Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རང་གཞན་གྱི་སྤྱོད་ཚུལ་ལ་སྐྱོ་བའི་གླུ་ངེས་པར་འབྱུང་བའི་རྒྱན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརང་གཞན་གྱི་སྤྱོད་ཚུལ་ལ་སྐྱོ་བའི་གླུ་ངེས་པར་འབྱུང་བའི་རྒྱན། next

རང་གཞན་གྱི་སྤྱོད་ཚུལ་ལ་སྐྱོ་བའི་གླུ་ངེས་པར་འབྱུང་བའི་རྒྱན།

༄༅། །རང་གཞན་གྱི་སྤྱོད་ཚུལ་ལ་སྐྱོ་བའི་གླུ་ངེས་པར་འབྱུང་བའི་རྒྱན་ཞེས་བྱ་བ་བཞུགས་སོ། །ཀྱེ་ཧོ། སྐྱབས་དཀོན་མཆོག་ཀུན་འདུས་ཨོ་རྒྱན་གྱི་སློབ་དཔོན། །ཡོངས་མི་གཟུགས་ཤར་བ་མཁྱེན་བརྩེ་ཡི་དབང་པོ། །བདག་གསོལ་འདེབས་བུ་ལ་ཐུགས་རྗེ་ཡིས་གཟིགས་ཏེ། །བློ་ཆོས་སུ་འགྲོ་བའི་བྱིན་རླབས་ཤིག་སྩོལ་ཅིག །དུས་དེང་སང་སྙིགས་ལྔའི་ཡང་ཐ་ལ་ཐུག་པས། །མི་སུ་ལ་བལྟས་ཀྱང་ཡི་ཆད་ཀྱི་སྣོན་མ། །ཚུལ་གང་ལ་བསམས་ཀྱང་སྐྱོ་ཤས་ཀྱི་བསྐུལ་འདེབས། །འདི་བསམ་བཞིན་གོང་མའི་རྣམ་ཐར་རང་དྲན་ནོ། །རྐྱེན་འདིས་བསྐུལ་དམ་པའི་ལྷ་ཆོས་ལ་དྲིལ་འགྲོ། །ཕྱི་འབྱུང་བ་འཁྲུགས་པའི་གཡོ་འཕྲུལ་གྱི་རྒོད་ལུགས། །ནང་དགྲ་གཉེན་བར་མའི་གནས་ཁང་གི་འགྱེལ་ཚུལ། །གནས་བདག་འཛིན་ཞེན་པ་དགོས་མེད་ཀྱི་བསྐུལ་འདེབས། །འདི་བསམ་བཞིན་གོང་མའི་རྣམ་ཐར་རང་དྲན་ནོ། །རྐྱེན་འདིས་བསྐུལ་དམ་པའི་ལྷ་ཆོས་ལ་དྲིལ་འགྲོ། །ཁོང་ན་ནིང་གངས་ལྗོངས་ས་བདག་གི་གཙུག་ནོར། །དུས་ད་ལོ་བརྣག་དཀའི་ཁྲི་མུན་དུ་ཆུད་སྐད། །སྟོབས་སྙན་གྲགས་འཛོམས་ལ་དགོས་མེད་ཀྱི་བསྐུལ་འདེབས། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ འཕྲལ་རྐྱེན་སྣང་ཕྲ་མོས་བློ་ཁ་དེ་བསྒྱུར་ནས། །མས་བུ་གཅེས་གསོད་པའི་གཤེད་མ་ལ་གཏད་སྐད། །གཉེན་ཉེ་འབྲེལ་ངོ་སྲུང་དགོས་མེད་ཀྱི་བསྐུལ་འདེབས། །འདི་བསམ་བཞིན༴ རྐྱེན་འདིས༴ བོད་གངས་ལྗོངས་བླ་དཔོན་ཕལ་ཆེར་གྱི་བང་མཛོད། །རང་ཕུང་ལ་སྦྱོར་བའི་མཐའ་མི་ཡི་དགའ་སྟོན། །ནོར་ལོངས་སྤྱོད་གསོག་ལ་དགོས་མེད་ཀྱི་བསྐུལ་འདེབས། །འདི་བསམ་བཞིན༴ རྐྱེན་འདིས༴ ཁོང་སྨིན་གྲོལ་གདམས་པ་འབོགས་མཁན་གྱི་སློབ་དཔོན། །འཁོར་གྲྭ་སློབ་གདུག་པས་གསོན་སྙིང་གི་དམར་འབྱིན། །དགོན་གྲྭ་གཙང་སྡུད་ལ་དགོས་མེད་ཀྱི་བསྐུལ་འདེབས། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ བོད་གངས་ལྗོངས་ལེགས་ཉེས་ལུང་སྟོན་གྱི་ཆོས་རྗེ། །འཕྲིག་ཙམ་ཡང་མེད་པར་འཆི་བདག་གིས་དྲངས་སྐད། །ཉམས་ཟ་ཟི་འཆད་ལ་དགོས་མེད་ཀྱི་བསྐུལ་འདེབས། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ མཐུ་ངན་སྔགས་རྣོ་སོ་ངོམ་འདོད་ཀྱི་མགོ་བོ། །གནས་མཆོད་རྟེན་འོག་ཏུ་གཏན་ཉལ་དུ་བྱས་སྐད། །མི་བསམ་ངན་འཆང་ལ་དགོས་མེད་ཀྱི་བསྐུལ་འདེབས། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ དུས་ད་ནང་དགྲ་འདུལ་གཉེན་སྐྱོང་གི་ཕོ་རྒོད། །དགོང་ཕྱི་དྲོར་ཕུང་པོ་བྱ་ཁྱི་ཡི་དགའ་སྟོན། །ཚེ་འདིར་སྣང་ཞེན་ལ་དགོས་མེད་ཀྱི་བསྐུལ་འདེབས། །འདི་བསམ་བཞིན༴ རྐྱེན་འདིས༴ ཆོས་ལྔ་རིགས་སྨྲ་བ་གཞན་བཀུར་གྱི་སློབ་དཔོན། །དགྲ་འཆི་བས་ཟིན་ཚེ་ཝ་སྐད་རང་འཆོར་སྐད། །ཉམས་མ་བླང་བསླབ་ཤེས་དགོས་མེད་ཀྱི་བསྐུལ་འདེབས། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ རང་འབྱོར་པའི་དུས་སུ་མ་བོས་ཀྱང་འདུ་ལ། །རྒུད་ཙ་ན་བསྐྲད་བཞིན་ཇེ་རིང་དུ་འགྱུར་བ། །གྲོགས་ཡིད་མཐུན་འཚོལ་ལ་དགོས་མེད་ཀྱི་བསྐུལ་འདེབས། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ ཆོས་ཟབ་དགུ་སྟེར་ཡང་སྣ་ལེན་གྱིས་མ་བྱུང་། །ཕན་ཡོད་ཚད་བཏགས་ཀྱང་འཁོས་ཀ་ཡིས་དབེན་ལོ། །ཁོང་ཡོན་བདག་ངོ་སྲུང་དགོས་མེད་ཀྱི་བསྐུལ་འདེབས། །འདི་བསམ་བཞིན༴ རྐྱེན་འདིས༴ ནོར་བདོག་དགུས་བརྔན་རིང་ལྷ་བཞིན་དུ་འཛུམས་ཀྱང་། །དོན་གལ་ལ་ཐུག་ཚེ་གཤིན་རྗེ་བཞིན་ཁྲོས་པའི། །དཔོན་ཁྲེལ་མེད་ངོ་འཛིན་དགོས་མེད་ཀྱི་བསྐུལ་འདེབས། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ གཏིང་ཕན་སེམས་དཀར་ཡང་གཡོ་སྒྱུ་རུ་མཐོང་ཞིང་། །ཚིག་ཕན་པར་འདོམས་པ་ཁོང་སྐྲན་གྱི་གཞི་མ། །སྤྲང་རང་ཚོད་འཛིན་རན་བསྐུལ་མ་རུ་གདའ་བ། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ བློ་ཆགས་སྡང་ཆོས་བརྒྱད་མཁས་པ་ཡི་ནང་རྫོང་། །ལས་ཐོ་ཅོའི་སྨྱོ་སྤྱོད་གྲུབ་ཐོབ་ཀྱི་ཁྱད་ནོར། །འདི་བསྟན་པ་ཉམས་པའི་སྔ་ལྟས་སུ་གདའ་བ། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ ལས་བདེན་རྫུན་མི་གཞིག་ཕག་ནོར་གྱི་ཆེ་ཆུང་། །ཕུག་ཕྱི་ཐག་མི་བསྲིང་འཕྲལ་གོང་གི་ཐུབ་ཆོད། །རྗེ་མངའ་ཐང་ཉམས་པའི་སྔ་ལྟས་སུ་གདའ་བ། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ སྔོན་བསོད་ནམས་བསགས་པའི་གསེར་ཆབ་དང་གསེར་ཆོས། །དུས་དེང་སང་རྙེད་པའི་ཡང་ཟོང་དུ་ཁྱེར་བ། །འབངས་བསོད་ནམས་ཟད་པའི་སྔ་ལྟས་སུ་གདའ་བ། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ ཚུར་རང་ལ་བལྟས་ཀྱང་རྣམ་གཡེང་གི་ཁོལ་པོ། །ཆོས་མང་དུ་ཐོས་ཀྱང་རང་རྒྱུད་ལ་མ་འབྱོར། །དུས་ད་ལྟ་ཤི་ན་བློ་གཏད་རང་མི་འདུག །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ དུས་སྙིགས་མའི་དགོན་གོག་ཆགས་སྡང་གི་ཚང་ཚིང་། །ལས་ཇི་ལྟར་བྱས་ཀྱང་སྡིག་སྡུག་གི་རུ་མ། །ཚུལ་གང་ལ་བསམས་ཀྱང་ཡིད་ཆད་ཀྱི་ཁ་སྣོན། །འདི་བསམ་བཞིན༴ རྐྱེན་འདིས་བྱས༴ དགྲ་སྡང་བར་བཟུང་ཡང་ཚེ་རབས་ཀྱི་ཕ་མ། །གཉེན་བྱམས་པར་རློམ་ཡང་འཁོར་བ་ཡི་འཆིང་ཐག །འཕྲལ་སྐྱིད་སྡུག་གང་བྱུང་སྔོན་ལས་ཀྱི་བརྐོས་བཞག །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ དཀོར་ལོག་འཚོའི་རྙེད་པ་ཐར་ལམ་གྱི་སྲོག་གཅོད། །གཏམ་སྙན་གྲགས་ངོ་བསྟོད་ཉོན་མོངས་ཀྱི་ཁ་སྣོན། །བློ་ཆོས་བརྒྱད་ཞེན་པ་གཉིས་ཕུང་གི་གཞི་མ། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ བདག་གཅེས་པར་འཛིན་པ་ཕུང་ཀྲོལ་གྱི་རྩ་བ། །ལས་བྱ་བྱེད་མང་པོ་སེམས་ལས་ཀྱི་ཁུར་པོ། །བློ་རེ་དོགས་སྤྲོས་པ་བར་ཆད་ཀྱི་སྔུན་བསུ། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ རང་ཞི་བདེར་གཞོལ་བ་ཐེག་དམན་གྱི་གོལ་ས། །ཐབས་ཁྱད་དུ་གསོད་པ་ཆད་ལྟ་ཡི་མུར་ཐུག །སེམས་སྟོང་འཛིན་ཞེན་པས་ས་ལམ་ནི་མི་བགྲོད། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ ལུས་བཙུན་ཚུགས་བཟུང་ཡང་ཤེས་རྒྱུད་ནི་ཐ་མལ། །གཏིང་རང་འདོད་ཕུག་བཅུག་གཞན་ཕན་གྱི་འདྲ་ཅོག །རང་གར་འགྲོ་མི་ཤེས་ལོང་བ་ཡི་ལོང་ཁྲིད། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ ལུས་བེམ་གོག་དབེན་པའི་རི་བོ་ན་གནས་ཀྱང་། །སེམས་གཡེང་བ་མ་ཞི་གྲོང་ཡུལ་གྱི་ཁོལ་པོ། །རྒྱུད་མ་དུལ་ནགས་མཐའི་སྤྲེའུ་ཡི་ངང་ཚུལ། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ ཆུང་སེམས་ཤེད་མ་རྫོགས་གཞན་དབང་ལ་བསྙད་བསྙད། །ན་ཚོད་ལ་ཕེབས་ཚེ་འདིར་སྣང་གི་བསླུས་བསླུས། །ད་མ་ཚོར་ངང་དུ་མི་ཚེ་ནི་ཟད་འདུག །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ མགོ་སྐྲ་དཀར་ལྷ་ཡི་འཕྲིན་པ་ནི་བསླེབས་ཟིན། །གདོང་དཔྲལ་རིས་གཤིན་རྗེའི་གྲིབ་སོ་ནི་ལམ་ལམ། །ཚུལ་གང་ལ་བསམས་ཀྱང་འཆི་བ་ལ་ཐག་ཉེ། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ ཆོས་ཐེག་རྩེ་བླ་མེད་ཇི་ཙམ་དུ་ཟབ་ཀྱང་། །རང་ཉམས་སུ་མ་བླངས་གྲོལ་བ་ནི་མི་སྲིད། །རྒྱུད་ཉོན་མོངས་མ་ཐུལ་བྱས་ཡུས་ཀྱི་མི་ཕན། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ བློ་ངེས་འབྱུང་མ་སྐྱེས་འཁོར་བ་ལས་མི་འཕགས། །བྱམས་སྙིང་རྗེ་མ་འབྱོངས་ཐེག་ཆེན་གྱི་སྐལ་ཆད། །རྒྱུད་བྱིན་རླབས་མ་ཞུགས་ཉམས་རྟོགས་ནི་མི་སྐྱེ། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ གཏིང་ཞེན་པ་ལོག་པ་བྱ་བཏང་གི་ཡང་རྩེ། །བློ་ཆོས་བརྒྱད་འཆིང་བྲལ་འཁྲུལ་ཞིག་གི་དབང་པོ། །སྒོམ་རོ་གཅིག་རྟོགས་པ་རྟོགས་ལྡན་གྱི་རྒྱལ་པོ། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ བློ་ལས་སུ་རུང་བ་གྲུབ་རྟགས་ཀྱི་རྒྱལ་པོ། །རང་འདོད་པ་ཟད་པ་གཞན་དོན་གྱི་རྩ་བ། །དགྲ་ཉོན་མོངས་ཆོམ་པ་བརྟུལ་ཞུགས་ཀྱི་ཡང་རྩེ། །འདི་བསམ་བཞིན༴ རྐྱེན་འདིས་བསྐུལ༴ ཆོས་ལྟ་བའི་རྒྱལ་པོ་བློ་འདས་ཀྱི་རྫོགས་ཆེན། །ལམ་ཚོགས་གཉིས་ཟུང་འབྲེལ་རྒྱལ་ཀུན་གྱི་གཤེགས་ཤུལ། །ཚེ་སྒྲུབ་པ་མཉམ་པ་གྲུབ་ཐོབ་ཀྱི་དཔའ་ཚུགས། །འདི་བསམ་བཞིན་གོང་མའི་རྣམ་ཐར་རང་དྲན་ནོ། །རྐྱེན་འདིས་བསྐུལ་དམ་པའི་ལྷ་ཆོས་ལ་དྲིལ་འགྲོ། །སྐྱབས་ཐུགས་རྗེས་གཟིགས་ཤིག་བརྒྱུད་གསུམ་གྱི་བླ་མ། །ཡིད་གདུང་བས་འབོད་དོ་དྲིན་ཆེན་གྱི་ཆོས་རྗེ། །བློ་འདིར་སྣང་འཆིང་བ་སྐད་ཅིག་ལ་ཕྲོལ་ཏེ། །སེམས་ཆོས་དང་འདྲེས་པའི་བྱིན་རླབས་ཤིག་སྩོལ་ཅིག །དགྲ་ལེ་ལོ་ངན་གོམས་ཚང་ཚིང་གི་ཁྲོད་ནས། །ཆོས་བྱང་ཆུབ་ལམ་བཟང་བགྲོད་དུས་ཞིག་མི་འདུག །གྲོགས་སྐལ་བཟང་ཡོད་ན་བརྩོན་འགྲུས་ཀྱི་མེ་ཆེན། །བློ་ངེས་འབྱུང་རླུང་གིས་སྤར་རན་དུ་གདའ་འོ། །སྐྱབས་དཀོན་མཆོག་མ་གཏོགས་འཇིག་རྟེན་གྱི་ཁེ་དྲག །སུ་གང་ལའང་རེ་ལྟོས་འཆའ་ས་ནི་མི་འདུག །བློ་ནང་དུ་ཁུག་ལ་དགེ་སྦྱོར་ལ་འབུངས་དང་། །གཞན་སུ་མ་མགུ་ཡང་རང་མདོ་ནི་དེའོ། །ཆོས་མ་ཤེས་འཁོར་བར་འཁྱམས་རིས་སུ་མི་འདུག །རང་ཉམས་སུ་མ་ལོན་སྔར་ཕན་དུ་བསླུས་ཨང་། །སེམས་བསམ་པ་བཟང་པོས་ཡིག་དྲུག་ནི་གཅིག་པུ། །འདྲེན་ནུས་ན་དེ་ཙམ་གྱིས་ཀྱང་ནི་ཆོག་འདུག །སྤྲང་མི་རྗེས་ཟིན་པའི་རེ་བའང་མ་མཆིས། །ཆོས་འཇིག་རྟེན་བྱ་གཞག་མང་པོ་ནི་མི་འགྲུབ། །སེམས་ལྷག་བསམ་བཟང་པོའི་ལེགས་སྨོན་དང་འགྲོགས་ནས། །གནད་གལ་མདོ་ཡིག་དྲུག་འདྲེན་པ་ལ་སྨོན་ནོ། །དུས་ནམ་ཞིག་རང་དོན་མཁྱེན་རྟོགས་དེ་རྫོགས་ནས། །འགྲོ་གཞན་ལ་ཕན་པའི་དུས་སྐབས་ཤིག་བྱུང་ཚེ། །བློ་ཞི་བདེའི་ལམ་ལ་སྐད་ཅིག་ཙམ་གཞོལ་མིན། །མ་འགྲོ་ཀུན་སྒྲོལ་བའི་སྨོན་ལམ་ཞིག་འདེབས་སོ། །ཆོས་སྒྲུབ་བརྒྱུད་རྣམ་བརྒྱད་ནོར་བུ་ཡི་རྒྱལ་མཚན། །བློ་ཕྱོགས་སུ་མ་ལྷུང་ལྷག་བསམ་གྱི་ཕྲག་པས། །སྐྱེ་ཀུན་ཏུ་བསྒྲེང་བའི་སྨོན་འདུན་ཞིག་བགྱི་བས། འདི་འགྲུབ་པའི་མཐུན་འགྱུར་མཆོག་གསུམ་གྱིས་སྩོལ་ཤོག །ཚིག་དེ་སྐད་དུས་མཐའི་ཆོས་དྲེད་ཀྱི་ཡང་ཐ། །སྤྲང་པདྨ་བི་ཛས་སྐྱོ་གླུ་རུ་བླང་བ། །གཞན་སྐྱོན་ལ་ཕོག་ན་བཟོད་པ་རུ་བཞེས་ནས། །དོན་བཀའ་བཀྱོན་མེད་པའི་བཀའ་དྲིན་འདྲ་ཞུའོ། །


previousརང་གཞན་གྱི་སྤྱོད་ཚུལ་ལ་སྐྱོ་བའི་གླུ་ངེས་པར་འབྱུང་བའི་རྒྱན། next