Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
གྲོགས་པོ་རྣམས་ལ་འཐད་འོས་གཏམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགྲོགས་པོ་རྣམས་ལ་འཐད་འོས་གཏམ། next

གྲོགས་པོ་རྣམས་ལ་འཐད་འོས་གཏམ།

༄༅། །གྲོགས་པོ་རྣམས་ལ་འཐད་འོས་གཏམ། ཐར་པའི་དེད་དཔོན་མཆོག་ལ་ཕྱག་བྱས་ནས། །གྲོགས་པོ་རྣམས་ལ་འཐད་འོས་གཏམ་ཞིག་གླེང་། །བསྟན་ཞབས་ཀླ་ཀློས་སྡུད་པའི་མི་སྙན་སྒྲས། །ལྷོ་མོན་ཡུལ་མཐར་རྒྱང་མིག་གཏོད་མོད་ཀྱི། །དེ་བས་ཉེ་བ་ཀུན་འབྱུང་ཕྲ་རྒྱས་དཔུང་། །རང་རྒྱུད་རྙོགས་ཕྱིར་ཆས་ལ་བག་ཡོད་མཛོད། །རྒྱལ་བསྟན་མཚན་གཞི་ལུང་དང་རྟོགས་པ་སྟེ། །ལུང་གི་ཆོས་ནི་སྡེ་སྣོད་རྣམ་པ་གསུམ། །རྟོགས་པ་དེ་ཡི་སྒྲུབ་ཆོས་བསླབ་གསུམ་ཡིན། །བསྟན་པ་ཕྱི་ན་མེད་ཀྱི་ནང་དུ་ཡོད། །བསྟན་སྲུང་འདོད་ན་དྲན་ཤེས་མེལ་ཚེ་ཡིས། །ནང་དུ་རྟོག་ལ་རང་གི་སེམས་འདི་ཐུལ། །སེམས་འདི་ཐུལ་ན་ཕྱི་རོལ་ཀླ་ཀློ་བརྒྱ། །འཚོགས་ཀྱང་དེ་ཡིས་སྐལ་ངན་བགྱིད་ནུས་ཅི། །མི་ཤེས་མ་གུས་བག་མེད་ཉོན་མོངས་དཔུང་། །ཚུལ་ཁྲིམས་ནོར་མཆོག་འཕྲོག་སླད་ཉེར་རྒྱུ་བས། །བག་ཡོད་གཉེན་པོའི་སྒོ་ལྕགས་སྡོམ་བྱོས་དང་། །ཡོན་ཏན་འབྱོར་ཚོགས་དཔག་མེད་མཛོད་ཀྱིས་ཕྱུག །ལྔ་ཕྲག་ཉེས་པའི་ཆོམ་པོ་མི་བཟད་པས། །ཏིང་འཛིན་ཞི་བའི་རྒྱལ་སྲིད་ལ་འཚེ་བས། །འདུ་བྱེད་བརྒྱད་ཀྱི་དཔུང་ཚོགས་བསྐུལ་བྱོས་དང་། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་སྒོ་བརྒྱ་འབྱེད། །འཇིག་ལྟ་ལ་ཞེན་མ་རིག་གཉིས་འཛིན་མུན། །ཡང་དག་ལྟ་བའི་གནས་ལ་སྒྲིབ་བརྩོན་པས། །རྣམ་གསུམ་ཤེས་རབ་སྒྲོན་མེ་ཐོགས་མཛོད་དང་། །མཁྱེན་གཉིས་སྣང་བ་གསར་པས་མཛེས་པར་འགྱུར། །བརྩོན་འགྲུས་རླུང་གིས་སྦར་བའི་ལམ་བདེན་མེས། །མཐོང་སྒོམ་སྤང་བྱའི་ཚང་ཚིང་སྲེག་མཛོད་དང་། །རྣམ་གྲོལ་ཟག་མེད་བདེ་བའི་ཞིང་ས་རུ། །དོན་གཉིས་ལོ་ཏོག་སྨིན་ལ་སོམ་ཉི་ཅི། །ལྟ་བའི་གོ་གྱོན་སྙིང་རྗེའི་མཚོན་ཐོགས་ཏེ། །གཞན་ཕན་ཕར་ཕྱིན་དྲུག་གི་དམག་བསྐུལ་ནས། །བདག་འཛིན་ཉོན་མོངས་དགྲ་བོ་གཞོམ་མཛད་པ། །ཤཱཀྱའི་སྲས་ཀྱི་རུབ་ཆོས་ཟླ་མེད་ཡིན། །དེས་ན་བསླབ་གསུམ་གོ་ཆ་ལེགས་བགོས་ནས། །བཤད་སྒྲུབ་ཕྲིན་ལས་རུ་མཚོན་གསར་པ་ཡིས། །ཕྱོགས་ལས་རྣམ་རྒྱལ་གྲགས་པའི་རྔ་བོ་ཆེ། །སྲིད་ན་སྙན་པའི་བརྟུལ་ཞུགས་མི་དམན་འཚལ། །ཁ་ཅིག་སྦས་ཡུལ་གནས་ལ་ཡིད་སྨོན་ཡང་། །དེ་ལས་ཉེ་བའི་ཞིང་མཆོག་གམ་ན་བདོག །ཕུང་ཁམས་སྐྱེ་མཆེད་གདན་གསུམ་དཀྱིལ་འཁོར་ལྷར། །ཡེ་ནས་ལྷུན་གྲུབ་སྦས་ཡུལ་ངོ་མཚར་ཅན། །རྣལ་འབྱོར་མ་ཧཱའི་བསྙེན་སྒྲུབ་ཡན་ལག་བཞིས། །འབྱེད་ན་རིག་འཛིན་རྣམ་བཞིའི་བཙན་སར་སྙེགས། །ཁམས་དྲུག་ལྡན་པའི་ལུས་ཀྱི་སྦས་ཡུལ་ན། །རྩ་རླུང་ཐིག་ལེའི་གྲོང་ཁྱེར་མ་བཀོད་བཀྲ། ཨ་ནུས་ཐབས་གྲོལ་ལམ་གྱིས་འབྱེད་ནུས་ན། །ས་ལམ་དབུ་མར་བགྲོད་པའི་ཉེ་ཁྱད་ཡོད། །སྙིང་དབུས་གཞོན་ནུ་བུམ་པའི་སྦས་ཡུལ་ན། །སྐུ་གསུམ་ཡེ་ཤེས་སུམ་བརྩེགས་རྟེན་མཆོག་བཞུགས། །རང་གནད་མངོན་སུམ་ལམ་གྱིས་འབྱེད་མཁས་ན། །སྣང་བཞིས་གྲོལ་སར་སྙོགས་པའི་གསེང་ལམ་རྨད། །ཨེ་མ་ཡང་གསང་ཆེས་ཟབ་སྦས་པའི་ཡུལ། །བློ་ཆེན་སྐལ་བ་མཆོག་རབ་འཇུག་པའི་གནས། །སྔོན་བྱོན་རྒྱལ་བ་རྒྱ་མཚོ་གཤེགས་ཤུལ་ཕུལ། །ཚུལ་འདིར་འཇུག་རྣམས་སྲིད་པ་ཐ་མར་ངེས། །དེ་ཚུལ་འབྱེད་པའི་བློ་མཐུས་དབུལ་གྱུར་ན། །བདེ་བ་ཅན་སོགས་སྦས་ཞིང་སྤྲུལ་པའི་གནས། །བགྲོད་པའི་ལམ་ཡིག་མདོ་ནས་རྗེས་བསྟན་པའི། །རྒྱུ་མཆོག་བཞི་ལ་འབད་པ་ལྷུར་ལེན་མཛོད། །ཀྱེ་མ་འདི་འདྲའི་སྦས་ཡུལ་མ་ཕྱིན་ན། །སྐྱེ་ཤི་ཟོ་ཆུའི་ཁྱུད་མོ་དབང་མེད་འཁོར། །སྡུག་བསྔལ་གསུམ་གྱི་འཁྲུལ་འཁོར་ཟློག་པར་དཀའ། །ལས་ནི་ས་ལ་མ་ཡིན་ཆུ་ལ་མིན། །རང་རང་ཟིན་འབྱུང་ཕུང་པོའི་སྟེང་དུ་སྨིན། །འདི་ལ་གནས་དང་དུས་ཀྱིས་བསྐལ་པ་མེད། །ཉི་ཚེའི་སྦས་ཡུལ་ཟིན་ཀྱང་ཅི་བྱར་ཡོད། །དེ་བས་སྐྱེ་བ་བཟློག་ལ་འབད་འཚལ་ལོ། །ཁ་ཅིག་གནས་བསྐོར་ལྷྭམ་བརྡོལ་དོན་གཉེར་ལོ། །གཉེན་པོས་རང་རྐྱ་ཐུབ་པའི་གདེང་མེད་ན། །རྒྱུས་མེད་ཡུལ་དུ་དཔྲལ་ཀོ་འཐུག་པོའི་གསོབ། །གྱོན་དེས་ཁྲེལ་དང་ངོ་ཚ་མ་རུངས་བྱེད། །ལམ་རྒྱགས་ཆེད་དུ་ཉམ་ཆུང་འཚོ་བ་བཏུང་། །ཚོང་འདུས་ནོར་སོགས་གཡོ་སྒྱུས་བདག་གིར་བྱེད། །གྲོགས་ངན་རྐྱེན་གྱིས་བསླབ་སྡོམ་སྲོག་རྩ་དབྲལ། །ལུས་ཀྱི་ལས་གསུམ་རྫོང་དུ་བཏབ་པ་བཞིན། །རྙེད་ཕྱིར་མི་བདེན་གཏམ་གྱིས་འདུ་ཤེས་བསྒྱུར། །ཡིད་མཐུན་འགྲུལ་ཟླ་ཕན་ཚུན་ཚིག་གིས་འབྱེད། །ལམ་འཕྲང་ཡང་དོག་ཙམ་ལ་རྩུབ་མོས་སྤྱོ། །བཤུལ་རིང་ལམ་རྣམས་དོན་མེད་བཀྱལ་བས་འདའ། ངག་གི་ལས་བཞི་གྲོགས་སུ་བཀུག་པ་བཞིན། །ལྷ་རྟེན་འཆོད་རྫས་ལ་ཡང་བརྣབ་སེམས་འཆའ། །དཀོན་གཉེར་ཚིག་ཟུར་ཙམ་ལའང་གནོད་སེམས་འཆང་། །མི་འདོད་བྱུང་ན་ལྷ་ལ་ཡིད་ཆད་འཁངས། །ཡིད་ཀྱི་ལས་གསུམ་ཟོང་དུ་ཁུག་པ་བཞིན། །རྒྱུ་མཚན་མི་ཤེས་ལྷ་རྟེན་ནོམ་ཉུལ་བྱེད། །སེར་སྣས་མ་ཁྲོལ་ལྷ་ཁང་སྟོང་པར་མཇལ། །དད་པས་དབུལ་བས་བསྐོར་གྲངས་ཐོབ་འཇལ་བརྩི། །དེ་འདྲའི་གནས་བསྐོར་དོན་མེད་ངལ་བའི་རྒྱུ། །དག་སྣང་ཡོད་ན་སྣོད་བཅུད་ལྷ་རུ་ཤར། །མོས་གུས་ཅན་ལ་རྒྱལ་རྣམས་གམ་ན་བཞུགས། །གསོལ་བ་བཏབ་ན་ཐུགས་རྗེ་ཉེ་རིང་མེད། །བློ་གཏད་ནུས་ན་བསམ་དོན་ཡིད་བཞིན་འགྲུབ། །དེ་སླད་མོས་པའི་ཡིད་མཁར་མཆོག་གསུམ་སྤྲིན། །ཉེར་བཀོད་དད་བརྒྱའི་དབྱར་རྔའི་སྒྲ་དབྱངས་ཀྱིས། །བསྐུལ་ན་བྱིན་རླབས་ཆར་གྱི་རྒྱུན་བཟང་པོས། །ཉམས་རྟོགས་མྱུ་གུ་གསར་འཁྲུངས་ངོ་མཚར་འབར། །དེ་ཕྱིར་ཡིད་མཐུན་དགེ་བའི་གྲོགས་པོ་དག །དོན་མེད་ཙབ་ཙུབ་བློ་སྣ་མི་མང་བར། །དམ་པས་ལེགས་བསྔགས་ཆོས་མཐུན་དབེན་པའི་རིར། །སྒྲུབ་པའི་སྲོག་ཤིང་བརྟན་པར་མི་འཐད་དམ། །ཁ་ཅིག་གཉན་ཁྲོད་ཆུ་མིག་འགྲིམ་ལོ་སྐད། །ནང་དུ་ཉམས་མྱོང་དྲོད་ཚད་མི་ལྡན་ན། །ཐོ་ཅོའི་སྤྱོད་པ་ལྷ་འདྲེས་བརླམ་པའི་རྒྱུ། །ལོ་འདོད་ཞེན་པས་གྲུབ་འབྲས་གཞན་དུ་བསྐལ། །ཐོགས་བཅས་ཡུལ་ལ་ཨ་འཐས་ཞེན་པས་བཅིངས་། ཐོགས་མེད་བློ་ལ་རེ་དོགས་འཁུ་འཕྲིག་{འཁྲིགས}རྒོད། །དགའ་བྲོད་ཉམས་ལ་ཞེན་འཛིན་རློམ་པས་ཁེངས། །སྙེམས་བྱེད་བདག་འཛིན་ཆོས་བརྒྱད་རི་བོ་མཐོ། །རང་རྒྱུད་མི་རྟོག་ཧམ་པ་སུ་བས་ཆེ། །འདྲེར་འཛིན་རྣམ་རྟོག་ཟུར་མགོ་གཞན་པས་རག །ཅུང་ཟད་ཙམ་ལ་དགའ་སྡུག་རྣམ་འགྱུར་བརྒྱ། །མི་བྱེད་དགུ་བྱེད་གྲུབ་འབྲས་གཅིག་ཀྱང་མེད། །ཐ་མ་བུ་ཚའི་ཁོལ་པོ་གླ་མེད་པོ། །དེ་འདྲའི་བྱ་བཏང་རིར་འགྲིམ་བསྐྱུངས་ན་ལེགས། །འདིར་སྣང་ཚེ་འདིར་ཞེན་པའི་གཉན་ཁྲོད་དུ། །བདག་འཛིན་དུག་ལྔའི་འདྲེ་རྒོད་ཆོ་འཕྲུལ་ཅན། །བློ་བྲལ་ཕཊ་ཀྱིས་གཅོད་པའི་རོ་སྙོམས་ཀྱིས། །འགྲོ་ཁམས་སྙིང་རྗེས་འཛིན་དེ་གཅོད་མཁན་ལགས། །ཆོས་དང་མཐུན་ན་གྲོང་འདབས་ཡིན་ཀྱང་རུང་། །ཆགས་སྡང་སྐྱེད་ན་སྒྲུབ་གནས་ཡིན་ཀྱང་བྱོལ། །གཙོ་བོར་ནང་གི་དགེ་སྦྱོར་འཕེལ་རྐྱེན་ལ། །བརྟགས་ནས་བླང་དོར་གནས་སྐབས་ཕྱེད་པ་གཅེས། །མདོར་ན་སྟོང་ཉིད་སྙིང་རྗེའི་ཤིང་རྟ་ཡིས། །འགྲོ་ཚོགས་འདུན་མའི་ཁ་ལོ་དགེ་ཕྱོགས་སུ། །དྲངས་ནས་རྣམ་མཁྱེན་གྲོང་དུ་གཞུག་པ་ལ། །ལེ་ལོའི་གཡུལ་ངོ་བཟློག་པའི་བརྩོན་འགྲུས་འཚལ། །འདི་ནི་རང་འདྲའི་སྙིགས་སྤྱོད་ཕལ་རྣམས་ལ། །ཕན་སྙམ་ལྷག་པའི་བསམ་པས་ཞུས་པ་སྟེ། །གཞན་དུ་བསྟན་ལ་དགོངས་དང་སྦས་ཡུལ་བགྲོད། །གནས་རྟེན་བསྐོར་དང་སྤྱོད་ཡུལ་རོ་སྙོམས་ཀྱི། །ཡོན་ཏན་བསམ་འདས་ཀུན་ལ་ཞུས་པ་མིན། །ངེས་འབྱུང་བྱང་ཆུབ་སེམས་ཀྱི་གཞི་བཟུང་ནས། །གྲགས་འདོད་ཆོས་བརྒྱད་གཡའ་ཡིས་མ་གོས་པར། །དམ་པའི་རྣམ་ཐར་གསེར་བཞིན་ངོམ་རྣམས་ལ། །ཡིད་རང་སོར་བཅུའི་མེ་ཏོག་བཞད་པ་ལགས། །དེ་སྐད་སེང་རྫོང་གྲུབ་པའི་བསྟི་གནས་ནས། །ལུགས་ཟུང་དྲི་ཡིས་ཡོངས་བཏང་བྷུ་སུ་ཀུ། །འཇམ་དབྱངས་བློ་གྲོས་རྒྱ་མཚོར་འབོད་དེས་བྲིས། །དགེ་བས་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག །


previousགྲོགས་པོ་རྣམས་ལ་འཐད་འོས་གཏམ། next