Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲགས་ཀྱི་ལུང་སྟོང་དུ་པདྨ་བི་ཛས་མཚར་གཏམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲགས་ཀྱི་ལུང་སྟོང་དུ་པདྨ་བི་ཛས་མཚར་གཏམ། next

སྒྲགས་ཀྱི་ལུང་སྟོང་དུ་པདྨ་བི་ཛས་མཚར་གཏམ།

༄༅། །སྒྲགས་ཀྱི་ལུང་སྟོང་དུ་པདྨ་བི་ཛས་མཚར་གཏམ། ན་མོ་གུ་རུ། མཚན་དཔེའི་སྐུ་དངོས་མདོ་ཁམས་སྨད་ན་བཞུགས། །ཐུགས་ཀྱི་དགོངས་པ་དུས་གསུམ་རྒྱལ་དང་མཉམ། །ངོ་མཚར་སྙན་པས་འཛམ་གླིང་ཡོངས་ལ་ཁྱབ། །ཕ་མཆོག་བློ་གྲོས་མཐའ་ཡས་ཞབས་ལ་འདུད། །མཁོས་མེད་རོ་དང་འདྲ་བའི་ཉམ་ཆུང་ངས། །ཁམས་ཀོང་ལྷོ་མོན་དབུས་གཙང་ཆུ་བཞིན་ཉུལ། །རང་མཁོས་ཆོས་མཐུན་བྱ་བ་ཅི་ནུས་བསྒྲུབས། །བསམ་དོན་མཐའ་རུ་ཕྱིན་པའི་གླུ་ཞིག་ལེན། །རྒྱ་ཟོང་དབུས་སུ་བྲིམ་པའི་ཚོང་སྐོར་དང་། །འདིར་སྣང་ཆོས་བརྒྱད་སྒྲུབ་པའི་ཐོབ་སྐོར་གཉིས། །རང་གཞན་གཉིས་ཕུང་སྒྲུབ་པའི་ཁྲོམ་{ཁྲམ}སྐོར་གསུམ། །མ་ཡིན་བསམ་སྦྱོར་རྣམ་པར་དག་པས་ཕྱིན། །འདུན་མའི་རྩེ་མོར་གྱུར་པའི་གླུ་ཞིག་ལེན། །བྱ་བ་མཐའ་རུ་ཕྱིན་པའི་བྲོ་ཞིག་འཁྲབ། །རྟེན་མཆོག་ཁྱད་འཕགས་ཆོས་འཁོར་རྣམ་གསུམ་གཙོས། །ངོ་མཚར་གནས་རྟེན་གཙུག་ལག་བསྒྲང་ཡས་མཇལ། །རླབས་ཆེན་ཚོགས་གཉིས་འབྲེལ་འཇོག་ཅི་ནུས་ཞུས། །དགེ་ཚོགས་གང་མཆིས་བསྟན་འགྲོའི་དོན་དུ་བསྔོས། །བྱ་བ་མཐའ་རུ་ཕྱིན་པའི་གླུ་ཞིག་ལེན། །འདུན་མའི་རྩེ་མོར་གྱུར་པའི་བྲོ་ཞིག་འཁྲབ། །ཁྱད་པར་ཟན་ཡང་དཔལ་གྱི་བསམ་ཡས་སུ། །བདུད་རྩི་སྨན་གྱི་སྒྲུབ་པའི་ཆོ་ག་བརྩམས། །བོད་ཁམས་ཡོངས་ལ་དགེ་བའི་རྟེན་འབྲེལ་བསྒྲིགས། །རྟེན་འབྱུང་ཤིས་པའི་མཚན་མ་ཅིར་ཡང་མཐོང་། །བྱ་བ་མཐའ་རུ་ཕྱིན༴ འདུན་མའི་རྩེ་མོར་གྱུར༴ ས་སྤྱོད་འོག་མིན་ཨོ་རྒྱན་སྤྲུལ་པའི་ཞིང་། །སྨིན་གྲོལ་འདབ་སྟོང་བཞད་པའི་གླིང་མཆོག་ཏུ། །ཡེ་ཤེས་ཌཱ་ཀིས་ཟབ་རྒྱས་གདམས་པ་བསྩལ། །བརྒྱུད་གསུམ་བླ་མས་བྱིན་རླབས་དགེ་མཚན་རྙེད། །བྱ་བ༴ འདུན་མའི༴ པད་དཀར་འཆང་བ་སྙིགས་འགྲོའི་སྐྱོབ་པའི་མགོན། །ཡོངས་སུ་གྲགས་པའི་རྒྱལ་མཆོག་རྣམ་གསུམ་གཙོས། །གསར་རྙིང་སྐྱེས་ཆེན་མང་པོའི་གསེར་ཞལ་མཇལ། །དད་གུས་མོས་པའི་གསོལ་བ་ཡང་ཡང་བཏབ། །བྱ་བ༴ འདུན་མའི༴ སྐྱེས་ཆེན་རྣམས་ཀྱི་དགོངས་པ་ཆོས་ཀྱིས་བསྐང། །དད་ལྡན་བློ་སྣ་ཆོས་ལ་ཅི་འགྱུར་བྱས། །སྐལ་མེད་འགྲོ་ལ་ཕན་པའི་སྨོན་ལམ་བཏབ། །རང་མཐོང་ང་རྒྱལ་མ་སྐྱེད་གཅོམ་སྐྱུང་བཏང་། །བྱ་བ༴ འདུན་མའི༴ བློ་གཏད་གཅིག་ཆོག་དཀོན་མཆོག་གསུམ་ལ་ཞུས། །རྒྱབ་རྟེན་ཅི་སྒྲུབ་དགེ་བའི་ཕྱོགས་སུ་དྲིལ། །བསགས་སྦྱང་ཐམས་ཅད་གནད་དུ་གང་འགྲོ་བྱས། །ལྷ་ཁ་འདྲེ་ཁ་མང་པོ་མ་བརྩེས་སྐྱུངས། །བྱ་བ༴ འདུན་མའི་རྩེ༴ ལྷ་དང་བླ་མ་དགྱེས་པའི་དགེ་མཚན་གྱིས། །མ་དང་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོག །ཆོས་སྐྱོང་སྲུང་མས་ཕྱི་ནང་འགལ་རྐྱེན་བསལ། །ཆོས་མཐུན་བསམ་སྦྱོར་འབད་མེད་ལྷུན་གྱིས་གྲུབ། །བྱ་བ་མཐའ་རུ་ཕྱིན༴ འདུན་མའི་རྩེ་མོར་གྱུར་པའི༴ རྣམ་གཡེང་འཛད་མེད་ཚོང་ཁྲོམ་མ་ཉུལ་བར། །ཡོ་བྱད་ལྷག་མ་དགེ་བའི་ཕྱོགས་སུ་གཏོང་། །ཚོགས་སྐོང་མཆོད་འབུལ་བཟང་འབྲེལ་ཀུན་ལ་བཞག །སྒྲུབ་གནས་ལྷ་ཁང་སྟོང་བསྐོར་མ་བྱས་ཙམ། །བྱ་བ་མཐའ་རུ་ཕྱིན༴ འདུན་མའི་རྩེ་མོར་གྱུར༴ ད་དུང་ཚེ་མཇུག་དམ་པའི་ཆོས་ལ་དྲིལ། །སྒོ་གསུམ་བྱ་སྤྱོད་བསྟན་འགྲོར་གང་ཕན་བགྱིད། །སྐྱིད་སྡུག་གང་བྱུང་རོ་སྙོམས་ལམ་དུ་ཁྱེར། །ད་ལྟ་ཤི་ཡང་མི་འགྱོད་བློ་བདེ་ཡིན། །བྱ་བ་མཐའ་རུ་ཕྱིན་པའི་གླུ་ཞིག་ལེན། །འདུན་མའི་རྩེ་མོར་གྱུར་པའི་བྲོ་ཞིག་འཁྲབ། །དགའ་བདེ་སྐྱིད་པའི་གླུ་ལེན་བྲོ་འཁྲབ་བཞིན། །རྒྱ་མཚོར་དོན་ཡོངས་གྲུབ་པའི་ཚོང་པ་བཞིན། །རྣལ་འབྱོར་དཔོན་སློབ་མདོ་ཁམས་ཡུལ་དུ་ལྡོག །དོན་གཉིས་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག །དེ་སྐད་རང་བྱུང་སངས་རྒྱས་པདྨ་སྐྱེས། །གྲུབ་པའི་དབང་ཕྱུག་བུདྡྷ་ཛྙཱ་ན་སོགས། །དམ་པས་བྱིན་རླབས་སྒྲགས་ཀྱི་ལུང་སྟོང་དུ། །པདྨ་བི་ཛས་མཚར་གཏམ་བྲིས་པ་དགེ། །


previousསྒྲགས་ཀྱི་ལུང་སྟོང་དུ་པདྨ་བི་ཛས་མཚར་གཏམ། next