Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྲོག་སྡོམ་གཟེར་བཞིའི་གནད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྲོག་སྡོམ་གཟེར་བཞིའི་གནད། next

སྲོག་སྡོམ་གཟེར་བཞིའི་གནད།

༄༅། །སྲོག་སྡོམ་གཟེར་བཞིའི་གནད། ཨ་ཧོ། རླུང་སེམས་ལྷ་སྐུར་སྨིན་པའི་རྗེས་ཐོབ་ཀྱི་རོལ་རྩལ། །གྲགས་སྟོང་རྡོ་རྗེའི་དོ་ཧས་ཟབ་གསང་གི་བདུད་རྩི། །སྐལ་ལྡན་སྙིང་གི་བུམ་པར་ཡང་ཡང་དུ་བསྟིམ་མཛད། །སྐྱབས་གཅིག་དྲིན་ཆེན་བླ་མ་སྙིང་དབུས་སུ་བཞུགས་ཤིག །དབང་ཐོབ་དམ་ཚིག་ལྡན་པའི་སྔགས་སྤྱོད་ཀྱི་སྐྱེས་བུ། །རིམ་གཉིས་ཟུང་འཇུག་ལམ་ནས་རིག་འཛིན་གྱི་རྒྱལ་སར། །བགྲོད་སླད་བསྙེན་སྒྲུབ་རྣམ་བཞིའི་དགའ་སྟོན་ལ་རོལ་རྣམས། །སྲོག་སྡོམ་གཟེར་བཞིའི་གནད་འདི་མེད་ཀ་རང་མི་འདུག །གསལ་དག་བརྟན་གསུམ་འཛོམས་པའི་བསྐྱེད་རིམ་གྱི་རྣལ་འབྱོར། །གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ཏིང་འཛིན་གྱི་ཕྱག་རྒྱས། །ཐ་མལ་སྣང་ཞེན་མཐའ་དག་ལྷ་སྐུ་རུ་བསྡོམས་འདི། །ལུས་སྣང་སྐུ་རུ་སྡོམ་བྱེད་སྲོག་གཟེར་ནི་དང་པོ། །ཐུགས་སྲོག་སྙིང་པོ་སྔགས་ཕྲེང་གསལ་བརྟན་དུ་བསྒོམས་ནས། །སྲོག་རྩོལ་གཡོ་བ་རྡོ་རྗེའི་བཟླས་པ་རུ་བསྡོམས་ཤིང་། །ཕྱི་ནང་སྒྲ་སྐད་སྨྲ་བརྗོད་ཛབ྄་དབྱངས་སུ་ཁྱེར་བ། །ངག་རླུང་གསུང་དུ་སྡོམ་པའི་སྲོག་གཟེར་ནི་གཉིས་པ། །འཁོར་འདས་ཆོས་ཀུན་ཡེ་གྲོལ་ཀུན་བཟང་གི་དགོངས་པ། །ཤར་གྲོལ་འགགས་མེད་ཉམས་རྩལ་ལྷ་སྔགས་ཀྱི་རོལ་མོ། །མཆོག་ཏུ་མི་འགྱུར་ལྷུན་རྫོགས་མཉམ་ཉིད་ཀྱི་དཀྱིལ་འཁོར། །སེམས་རྟོག་ཐུགས་སུ་སྡོམ་བྱེད་སྲོག་གཟེར་ནི་གསུམ་པ། །དོན་སེམས་སྟོང་ཉིད་སྙིང་རྗེ་རྗེས་ཆགས་ཀྱི་རོལ་རྩེད། །གཏོང་སེམས་ཞི་སོགས་དམིགས་པའི་ཁ་བསྒྱུར་ལ་བརྟེན་ནས། །འཕྲོ་འདུའི་ལས་ཀྱི་སྦྱོར་བས་གང་འདོད་ཀུན་དབང་བྱེད། །བྱ་བྱེད་ཕྲིན་ལས་དང་སྦྱོར་སྲོག་གཟེར་ནི་བཞི་པ། །འདི་བཞིས་འཁོར་འདས་སྟོང་སྲོག་རོ་མཉམ་དུ་འཕྲོག་པའི། །བློ་མཆོག་རྣམས་ལ་གྲུབ་གཉིས་སུག་མཐིལ་དུ་གནས་སོ། །འདི་མེད་ལམ་གྱི་གཟུགས་བརྙན་འཇའ་ཚོན་གྱི་རྗེས་བསྙེགས། །དེ་བས་སྐལ་བཟང་གྲོགས་རྣམས་ཚུལ་འདི་ལ་བརྩོན་འཚལ། །ཅེས་པའང་པདྨ་བི་ཛས་སོ། །
༄༅། །ན་མོ་མཉྫུ་ཤྲཱི་ཛྙཱ་ན་ས་ཏྭ་ཡ། མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་ཡེ་ཤེས་ནི། །དངོས་གཅིག་དངོས་པོ་ཀུན་གྱི་དེ་ཉིད་དེ། །འོད་གསལ་རང་བཞིན་འདུས་མ་བྱས་ཆེན་པོ། །དོན་དམ་འཇམ་དཔལ་དཔའ་བོར་གཉིས་མེད་མོས། །སྤྲོས་དང་བྲལ་ཡང་སྤྲོས་པ་ཀུན་གྱི་གཞི། །བརྗོད་ལས་འདས་ཀྱང་བརྗོད་པའི་འབབ་སྟེགས་མཆོག །ཀུན་ཁྱབ་ཀུན་བྱེད་སེམས་ཀྱི་རྡོ་རྗེ་ཆེ། །བདེ་མཆོག་བདེ་བའི་གར་མཁན་ཨེ་མ་རྨད། །ཡེ་ནས་རྣམ་གྲོལ་ཆོས་དབྱིངས་མཁའ་ཀློང་དུ། །ཡེ་ཤེས་རང་གསལ་ཉི་ཟླའི་དཀྱིལ་འཁོར་བཀྲ། །འབྲས་ཆོས་ཉེར་ལྔ་མ་བཙལ་གཞི་ལ་རྫོགས། །དོན་དམ་གསུམ་ཚུལ་འབྲལ་མེད་ཆོས་ཉིད་གཤིས། །སྣོད་བཅུད་རྒྱུད་རྣམས་དག་རྟོགས་མཉམ་པའི་ངང་། །བདེ་ཆེན་གཅིག་གིས་སྲིད་ཞིའི་ཁྱོན་ཀུན་ཁྱབ། །ཡེ་ནས་ལྷུན་མཉམ་རྫོགས་པ་ཆེན་པོའི་དལ། །རང་ལ་བཀྲ་འདི་གཟིགས་མོ་མི་ཆེའམ། །བྱིས་པས་སྒྲོ་བཏགས་ཀུན་ཏུ་རྟོག་པའི་སྤྲིན། །མ་སྤངས་མི་ལྡན་ཡེ་ཤེས་ཆེན་པོའི་མདངས། ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་མཁའ་དབྱིངས་སུ། །གང་ཡང་མ་བསལ་མཐའ་ཀུན་གྲོལ་དེ་མཚར། །བུས་པ་རྣམས་ནི་ཡོད་མེད་མཐའ་ལ་ཞེན། །གང་ལྟར་བཙལ་ཀྱང་སྒྲོ་སྐུར་དྲྭ་བར་ཆུད། །གར་ཡང་མ་རྟོག་ཅིར་ཡང་མ་བཟུང་བས། །བྱས་ཆོས་གྲུབ་མཐའི་འཆིང་ཐག་ཆད་ལ་གཟིགས། །གང་ཤར་རང་གྲོལ་ཚོགས་དྲུག་ལྷུག་པའི་ངང་། །སྣང་བཏགས་ཆོས་ཀུན་འཛིན་པའི་རྟོད་ཕུར་དོན། །སྣང་ཙམ་གྲགས་ཙམ་ལམ་གྱི་དགག་བྱ་ཅི། །དེ་སླད་དཔྱད་པ་མང་པོས་ཅི་བྱར་ཡོད། །ཉོན་མོངས་ཡེ་ཤེས་གཉིས་སུ་མེད་པ་ལ། །སྤངས་འགེགས་བསྒྱུར་པས་དོན་མེད་ཨ་ཐང་ཆད། །རང་སར་བཞག་ན་ཡེ་ཤེས་ཆེན་པོར་འཆར། །འཇམ་དཔལ་རིགས་ལྔའང་འདི་ལས་གཞན་དུ་ཅི། །གང་ལ་བཅིང་པ་པོ་དང་འཆིང་བྱེད་དང་། །བཅིང་པར་བྱ་བའང་ཀུན་ནས་ཡོད་མིན་ན། །གང་གིས་གང་བཀྲོལ་ཇི་ལྟར་འགྲོལ་བར་རུང་། །བྱིས་པས་མཁའ་ལ་མདུད་པ་འདོར་དང་མཚུངས། །གང་ཞིག་གསེར་ལྟ་འདོད་ལ་གསེར་བཞིན་དུ། །མངོན་སུམ་ལམ་གྱི་ཟབ་གནད་མི་འཚོལ་བར། །རྗེས་དཔག་མང་པོའི་ས་མཐའ་བསྐོར་ཅི་བྱེད། །བློ་བྲལ་གདོད་མའི་གཞི་ལ་ངལ་སོས་ཤིག །ཅེས་པའང་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་པ་དགེ།
༄༅། །མཁྱེན་བཟང་མཁའ་ལ་ཤེས་བྱའི་གཟའ་སྐར་ཚོགས། །མ་འདྲེས་རྣམ་པར་བཀྲ་བའི་ངོ་མཚར་གྱིས། །ས་གསུམ་འཇིག་རྟེན་སྣང་བས་མཛེས་བྱེད་པའི། །སྟོན་པ་མཆོག་དང་དབྱེར་མེད་བླ་མར་འདུད། །ཆོས་ཀུན་རང་བཞིན་གདོད་ནས་སྤྲོས་བྲལ་ཡང་། །ཡང་དག་མིན་རྟོག་ལས་བྱུང་འདུ་བྱེད་སྤྲིན། །མེད་བཞིན་སྣང་བས་སྲིད་པའི་གྲོང་ཁྱེར་དུ། །བརྒྱ་ཕྲག་སྡུག་བསྔལ་རིམ་གྱིས་མནར་བར་ཟད། །དེ་བསལ་སླད་དུ་སྐྱོབ་པ་མཆོག་དེ་ཡིས། །རིམ་གསུམ་ཆོས་ཆར་བསིལ་བོ་ཕབ་པའི་རོ། །དད་པའི་སྙིམ་པས་འཐུང་བར་མི་བྱེད་ན། །དེ་ལས་རྨོངས་དང་བསླུས་པའང་སྲིད་ན་སུ། །དེ་སླད་རྒྱལ་དང་དེ་སྲས་འཕགས་རྣམས་ཀྱི། །ལེགས་གསུང་བཀའ་དང་བསྟན་བཅོས་ཚད་མའི་གཞུང་། །བླ་མའི་མན་ངག་ཟབ་མོས་ལེགས་བརྒྱན་པར། །འཇུག་ལས་དོན་འགང་ཆེ་བ་གཞན་ཡོད་མིན། །མོས་གུས་ཚད་དུ་གྱུར་དང་སྔོན་སྦྱངས་ཅན། །བློ་ཡངས་ནམ་མཁའ་ལྟ་བུའི་གང་ཟག་ལ། །དགག་སྒྲུབ་མཚན་མའི་སྤྲིན་གྱིས་གོས་མིན་པར། །ཟུང་འཇུག་འོད་གསལ་ཉི་མ་རྟག་འཆར་མོད། །ཐོས་ཆུང་གསར་བུ་བགྲོད་པའི་གཤོག་རྩལ་གྱིས། །ཟབ་དོན་ནམ་མཁའི་མཐའ་རྒྱ་ཆོད་མིན་ཕྱིར། །ཐེ་ཚོམ་སྙི་ལ་ཟིན་པའི་ངང་ཚུལ་གྱིས། །ཡི་ཆད་ང་རོ་འདོན་པ་སྙིང་རྗེའི་ཡུལ། །དབུ་མར་རྒྱུ་འབྲས་ངོ་བོ་ཉིད་གསུམ་ལ། །དཔྱོད་བྱེད་དོན་དམ་རིགས་པའི་རྣོ་མཚོན་འབུམ། །བདེན་དངོས་རྟག་འཛིན་ཞེན་པ་གཅོད་ཕྱིར་གདེངས། །གལ་ཏེ་སྟོང་པ་ཉིད་ལ་མཚན་འཛིན་ན། །གང་ཞིག་བཤལ་སྨན་དུག་ཏུ་སོང་བ་བཞིན། །དེ་ཡང་གསོར་མི་རུང་བ་ཉིད་དུ་བསྟན། །དེ་སླད་སྣང་སྟོང་ཡོད་མེད་རྟག་ཆད་སོགས། །ཕྱོགས་རེར་གང་དུ་བཟུང་ཡང་མཐར་ལྟའི་གཡང་། །མཐའ་བྲལ་ཆོས་ཉིད་གཤིས་ལ་ཕེབས་པ་མེད། །དེ་ཕྱིར་སེམས་གནད་ལེགས་པར་གོ་བ་གཅེས། །བཀའ་འཁོར་བར་པར་གཟུགས་ནས་རྣམ་མཁྱེན་བར། །སྟོང་ཞིང་བདག་མེད་སྤྲོོས་མཚན་བྲལ་བ་རུ། །རྗེས་བསྟན་ཤིང་རྟ་ཆེ་རྣམས་བཀྲལ་བའི་དོན། །ཀ་དག་ངོ་བོ་སྟོང་པར་གཞོལ་ཞིང་འབབ། །ཕྱིར་མི་ལྡོག་པར་ངེས་དོན་སེང་གེའི་སྒྲས། །རང་བཞིན་འོད་གསལ་འདུས་མ་བྱས་པའི་ཁམས། །དཔེ་དགུས་རྗེས་བསྟན་ས་བཅུའི་དབང་ཕྱུག་སོགས། །འཕགས་པས་ལེགས་བཀྲལ་ལྷུན་གྱིས་གྲུབ་པར་གཅིག །དེ་ཀུན་ཟུང་འཇུག་རིག་པའི་དབྱིངས་རྫོགས་པ། །རང་བཞིན་རྫོགས་པ་ཆེན་པོའི་གྲུབ་མཐའ་སྟེ། །དོན་དམ་བློ་ལས་འདས་པའི་ཡེ་ཤེས་མཆོག །དབུ་མ་དེ་ཡིན་ཕྱག་རྒྱ་ཆེན་པོའང་དེ། །ལྟ་བ་ཁས་ལེན་བྲལ་བའང་དེ་ཁོ་ན། །ཚིག་བྲལ་ངག་གི་ལམ་གྱིས་མ་གོས་པ། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་རྒྱུ་བ་རྣམ་བྲལ་བ། །མཆོག་རབ་ངོ་མཚར་ཆེ་ཞེས་རྒྱལ་བས་གསུངས། །འོན་ཀྱང་རིག་པ་སྤྱི་བླུགས་འཇོག་པ་ནི། །དབང་པོ་རབ་ལས་ཕལ་གྱིས་རྟོགས་དཀའ་བས། །ཞི་གནས་ལུང་མ་བསྟན་དུ་མི་གཏོང་བར། །ཐོག་མར་མཉམ་རྗེས་དཔྱད་འཇོག་སྤེལ་མ་གཅེས། །ནམ་ཞིག་ཁས་ལེན་བྲལ་བའི་ཉམས་མྱོང་དང་། །རྗེས་ཐོབ་དཔྱད་པས་དྲངས་བའི་གོ་བ་གཉིས། །ཟུང་འཇུག་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ནས། །ཐེ་ཚོམ་སྨག་དང་བྲལ་བའི་ངེས་ཤེས་སྐྱེ། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་ཟིན་པས། །སླར་ཡང་ཀུན་རྟོག་སྤྲོས་པས་ཅི་བྱར་ཡོད། །མཚན་འཛིན་རྟོག་པའི་སྤུ་རིས་མ་འབྱེད་པར། །རང་བབས་གཉུག་མའི་ཀློང་དུ་ངལ་སོས་ཤིག །བརྗོད་བྲལ་ནམ་མཁའ་ལྟ་བུའི་གཤིས་ལུགས་ལ། །གང་ཡང་མ་བཟུང་ཅིར་ཡང་མ་རྟོག་ན། །མཐར་འཛིན་ལྟ་བའི་གཡང་སར་ཅི་སྟེ་ལྷུང་། །མ་བསལ་མཐའ་ཀུན་ཁེགས་པའི་ཚུལ་ལ་ལྟོས། །དམིགས་དང་མི་དམིགས་གཉིས་ཀ་སྤངས་ནས་ནི། །ཡང་དག་མཐའ་ལ་རྣམ་པར་གནས་མཁས་ན། །མི་རྟོག་ཏིང་འཛིན་ཉི་མ་འཁོར་ཡུག་བརྡལ། །མཚན་རྟོག་མུན་པ་དཔྱིས་འབྱིན་ཆེན་པོར་ངེས། །ཨ་ཧོ་མཉམ་བཞག་མཁའ་འདྲའི་ཡེ་ཤེས་ཆེ། །རྗེས་ཐོབ་ཐབས་ཀྱིས་བརྒྱན་པའི་ཚོགས་གཉིས་ཀྱིས། །རིགས་ཁམས་ནོར་བུ་སྦྱང་ལ་ཆེས་མཁས་ན། །སྐུ་གཉིས་ཟག་མེད་འབྱོར་པ་མི་ཟད་འགྱུར། །ཞེས་པའང་ཞེ་ཆེན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་དགེ།
༄༅། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སྣང་སྲིད་དཀྱིལ་འཁོར་གསུམ་གྱི་ངང་། །རང་བཞིན་ཡེ་ནས་ལྷུན་རྫོགས་ཆེ། །ཕུང་ལྔ་ཡབ་ལ་འབྱུང་ལྔ་ཡུམ། །སྐྱེ་མཆེད་སེམས་དཔའ་སེམས་མ་དང་། །རྟོག་ཚོགས་ཁྲོ་བོ་ཁྲོ་མོ་རུ། །བསླུ་མེད་སངས་རྒྱས་སྤྱན་གྱིས་གཟིགས། །སྐྱེ་མེད་རྒྱུ་ལས་འཁོར་འདས་ཆོས། །འགག་མེད་ཡི་གེ་སྤྲིན་གྱི་ཚུལ། །ཟུང་འཇུག་བྱིན་རླབས་འདུ་འབྲལ་མེད། །རྣལ་འབྱོར་ཟབ་མོས་མངོན་དུ་འགྱུར། །ཀུན་རྫོབ་སྒྱུ་མ་རྨི་ལམ་དང་། །དོན་དམ་སྟོང་ཉིད་མཐའ་བྲལ་གཤིས། །ཡང་དག་རྒྱལ་བའི་དཀྱིལ་འཁོར་མཆོག །དཀོར་བདུན་ངོ་བོ་ཉིད་རྒྱུར་མཉམ། །དེ་སླད་གསེར་གླིང་ས་རྡོ་བཞིན། །མ་དག་བཙལ་ཡང་རྙེད་མིན་པའི། །ལྷག་པའི་བདེན་གཉིས་ཟུང་འཇུག་ཕུལ། །ལུང་དང་རིགས་པས་གཏན་ལ་དབབ། །རྣལ་འབྱོར་ཟབ་མོས་ཉམས་སུ་བླང་། །དེ་ཡང་སྣང་བཅས་བསྐྱེད་རིམ་དང་། །མཚན་བཅས་མཚན་མེད་རྫོགས་པའི་རིམ། །ཟུང་འཇུག་ཡེ་ཤེས་ཆེན་པོར་སྦྱར། །ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག །ཕྲིན་སྒྲུབ་ཏིང་འཛིན་མཆོད་པ་དང་། །སྔགས་དང་ཕྱག་རྒྱའི་ཡན་ལག་རིགས། །མ་ལུས་དེ་ཡི་ངང་དུ་འུབ། །དེ་ལྟར་ཤེས་འཇུག་མཚན་ཉིད་ཀྱིས། །གནས་སྐབས་རྣམ་སྨིན་ཚེ་ལ་དབང་། །ཕྱག་ཆེན་སློབ་པའི་ཟུང་འཇུག་ལས། །མཐར་ཕྱིན་ལྷུན་གྱིས་གྲུབ་པ་ཡི། །མི་སློབ་ཟུང་འཇུག་མངོན་དུ་བྱེད། །འདི་ནི་གསང་ཆེན་རྒྱུད་སྡེའི་བཅུད། །སྐལ་བ་ཅན་གྱི་སྤྱོད་ཡུལ་མཆོག །ཅུང་ཟད་བརྗོད་པའི་བསོད་ནམས་ཀྱིས། །འགྲོ་ཀུན་ལྷུན་རྫོགས་སངས་རྒྱས་ཤོག །ཅེས་པའང་པདྨ་བི་ཛས་སོ། །
༄༅། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །འོད་གསལ་རང་བཞིན་བྱང་ཆུབ་སེམས། །ངོ་བོ་སྟོང་པས་རྟག་མཐའ་གྲོལ། །རང་བཞིན་གསལ་བས་ཆད་མུ་སངས། །གཉིས་སུ་བརྟགས་ཀྱང་གཉིས་འཛིན་གྱི། །མཚན་མ་རང་སར་གྲོལ་བའི་གཤིས། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །རང་གནད་མངོན་སུམ་ངོ་འཕྲོད་ན། །བརྟག་དཔྱད་མང་པོས་དགོས་པ་སྐྱུང་། །འོན་ཀྱང་དང་པོའི་ལས་ཅན་རྣམས། །རིམ་གྱིས་འཁྲིད་པའི་མན་ངག་སྲོལ། །ཕུང་ལྔ་དུ་མ་མི་རྟག་སོགས། །དཔྱད་པས་ཀུན་བརྟགས་ལྷན་སྐྱེས་ཀྱི། །གང་ཟག་བདག་མེད་ལེགས་མཐོང་ཚེ། །རྒྱུ་འབྲས་ངོ་བོ་ཉིད་གསུམ་ཚུལ། །དོན་དམ་དཔྱོད་པའི་རིགས་པ་ཡིས། །དཔྱད་དང་འཇོག་པ་རེས་མོས་ཀྱིས། །གྲུབ་དོན་སྤྲོས་པ་ཀུན་བྲལ་བའི། །ཁས་ལེན་བྲལ་བའི་སྟོང་པ་དང་། །རྟེན་འབྱུང་སྒྱུ་མའི་སྣང་ཆ་གཉིས། །འགལ་མེད་དོན་གཅིག་འབབ་པ་ཡི། །སྣང་སྟོང་ཟུང་འཇུག་དབུ་མའི་ལམ། །བསལ་བཞག་བྲལ་བར་གཏན་ལ་དབབ། །དེ་རྗེས་ཐུན་མིན་འབྲས་བུའི་ལམ། །རྣལ་འབྱོར་ཆེན་པོའི་མན་ངག་བཅུད། །དག་པ་གསུམ་དང་རྟོགས་པ་བཞི། །མཉམ་པ་བཞི་དང་བདག་ཉིད་ཆེའི། །གཏན་ཚིགས་ཟབ་མོས་ལེགས་གཞལ་འབྲས། །ཆོས་ཀུན་ཡེ་སངས་རྒྱས་པའི་ངང་། །སྣང་སྲིད་དཀྱིལ་འཁོར་གསུམ་དང་སྦྱར། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །ཟུང་འཇུག་སྤྲོས་མཚན་ཀུན་བྲལ་དབྱིངས། །རང་གི་སེམས་ལས་གུད་ན་མེད། །རྣམ་པ་གང་འདུལ་ཐབས་ཀྱི་འཕྲུལ། །ལྷ་སྔགས་ཕྱག་རྒྱར་ཡོངས་ཤེས་ན། །དངོས་གྲུབ་ཡ་མཚན་ཆེན་པོ་འབྱུང་། །འདི་ཡང་གནད་ཀྱི་གདམས་པ་སྟེ། །ཐུགས་ལ་ཆོངས་ཤིག་དགེ་བའི་གྲོགས། །དགེ་བར་གྱུར་ཅིག་ཛ་ག་ཏམ། །ཞེས་པའང་པདྨ་བི་ཛས་སོ། །
༄༅། །ན་མོ་གུ་རུ་བཛྲ་ངྷཱ་ར་ཡ། དོན་དམ་དབྱིངས་སུ་མ་སྐྱེས་སྟོང་པའི་ངང་དུ་གཅིག །ཀུན་རྫོབ་སྣ་ཚོགས་སྣང་བ་སྒྱུ་མའི་ཚུལ་དུ་གཅིག །ཟུང་འཇུག་གཉིས་མེད་མཉམ་པ་ཆེན་པོའི་ཀློང་དུ་གཅིག །དེ་སླད་འཁོར་འདས་ཆོས་རྣམས་རྒྱུ་གཅིག་ཐ་དད་མིན། །ཨ་ནི་ཤེས་རབ་སྐྱེ་མེད་བརྗོད་བྲལ་རྡོ་རྗེའི་གསུང་། །ཨུ་ནི་ཐབས་མཆོག་འགགས་མེད་སྒྱུ་འཕྲུལ་རྡོ་རྗེའི་སྐུ། །ༀ་ནི་ཐབས་ཤེས་ཟུང་འཇུག་མཉམ་ཉིད་རྡོ་རྗེའི་ཐུགས། །འབྲས་བུའི་ཆོས་ཀུན་མ་བཙལ་ཡིག་འབྲུའི་ཚུལ་དུ་རྫོགས། །གནས་ཚུལ་ངོས་ན་ཆོས་ཀུན་ཡེ་ནས་སངས་རྒྱས་ཀྱང་། །མ་རྟོགས་པར་ནི་སྣང་ལུགས་འཁྲུལ་བ་ལྡོག་མི་ནུས། །རྟོགས་པ་གཉིས་ཀྱིས་ཡེ་ནས་གྲུབ་བསལ་མེད་པའི་དོན། །བྱིན་རླབས་ནུས་མཐུའི་ཁྱད་པར་འབྱིན་པ་བཞིན་དུ་སྣང་། །ཡིད་ཆེས་ཚད་མའི་ལུང་གིས་དོན་སྤྱིའི་ནོར་བ་བསལ། །མན་ངག་ཟབ་མོས་དགོངས་དོན་འཁྲུལ་བའི་དོགས་པ་སེལ། །སོར་རྟོགས་ཤེས་པས་གོ་ཡུལ་ལ་ཞེན་རྟོག་པ་གཅོད། །ཐེག་མཆོག་མཉམ་པའི་དོན་ཉིད་མངོན་སུམ་གཏན་དབབ་གཅེས། །ཡེ་ནས་ལྷུན་རྫོགས་རང་བྱུང་ཡེ་ཤེས་དཀྱིལ་འཁོར་མཆོག །མཉམ་པ་ཆེན་པོའི་དགོངས་སྤྱོད་རྒྱ་མཚོ་གདེང་གྱུར་ན། །བསྐུར་ཐོབ་བྲལ་བའི་དབང་དང་དམ་ཚིག་དུས་གཅིག་རྫོགས། །སྒྲུབ་དང་བསྲུང་བའི་ཆོས་ཀུན་དེ་རུ་མ་འདུས་མེད། །མཉམ་ཉིད་ཀློང་དུ་སྲོག་མེད་བཅད་མེད་གཅོད་དུ་མེད། །བདག་གཞན་ཡོ་བྱད་བྱིན་དང་མ་བྱིན་བླང་དུ་མེད། །བརྗོད་བྱ་རྗོད་བྱེད་མིང་ཚིག་ཡི་གེར་བཏགས་པ་རྫུན། །ཆགས་དང་མ་ཆགས་འདུ་ཤེས་འཁྲུལ་དང་མ་འཁྲུལ་ཅི། །ཇི་ལྟར་སྒྱུ་མས་སྒྱུ་མ་སྤྱོད་སོགས་ཅིར་སྣང་ཡང་། །གང་གིས་གང་བཅིང་གང་ཞིག་གང་དུ་འཁོར་བར་འགྱུར། །དེ་ལྟར་ཤེས་ན་ལས་མེད་ལས་ཀྱི་རྣམ་སྨིན་མེད། །བཅིང་བྱ་འཆིང་བྱེད་བཅིངས་པ་མི་དམིགས་འགྲོལ་བའང་མེད། །དེ་ཚུལ་ཀློང་དུ་གྱུར་གང་དོན་གྱི་རྣལ་འབྱོར་ཆེ། །འདོད་ལྔ་ལ་སོགས་ཉོན་མོངས་ལས་རྣམས་ཀུན་སྤྱད་ཀྱང་། །བྱས་ལ་མི་གསོག་ཚོགས་ཆེན་ཡེ་རྫོགས་མཉམ་པའི་ངང་། །འོག་མའི་སྡོམ་པ་ཀུན་འདུས་རྣམ་དག་ཕུན་ཚོགས་འགྱུར། །འདི་ནི་སྐལ་བ་མཆོག་གི་ཡུལ་ཏེ་ཕལ་གྱིས་མིན། །གོ་ཡུལ་ཚིག་དང་ཡིད་དཔྱོད་ཙམ་གྱིས་ཕན་མི་ཐོགས། །མཉམ་པ་ཆེན་པོའི་དགོངས་སྤྱོད་གདེང་དུ་མ་གྱུར་པར། །མོས་པ་ཙམ་ལས་ཇི་བཞིན་ཡུལ་མིན་ཅི་ཕྱིར་ན། །གབ་པའི་གསང་བ་མ་རྟོགས་སྦས་ལ་འཆེལ་བ་གང་། །ཉམས་པ་ཆེན་པོའི་རྒྱུར་འགྱུར་དེ་སླད་བག་ཡོད་བྱོས། །ཆོས་རྣམས་ལ་ཤན་འབྱེད་པ་དམ་པའི་རྣམ་ཐར་ཡིན། །དགེ་སྦྱོང་གཞོན་ནུའི་སྤྱོད་པས་གྲོགས་དག་མཛེས་པར་མཛོད། །དེ་སྐད་སྨྲ་བར་བྱེད་གང་བློ་གྲོས་རྒྱ་མཚོ་སྟེ། །བླུན་ཡང་མོས་དགེ་མ་རྨས་གཞུང་དང་བསྟུན་ཏེ་བྲིས། །ནོངས་ན་བཟོད་པར་གསོལ་ཞིང་དགེ་བ་འགྲོ་ལ་བསྔོ། །འགྲོ་རྣམས་ཐེག་མཆོག་མཉམ་པའི་དོན་ལ་གནས་གྱུར་ཅིག །


previousསྲོག་སྡོམ་གཟེར་བཞིའི་གནད། next