Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕ་བླ་མའི་ཞབས་ཏོག་དེ་ཡིས་འགྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕ་བླ་མའི་ཞབས་ཏོག་དེ་ཡིས་འགྲུབ། next

ཕ་བླ་མའི་ཞབས་ཏོག་དེ་ཡིས་འགྲུབ།

༄༅། །ཕ་བླ་མའི་ཞབས་ཏོག་དེ་ཡིས་འགྲུབ། ན་མོ་གུ་རུ། རྗེ་རྫོགས་པའི་སངས་རྒྱས་མི་གཟུགས་ཅན། །མཚན་ཐོས་པ་དོན་ལྡན་རྒྱལ་བའི་སྲས། །མགོན་ཐུབ་པས་ལུང་བསྟན་རིན་པོ་ཆེ། །མི་བདག་གི་སྤྱི་བོའི་རྒྱན་བཞུགས་ནས། །ཚེ་བློ་ཡིས་ཐོངས་བར་བྱིན་གྱིས་རློབས། །ཀྱེ་ཉོན་དང་སྤྲང་པོ་མདོ་མེད་པོ། །ཁྱོད་རང་སེམས་འཛུབ་མོ་ནང་དུ་ཁུག །དུས་ད་ལྟ་ཤི་ན་གདེང་ཅི་ཡོད། །སེམས་བློ་བདེ་ཚགས་སུ་ཚུད་དམ་ཅི། །བདུད་རྟག་འཛིན་འགོང་པོ་ཕུག་ཏུ་ཞུགས། །དགྲ་ཆོས་བརྒྱད་ཞེན་པས་མཐའ་ནས་བསྐོར། །ལས་ཟིན་མེད་བྱ་བས་རྟག་ཏུ་བྲེལ། །ཚེ་དོན་མེད་ཟད་པ་མ་ཚོར་རམ། །ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་དང་། །ནང་དགྲ་གཉེན་བར་མའི་འཆི་ལུགས་དང་། །བར་ལུས་སེམས་མི་བརྟན་གཡོ་བའི་ཚུལ། །འདི་གསུམ་ལ་ལྟོས་དང་བློ་དྲེད་པོ། །མགོན་རྫོགས་པའི་སངས་རྒྱས་རིན་པོ་ཆེས། །ཆོས་མི་རྟག་སྟོན་པའི་སློབ་དཔོན་བརྒྱ། །དུས་དེང་སང་མ་བོས་མགྲོན་དུ་ཁུགས། །ཚུལ་འདི་ལ་སོམས་དང་བློ་ལད་པོ། །ཚེ་དགོང་ཀའི་ཉི་བཞིན་ཕར་ཕར་འགྲོ། །དགྲ་འཆི་བདག་གྲིབ་སོ་ཚུར་ཚུར་འོང་། །ལུས་རྒ་བའི་ཞགས་པས་ཉིན་བཞིན་བསྡམས། །ཁྱོད་མ་མཐོང་ཅེ་རེ་ལོངས་སམ་ཅི། །ལས་འཇིག་རྟེན་བྱ་བཞག་ཟིན་དུས་མེད། །དགྲ་འཆི་བ་ནམ་འོང་ཆ་མ་མཆིས། །དེ་བྱུང་ན་སུས་ཀྱང་ཟློག་མི་ནུས། །ད་རང་ཚོད་ཟུང་དང་ཀླད་མེད་པོ། །སྤྱིར་སྐྱེས་པ་འདི་ཚོའི་འཆི་ལུགས་ལ། །ལུས་སྒྱུ་མའི་གཡར་བོ་འདོར་འདོར་འདྲ། །རྒྱན་བྱི་དོར་བྱས་ཀྱང་ཅུང་མ་ཕན། །ད་དོན་ཆེན་དགེ་ལ་བཀོལ་རེ་རན། །ཡོངས་འདུས་པ་འདི་ཚོའི་འབྲལ་ལུགས་ལ། །གཉེན་མཛའ་གྲོགས་འདིས་ཀྱང་བསླུ་བསླུ་འདྲ། །གྲྭ་ཡོན་བདག་ཡོད་ཀྱང་ཅུང་མ་ཕན། །ད་གཅིག་པུར་དབེན་པ་བརྟེན་རེ་རན། །དགོས་བསགས་པ་འདི་ཚོའི་མཛད་ལུགས་ལ། །ནོར་ཟང་ཟིང་འདིས་ཀྱང་བསླུ་བསླུ་འདྲ། །རྒྱུ་ཟས་ནོར་ཡོད་ཀྱང་ཅུང་མ་ཕན། །ད་བྱ་བཏང་ནོར་མེད་བྱེད་རེ་རན། །ཁོང་མཐོན་པོ་འདི་ཚོའི་རྒུད་ལུགས་ལ། །སྟོབས་མངའ་ཐང་འདིས་ཀྱང་བསླུ་བསླུ་འདྲ། །དབང་ཁ་དྲག་འཛོམ་ཡང་ཅུང་མ་ཕན། །ད་སྤྲང་པོ་དམན་ས་འཛིན་རེ་རན། །སྔོན་བརྩིགས་པ་འདི་ཚོའི་འགྱེལ་ལུགས་ལ། །མཁར་ཁང་གཞིས་འདིས་ཀྱང་བསླུ་བསླུ་འདྲ། །གནས་བཀོད་པ་མཛེས་ཀྱང་ཅུང་མ་ཕན། །ད་བྲག་ཕུག་རང་ཤོང་འཚོལ་རེ་རན། །རྗེ་གོང་མའི་གདན་ས་ཆགས་སྡང་རྒྱུ། །ལས་ཇི་ལྟར་བྱས་ཀྱང་མགུ་དུས་མེད། །རང་མཁོས་བསྟུན་ཞབས་ཏོག་དེ་ཙམ་ལགས། །ད་མདོ་མེད་རང་ཚོད་འཛིན་རེ་རན། །གཏམ་ངེས་མེད་བྲག་ཅའི་རོལ་མོ་འདྲ། །ཚུལ་འདི་ལ་ཞེན་པ་བཅོལ་རེ་ཆུང་། །གཞན་བསྟོད་ཀྱང་རུང་ལ་སྨད་ཀྱང་རུང་། །ད་རང་ཚོད་རང་གིས་འཛིན་རེ་རན། །ཆོས་བསླབ་ཤེས་མཁས་པ་མ་ལགས་ཀྱང་། །དོན་ཡིན་ལུགས་གནད་ཀྱི་མདོ་འགག་ཤེས། །འཕྲལ་བླ་མ་གཞན་ནས་ཚོལ་མི་དགོས། །ད་གདམས་ངག་སེམས་ལ་བསྒོམ་རེ་རན། །ལས་བྱ་བྱེད་གཟོབ་པ་མ་ལགས་ཀྱང་། །དུས་ད་ལྟ་འབྱུང་བ་ཅུང་མ་གུད། །གྲོགས་གྲྭ་བ་གཞན་ལ་རེ་མ་དགོས། །ད་ཉེ་གནས་རང་ལ་བཅོལ་རེ་རན། །ཕོ་བསགས་པ་ཅན་ཞིག་མ་ལགས་ཀྱང་། །སྐྱབས་དཀོན་མཆོག་གསུམ་གྱི་བཀའ་དྲིན་གྱིས། །ཟས་ལུས་འཚོ་ཙམ་ནི་གང་ནས་རྙེད། །ད་ངོ་སྲུང་མཐུན་འཇུག་གཅོད་རེ་རན། །ལུས་སྒྱུ་མའི་གཡར་པོ་ཅིས་ཀྱང་འདོར། །སེམས་གཉུག་མའི་གཤིས་ལ་གཞོམ་གཞིག་བྲལ། །ཁོང་སྟོང་གསུམ་དགྲ་རུ་ལངས་ཀྱང་ཅི། །ད་རོ་སྙོམས་ལམ་དུ་ཁྱེར་རེ་རན། །ནང་འཆི་བྲོད་ཀྱི་གདེང་ཚད་མ་རྙེད་ན། །ཕྱི་བདུན་ཚིག་གི་སྤྲོས་པ་གཡེང་བའི་རྒྱུ། །ཁྱི་བཞིན་དུ་ཤི་ཡང་འགྱོད་པ་མེད། །ད་བློ་ཐག་རྦད་ཀྱིས་བཅད་རེ་རན། །ཕ་དྲིན་ཆེན་བླ་མས་གནང་བ་ཐོབ། །ལས་ཟིན་མེད་འདི་ལ་ཡིད་ཀྱང་ཆད། །སྐྱེ་སྤྲུལ་གྱི་རེ་བ་ཁོ་ཐག་ཆོད། །ད་ཕྱི་ཚིས་ཀྱི་སྤྲོས་པ་དོར་རེ་རན། །རང་གཅིག་པུར་སྒྲུབ་པའི་ཉམས་ལེན་དེ། །སྔོན་མཁས་གྲུབ་ཡོངས་ཀྱི་དཔའ་ཚུགས་ཡིན། །ཕ་བླ་མའི་ཞབས་ཏོག་དེ་ཡིས་འགྲུབ། །མགོན་སངས་རྒྱས་ཀྱི་བསྟན་པ་དེ་ཡིས་ཟིན། །མ་འགྲོ་བའི་དྲིན་ལན་དེ་ཡིས་འཁོར། །རང་གཞན་གྱི་དོན་གཉིས་དེ་ཡིས་འགྲུབ། །གཞན་སྤྲ་སྤྲོ་མང་པོ་ལས་རླུང་གྲོགས། །ད་ཁ་ཕོ་དོན་ཐོག་འགེལ་རེ་རན། །ཚུལ་དེ་སྐད་སྤྲང་པོ་མདོ་མེད་པོ། །མིང་པདྨ་བི་ཛར་འབོད་དེ་ཡིས། །རང་དྲན་པ་གསོ་བའི་གསོས་སུ་སྨྲས། །ད་སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །
༈ རྗེ་འགྲོ་བའི་འདྲེན་མཆོག་དྲིན་ཆེན་རྗེ། །མི་བདག་གི་སྤྱི་བོའི་རྒྱན་བཞུགས་ནས། །དུས་འདི་ནས་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་དུ་སྨིན་གྲོལ་བྱིན་རླབས་མཛོད། །སྔོན་བསོད་ནམས་བསགས་པའི་འབྲས་བུ་ཡིས། །དུས་ད་རེས་དལ་འབྱོར་རྟེན་ཐོབ་ཀྱང་། །དགྲ་འཆི་བདག་ཟེར་བའི་བརྩེ་མེད་འདིས། །དུས་ནམ་འཛིན་མི་ཤེས་ཨ་ཙ་མ། །འདི་འབྱུང་བ་ཀུན་ལ་ཆ་ཡོད་ཀྱང་། །རེས་མི་འབྱུང་སྙམ་པའི་བློ་ངན་འདིས། །དུས་སྔོན་ཆད་བསླུས་པས་ཞེ་རེ་འགྱོད། །ད་ལོང་མེད་བློ་སྣ་བསྟུངས་ན་ལེགས། །དོན་བྱ་བྱེད་ཆུ་ཡི་གཉེར་མ་འདྲ། །འདི་ཟིན་པར་དཀའ་ལ་དོན་གོ་ཆུང་། །དུས་དེ་རིང་ཤི་ན་བློ་གཏད་ཅི། །བློ་ནང་དུ་ཁུག་དང་མདོ་མེད་པོ། །ཁྱོད་ཆོས་སྒོར་ཞུགས་ནས་ཇི་ཙམ་ལོན། །མདོ་དོན་གྱི་འབྲས་བུ་ཅི་འགྲུབ་སོམས། །ཡིན་ལོ་དང་ཤེས་ལོས་མི་ཚེ་ཟད། །ད་ཚེ་འཇུག་གང་ཤེས་རྒྱུད་ལ་སྦྱོར། །གཤིན་གསོན་གྱི་མགོ་སྐོར་དེ་ཙམ་ལགས། །ད་རང་མགོ་རང་གིས་མ་བསྐོར་བར། །ནམ་བཞག་གི་གཏན་འདུན་སྒྲུབ་རེ་རན། །ཚེ་སྒྲུབ་པ་མཉམ་པའི་དམ་བཅའ་འཚལ། །མིའི་ངོ་སྲུང་མཐུན་འཇུག་གཡེང་བའི་རྒྱུ། །ལས་ཇི་ལྟར་བྱས་ཀྱང་མགུ་དུས་མེད། །གཏམ་བྲག་ཆའི་རོལ་མོས་སུ་ལ་ཅི། །རང་སྣ་ཐག་མགོ་ལ་བཀྲི་རེ་རན། །རང་གར་འགྲོ་ངེས་བཟུང་མེད་བཞིན་དུ། །གཞན་འདྲེན་སྟོན་རློམ་པ་གད་མོའི་གནས། །དོན་དེ་ཕྱིར་གཉིས་མགོ་མི་བསྐོར་བར། །ད་འཆི་ཆོས་སྙིང་ནས་སྒྲུབ་ན་ལེགས། །རྗེ་རྒྱལ་བའི་བསྟན་པ་སྒྲུབ་པས་ཟིན། །མ་འགྲོ་བའི་དོན་ཡང་སྒྲུབ་པས་འགྲུབ། །རང་འབྲེལ་བཅས་འགྲོ་ཀུན་སྒྲུབ་པས་འཚེངས། །དོན་དེ་ལས་ཆེ་བ་གཞན་སུ་ཞིག །གཞན་སུ་མ་མགུ་ཡང་གློ་བ་བདེ། །ལས་ཇི་ལྟར་གྱུར་ཀྱང་འགྱོད་པ་མེད། །ད་སྤྲང་པོས་སྐྱིད་སྡུག་དཀོན་མཆོག་མཁྱེན། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །


previousཕ་བླ་མའི་ཞབས་ཏོག་དེ་ཡིས་འགྲུབ། next