Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྟ་སྒོམ་སྤྱོད་པའི་མདོ་འགག་ཚིག་གསུམ་ཞུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྟ་སྒོམ་སྤྱོད་པའི་མདོ་འགག་ཚིག་གསུམ་ཞུ། next

ལྟ་སྒོམ་སྤྱོད་པའི་མདོ་འགག་ཚིག་གསུམ་ཞུ།

༄༅། །ལྟ་སྒོམ་སྤྱོད་པའི་མདོ་འགག་ཚིག་གསུམ་ཞུ། གདོད་ནས་རྣམ་གྲོལ་འོད་གསལ་གཉུག་མའི་གཤིས། །ལྟ་སྒོམ་སྤྱོད་གསུམ་བྲལ་བའི་དབྱིངས་ཆེན་པོར། །བཏང་བཞག་འགྲོ་འོང་བྲལ་བས་ཕྱག་འཚལ་ནས། །ལྟ་སྒོམ་སྤྱོད་པའི་མདོ་འགག་ཚིག་གསུམ་ཞུ། །འཁོར་འདས་ཆོས་ཀུན་སེམས་ཀྱི་རོལ་པ་ཙམ། །སེམས་ཉིད་དུས་གསུམ་སྐྱེ་འགག་འཕོ་འགྱུར་བྲལ། །བརྟག་པས་མི་མཚོན་དཔྱད་པའི་བློས་མི་རེག །མཐའ་བྲལ་ཆོས་ཉིད་ཡངས་པའི་ཀློང་དུ་ཞོག །གང་ལྟར་འཛིན་པ་དེ་བཞིན་ཉིད་དུ་མིན། །ཇི་ལྟར་བཟུང་ཡང་ཕྱིར་ཞིང་འཁྲུལ་བའི་གཟེབ། །ཡང་དག་དོན་ལ་རྟོགས་དང་མ་རྟོགས་མེད། །དེ་བས་སེམས་འཛིན་དམིག་གཏད་བོར་ན་ལེགས། །སྒོམ་པ་མ་ཡིན་འདི་སྒོམ་གཏད་སོ་ཞིག །མི་སྒོམ་མིན་ཏེ་ཡེངས་འཁྲུལ་གདོད་ནས་དག །བློ་བྲལ་གཤིས་ལ་ཕེབས་ན་རྣལ་མའི་དོན། །རང་དྭངས་མི་གཡོ་འོད་གསལ་ཆེན་པོར་ཞོག །ཡེ་གྲོལ་ཉིད་ལ་བསྐྱར་གྲོལ་མི་དགོས་ཕྱིར། །རྩལ་གྱི་རྟོག་ཚོགས་བཟང་ངན་གང་ཤར་ཡང་། །རང་གིས་རང་གྲོལ་གཉེན་པོས་འཆོས་པ་སྤོངས། །མ་བཅོས་གཉུག་མར་ཀློད་པའི་ལམ་ཁྱེར་གཅེས། །སྟོང་གསལ་ཤར་གྲོལ་འགགས་མེད་རིག་པའི་གཤིས། །ཡེ་ནས་སྐུ་གསུམ་དགོངས་པའི་ངོར་གནས་པས། །ཡིན་ལུགས་ཅོག་བཞག་བཞི་ཡི་གསེང་ལམ་ནས། །གདོད་མའི་གསང་ཆེན་ཚེ་འདིར་འགྲུབ་པར་མཛོད། །མདོར་ན་ཅིར་སྣང་ལྷ་སྐུའི་ཕྱག་རྒྱ་ཆེ། །སྒྲ་གྲགས་བརྗོད་པ་གྲགས་སྟོང་སྙིང་པོ་གསུང་། །དྲན་རྟོག་རང་གྲོལ་འོད་གསལ་རྒྱལ་བའི་ཐུགས། །རྡོ་རྗེ་གསུམ་གྱི་རྣལ་འབྱོར་འབྲལ་མེད་མཛོད། །དེ་སྐད་མཆོག་སྤྲུལ་གྲུབ་པའི་སྤྱོད་འཆང་གི། །གསུང་གིས་བསྐུལ་ངོར་མི་ལྡོག་གཡར་ཁྲལ་ཙམ། །སྤྲུལ་མིང་འགྱུར་མེད་པདྨ་རྣམ་རྒྱལ་གྱིས། །བྲིས་པའི་དགེ་བས་འགྲོ་རྣམས་སངས་རྒྱས་ཤོག །
༈ རྗེ་མཚུངས་མེད་ཆོས་ཀྱི་རྒྱལ་པོར་འདུད། །སྤྲང་བློ་སྣ་ཆོས་ལ་བསྒྱུར་དུ་གསོལ། །ང་ལྟ་བ་མཐོ་མཐོ་ཞིག་བསམ་བསམ་ནས། །ཁ་འབྱམས་ཀྱི་ཚིག་གི་ལྟ་བར་ཞེན། །བློས་བྱས་ཀྱིས་བློ་འདས་སྒྲིབ་ནས་གདའ། །ད་གཏད་མེད་ཀྱི་ངང་དུ་མི་སྡོད་རེ། །སྒོམ་པ་དྭངས་དྭངས་ཤིག་བསམ་བསམ་ནས། །གསལ་སྟོང་གུད་བཅད་ཀྱི་ཉམས་ལ་ཞེན། །བློ་གཉིས་འཛིན་གྱི་གཟེབ་དུ་ཚུད་ནས་གདའ། །ད་འཛིན་མེད་ཀྱི་ངང་དུ་མི་ཉལ་རེ། །སྤྱོད་པ་མཛེས་མཛེས་ཞིག་བསམ་བསམ་ནས། །ཕྱི་ཚུལ་གྱི་ཀུན་སྤྱོད་རྟགས་ལ་ཞེན། །ཚུལ་འཆོས་ཀྱིས་སྒྲོག་གིས་བཅིངས་ནས་གདའ། །ད་རང་གཤིས་ལྷུག་པར་མི་སྟོན་རེ། །འབྲས་བུ་བཟང་བཟང་ཞིག་བསམ་བསམ་ནས། །ལྟ་སྒོམ་དང་ཉམས་ཀྱི་ཞེན་པས་བཅིང་། །རེ་དོགས་ཀྱི་འཕྲང་དུ་བསྐྱུར་ནས་གདའ། །ད་བྱར་མེད་ཀྱི་ངང་དུ་མི་སྡོད་རེ། །ཚུལ་དེ་སྐད་ལྟ་སྒོམ་སྤྱོད་པའི་གླུ། །སྤྲང་ཆོས་མེད་ཀུན་བཟང་བསྟན་རྒྱལ་གྱིས། །རང་ཉམས་སུ་ཤར་ནས་འགོགས་མེད་བླང་། །དགེ་དེས་ཀྱང་འགྲོ་ཀུན་ཡོངས་གྲོལ་ཤོག །
༈ ཨ་ཧོ། ད་ལྟའི་རིག་པ་མ་བཅོས་ཐ་མལ་གྱི་ཤེས་པ། །ཡེ་ནས་ཀ་དག་ཆོས་ཟད་རྗེན་པ་རུ་འདུག་པས། །ཚིག་སྐམ་གྲུབ་མཐར་ཞེན་པའི་ཨ་འཐས་དེ་མ་དགོས། །ངོ་རང་ཐོག་ཏུ་འཕྲོད་པའི་ཆོས་གྲོགས་ཚོ་སྐྱིད་དོ། །རང་བྱུང་གཞི་ནས་རིག་པ་སྐུ་གསུམ་གྱི་དགོངས་པ། །ཡེ་ནས་འདུ་འབྲལ་མེད་པའི་ངང་ཚུལ་འདི་སྐྱོངས་དང་། །བླུན་སྒོམ་བྱས་ཡུས་འདྲེན་པའི་ཨུ་ཚུགས་དེ་མ་དགོས། །ཐག་གཅིག་ཐོག་ཏུ་ཆོད་དང་རྡོ་རྗེ་ཡི་སྤུན་ཚོ། །གང་ཤར་དགག་སྒྲུབ་བྲལ་བའི་གཤིས་ལུགས་ལ་ལྟོས་དང་། །སྦྲུལ་མདུད་རང་སར་གྲོལ་འདྲའི་ངང་ཚུལ་འདི་མཚར་རོ། །སྤང་གཉེན་གཞན་ནས་འཚོལ་བའི་རྩོལ་སྒྲུབ་དེ་མ་དགོས། །གདེང་གྲོལ་ཐོག་ཏུ་ཆོས་པའི་རྣལ་འབྱོར་ཚོ་བདེའོ། །བརྒྱུད་པ་བཟང་པོ་ཀུན་བཟང་པདྨ་ཡི་བུ་རྒྱུད། །དོན་བརྒྱུད་བྱིན་རླབས་འཕོས་པའི་རྟོགས་ལྡན་གྱི་ཕྲེང་བ། །བཤད་ཡམ་ཚིག་ལ་འཆེལ་བའི་རྟོག་གེ་དེ་མ་ཡིན། །འུ་ཅག་ཇི་ལྟར་བྱས་ཀྱང་སྐྱིད་པོ་རུ་འདུག་གོ། སྣང་ཟོས་གང་བདེར་སྐྱོང་བ་རྒྱལ་ཁམས་གྱི་གཅེས་ཕྲུག །འགྱུར་མེད་ཀུན་བཟང་བསྟན་པའི་རྒྱལ་མཚན་དུ་འབོད་དེས། །ཡིད་ལ་ཤར་བཞིན་དབེན་པའི་རི་ངོགས་སུ་སྨྲས་སོ། །དགེ་བས་འགྲོ་ཀུན་རྒྱ་གྲོལ་ཕྱལ་བ་རུ་ཤོག་ཅིག །


previousལྟ་སྒོམ་སྤྱོད་པའི་མདོ་འགག་ཚིག་གསུམ་ཞུ། next