Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ངེས་དོན་ལམ་གནད་མདོ་ཙམ་བཤད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousངེས་དོན་ལམ་གནད་མདོ་ཙམ་བཤད། next

ངེས་དོན་ལམ་གནད་མདོ་ཙམ་བཤད།

༄༅། །ངེས་དོན་ལམ་གནད་མདོ་ཙམ་བཤད། ཤེས་བྱ་ཐམས་ཅད་གཟིགས་པ་ཡི། །སྟོན་པ་མཆོག་དང་དབྱེར་མེད་པའི། །དཔལ་མགོན་བླ་མར་ཕྱག་བྱས་ནས། །ངེས་དོན་ལམ་གནད་མདོ་ཙམ་བཤད། །དབུ་མ་རིགས་པའི་ཚོགས་སོགས་ལས། །རྒྱུ་འབྲས་ངོ་བོ་ཉིད་གསུམ་ལ། །དཔྱད་པའི་རིགས་པ་རྣམ་མང་པ། །བདེན་དངོས་ཞེན་འཛིན་དགག་ཕྱིར་གསུངས། །གལ་ཏེ་སྟོང་པ་ཉིད་ཞེན་ན། །བཤལ་སྨན་དུག་ཏུ་སོང་བ་བཞིན། །གསོར་མི་རུང་བ་ཉིད་དུ་བསྟན། །དེས་ན་སྣང་དང་སྟོང་པ་སོགས། །གང་ལྟར་བཟུང་ཡང་འཁྲུལ་པའི་གཟེབ། །མཐར་འཛིན་ལྟ་བས་བསླུས་པ་མང་། །དེ་སླད་ཐོག་མར་གཅེས་པ་ནི། །སེམས་གནད་ལེགས་པར་གོ་བ་གནད། །དབུ་མར་གཟོད་ནས་ཞི་བ་དང་། །མ་སྐྱེས་མི་འགག་སྤྲོས་བྲལ་དབྱིངས། །ཡང་དག་མཐའ་དང་རྣམ་གྲོལ་སོགས། །དུ་མའི་སྒྲ་ཡིས་རྗེས་བསྟན་པ། །ཀ་དག་སྟོང་པ་ཆེན་པོར་གྲུབ། །ངེས་དོན་ཕྱིར་མི་ལྡོག་པ་རུ། །དཔེ་དགུ་སོགས་ཀྱིས་རྗེས་བསྟན་སྙིང་། །སྟོབས་སོགས་རྣམ་བྱང་ཆོས་རྣམས་ཀུན། །འབྲལ་མེད་ཉི་དང་འོད་ཟེར་བཞིན། །འོད་གསལ་འདུས་མ་བྱས་པའི་བདག །རང་བཞིན་ལྷུན་གྱིས་གྲུབ་པ་སྟེ། །དེ་ཀུན་རིག་པའི་དབྱིངས་རྫོགས་པ། །རང་བཞིན་རྫོགས་པ་ཆེན་པོ་ནི། །དོན་དམ་བློ་བྲལ་ཡེ་ཤེས་ཆེ། །ཟུང་འཇུག་ཁས་ལེན་བྲལ་བ་ཡིན། །འོན་ཀྱང་རིག་པ་སྤྱི་བླུགས་སུ། །འཇོག་པ་དབང་པོ་རབ་ཀྱི་ལམ། །ཕལ་གྱིས་རྟོགས་དཀའ་གྱི་ནར་འཕྱན། །དེ་བས་ཐོག་མར་མཉམ་རྗེས་སུ། །ལུང་དང་བླ་མའི་མན་ངག་བཞིན། །འཇོག་དང་དཔྱད་པ་སྤེལ་མ་གཅེས། །ནམ་ཞིག་མཁའ་འདྲའི་མཉམ་བཞག་དང་། །རྗེས་ཐོབ་དཔྱད་སྟོང་གོ་བ་གཉིས། །རེས་འཇོག་མེད་པར་ལྟོས་གྲུབ་རུ། །ངེས་ཤེས་འཛིན་སྟངས་ཀུན་ཞི་བའི། །སྤྲོས་བྲལ་ཡུལ་མེད་ཟང་ཀ་མ། །མཐོང་མེད་ཚུལ་གྱིས་མཐོང་བའི་ཚེ། །བལྟ་བྱ་རྟོགས་བྱེད་རྟོགས་པ་གསུམ། །དབྱེར་མེད་ཆུ་ལ་ཆུ་བཞག་བཞིན། །སྨྲ་བསམ་བརྗོད་པ་ལས་འདས་པའི། །ཆོས་ཉིད་གཤིས་ལ་ཕེབས་པའི་ཉམས། །མཁའ་འདྲ་འཕོ་གྱུར་བྲལ་བའི་གདངས། །སྒྲོ་འདོགས་ནང་ནས་ཆོད་པ་འབྱུང་། །དེ་ཚེ་དཔྱད་དང་མ་དཔྱད་མེད། །ངོ་བོ་བསལ་བཞག་སྤང་གཉེན་བྲལ། །འདི་ཙམ་གདེང་དུ་མ་གྱུར་བར། །རྣམ་རྟོག་དགག་དང་འགྱུ་རྗེས་མཐུད། །ཟ་ཟིའི་ཉམས་ལ་རེ་བ་རྣམས། །ཞི་ལྷག་གང་དུའང་བཤད་པ་མེད། །ངེས་པར་དུས་གྲོན་ཙམ་དུ་ཟད། །འོན་ཀྱང་ཁ་ཅིག་འདི་ཙམ་ལ། །ཡིད་ཚིམ་སྒོམ་མེད་རློམ་པས་ཁེངས། །ཁ་ཕོ་འབྲུག་ལྟར་སྒྲོག་ལགས་ཀྱང་། །གོ་མྱོང་ཡིན་གྱིས་རྟོགས་པ་མིན། །རང་བཞིན་རྫོགས་པ་ཆེན་པོ་ནི། །ཟག་བཅས་ཕུང་པོ་ལྔ་བྲལ་ཏེ། །ས་ཐོབ་འཕགས་པའི་སྤྱོད་ཡུལ་ཡིན། །རང་ལ་ཚོགས་ལམ་ཙམ་གྱི་རྟགས། །མེད་ན་གོང་མར་རློམ་པ་འཁྲུལ། །འོན་ཀྱང་ལམ་འདི་གནད་སོང་ན། །ཆོས་ཉིད་རང་ལ་གནས་པ་དང་། །བྱིན་རླབས་བརྒྱུད་པའི་ཉེ་ཁྱད་ཀྱིས། །རིང་མིན་ཆོས་སྐུའི་རང་ཞལ་མཇལ། །བར་དུ་སྒོམ་པ་གོམས་པའི་ཚེ། །བསྒོམ་མོ་སྙམ་དུ་མི་བསྒོམ་ཞིང་། །མི་བསྒོམ་སྙམ་དུའང་བསྐྱུར་མི་བྱ། །བསྒོམ་དང་མ་བསྒོམས་མེད་པའི་གཤིས། །རང་བབས་ཆུ་བོའི་རྒྱུན་ལྟར་སྦྱོར། །རྣམ་རྟོག་ཕར་ལ་སྤྲོ་བ་དང་། །རིག་པ་ཚུར་ལ་བསྡུ་བ་སོགས། །ནམ་དྲན་ཡང་འཇོག་མ་བྱེད་པར། །རང་བབས་སོ་མར་གློད་པ་གནད། །ཕྱི་རུ་ཚོགས་དྲུག་སྣང་བ་དང་། །ནང་དུ་དགེ་སྡིག་ལུང་མ་བསྟན། །བར་དུ་ཉམས་ཀྱི་འཕེལ་འགྲིབ་ཚོགས། །གང་ཤར་མཁའ་ལ་བྱ་འཕུར་བཞིན། །གང་ལའང་གནས་པ་མེད་པར་སྤྱོད། །ཡིད་དཔྱོད་ཞེན་པའི་ལྟ་སྒོམ་ཕལ། །མཁའ་ལ་རི་མོ་འབྲི་འདོད་མཚུངས། །དེ་ཕྱིར་སེམས་འཛིན་སྐོར{དཀོར}ཙེ་སོགས། །དོན་མེད་སྡུག་བཙིར་བོར་ལ་ཐོངས། །བློ་བྲལ་ཡིད་ལ་མི་བྱེད་དང་། །མི་དམིགས་མི་སྦྱོར་གནས་མེད་སོགས། །བརྗོོད་བྲལ་ལྷན་སྐྱེས་གཉུག་མའི་བབས། །བཅིངས་གྲོལ་མེད་པའི་གཤིས་འདི་ལ། །རྒྱ་མཚོར་ཆུ་བཞིན་གཞོལ་ཞིང་འབབས། །དེ་སླད་བདེན་གཉིས་དབྱེར་མེད་པའི། །མཐར་ཐུག་བདེན་གཅིག་ཟབ་མོའི་དོན། །རང་ལ་ཤར་བའི་ཉི་མ་འདིས། །དངོས་འཛིན་རབ་རིབ་སེལ་བར་མཛོད། །མཐར་ཐུག་ཤེས་དང་ཤེས་བྱའི་དངོས། །མི་ཕྱེད་རོ་མཉམ་བརྡལ་བ་ཆེ། །ཐིག་ལེ་ཆེན་པོར་ལྷུན་རྫོགས་པའི། །ཀློང་ཆེན་དངོས་པོའི་མཛོད་བརྟོལ་འགྱུར། །གཞན་ཡང་རྟོགས་པ་ཀློང་གྱུར་ཚེ། །རང་མདངས་དམིགས་མེད་སྙིང་རྗེའི་རྩལ། །ཡེ་ནས་ཉི་དང་ཟེར་བཞིན་དུ། །ནམ་ཡང་འབྲལ་མེད་ཆོས་ཉིད་ཕྱིར། །སྟོང་པ་ཉིད་དང་སྙིང་རྗེ་ཆེ། །ཟུང་འཇུག་དོན་དམ་སེམས་བསྐྱེད་མཆོག །མངོན་དུ་འགྱུར་མོད་ལས་དང་པོས། །ཐབས་ཤེས་ཟུང་དུ་ཆུད་དཀའ་བས། །སྙིང་རྗེའང་ཐུན་དུ་བཅད་ལ་སྒོམས། །དེར་ཡང་མ་ཞེན་སྒྱུ་མར་སྦྱངས། །མཚན་བཅས་མཚན་མེད་བསྐྱེད་རྫོགས་དང་། །ཞི་གནས་ལྷག་མཐོང་ལ་སོགས་པ། །སོ་སོར་རྩལ་སྦྱངས་གཅིག་ཏུ་བསྲེ། །རང་ཉམས་བསྟུན་ལ་གནད་འགྲོ་ཟབ། །ཆོས་བརྒྱད་བསམ་པས་བསླད་མིན་པར། །རྐྱེན་ངན་སྟེང་དུ་ཉམས་བོགས་དབྱུང་། །གང་ལའང་རེ་དོགས་ཆེད་འཛིན་བོར། །དགའ་བྲོད་ཉམས་ལ་མ་ཞེན་ཅིག །ཁྱད་པར་དོན་བརྒྱུད་འཕོ་བའི་ཐབས། །བླ་མ་སངས་རྒྱས་ཆོས་སྐུ་རུ། །བལྟ་བའི་མོས་གུས་སྲོག་བཟུང་ནས། །ཐུགས་ཡིད་བསྲེ་བ་མཆོག་ཏུ་གཅེས། །ཇི་སྲིད་གཟུང་འཛིན་མ་ཞིག་པར། །རྒྱུ་འབྲས་རྟེན་འབྱུང་བསླུ་མེད་པས། །འཁོར་གསུམ་བདེན་ཞེན་སྤངས་པ་ཡི། །ཚོགས་གཉིས་ཟུང་དུ་ཆུད་པར་མཛོད། །དེ་སྐད་ལུང་རིགས་མན་ངག་བཅུད། །ཅུང་ཟད་རང་གི་མྱོང་བའི་དོན། །བརྩེ་བས་ཉུང་གསལ་གོ་བདེར་བཤད། །ཁྱེད་བློ་རྟོགས་པས་ཕྱུག་གྱུར་ཅིག །ཅེས་པའང་བི་ཛས་སོ། །


previousངེས་དོན་ལམ་གནད་མདོ་ཙམ་བཤད། next