Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡིད་དཔྱོད་ལྟ་སྒོམ་ཕལ་དང་འདི་མི་མཚུངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡིད་དཔྱོད་ལྟ་སྒོམ་ཕལ་དང་འདི་མི་མཚུངས། next

ཡིད་དཔྱོད་ལྟ་སྒོམ་ཕལ་དང་འདི་མི་མཚུངས།

༄༅། །ཡིད་དཔྱོད་ལྟ་སྒོམ་ཕལ་དང་འདི་མི་མཚུངས། ན་མོ་གུ་རུ་པདྨཱ་ཀ་ར་ཡེ། འཁོར་འདས་ཆོས་ཀུན་བྱེད་པོ་རང་གི་སེམས། །སེམས་ཉིད་དུས་གསུམ་སྐྱེ་འགག་འཕོ་འགྱུར་བྲལ། །ད་ལྟའི་ཤེས་རིག་མ་བཅོས་རྫོགས་པ་ཆེ། །སྐུ་གསུམ་དགོངས་པའི་ངོ་བོར་ཡེ་གནས་ཀྱང་། །རང་ངོ་མ་ཤེས་སྲིད་པའི་འཁོར་ལོར་འཁྱམས། །མེད་སྣང་སྡུག་བསྔལ་བརྒྱ་ཕྲག་རིམ་གྱིས་མནར། །སུས་ཀྱང་མ་བྱས་རང་རང་ལས་གྱི་མཐུ། །བདག་མེད་ཆོས་ལ་བདག་ཏུ་བཟུང་བས་འཁྲུལ། །མཉམ་པ་ཉིད་ལ་ཕྱོགས་རིས་བལྟས་པས་ནོངས། །བློ་བྱས་ཆོས་གྱི་བློ་བྲལ་གདེང་མི་རྙེད། །བྱ་བྱེད་སྤྲོས་པས་བྱར་མེད་དོན་མི་མཐོང་། །ཚིག་གི་སྦུན་པས་དོན་དམ་སྒྲིབ་ཉེན་ཆེ། །ཀྱེ་མ་དེང་སང་སྙིགས་མའི་སྒོམ་བྱེད་ཕལ། །ཡང་དག་དགེ་བའི་བཤེས་ཀྱིས་མ་ཟིན་ཅིང་། །ཟབ་གསང་གདམས་པའི་ཉིང་ཁུ་མ་ཐོབ་པས། །ཐོམ་མེ་ཡེ་རེའི་ངང་དུ་མི་ཚེ་ཟད། །ཁ་ཅིག་རྣམ་རྟོག་གཙེས་པས་སྙིང་རླུང་ལྡང། །ལ་ལ་ཡིད་དཔྱོད་ཚིག་ལ་གློ་བ་འཆེལ། །གཞན་དག་ཟ་ཟིའི་ཉམས་ཀྱི་མགོ་བོ་འཁོར། །ཕལ་ཆེར་ཁོ་ཐག་མ་ཆོད་ཡི་མུག་སྐྱེ། །དོན་མེད་ལས་ལ་དལ་འབྱོར་ཆུད་རེ་གསོན། །རིན་ཆེན་གླིང་ནས་ལག་སྟོང་ཕྱིན་ལ་ཉེ། །དེ་བས་སྐལ་བཟང་ཐར་པ་འདོད་རྣམས་ཀྱིས། །རང་མཐོང་དྲེགས་པས་རང་ཚུགས་མ་བཟུང་བར། །མཉེས་པ་གསུམ་གྱིས་དམ་པའི་ཞབས་པད་བསྟེན། །གོ་ལོ་ཐོས་ལོའི་ངང་དུ་མ་བཞག་པར། །མན་ངག་ཟབ་མོའི་སྒྲོ་འདོགས་ཆོད་པར་མཛོད། །དེ་ཡང་ཤེས་པ་ཙམ་གྱིས་མི་ཆོག་སྟེ། །ཐབས་ཚུལ་དུ་མས་རྒྱུད་ལ་སྦྱོར་བ་གལ། །ཆུ་བོ་ཐོས་དང་མཚན་ཉིད་ཤེས་ཙམ་གྱིས། །མ་བཏུང་སྐོམ་པ་སེལ་བར་འདུག་གམ་སོམས། །དང་པོའི་ལས་ཅན་འདུ་འཛིའི་གནས་ན་གཡེངས། །ལེགས་པར་བསམས་ཀྱང་གཉེན་པོས་སྟོབས་མི་ཆོམ། །དེ་བས་རྒྱལ་བསྔགས་དབེན་པའི་རི་བོ་རུ། །གཡེང་བ་སྤོང་ལ་རྩེ་གཅིག་སྒོམ་པ་གཅེས། །ཐོག་མ་ཉིད་དུ་ངེས་འབྱུང་འབའ་ཞིག་བསམ། །འདི་མེད་སྲིད་པ་གསུམ་ལས་འདའ་མི་ནུས། །དེ་ནས་བྱམས་དང་སྙིང་རྗེ་བྱང་སེམས་སྒོམས། །འདི་མེད་ཐེག་པ་ཆེན་པོའི་གྲལ་མི་ཚུད། །རྟག་པར་བླ་མའི་མོས་གུས་འབའ་ཞིག་སྒོམས། །འདི་མེད་རྒྱུད་ལ་བྱིན་རླབས་འཇུག་མི་འགྱུར། །སྡུག་བརྩིར་བསྒོམས་ཀྱང་གནས་ལུགས་རྟོགས་མི་སྲིད། །དེས་ན་ཐོག་མར་ཙབ་ཙུབ་མི་བྱེད་པར། །ངེས་འབྱུང་སྙིང་རྗེ་མོས་གུས་ཐུན་བཞིར་སྒོམས། །བཅོས་མིན་རྒྱུད་ལ་སྐྱེས་ནས་གནས་ལུགས་སྐྱོངས། །ད་ལྟའི་ཤེས་པ་བཟོ་མེད་གཉུག་མའི་ངང་། །ལྟ་སྒོམ་ཞེན་པའི་སྒྲོག་གིས་མ་བཅིངས་ཤིང་། །དུས་གསུམ་རྟོག་པས་མ་བསླད་རིག་པའི་གཤིས། །རང་བབས་ངང་དྭངས་ས་{སལ}ལེ་ཡེ་རེ་བ། །འབོལ་ལེ་ཤིག་གེ་ཟིམ་མེ་རྗེན་ཅེར་རེ། །ཧར་སངས་རྗེས་མེད་ཟང་མ་ཐལ་བྱུང་འདི། །སྤྲོས་བྲལ་རིག་སྟོང་རྗེན་པའི་ཆོས་སྐུ་ཡིན། །སྒྲིན་པོའི་བློ་ཡིས་བརྟག་དཔྱད་བྱེད་མི་དགོས། །རང་བབས་བཞག་ན་ཡེ་ཤེས་ཁོང་ནས་འཆར། །རྩོལ་བས་མ་བསྒྲིམས་ལྷོད་ཀྱིས་ཀློད་ལ་ཞོག །གནས་འགྱུར་དགའ་སྡུག་རེ་དོགས་བོར་ལ་ཐོངས། །སྒོ་ལྔ་རང་ཡན་ཚོགས་དྲུག་ལྷུག་པར་སྐྱོངས། །ཉམས་ལ་མ་ཞེན་དགག་སྒྲུབ་སྤྲོས་པ་དོར། །ཇི་ལྟར་ཤར་ཡང་རིག་པའི་རང་གཤིས་ཡིན། །རང་སར་ལྷོད་དང་ཡེ་ཤེས་ཆེན་པོའི་ངང་། །རང་གྲོལ་གདོད་མའི་གཤིས་ལུགས་ཨ་ལ་ལ། །ཨེ་མ་ཡང་གསང་རྡོ་རྗེ་རྩེ་མོའི་ལམ། །གྲོལ་བ་དྲུག་ལྡན་སྙིང་ཐིག་སྙིང་པོའི་སྲོག །པད་འབྱུང་བི་མའི་དགོངས་ཉམས་གཅིག་དྲིལ་བཅུད། །ཀུན་མཁྱེན་ཆོས་རྗེའི་དྲིན་གྱིས་དེང་ཡང་དར། །མཆོག་གསང་མན་ངག་ཟབ་མོ་འདིར་མཇལ་བ། །བསྐལ་མང་བསོད་ནམས་བསགས་པའི་འབྲས་བུ་ཡིན། །རང་གར་མ་སྐྱུར་རྒྱུད་ལ་སྦྱོར་མཛོད་དང་། །ཡིད་དཔྱོད་ལྟ་སྒོམ་ཕལ་དང་འདི་མི་མཚུངས། །ཐུན་གཅིག་སྒོམ་ཡང་ཡིད་ཆེས་ཁོང་ནས་འཆར། །གཞི་བདེའི་སྟེང་དུ་བློ་བདེ་རྒྱུན་མི་འཆད། །བདེན་ནམ་མི་བདེན་ཉམས་སུ་ལོངས་དང་གསལ། །དེ་སྐད་མཁོས་ཆུང་བག་ཡངས་སྒྲུབ་པ་པོ། །འགྱུར་མེད་པདྨ་རྣམ་རྒྱལ་འབོད་དེ་ཡིས། །བླ་མའི་དྲིན་གྱིས་ཆ་ཙམ་རྟོགས་པའི་ཚུལ། །བདེ་ཆེན་འོད་གསལ་ཕུག་གི་བྲག་སྐྱིབས་ནས། །ཆོས་གྲོགས་རྣམས་ཀྱི་སྙན་དུ་མདོ་ཙམ་གསོལ། །དགེ་བས་འགྲོ་ཀུན་ཀུན་བཟང་གནས་ཐོབ་ཤོག །


previousཡིད་དཔྱོད་ལྟ་སྒོམ་ཕལ་དང་འདི་མི་མཚུངས། next