་མོད། །དེ་ལས་འཇིགས་པ་བར་དོའི་འཕྲང་རིང་གི་ལམ་ལ། །རྒྱུས་མེད་གཅིག་པུར་ནམ་འགྲོའི་ངེས་བཟུང་འདྲ་བདོག་གམ། །གནས་ཁང་སྲ་མཁྲེགས་སྒྲུབ་པའི་བྲེལ་གཡེང་གི་ངང་ནས། །འབུ་སྲིན་དམྱལ་ཐག་གཅོད་པའི་གླུ་བྲོ་ལ་དགེས་རྣམས། །ལུས་ཀྱི་མགྲོན་ཁང་དབང་མེད་བྱ་ཁྱི་ལ་བྱིན་ནས། །རྟེན་མེད་རྒྱུ་བའི་དུས་ཤིག་ནམ་ཡོང་ནི་མི་ཤེས། །གནག་ཕྱུགས་རྐང་བྲན་སྐྱོང་བའི་རྫི་བོ་ནི་རྒན་པོ། །གཏི་མུག་གཉིད་ལ་ཟོན་བྱེད་མེལ་ཚེ་ལ་བརྩོན་བརྩོན། །མི་རྣམས་ཁྱིམ་ནས་ཁྱེར་བའི་འཆི་བདག་གི་ཆོམ་རྐུན། །གློ་བུར་དྲུང་ན་ཆས་པ་མ་ཚོར་འདིས་ནོངས་སོ། །དཔའ་རྩལ་དཔུང་ཤེད་བཙན་པོས་གཞན་སྡེ་ཡི་ཕྲུ་མ། །གཞོམ་ལ་ཇི་མི་སྙམ་པའི་སྙིང་སྟོབས་དང་ལྡན་ཚོ། །རང་སྡེ་ལྷག་མེད་གསོད་པའི་འཆི་བདག་གི་དཔུང་ཚོགས། །མི་རིང་གམ་ན་བསྐུངས་འདུག་བག་ཟོན་རེ་གནང་འཚལ། །མངའ་འབངས་སྣུམ་བཞིན་བཙིར་བའི་ལོངས་སྤྱོད་ཀྱི་ཏིལ་མར། །འཐུང་ལ་ངོམས་པ་མེད་པའི་མི་རྗེ་དང་བློན་རིས། །ལུས་སྲོག་ཕྱེ་མར་འཐག་བྱེད་འཆི་བདག་གི་ཕོ་ཉ། །སྲིད་འབྱོར་དབང་ཤེད་འཕྲོག་ལ་མི་རིང་བར་ཆས་འདུག །མི་སྡུག་རྡུལ་གྱིས་ཁེབས་པའི་སྲོག་སོང་གི་སྔས་ནས། །ནོར་སྲེད་རྒྱང་གླུ་ལེན་པའི་བན་བོན་གྱི་ཚོགས་རྣམས། །རོ་ཞེས་མཐོང་ན་འཇིགས་ཤིང་སྐྱི་གཡའ་ཡི་དངོས་དེ། །ད་ལྟ་རང་གི་གམ་ན་འདུག་པ་འདི་གཟིགས་སམ། །སྡིག་སྡུག་གཏམ་ངན་ཁྱད་གསོད་ཚེ་གང་དུ་ངལ་བརྒྱས། །གང་རྙེད་སྒྲོམ་དུ་འཛུད་པའི་འཇུངས་དགའ་ཡི་ཚོགས་རྣམས། །ཐམས་ཅད་བོར་ནས་འགྲོ་བའི་དུས་སྐབས་ཤིག་འོང་མཆི། །ཕྱི་མའི་ལམ་རྒྱགས་ཅུང་ཟད་གསོག་རན་དུ་གདའ་འོ། །སླད་མའི་ཟླ་དང་འཇིག་རྟེན་ཕྱི་མ་ཡི་སྣང་བ། །སྔོན་ལ་གང་འབྱུང་ངེས་པ་ཏིག་ཏིག་རང་མེད་བཞིན། །ལོ་བརྒྱར་སྡོད་རྩིས་བྱེད་པའི་སྐྱེ་བོ་ཚོའི་འཁྲུལ་ལུགས། །དུས་ཀྱི་ཁྲིམས་ལ་ཐོགས་ཚེ་འགྱོད་པ་ཡིས་ཅི་ཕན། གཉེར་སེམས་གོ་ལོག་གྱུར་པའི་གཉེན་གྲོགས་དང་བཤེས་པ། །ཆོས་ལ་ཕྱི་བཤོལ་བྱེད་པའི་ངང་རིང་གི་བསླུ་ཚིག །བདུད་ཀྱི་ཕྲིན་པར་ཆས་པའི་གྲོས་ཉེས་འདི་ཨི་གཟིགས། །འཆི་བདག་ཕོ་ཉས་ཟིན་ལ་དབང་ཡོད་འདྲ་འགྲོའམ། །གཉེན་གྲོགས་སྲིད་སྡེ་ལོངས་སྤྱོད་ཇི་ཙམ་དུ་འབྱོར་ཡང་། །འཇིག་རྟེན་ཕྱི་མར་རྗེས་འབྲང་དགེ་སྡིག་གཉིས་ཁོ་ན། །ལྷན་ཅིག་སྐྱེས་པའི་ལུས་ཀྱང་འདོར་ཚུལ་འདི་དགོངས་ལ། །ཅིས་ཀྱང་དགོས་མེད་བློ་སྣ་བཙན་ཐབས་སུ་བསྟུང་རན། །རང་ཐག་རང་གིས་ཆོད་པའི་བློ་གདེང་ཞིག་མེད་ཕྱིན། །སྣ་ཐག་མི་ལ་ཤོར་བ་བདག་འདྲ་ཡི་ངང་ཚུལ། །ལང་ཚོའི་ཉིན་བྱེད་རྒ་བའི་ནུབ་རི་ལ་ཡོལ་ཚེ། །འགྱོད་དང་མྱ་ངན་མུན་པ་སངས་དུས་ཞིག་མི་འདུག །ད་ལྟ་རྣམ་རིག་བཀྲ་ཞིང་ལུས་སེམས་ཀུན་བདེ་དུས། །དོན་ཆེན་དམ་པའི་ཆོས་ལ་བརྩོན་པ་ཞིག་མེད་ཕྱིན། །རྒ་ནའི་གཞན་དབང་གྱུར་ཚེ་སྒྱུ་ལུས་ཀྱིས་མི་འཁྱོང་། །དོན་ཆུང་ཚེ་འདིའི་ཁོལ་པོར་རྒྱུག་རྒྱུག་ལ་མ་ཡེངས། །འཛམ་བུ་གླིང་ལ་དབང་བསྒྱུར་ས་བདག་གི་རྗེ་དང་། །འཚོ་བ་ཕམ་ཕབ་ལ་རེ་གྲོང་ཉུལ་གྱི་དབུལ་མོ། །འཆི་བདག་ཕོ་ཉས་ཟིན་ཚེ་ཁྱད་པར་རང་མི་འདུག །བསོད་ནམས་ལས་གཞན་སྐྱབས་དང་གྲོགས་བྱེད་ནི་སུ་ཞིག །གང་དག་ཚེ་རིང་ལོ་བརྒྱར་བདེ་བ་མང་མྱོང་དང་། །ཚེ་ཐུང་ཞག་གཅིག་ཙམ་གྱིས་འཚོ་བ་ནི་མཐར་བྱས། །གཉིད་སངས་རྨི་ལམ་ཡུན་བཞིན་ཁྱད་པར་ནི་གང་ཞིག །སྔར་འགྲངས་ད་ལྟའི་བཀྲེས་ལ་ཕན་པ་ཞིག་བདོག་གམ། །དུས་རིང་ཐོག་མ་མེད་ནས་སྲིད་པ་རུ་འཕྱན་པས། །སྔོན་ཆད་མ་མྱོང་སྲིད་པའི་བདེ་སྡུག་ནི་མི་སྲིད། །ངོམས་དང་བྲེད་མི་ཤེས་པར་དེ་རྒྱུ་ལ་རྒྱུག་པའི། །ཅོལ་ཆུང་སེམས་ཀྱི་བྱིས་པ་ལང་ཤོར་ལ་གཟིགས་དང་། །ལེགས་པའི་ལམ་ལ་འབད་པས་བསྐུལ་ན་ཡང་མི་འགྲོ། །ཉེས་པར་སྤྱོད་ལ་ནན་གྱིས་བཀག་ན་ཡང་མི་ཁེགས། །གཅོང་རོང་འབབ་ཆུ་བཞིན་དུ་གནོད་ཀུན་གྱི་གཞི་མ། །ཕུང་བྱེད་བདག་ཏུ་འཛིན་པའི་བློ་ངན་འདིས་བསླུས་སོ། །ད་དུང་དྲན་ཤེས་རྒན་པོས་ལྕག་གཞུར་ཞིག་མེད་ན། །ལང་ཤོར་འདི་ཡིས་སྲིད་པའི་བཙོན་ར་རུ་བཅུག་ནས། །འཇིགས་དང་སྡུག་བསྔལ་མང་པོའི་ཆད་ལས་ཀྱིས་མནར་བཞིན། །ཡང་དག་ཐར་པའི་སྲོག་རྩ་གཅོད་ཉེན་དུ་གདའ་འོ། །སྡུག་བསྔལ་འགྱུར་དང་འདུ་བྱེད་རྣམ་གསུམ་གྱི་རྦ་རླབས། །ནམ་ཡང་སངས་དུས་མེད་པ་འཛིན་འཁྲི་ཡི་ཁ་སྒོར། །བདེ་བའི་བརྟན་པ་བྲལ་བའི་བརྒྱུད་ལྔ་ཡི་འགྲོ་བ། །སྡིག་སེམས་རྣམ་པར་སྨིན་པའི་འབྲས་བུ་ལས་གཞན་ཅི། །འབར་བའི་ལྕགས་ཁྱིམ་དོ་རར་ཁྲག་སྦྱོར་གྱི་ཆད་ལས། །ཉམ་ཐག་རྒྱུན་མི་འཆད་འགྱུར་ཞེ་སྡང་གི་རང་གཟུགས། །རྩུབ་མོའི་ཚ་དབལ་ཐོས་ན་གློ་སྙིང་ནི་འགས་ཉེ། །རྣམ་སྨིན་ཉམས་སུ་མྱོང་ན་ཇི་ལྟར་དུ་བཟོད་ཨང་། །སེར་སྣའི་རང་གཟུགས་འབར་བའི་སྡང་མིག་ནི་གཡོས་པས། །ཕྱི་རོལ་ཡུལ་གྱི་དགའ་བའི་དངོས་པོ་ཀུན་བརླག་ནུས། །ཟས་སྐོམ་ཡིད་ལ་བཏགས་པ་ཕོངས་གྱུར་གྱི་འགྲོ་བ། །ལྔ་སྟོང་ཁྲིར་ཡང་མི་འཆི་ལས་ངན་གྱི་སྟོབས་ཤུགས། །གཏི་མུག་མུན་པས་མིག་ལྡོང་ཡང་དག་གི་ལམ་ལས། །བྱོལ་ཏེ་ངན་པར་སོང་གྱུར་ཉམ་ཐག་གི་འགྲོ་བ། །བཀོལ་སྤྱོད་གཅིག་ལ་གཅིག་འཚེ་ཁྲག་སྦྱོར་གྱི་ཆད་པས། །འཚོ་བའི་བརྟན་པ་ཕྲལ་བའི་སྣང་ཚུལ་འདི་གཟིགས་སམ། །ཐེ་ཚོམ་ཁྱོགས་ལ་འཕྱང་བའི་རྐང་གཉིས་ཀྱི་འགྲོ་བ། །ཕལ་ཆེར་བླང་དོར་འཆོལ་བའི་འབྲོག་དགོན་དུ་འཁྱམས་ཤིང་། །སྐྱེ་རྒ་ན་འཆིའི་ཆུ་བོ་རབ་མེད་དུ་བྱིང་ནས། །མྱ་ངན་ཡིད་མི་བདེ་བའི་ཅ་ཅོ་ཡིས་གཡེངས་འདུག །ཕྲག་དོག་འཚུབ་མོས་བསྐྱོད་པ་སྦྱིན་སྐྱེས་ཀྱི་ཚོགས་རྣམས། །དཔུང་པ་གཏུམ་པོའི་ཡུལ་གྱི་འཐབ་གྲལ་དུ་ཆས་ཚེ། །མཚོན་ཆའི་ཆད་ལས་རྩུབ་མོས་ལུས་སེམས་ཀུན་མནར་ཞིང་། །རྣམ་སྨིན་སྒྲིབ་པའི་མུན་པས་སྐལ་ངན་དུ་བྱས་སོ། །ང་རྒྱལ་འཕོ་ལྟུང་མྱོང་བ་རྣམ་སད་ཀྱི་ཚོགས་རྣམས། །དགའ་བའི་གྲོགས་ཀྱིས་ཡོངས་བཏང་ཕྱི་མ་ཡི་ཉེར་ལེན། །མངོན་གྱུར་ཡིད་མི་བདེ་བའི་ཚོར་བ་ཡི་མེ་ཆེན། སྙིང་ལ་འབར་བའི་ངང་ཚུལ་སུ་ཞིག་གིས་སྨོན་ཨང་། །རོ་མྱོང་བསམ་གཏན་མཐུ་ཡིས་བསྐལ་མང་དུ་གནས་ཀྱང་། །འདུ་བྱེད་ཟག་བཅས་གཡོ་བའི་གཞན་དབང་དུ་གྱུར་ཚེ། །མནར་མེད་མེ་ཡི་བུད་ཤིང་འགྱུར་ཚུལ་འདི་སོམས་དང་། །སྲིད་པའི་གནས་ན་ཡིད་བརྟན་འཆའ་རུང་ཞིག་མི་འདུག །ཀྱེ་ཧུད་ད་ལྟའི་སྡུག་བསྔལ་ཕྲ་མོ་ཡང་བཟོད་མིན། །རྒྱུན་རིང་སྲིད་པའི་དུཿཁ་ཇི་ལྟར་དུ་བཟོད་ཨང་། །སྡུག་བསྔལ་བདེ་བར་ཞེན་པའི་བློ་ངན་འདིས་བསླུས་སོ། །ད་ནི་སྲིད་པ་འདི་ལ་འཁོན་གྱེས་ཤིག་མཛད་འཚལ། །ཀུན་འབྱུང་ལས་ཉོན་སྲ་བའི་འཆིང་ཐག་འདི་ཆད་མིན། །སྡུག་བསྔལ་སྲིད་པའི་རྒྱ་ལས་ཐར་དུས་ཤིག་མི་འོང་། །དེ་ཕྱིར་ལམ་བདེན་གཉེན་པོའི་མཚོན་རྣོན་གྱིས་བཅད་ནས། །འགོག་ཞི་བདེ་བའི་ཐང་ལ་བག་ཡངས་སུ་རྒྱུ་རན། །ཇི་སྲིད་གཟུང་འཛིན་འཁྲུལ་བའི་བག་ཆགས་ལས་གྲོལ་མིན། །དེ་སྲིད་ལས་ཡོད་ལས་ཀྱི་འབྲས་བུ་ཡང་མི་བསླུ། །སྟོང་སྦོས་ཟོབ་རྗེས་མ་འབྲངས་ལག་ལེན་དུ་དྲིལ་ལས། །རྣམ་སྨིན་རྩུབ་མོས་ཟིན་ཚེ་འོ་བརྒྱལ་ཞིག་འོང་ངེས། །ཡང་དག་ཐར་ལམ་སྟོན་པ་མཚན་ལྡན་གྱི་བཤེས་གཉེན། །མདོ་རྒྱུད་ཀུན་ནས་སངས་རྒྱས་དངོས་ཉིད་དུ་བསྟན་ཡོད། །ཟོལ་མེད་དད་དམ་གཙང་མས་ཚུལ་བཞིན་དུ་བསྟེན་ནས། །དགོངས་པའི་གསང་མཛོད་ལོན་རྣམས་འཕྲལ་ཕུག་ཀུན་འཚེང་ངེས། །སྡུག་བསྔལ་སྲིད་ལས་སྐྱོབ་ནུས་བླ་མ་དང་མཆོག་གསུམ། །ཡིད་ཆེས་དད་པས་འབྲལ་མེད་སྐྱབས་གནས་སུ་བསྟེན་ཞིང་། །སྲོག་དང་བྱ་དགའི་ཕྱིར་ཡང་མི་འདོར་གྱི་གོ་ཆ། །ནང་པ་སངས་རྒྱས་པ་ལ་མེད་ཐབས་རང་མི་འདུག །རང་དོན་ཡིད་བྱེད་མཁན་ལ་རྣམ་མཁྱེན་ནི་མི་སྲིད། །གཞན་ཕན་བྱང་ཆུབ་སེམས་འདི་རྒྱལ་ཀུན་གྱི་གཤེགས་ཤུལ། །སྨོན་འཇུག་གཉིས་ཀྱི་ཤིང་རྟའི་རྒྱུ་ཐབས་ལ་བརྟེན་ནས། །ཐེག་མཆོག་ཉམས་དགའི་གྲོང་དུ་ཅི་དགའ་རུ་གཤེགས་མཛོད། །གྲོང་ཁྱེར་དྲུག་ན་རྒྱུ་བའི་ཉམ་ཐག་གི་འགྲོ་ཀུན། །ཚེ་སྔོན་དྲིན་གྱིས་བསྐྱངས་པའི་ཕ་མ་ནི་ཤ་སྟག །ཉེ་རིང་ཆགས་སྡང་སྤངས་ལ་བྱམས་པ་དང་སྙིང་རྗེས། །བདག་བས་གཞན་གཅེས་གོམས་འདི་ཐེག་ཆེན་གྱི་ལམ་སྲོག །འདི་མེད་ལྟ་སྒོམ་མཐོན་པོའི་ཁ་བཤད་ཀྱི་འུར་དང་། །མཛེས་མཛེས་ལྟར་སྣང་ལེགས་པའི་ཀུན་སྤྱོད་ཇི་ལྟར་ཡང་། །ཟོལ་མེད་ཐེག་ཆེན་ལམ་དང་ཕྱོགས་ཙམ་ཡང་མི་ཉེ། །འདི་ཡོད་ཐེག་ཆེན་རྒྱལ་སྲས་རྫོགས་བྱང་ལས་མི་ལྡོག །དེ་བས་ཙབ་ཙུབ་མང་པོའི་བློ་སྣ་འདི་བོར་ཏེ། །རྨད་བྱུང་བྱང་ཆུབ་སེམས་ཀྱི་ཕ་མཁར་དེ་ཟུངས་ལ། །ཚོགས་གཉིས་ཟུང་འབྲེལ་དགེ་བའི་རྒྱགས་ཕྱེ་ཞིག་སྒྲུབས་དང་། །སྐུ་གཉིས་འབྱོར་པས་ཕྱུག་ལ་ཐེ་ཚོམ་རང་མི་དགོས། །ཆོས་ཀུན་གདོད་ནས་སྐྱེ་མེད་སྟོང་ཉིད་ཀྱི་རང་གཤིས། །འོད་གསལ་ལྷུན་གྱིས་གྲུབ་པ་སྙིང་པོ་ཡི་བཞུགས་ཚུལ། །ཡེ་ནས་སྣང་སྟོང་ཟུང་འཇུག་ཆོས་ཉིད་ཀྱི་རང་བབས། །འདི་ལ་འགལ་འདུར་སྨྲ་བ་བྱིས་པ་ཡི་རང་མཚང་། །རྒྱལ་གསུང་འཁོར་ལོ་བར་མཐའི་ངེས་དོན་གྱི་ཟབ་དགོངས། །མ་འཁྲུལ་ཇི་བཞིན་སྟོན་པ་ཀླུ་སྒྲུབ་དང་ཐོགས་མེད། །ཤིང་རྟའི་རིང་ལུགས་འགལ་མེད་གནད་གཅིག་ཏུ་ཁྱེར་ཤེས། །ཀུན་མཁྱེན་ཆོས་རྗེའི་དྲིན་ཡིན་དེ་རྗེས་སུ་ཞུགས་ཤིག །སྟོང་དང་མི་སྟོང་འཛིན་པ་གྲུབ་མཐའ་ཡི་འདོད་ཞེན། །རྟག་དང་ཆད་པར་སྨྲ་བ་མཐར་འཛིན་གྱི་གཡང་ས། །མཐའ་བྲལ་དབུ་མའི་དབྱིངས་སུ་སྤྲོས་མཚན་ཀུན་ཞི་བས། །ཟུང་འཇུག་བློ་བྲལ་གཉུག་མའི་རྒྱལ་ཁབ་ལ་ཕེབས་ཤོག །དབྱིངས་ཡེ་ཟུང་འཇུག་བདེ་ཆེན་བྱང་སེམས་ཀྱི་རང་རྩལ། །ཕུང་ཁམས་སྐྱེ་མཆེད་དག་པ་གདན་གསུམ་གྱི་འཁོར་ལོ། །ཡེ་ནས་དག་མཉམ་ཆོས་སྐུའི་རོལ་པ་རུ་ཤར་བའི། །ལྷག་པའི་བདེན་པ་དབྱེར་མེད་གསང་སྔགས་ཀྱི་ཉེ་ཁྱད། །དབང་ཐོབ་དམ་ཚིག་གཙང་མའི་སྔགས་སྤྱོད་ཀྱི་སྐྱེས་བུས། །ཐ་མལ་འཁྲུལ་རྟོག་སྡོམ་ཕྱིར་བསྐྱེད་རྫོགས་ཀྱི་རྣལ་འབྱོར། །ཐབས་ཤེས་ཡ་བྲལ་མ་ཡིན་ཟུང་འཇུག་ཏུ་བསྒོམས་ན། །གྲུབ་གཉིས་ལག་རྩེར་སྨིན་ལ་སུ་ཞིག་གིས་བསྙོན་ཨང་། །ཀ་དག་ལྷུན་གྲུབ་ཟུང་འབྲེལ་རང་བྱུང་གི་རིག་པ། །ཡེ་ནས་སྐུ་གསུམ་དགོངས་པའི་ངོ་བོ་རུ་འདུག་པས། །དགག་སྒྲུབ་སྤྲོས་པ་མང་པོས་རང་ཞལ་དེ་མ་སྒྲིབས། །ཟང་ཐལ་གཉུག་མའི་གཤིས་ལ་ངལ་གསོ་རུ་ཕེབས་ཤོག །རྩལ་སྣང་རྟོག་པའི་སྤྲིན་ཚོགས་ཇི་ལྟར་དུ་ཤར་ཡང་། །ཆོས་ཉིད་གཉུག་མའི་མཁའ་ལ་ཕན་གནོད་དང་བྲལ་བས། །བློས་བྱས་བཅོས་མའི་རྩོལ་བ་རྒྱང་རིང་དུ་བསྐྱུར་ནས། །ཞེན་འཛིན་བྲལ་བའི་ངང་ལ་གུ་ཡངས་སུ་བཞུགས་ཤིག །གེགས་དང་གོལ་ས་མཐའ་དག་རེ་དོགས་ཀྱི་གཡབ་མོ། །རེ་དོགས་ཞེན་འཛིན་བྲལ་ན་རྣལ་མ་ཡི་གཤིས་ལུགས། །ལྟ་འདོད་སྒོམ་འདོད་མང་པོའི་ཁུར་པོ་དེ་བོར་ལ། །མི་སྒོམ་སྐྱུར་བའི་ཉམས་ལེན་སྙིང་པོ་རུ་མཛོད་ཅིག །སྐྱེ་འཆི་བར་དོའི་སྐབས་ཀྱི་ལམ་ཁྱེར་གྱི་གཙོ་བོ། །བླ་མ་ཆོས་སྐུར་ལྟ་བའི་མོས་གུས་ཀྱི་གསོལ་འདེབས། །ལམ་གནད་ཀུན་གྱི་སྙིང་པོ་འདི་ཉིད་ལ་ཐུག་པས། །ཉིན་མཚན་བརྗེད་པ་སྤོངས་ལ་བརྩོན་པ་ཞིག་བསྐྱེད་འཚལ། །དེ་སྐད་ཕན་པར་འདོམས་པ་ངེས་འབྱུང་གི་གླུ་ཕྲེང་། །པདྨ་བི་ཛས་བསམ་གཏན་ཁང་བུ་ནས་སྨྲས་པ། །རྡོ་རྗེའི་མཆེད་པོ་རྣམས་ཀྱི་ཐུགས་མཚོ་རུ་སིམ་ནས། །དགེ་བློ་ཡར་ཟླའི་དཔལ་ལྟར་གོང་འཕེལ་དུ་སྨོན་ནོ། །ཅེས་པའང་དམ་གཙང་རྡོ་རྗེའི་མཆེད་པོ་པདྨ་ཚེ་སྒྲུབ། འཇམ་དབྱངས་བློ་གསལ། ཐུབ་བསྟན་རྒྱ་མཚོ་གསུམ་གྱི་བཞེད་ངོར་ངེས་པར་འབྱུང་བའི་བློས་གང་ཤར་བརྗོད་པ་དགེ། །།
༈ ཡོན་ཏན་དཀྱིལ་འཁོར་ཡོངས་གང་ཉིན་བྱེད་ཀྱི་དཀྱིལ་འཁོར། །དཔག་མེད་མཁྱེན་བརྩེའི་འོད་ཟེར་གཏིང་མཐའ་ནི་དཔོག་མིན། །མཐའ་ཡས་གདུལ་བྱའི་མྱུ་གུ་ཅི་དགའ་རུ་སྨིན་མཛད། །མཁས་གྲུབ་དབང་པོ་བླ་མའི་ཞབས་པད་ལ་འདུད་དོ། །དལ་འབྱོར་མྱུ་གུ་གསར་པའི་ཁྲི་ཤིང་གི་རྩེ་ན། །རྣམ་རིག་མེ་ཏོག་བཀྲ་བའི་ཐོད་རྒྱན་གྱིས་སྒེག་བཞིན། །དོན་མཐུན་ཉི་ཟེར་འཐུང་བའི་རྩེ་དགའ་ལ་རོལ་རྣམས། །བག་ཡངས་རྐང་དྲུག་རྒན་པོའི་མགྲིན་གླུ་འདི་གསོན་ཅིག །སྒྲིབ་གསུམ་དུས་ཀྱི་བ་མོའི་རེག་བྱ་ཡིས་མ་རྙིང་། །མཐུན་རྐྱེན་འཁོར་ལོ་བཞི་ཡི་གེ་སར་གྱིས་མཛེས་ཚེ། །ཚུལ་གནས་ཐོས་བསམ་སྒོམ་པའི་ཟིལ་དངར་གྱི་སྙིང་ཁུས། །རང་གཞན་སྲིད་པའི་བཀྲེན་པ་སེལ་ཐབས་རེ་གནང་འཚལ། །དཔལ་འབྱོར་འདབས་ཕྲེང་མཛེས་པའི་འཕྱོར་སྒེག་གི་ངང་ནས། །བག་མེད་རྣམ་གཡེང་ཡུ་བ་རྟག་འཛིན་གྱི་ཐང་ལ། །བརྟན་གང་ན་རྒ་འཆི་བའི་དུས་མཐའ་ཡིས་གཏུགས་ཚེ། །འགྱོད་པའི་བསིལ་བུས་བསྐྱོད་ཀྱང་བྱ་ཐབས་རང་ཅི་ཡོད། །དེ་བས་རང་དབང་ཡོད་ཚེ་དཀོན་མཆོག་གི་རྟེན་དྲུང་། །དད་གསུམ་འདབ་ཕྲེང་གཡོ་བའི་གར་སྟབས་ཀྱིས་བསྐྱོད་ནས། །ཚུལ་ཁྲིམས་དྲི་བསུང་དངར་པོས་སྐྱེ་དགུ་ཡི་དགའ་སྐྱེད། །སྤང་ཀློག་བདུད་རྩི་བྲིམ་པའི་ཆོ་ག་རེ་གནང་འཚལ། །མི་བསྲུན་སྲིན་མོའི་བསླུ་བྲིད་འཛུམ་དཀར་གྱི་རྒྱ་ལ། །ཅོལ་ཆུང་སེམས་ཀྱི་རི་དྭགས་དབང་མེད་དུ་བཅིངས་ན། །མི་བསྲུན་ཉེས་བརྒྱའི་ཁྱིམ་གྱི་ལྕགས་ཁང་གི་དོ་རར། །སངས་མེད་སྡུག་བསྔལ་གསུམ་གྱི་ཆད་ལས་ཀྱིས་མནར་ཨང་། །འཁྲིག་སྲེད་བདེ་བའི་གློག་ཕྲེང་ཡུད་ཙམ་གྱིས་ཡལ་ཀྱང་། །གྲགས་མིན་ཆར་སྤྲིན་སྟུག་པོས་དུས་མཐའ་བར་ཁེབས་ཤིང་། །རྒ་བའི་འཇིགས་གཟུགས་དང་འགྲོགས་འགྱོད་པ་ཡིས་གདུང་བའི། །མེ་ཆེན་སྙིང་ལ་འབར་ཡང་སུ་ཞིག་གིས་ཟློག་ཨང་། །རང་ལ་བུད་མེད་བྱུང་བའི་ངོ་གནོང་གི་བཞིན་དྲེག །གཞན་གྱི་ཀུན་རྟོག་མེ་ལོང་དྭངས་པ་རུ་འཆར་དོགས། །འཆབ་འདོད་གྱ་གྱུའི་འཕྲུལ་གྱིས་ལྕང་ལོ་བཞིན་བསྐྱོད་པས། །བརྟན་ལྡན་དྲང་པོ་རྣམས་ཀྱང་གཅིག་ཤོས་སུ་བསྒྱུར་གཏོང་། །ནོར་ཉམས་གྲགས་པ་ཉམས་ཤིང་དེ་བཞིན་དུ་ཆོས་ཉམས། །འདོད་ཆུང་ཆོག་ཤེས་ཉམས་ཤིང་དབེན་པ་ལས་ཉམས་པ། །དབང་མེད་ལྕགས་ཀྱུས་བཀོལ་བའི་གླང་པོ་ཆེ་བཞིན་དུ། །ལན་ཆགས་བུ་ཚས་གཙེས་པའི་སྣང་ཚུལ་དེ་ཨེ་གཟིགས། །གང་ལ་ཐོས་སོགས་ནོར་གྱི་བང་མཛོད་ཀྱིས་ཕྱུག་ཀྱང་། །བུད་མེད་ཅན་གྱི་དགེ་སྦྱོང་སྐྱེ་བོ་ཡིས་འཕྱ་སྨོད། །ལེགས་བཤད་ཟོང་མཆོག་བྲིམ་ཡང་མཛེ་བོ་ཡི་ཁ་ཡི། །གདམས་ངག་བཞིན་དུ་སུ་ཡང་ཡིད་ཆེས་སུ་མི་འགྱུར། །རྣོ་ལྡན་ཐུར་མས་འབིག་པའི་ཉམ་ཐག་གི་ལུས་པོ། །སྤུ་གྲིའི་བ་སྤུས་གཏམས་པའི་སྲིན་མོ་ཡིས་འཁྱུད་པའི། །ཟ་བྱེད་ཀླད་ཁྲག་ལྦུ་བས་རྫིག་རྫིག་ཏུ་འདུག་པའི། །སྣང་ཚུལ་ཐོས་ཀྱང་མི་སྐྱོ་སྨྱོན་པ་ལས་དམན་ཨང་། །འདི་ནི་རིགས་མེད་གཟུགས་མེད་ཐོས་པ་ཡིས་དབུལ་ཞིང་། །ཐ་ན་ཀློག་སྦྱོར་ཙམ་ཡང་ངེས་འདྲོངས་ཤིག་མེད་ཀྱང་། །ཡོན་ཏན་གཅིག་པུ་དེ་ཡིས་སྲིད་པ་ན་གདུགས་ལྟར། །མངོན་པར་འཕགས་པའི་སྣང་ཚུལ་བསྙོན་མེད་འདི་གཟིགས་ཤིག །གྲངས་མེད་གསུམ་གྱི་སྔོན་ནས་ཚོགས་གཉིས་ཀྱི་དཔུང་ཤུགས། །ཡུ་བུའི་དོན་དུ་བསྐུལ་ནས་བྱང་ཆུབ་ཀྱི་ཤིང་དྲུང་། །བདུད་རྩི་མངོན་དུ་མཛད་པའི་དམ་ཆོས་ཀྱི་རྒྱལ་སྲིད། །ཕངས་མེད་སྩལ་པའི་སྐུ་དྲིན་བཤད་སྒྲུབ་ལས་སུས་འཁོར། །ཐོག་མེད་དུས་ནས་དགའ་བའི་འཛུམ་དཀར་གྱིས་བསུས་ནས། །ལུས་བཅུད་ནུ་ཞོ་མངར་པོའི་བསྙེན་བཀུར་གྱིས་སྲུང་བའི། །མ་མ་སྡུ་གུ་ཡོངས་ཀྱི་དྲིན་ལན་གྱི་ཁྱད་པར། །ཐོས་བསམ་སྒོམ་པའི་མཐུ་ལས་སུ་ཞིག་གིས་གསོབ་ནུས། །མ་རིག་ལྕགས་སྒྲོག་དམ་པོས་དབང་མེད་དུ་བཅིངས་ནས། །ལས་ཉོན་སྲིད་པའི་བཙོན་ར་ཐར་མེད་ཀྱི་དོང་དུ། །རྣམ་གསུམ་སྡུག་བསྔལ་ཆད་པ་སངས་མེད་ཀྱིས་མནར་འདི། །ཚུལ་གནས་ཐོས་བསམ་སྒོམ་ལས་སུ་ཞིག་གིས་འབྱིན་ནུས། །འདི་ན་སྐྱེ་བོ་ཁ་ཅིག་གྱི་ན་ཡི་ནོར་གཏོང་། །བསོད་ནམས་བསགས་པ་ཡིན་ཞེས་ངོ་སོ་རུ་ཁྱེར་ཀྱང་། །དམ་ཆོས་ཚིག་བཞི་གཅིག་ཙམ་ཉན་ཀློག་དང་འབྲི་བཤད། །སྟོང་གསུམ་བདོག་པ་གཏོང་བས་དཔེ་བྱར་ཡང་མི་འོས། །དེང་སང་སྙིགས་ལྔའི་ཡང་ཐ་དམ་ཆོས་ནི་འཇིག་ཉེར། །བསླབ་ཁྲིམས་ཉིན་གཅིག་བསྲུངས་པའི་བསོད་ནམས་ཀྱི་ཕུང་པོ། །གཟུགས་སུ་གྲུབ་ན་སྟོང་གསུམ་དོག་པོ་རུ་བགྱིད་ན། །སེམས་ཤེས་སྐྱེ་བོ་ཡོད་ན་ཅི་ཕྱིར་དུ་མི་བརྩོན། །རིགས་ཁམས་བདེ་གཤེགས་སྙིང་པོས་འགྲོ་ཀུན་ལ་ཁྱབ་ཕྱིར། །སྒྱིད་ལུག་ཞུམ་པ་མི་དགོས་ཤེར་བརྩོན་ལ་དྲིལ་དང་། །རིང་མིན་ཐམས་ཅད་མཁྱེན་པའི་རྒྱལ་ཐབས་ལ་འགོད་ན། །འཕྲལ་གང་བསླབ་ཤེས་ཕྲ་མོ་ཅི་ཕྱིར་དུ་མི་རྫོགས། །མ་བསླབས་མཁས་པར་གྱུར་པ་ཤེས་བྱ་ལ་མི་སྲིད། །བསླབས་ན་ཀུན་གྱིས་ཤེས་པ་ཐམས་ཅད་ཀྱི་སྤྱི་ལུགས། །དེ་བས་མཁས་པའི་ཞབས་སེན་སྤྱི་བོ་རུ་ཐོབ་ཚེ། །དོན་གཉེར་བརྩོན་པའི་འཁོར་ལོ་བར་མེད་དུ་སྐོར་མཛོད། །ཤེས་རབ་མེ་ལྟར་འབར་རུང་བརྩོན་འགྲུས་ཀྱི་གྲོགས་མེད། །དེ་ལ་ཡོན་ཏན་ནོར་གྱིས་འབྱོར་པ་ནི་མི་སྲིད། །གང་ཞིག་བརྩོན་པ་དྲག་པོས་གཙུབ་{རྩུབ}ཤིང་གི་འཁྲུལ་འཁོར། །བསྐོར་ན་དབང་པོ་རྟུལ་ཡང་སྣང་བྱེད་དུ་འགྱུར་ངེས། །ཤེས་བྱར་སྲིད་པའི་ཆོས་ཀུན་རྣམ་མཁྱེན་གྱི་ས་བོན། །དཔའ་ཆེན་སེམས་དཔའ་རྣམས་ཀྱིས་མི་བསླབ་ནི་འགའ་མེད། །གང་ལ་འདོར་ལེན་ཞེན་པ་བྱིས་པ་ཡི་བློ་རིགས། །ཕྱོགས་མེད་ཐོས་པ་འཚོལ་བ་ཡོན་ཏན་གྱི་སྒོ་མོ། །གངས་ལྗོངས་བཤད་སྒྲུབ་མངའ་བདག་བརྒྱུད་པ་ཡི་ཕྲེང་ཚོགས། །ཁུངས་དང་རྣམ་ཐར་ལོ་རྒྱུས་སོ་སོ་རུ་ཆེ་ཞིང་། །ཀུན་ཀྱང་ངེས་དོན་སྙིང་པོའི་དགོངས་ཀློང་དུ་གཅིག་པས། །གྲུབ་མཐའི་ཕྱོགས་ཞེན་སྤོང་བ་དག་སྣང་གི་སྒོ་མོ། །རིགས་པ་རྣམ་བཞིས་སྦྱངས་བའི་བསམ་བྱུང་གི་ངོ་བོ། །ཡང་དག་རྟོན་པ་བཞི་ཡི་རྩིབས་སྟོང་གི་འཁོར་ལོ། །ལེགས་བསྒྱུར་དག་པའི་ཡིད་མཁར་མངོན་འཕགས་རེ་མཛོད་དང་། །ངེས་དོན་རྒྱལ་སྲིད་སྐྱོང་ལ་དཀའ་རྒྱུ་རང་ཅི་ཡོད། །ཟབ་ཞི་སྤྲོས་པ་ཀུན་བྲལ་འོད་གསལ་གྱི་མཁའ་ལ། །གཟུང་འཛིན་རྟོག་པའི་སྤྲིན་ཚོགས་ཅི་དགའ་རུ་བོར་དང་། །རྣམ་པར་མི་རྟོག་ཡེ་ཤེས་ཉིན་བྱེད་ཀྱི་དཀྱིལ་འཁོར། །གཟུངས་སྤོབས་འོད་སྟོང་འགྱེད་ལ་སོམ་ཉི་རང་མི་དགོས། །གཞན་ཕན་བྱང་ཆུབ་སེམས་ཀྱི་ཤིང་རྟ་ལ་ཞུགས་ནས། །རླབས་ཆེན་བསྡུ་དངོས་བཞི་ཡི་མངའ་འབངས་ཀྱི་འཁོར་བཅས། །རྣམ་མཁྱེན་གདོད་མའི་གྲོང་དུ་ངལ་གསོ་ལ་ཕེབས་པའི། །དོན་གཉིས་ལྷུན་གྱིས་གྲུབ་པའི་དགའ་སྟོན་ལ་རོལ་འཛོད། །དེ་སྐད་ལྷག་བསམ་དཀར་པོའི་རྫིང་བུ་ལས་སྐྱེས་པའི། །འཕྲལ་མར་ཡིད་ལ་གང་ཐོན་གླུ་དབྱངས་ཀྱི་མེ་ཏོག །དོན་མཐུན་གྲོགས་པོ་རྣམས་ཀྱི་སྤྱན་སྔ་རུ་འབུལ་ན། །འདི་དོན་ཐུགས་ལ་འཇོག་པའི་བཀའ་དྲིན་འདྲ་ཞུའོ། །ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བློ་གསལ་རྡོ་རྗེའི་མཆེད་པོ་རྣམས་ཀྱི་སྤྱན་སྔར་ཕུལ་བ་དགེ། །།
༈ བླ་མ་ལ་ཕྱག་འཚལ་ལོ། ཐོག་མའི་ལམ་རྩ་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་རིགས་སད་བྱམས་དང་སྙིང་རྗེས་ཕྱུག །སྲིད་ལས་ངེས་འབྱུང་མི་ཆོས་རྒྱབ་ཏུ་བོར། །དགོས་མེད་རྒྱུད་སྐྱེས་ཟས་ནོར་ཞེན་ཆགས་ཆུང་། །ལས་འབྲས་ཡིད་ཆེས་དགེ་སྡིག་བླང་དོར་བརྩོན། །ཚེ་འདི་མི་གཉེར་ཡུན་གྱི་དོན་ཆེན་སྒྲུབ། །འདུ་འཛི་རྒྱང་བསྲིང་གཅིག་པུར་སྒྲུབ་ལ་བརྩོན། །བྱང་ཆུབ་སེམས་འབྱོངས་ཅི་སྤྱོད་གཞན་དོན་འགྱུར། །བྱིན་རླབས་ཞུགས་པས་གཞན་སྣང་བྱིན་རློབ་ནུས། །གནས་ལུགས་དོན་སྦྱངས་ཉམས་མྱོང་དྲོད་རྟགས་ཐོབ། །ཤེས་རབ་རྒྱ་ཆེ་གདུལ་རྒྱུད་འགྲོལ་ལ་མཁས། །འབྲེལ་ཚད་འདུན་མ་དགེ་ལ་སྦྱོར་བའི་དཔལ། །དེ་འདྲའི་མཚུངས་མེད་དཔལ་ལྡན་བླ་མ་ནི། །སྲིད་པའི་མཚོ་ལས་སྒྲོལ་བའི་གྲུ་ཆེན་ཏེ། །ཐར་པའི་ལམ་སྣ་འདྲེན་པའི་དེད་དཔོན་མཆོག །སྲིད་ལམ་རྒུད་པ་སེལ་བའི་ཡིད་བཞིན་ནོར། །ཉོན་མོངས་མེ་དཔུང་གཞིལ་བའི་བདུད་རྩིའི་ཆར། །ཐེག་གསུམ་ཆོས་ཆར་འབེབས་པའི་སྤྲིན་ཆེན་པོ། །འགྲོ་ཀུན་དགའ་བསྐྱེད་ལྷ་ཡི་རྔ་སྒྲ་ཆེ། །དུག་གསུམ་ནད་ཀུན་སེལ་བྱེད་སྨན་པའི་རྒྱལ། །མ་རིག་མུན་སེལ་ཉི་ཟླའི་སྒྲོན་མེ་མཆོག །འདོད་དགུའི་རེ་བ་འབྱུང་བའི་དཔག་བསམ་ཤིང་། །ཕྲིན་ལས་འོད་སྟོང་མངའ་བའི་ཉིན་བྱེད་དེ། །མདོ་རྒྱུད་ཀུན་ནས་སངས་རྒྱས་དངོས་སུ་བསྟན། །ཡོན་ཏན་དཔག་ཡས་གངས་ཆེན་མཚོ་འདྲ་བ། །དད་བརྒྱའི་འདབ་སྟོང་གཡོ་བས་ཅིས་མི་བསྟེན། །གཏན་བདེ་བྱང་ཆུབ་སྒྲུབ་པའི་འདུན་གྲོས་དང་། །བྱ་དང་བྱ་མིན་བླང་དོར་སྟོན་པ་པོ། །ཐར་མཁྱེན་རྒྱུར་གྱུར་ཚོགས་གཉིས་བསགས་པའི་རྟེན། །འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱོབ་པའི་མགོན། །དཔག་མེད་ཡོན་ཏན་འབྱོར་ཚོགས་རྒྱས་བྱེད་དང་། །རང་ལ་སངས་རྒྱས་མཛད་པ་སྟོན་པ་པོ། །དགེ་བའི་བཤེས་ལས་ལྷག་པ་གཞན་མེད་ཕྱིར། །བཀའ་དྲིན་སངས་རྒྱས་ལས་ཀྱང་ཁྱད་པར་འཕགས། །དེ་ཕྱིར་མཉེས་པ་གསུམ་གྱིས་ལེགས་བསྟེན་ནས། །དགོངས་པའི་གསང་མཛོད་ལོན་པ་གནད་དུ་ཆེ། །ལྟ་ངན་འཐིབ་པོས་ནོན་པའི་ཏརྐའི་སྡེས། །དོན་མེད་དཀའ་ཐུབ་གནས་ལ་སྲོག་འདོར་ན། །དོན་ཆེན་ཐར་ལམ་སྟོན་པའི་བཤེས་གཉེན་ལ། །ལུས་ངག་ཞབས་ཏོག་སྲི་ཞུ་ཅིས་མི་བྱེད། རྨོངས་དག་ཚེ་འདིའི་དཔུང་གཉེན་ཉི་ཚེའི་ཆེད། །ཁྲེལ་མེད་དཔོན་ལ་བློ་གཏད་འཆའ་མཐོང་ན། །མི་བསླུ་གཏན་བདེར་སྦྱོར་མཛད་དགེ་བའི་བཤེས། །ཡིད་ཆེས་གུས་པས་འབྲལ་མེད་ཅིས་མི་བསྙེན། །དར་ཅིག་འཇིགས་པས་སྐྲག་པའི་མི་རྣམས་ཀྱིས། །སྐྱེལ་མ་དཔའ་བོ་འཚོལ་ལ་ཉེར་བརྩོན་ན། །སྲིད་པའི་སྡུག་བསྔལ་འཇིག་ཚོགས་ཀུན་སྐྱོབ་པའི། །དགེ་བའི་བཤེས་མཆོག་ཅི་ཕྱིར་བསྟེན་མི་བྱེད། །ཚེ་འདིའི་ལྟོ་འཚོལ་བཟོ་རིགས་ཕྲན་ཚེགས་ཙམ། །སློབ་བྱེད་པའང་ངལ་བརྒྱས་བརྔན་མཐོང་ན། །ཟག་མེད་ཡོན་ཏན་འབྱོར་ཚོགས་རྒྱས་མཛད་པའི། །དགེ་བའི་བཤེས་གཉེན་མཆོད་ལ་ཅིས་མི་སྤྲོ། །མི་བརྟན་གཡོ་བའི་ལུས་ཀྱི་འདུ་འཁྲུགས་ཕྲན། །གཞོམ་ཕྱིར་སྨན་པའི་ངག་ལ་ཉན་བྱེད་ན། །ལས་ཉོན་སྲིད་པའི་རིམས་ཚོགས་གཞིལ་མཛད་པའི། །དགེ་བའི་བཤེས་ཀྱི་བཀའ་ལུང་ཅིས་མི་སྒྲུབ། །འདི་ན་ཟང་ཟིང་ཉུང་ཟད་བྱིན་ལ་ཡང་། །ཆེས་ཆེར་དགའ་བས་དྲིན་གཟོར་བརྩོན་མཐོང་ན། །རྣམ་གྲོལ་ནོར་བུའི་གཏེར་སྦྱིན་དགེ་བའི་བཤེས། །འབྲལ་མེད་དད་བརྒྱའི་གཙུག་གིས་ཅིས་མི་མཆོད། །མདོར་ན་སྲིད་ཞིའི་ལེགས་ཚོགས་ཇི་སྙེད་པ། །དེད་དཔོན་དགེ་བའི་བཤེས་ལས་འབྱུང་བས་ན། །ཐར་པ་དོན་གཉེར་སྐལ་བཟང་མཆིས་ཀུན་གྱི། །ཁོང་པའི་སྙིང་ལྟར་གཅེས་པས་བསྟེན་མཛོད་ཀྱེ། །དེ་སྐད་སྨྲ་བ་པདྨ་རྣམ་རྒྱལ་ཏེ། །དམན་ཡང་ལྷག་པའི་བསམ་པ་མ་ཉམས་རྒྱུས། །ལེགས་པར་གསོལ་བ་འདི་ཡིས་རང་གཞན་འགྲོ། །ཡང་དག་དགེ་བའི་བཤེས་ཀྱིས་ཟིན་གྱུར་ཅིག། །།

༄༅། །སྙིང་གི་མུན་སེལ་དྲིན་ཆེན་ལ་བཏུད་ནས། །ཐར་པར་འདོད་ལ་ལམ་གནད་ཚིག་གསུམ་སྨྲ། །ཀྱེ་ཧོ་གྲོགས་དག་རྙེད་པར་དཀའ་བའི་རྟེན། །མཐུན་རྐྱེན་འཁོར་ལོ་བཞི་ཡི་འབྱོར་དུས་འདིར། །གཏན་དུ་ཕན་པའི་ཆོས་ཤིག་མ་འགྲུབ་ན། །རིན་ཆེན་གླིང་ཕྱིན་ལག་སྟོང་ལྡོག་དང་འདྲ། །འདུས་བྱས་མར་མེའི་རྩེ་མོ་སྐད་ཅིག་གཡོ། །གློག་འདྲའི་ཚེ་སྲོག་མི་བརྟན་ཡུད་ཀྱིས་འཇིག །མཛའ་བཤེས་གཉེན་གྱིས་མི་སྟོངས་གཅིག་པུར་འགྲོ། །བསགས་པའི་ནོར་རྣམས་དོན་མེད་གཞན་གྱིས་སྤྱོད། །སྡིག་སྡུག་གཏམ་ངན་རྨོངས་པ་རང་གིས་ཁུར། །བར་དོའི་གནས་ན་འཇིགས་སྐྲག་བསམ་མི་ཁྱབ། །ཡང་སྐྱེ་ཡང་འཁོར་ཤིང་རྟའི་འཕང་ལོ་བཞིན། །སྲིད་གསུམ་སྡུག་བསྔལ་མཐའ་མེད་བཟོད་པར་དཀའ། །ལོག་པར་ལྟུང་ཚེ་འགྱོད་ཀྱང་འཕྱིས་ནས་མེད། །དེ་བས་ད་ལྟ་རང་དབང་ཡོད་དུས་འདིར། །གཏན་བདེ་ཐར་ལམ་སྙེགས་ན་མི་ལེགས་སམ། །སངས་རྒྱས་དངོས་བྱོན་དགེ་བའི་བཤེས་དང་མཇལ། །ཟབ་རྒྱས་གདམས་པའི་བདུད་རྩི་ཐོབ་དུས་འདིར། །རང་གི་བརྩོན་པས་བྱང་ཆུབ་མ་བསྒྲུབས་ན། །གཞན་གྱིས་འདི་ལ་གྲོགས་བགྱིར་ཅི་ཞིག་ཡོད། །ཉིན་མོ་རྣམ་གཡེང་འདུ་འཛིའི་མགོ་བོ་འཁོར། །མཚན་མོ་གཏི་མུག་གཉིད་ཀྱི་གཞན་དབང་གྱུར། །དུས་རྒྱུན་ཀུན་རྟོག་སྤྲོས་པའི་འཁོར་ལོར་འཕྱན། །འདི་འདྲའི་སྤྱོད་པས་ཡོང་ངམ་མནོ་བསམ་ཐོང་། །ཐོག་མེད་འཁྲུལ་བའི་བག་ཆགས་འཐུག་དྲགས་པས། །ལེགས་པར་བསྲུང་ཡང་ཉོན་མོངས་རྦ་ལ་འཆེལ། །དལ་ཁོམ་རེས་འགའི་ཆོས་ཀྱི་ཕན་ཐོགས་དཀའ། །སྙིང་ནས་སྙིང་ལ་བརྩོན་པའི་གོ་བགོས་འཚལ། །གངས་ལྗོངས་འདི་ན་མཁན་སློབ་ཆོས་རྒྱལ་སོགས། །སྔོན་བྱོན་ལོ་པཎ་དམ་པའི་བཀའ་དྲིན་གྱིས། །འཇིག་རྟེན་ཕྱི་མར་ཆོས་ཀྱིས་ཕན་ནོ་ཞེས། །གནག་རྫི་རྒན་པོ་ཡན་ཆོད་སྒྲོགས་བྱེད་མོད། །ལག་ལེན་ཚུལ་བཞིན་བྱེད་པ་ཉིན་སྐར་ཙམ། །འདི་ནི་ལས་འབྲས་ཡིད་ཆེས་མ་སྐྱེས་ཤིང་། །ངེས་པར་འཆི་བ་མ་དྲན་ཁོ་ནའི་སྐྱོན། །དེ་ཕྱིར་བློ་སྣ་བཙན་ཐབས་བསྟུངས་བྱས་ནས། །རྒྱུ་འབྲས་རྟེན་འབྲེལ་ཚུལ་ལ་གུས་པ་གནད། །ཡོད་པ་ཡོད་ཕྱིར་འཚོ་སྐྱོང་བསྲུང་བསྲེལ་དཀའ། །མེད་པ་མེད་ཕྱིར་རྩོལ་སྒྲུབ་ཤ་ཐང་ཆད། །ཇི་ལྟར་བསམས་ཀྱང་འདོད་པ་སྡུག་བསྔལ་རྒྱུ། །དེ་བས་འདོད་ཆུང་ཆོག་ཤེས་བརྟེན་ན་ལེགས། །འདོད་ཆུང་ཆོག་ཤེས་འཕགས་པའི་རིགས་ལྡན་པས། །ཚུལ་གནས་ཐོས་དང་བསམ་པ་ལ་བརྟེན་ནས། །སྒོམ་པས་རང་རྒྱུད་འཆིང་བ་གྲོལ་བྱེད་པ། །འདི་ནི་དམ་པས་བསྔགས་པའི་ལམ་སྲོལ་ཡིན། །ཁ་ཅིག་ལམ་གནད་གང་ཡང་མེད་བཞིན་དུ། །ཐེག་ཆེན་ཡིན་རློམ་ལོང་སྤྲང་རྒྱལ་པོ་རུ། །སྨྲ་འདྲ་མཁས་པས་དཔྱད་ན་ངོ་ཚའི་གནས། །ཐེག་པ་ཆེ་ཆུང་རྟགས་དང་ཆོ་གས་མིན། །ངེས་པར་ཐབས་ཤེས་བློ་སྟོབས་ཆེ་ཆུང་ཁྱད། །ཨུ་ནུས་ཁོ་ནས་གྲོལ་བ་ཐོབ་སྲིད་ན། །ཕྱི་རོལ་དྲང་སྲོང་རྣམས་ཀྱང་གྲོལ་བར་རིགས། །དེ་བས་ལམ་གནད་ཚུལ་བཞིན་ཤེས་པ་གཅེས། །འདུས་བྱས་མི་རྟག་ཟག་བཅས་སྡུག་བསྔལ་ཉིད། །མྱ་ངན་འདས་ཞི་ཆོས་རྣམས་བདག་མེད་ཚུལ། །ལེགས་པར་ཤེས་ནས་མཆོག་གསུམ་སྐྱབས་བསྟེན་པ། །ནང་པ་སངས་རྒྱས་པ་ལ་མེད་ཐབས་མེད། །མཁའ་མཉམ་འགྲོ་ཀུན་ཕ་མར་ངེས་བྱས་ནས། །སྡུག་བསྔལ་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །རྣམ་མཁྱེན་རྫོགས་བྱང་དོན་གཉེར་བྱང་ཆུབ་སེམས། །སྲོག་ལ་ཐུགས་ཀྱང་མི་གཏོང་དམ་བཅའ་གལ། །རྒྱལ་སྲས་ཀུན་ཏུ་བཟང་དང་འཇམ་དཔལ་སོགས། །བློ་ཆེན་རྣམས་ཀྱི་རྣམ་ཐར་རྒྱ་མཚོ་ལ། །ཇི་སྲིད་འཁོར་མཐས་གཏུགས་པ་དེ་སྲིད་དུ། །སློབ་པར་འདོད་གང་ཐེག་ཆེན་ལམ་རྩ་ལགས། །སྣང་བཏགས་འཁོར་འདས་ཆོས་ཀུན་རྨི་ལམ་བཞིན། །དོན་ལ་མེད་དེ་རྟེན་འབྲེལ་སྣང་བ་ཙམ། །ཇི་ལྟར་ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་སྒྲའི་དཔེས་མཚོན་བཞིན། །རྟག་ཆད་ལས་འདས་ཀུན་རྫོབ་བདེན་པའི་གཤིས། །མ་བརྟགས་ཉམས་དགའ་བརྟགས་ན་ངོ་བོས་སྟོང་། །ནན་གྱིས་བརྟགས་ན་སྐྱེ་སོགས་སྤྲོས་མཐའ་བྲལ། །ཡོད་མིན་མེད་མིན་བསམ་འདས་བརྗོད་བྲལ་དབྱིངས། །དཔེ་ཡིས་མི་མཚོན་བརྟག་པའི་བློས་མི་རིག །འོད་གསལ་རང་བཞིན་འཁོར་འདས་ཀུན་ལ་ཁྱབ། །ཚིག་གིས་མི་མཚོན་ཐ་སྙད་ཡོངས་ཆད་པ། །བརྗོད་བྲལ་ནམ་མཁའ་ལྟ་བུའི་གཤིས་ལུགས་ནི། །དོན་དམ་བདེན་པར་སྲས་བཅས་རྒྱལ་རྣམས་བཞེད། །དེས་ན་སྣང་སྟོང་ཕྱོགས་རེར་ཁས་ལེན་པའི། །སྤྲོས་པའི་མཚན་མ་ཀུན་ལས་རབ་འདས་པའི། །བདེན་གཉིས་ཟུང་འཇུག་དབུ་མ་ཆེན་པོའི་ཚུལ། །སྟོང་དང་རྟེན་འབྱུང་འགལ་མེད་དོན་གཅིག་ཏུ། །ལེགས་པར་ཤེས་ན་དོན་གྱི་མཁས་པ་ཡིན། །དེ་ལྟར་ཐབས་མཆོག་སྙིང་རྗེ་ཆེན་པོ་དང་། །རྣམ་པར་མི་རྟོག་ཤེས་རབ་ཟབ་མོའི་ཚུལ། །ཟུང་འགྲེལ་ཡང་དག་ལམ་གྱི་རྩིས་ཟིན་ངོས། །སྒྱུ་མའི་སྐྱེས་བུས་སྒྱུར་མའི་རོལ་རྩེད་བཞིན། །ཕ་རོལ་ཕྱིན་དྲུག་བསྐྱེད་བཟླས་རྫོགས་གསུམ་སོགས། །མདོ་སྔགས་ལམ་ལ་རང་བློས་གང་ནུས་བསླབ། །རྗེས་ལ་འཁོར་གསུམ་དམིགས་པའི་དུག་སྤངས་ཏེ། །དགེ་ཚོགས་བྱང་ཆུབ་ལམ་དུ་བསྔོ་བྱས་ན། །ངེས་པར་ཡང་དག་ལམ་ལས་ཕྱིར་མི་ལྡོག །ཐར་པ་ཆེན་པོའི་ལམ་སྣ་ཟིན་པ་ལགས། །དེ་སྐད་སྨྲ་བྱེད་པདྨ་རྣམ་རྒྱལ་ཏེ། །བླུན་ཡང་མོས་དགེ་ལྷག་བསམ་མ་རྨས་རྒྱུས། །བདག་དང་འགྲོ་ཀུན་ཐེག་ཆེན་ལམ་ཞུགས་ཏེ། །མྱུར་དུ་རྣམ་མཁྱེན་གོ་འཕང་མངོན་བྱེད་ཤོག །


previousངེས་འབྱུང་བསྐུལ་བའི་གླུ་དཔྱིད་ཀྱི་དབྱངས་སྙན། next