Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྩེ་བའི་སྙིང་གཏམ་མདོ་ཙམ་བཤད་ཀྱིས་ཉོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྩེ་བའི་སྙིང་གཏམ་མདོ་ཙམ་བཤད་ཀྱིས་ཉོན། next

བརྩེ་བའི་སྙིང་གཏམ་མདོ་ཙམ་བཤད་ཀྱིས་ཉོན།

༄༅། །བརྩེ་བའི་སྙིང་གཏམ་མདོ་ཙམ་བཤད་ཀྱིས་ཉོན། དཔལ་ལྡན་ཡོན་ཏན་བྱེ་བའི་མཛོད་འཆང་བའི། །སྐྱབས་གཅིག་ཆོས་ཀྱི་རྗེ་ལ་ཕྱག་བྱས་ནས། །ལས་ཀྱི་འབྲེལ་བའི་གཉེན་བཤེས་ཚོགས་རྣམས་ལ། །བརྩེ་བའི་སྙིང་གཏམ་མདོ་ཙམ་བཤད་ཀྱིས་ཉོན། །དལ་འབྱོར་རིན་ཆེན་དབུལ་པོའི་གཏེར་རྙེད་འདྲ། །མདོ་མེད་ལག་སྟོང་མ་བྱེད་གཉེན་གྲོགས་རྣམས། །ནམ་འཆི་ཆ་མེད་རླུང་གསེབ་མར་མེ་འདྲ། །མི་རྟག་རྟག་འཛིན་མ་བྱེད༴ སྐྱེས་ཙམ་ཉིད་ནས་འཆི་བའི་བརྡ་བྱུང་ལས། །དོན་མེད་བློ་རྒྱ་མ་སྐྱེད་གཉེན་གྲོགས་རྣམས། །སྒྱུ་མའི་ལུས་འདི་མགྲོན་ཁང་གཡར་པོ་འདྲ། །མགྲོན་ཁང་སྐྱུར་བར་ངེས་སོ༴ ཟང་ཟིང་ནོར་འདི་ཆུ་ཡི་ལྦུ་བ་འདྲ། །ལྦུ་བ་སྟོང་པར་ངེས་སོ༴ བརྩིགས་པའི་མཁར་འདི་སྒྱུ་མའི་སྤྲུལ་བསྒྱུར་འདྲ། །སྒྱུ་མ་འཇིག་པར་ངེས་སོ༴ འདུས་བའི་གྲོགས་འདི་ཚོང་འདུས་མགྲོན་པོ་འདྲ། །མགྲོན་ཚོགས་གྱེས་པར་ངེས་སོ༴ ལང་ཚོའི་དཔལ་འདི་དབྱར་གྱི་མེ་ཏོག་འདྲ། །མེ་ཏོག་རྙིང་པར་ངེས་སོ༴ ན་རྒ་འཆི་བ་རི་གཟར་འབབ་ཆུ་འདྲ། །འབབ་ཆུ་བཟློག་པར་དཀའ་འོ༴ འཆི་བདག་བདུད་འདི་དགོང་ཀའི་གྲིབ་སོ་འདྲ། །གྲིབ་སོ་མྱུར་བར་འོང་གི༴ གཡོ་བའི་ཚེ་འདི་ཞབས་རྡོལ་རྫིང་བུ་འདྲ། །སྣོན་མེད་མྱུར་དུ་འཛད་ངེས༴ ཕ་མ་རྒན་རབས་བཀུར་འོས་སློབ་དཔོན་འདྲ། །འཆི་ཁར་ཡི་མུག་མ་འཇུག༴ གཟའ་ཚང་གཉེན་འབྲེལ་རྨི་ལམ་གྲོགས་རྙེད་འདྲ། །ངན་ཤགས་འཐབ་མོ་མ་བྱེད༴ གཞན་རྒྱུད་དཀྲུགས་པའི་ཚིག་རྩུབ་མཚོན་ཆ་འདྲ། །ངག་གཏམ་འཇམ་པོར་སྨྲོས་ཤིག༴ གང་འབྲེལ་འཚེང་བ་ལྷ་ཆོས་ནོར་བུ་འདྲ། །བུ་ཚ་ཆོས་ལ་ཚུད་ཅིག༴ སྒོ་ཁྱི་གནག་ཕྱུགས་སྐྱོང་འོས་བུ་དང་འདྲ། །ཞི་དལ་བྱམས་པས་སྐྱོངས་ཤིག༴ ཐར་པའི་སྲོག་གཅོད་ལོག་འཚོ་དུག་ཅན་འདྲ། །སྲོག་གཅོད་སྟོན་མོ་མ་མང་༴ ཀུན་འབྱུང་ལས་ནི་དཔྱིད་བཏབ་ས་བོན་འདྲ། །ལས་འབྲས་བསླུ་མེད་སོམས་ཤིག༴ སྣོད་བཅུད་བདེ་སྡུག་འགྲོ་བའི་ལས་ཀྱིས་བྱེད། །དགེ་བཅུའི་རྩ་བ་ཚུགས་ཤིག༴ དམ་ཆོས་དགེ་བ་བདུད་རྩིའི་ལྗོན་ཤིང་འདྲ། །སྦྱོར་རྗེས་སྡིག་དང་མ་བསྲེ༴ འཁྱོག་པོའི་བློ་ཅན་ལྤགས་སྔོན་ཝ་སྐྱེས་འདྲ། །ནམ་ཕུག་ཕུང་བར་ངེས་སོ༴ གནོད་ལན་གནོད་འབྱུང་མདའ་ལན་འབེན་བཙུགས་འདྲ། །གཡོ་སྒྱུའི་གནོད་པ་མ་སྒྲུབས༴ དྲང་པོའི་བློ་ཅན་དྲང་སྲོང་མཆོག་རྣམས་བཞིན། །ཀུན་གྱིས་བཀུར་བར་ངེས་སོ༴ རང་འདོད་ཆུང་བས་འཚེང་བ་མང་བཀུར་འདྲ། །ཀུན་ལ་ཕན་པ་སྒྲུབས་ཤིག༴ དགེ་གྲོགས་དང་འགྲོགས་ཙན་དན་འཁྲི་ཤིང་འདྲ། །བཟང་སྤྱོད་ཤུགས་ཀྱིས་འགོ་འོ༴ གྲོགས་ངན་དང་འགྲོགས་ཉ་རོས་ཀུ་ཤ་བཞིན། །ངན་སྤྱོད་ཤུགས་ཀྱིས་འགོ་འོ༴ བསོད་ནམས་བསགས་འབྲས་སྤྱི་བོ་སྐྱེས་དང་འདྲ། །དགེ་ལ་སྤྱོད་པར་གྱིས་ཤིག༴ དཀར་མིན་འབྲས་བུ་སེར་སྐྱ་ཉ་དང་འདྲ། །སྡིག་ལ་འགྱོད་པ་བསྐྱེད་ཅིག༴ རང་བདེ་འདོད་བཞིན་གཞན་ཡང་དེ་དང་འདྲ། །ཀུན་ལ་གནོད་པ་མ་སྐྱེལ༴ མ་བརྟགས་ཚིག་སྨྲ་ཁྱུང་དང་ཁྱབ་འཇུག་འདྲ། །བརྟག་དཔྱད་ཞིབ་ཏུ་གྱིས་ཤིག༴ མ་བརྟགས་གྲོགས་ནི་རྒྱ་མཚོའི་སྦལ་བ་འདྲ། །དོགས་པ་སེམས་ལ་ཆོངས་ཤིག༴ མ་བརྟགས་སྤྱོད་པ་སྨྱོན་པའི་ལད་མོ་འདྲ། །ཀུན་གྱི་འཕྱ་སྨོད་གཞི་ཡིན༴ བསླུ་བྱེད་ཚིག་ཉན་ཁྱུ་མཆོག་སེང་གེ་འདྲ། །རང་གཞན་གཉིས་ཕུང་ངེས་སོ༴ སྲིད་པའི་གནས་ནི་སྲིན་མོའི་གླིང་ཚུད་འདྲ། །ནམ་ཡང་བདེ་བ་མེད་དོ༴ གཅིག་ནས་གཅིག་བརྒྱུད་སྤོས་རྒྱའི་རི་མོ་འདྲ། །འཁོར་མཐའ་ཐུག་པ་མེད་དོ༴ སྡུག་བསྔལ་གསུམ་ནི་ཆུ་ཡི་གཉེར་མ་འདྲ། །སྲིད་ན་སངས་དུས་མེད་དོ༴ ཁམས་གསུམ་འཁོར་བ་མེ་ཡི་འོབས་དང་འདྲ། །སྐྱོ་བ་གཏིང་ནས་བསྐྱེད་ཅིག༴ དགེ་བའི་བཤེས་གཉེན་སྨན་པའི་རྒྱལ་པོ་འདྲ། །སྨན་པ་བླ་མ་ཚོལ་ཅིག༴ ལམ་བདེན་སྡུག་བསྔལ་དུག་སེལ་སྨན་དང་འདྲ། །གདམས་ཟབ་ཉམས་སུ་ལོངས་ཤིག༴ དད་པ་དགེ་བའི་སྣ་ཁྲིད་གསེར་འཁོར་འདྲ། །དྭངས་འདོད་ཡིད་ཆེས་སྐྱེད་ཅིག༴ ཉེས་པའི་ཚད་གཞིལ་མཆོག་གསུམ་གདུགས་དཀར་འདྲ། །བསླུ་མེད་སྐྱབས་སུ་བསྟེན་ཅིག༴ བྱང་ཆུབ་སེམས་མཆོག་ཡིད་བཞིན་ནོར་བུ་འདྲ། །ཐེག་ཆེན་ཁྱད་ནོར་ཆོངས་ཤིག༴ གཡོ་བའི་སེམས་ནི་གླང་ཆེན་སྨྱོན་པ་འདྲ། །ངན་འགྲོའི་གཡང་ལ་འཕེན་ནོ༴ དྲན་ཤེས་བརྟན་པོ་དགེ་སྲུང་ལྕགས་རི་འདྲ། །བྱ་ར་སེམས་ལ་གྱིས་ཤིག༴ རྒྱུད་ལྔའི་འགྲོ་རྣམས་ཕ་མ་ཡིན་ངེས་པས། །ཉེ་རིང་ཆགས་སྡང་སྤོངས་ཤིག༴ སྟོང་ཉིད་སྙིང་རྗེ་ཐེག་ཆེན་ལམ་གྱི་སྲོག །བློ་སྦྱོང་རྒྱུན་དུ་གྱིས་ཤིག༴ དཀར་ནག་ཆོས་བཞི་བློ་སྦྱོང་ལམ་གྱི་སྙིང་། །འཇུག་ལྡོག་ཚུལ་བཞིན་གྱིས་ཤིག༴ གཞན་ཕན་བསྒྲུབས་པས་རང་གཞན་བདེ་ལེགས་འགྲུབ། །ཀུན་ལ་ཕན་པ་སྒྲུབས་ཤིག༴ དམ་པ་རྣམ་གསུམ་གསེར་འགྱུར་རྩི་དང་འདྲ། །དགེ་ཚོགས་ལྕགས་ཁམས་སྒྱུར་ཅིག༴ སྦྱིན་པ་ཡིད་བཞིན་རིན་ཆེན་གཏེར་དང་འདྲ། །འབྱོར་བ་འཛད་མེད་ཡིན་ནོ༴ ཚུལ་ཁྲིམས་ཡོན་ཏན་ཀུན་གཞི་ཞིང་ས་འདྲ། །དུས་དང་གཏན་ཁྲིམས་སྲུངས་ཤིག༴ བཟོད་པ་ཉེས་པའི་དཔུང་སྲུང་གོ་མཚོན་འདྲ། །ཞེ་སྡང་དགྲ་བོ་ཐུལ་ཅིག༴ བརྩོན་འགྲུས་རྣམ་མཁྱེན་གླིང་བགྲོད་ཤིང་རྟ་འདྲ། །ལེ་ལོའི་དམག་དཔུང་བཟློག་ཅིག༴ བསམ་གཏན་རྣམ་རྟོག་རླུང་གནོན་རི་རབ་འདྲ། །ཏིང་འཛིན་རྩེ་གཅིག་སྒོམས་ཤིག༴ ཤེས་རབ་སྲིད་མཚོ་ལས་སྒྲོལ་གྲུ་གཟིངས་འདྲ། །ཆོས་རབ་རྣམ་འབྱེད་གོམས་མཛོད༴ ཀུན་འབྱུང་རྩ་བ་མ་རིག་བདག་འཛིན་དཔུང་། །བདག་མེད་ལམ་གྱིས་ཐུལ་ཅིག༴ ལུས་ལ་རྟོག་དང་ཆུ་ཤིང་སྙིང་པོ་བཞིན། །གང་ཟག་བདག་མེད་མཐོང་ངོ་༴ སེམས་ལ་ལྟོས་དང་སེམས་མེད་ནམ་མཁའ་ལྟར། །ཆོས་ཀྱི་བདག་མེད་མཐོང་ངོ་༴ ཡུལ་ལ་ལྟོས་དང་སྣང་སྟོང་ཆུ་ཟླ་བཞིན། །བདེན་གཉིས་ཟུང་དུ་འཇུག་གོ༴ ཡུལ་ཅན་ལྟོས་དང་མཁའ་ལ་འཇའ་ཤར་བཞིན། །གསལ་སྟོང་ཐ་དད་མེད་དོ༴ བར་དུ་ཀློད་དང་སྤྲོས་བྲལ་འོད་གསལ་དང་། །དབུ་མའི་བདེན་དོན་མཐོང་ངོ་༴ དེ་ལྟར་ལམ་བདེན་ཚོགས་གཉིས་ཟུང་འབྲེལ་ནས། །འགོག་བདེན་མངོན་དུ་འགྱུར་རོ༴ གལ་མདོ་གནད་ཀྱི་གདམས་པ་དེ་ལགས་པས། །འདི་དོན་ལག་ཏུ་ལོངས་ཤིག༴ པདྨ་བི་ཛ་ཡུལ་གཞན་བགྲོད་ལགས་ཀྱང་། །སྙིང་གཏམ་འདི་ལས་མེད་དོ་གཉེན་གྲོགས་རྣམས། །ཁྱེད་ཅག་འཕྲལ་ཡུན་ཀུན་ཏུ་དགེ་བ་ཡི། །སྐྱབས་གསོལ་ནན་གྱིས་བགྱིད་དོ༴ འདི་དོན་ཚུལ་བཞིན་ཉམས་སུ་ལེན་མཛོད་དང་། །ང་ཉིད་སྡོད་དང་ཁྱད་མེད་གཉེན་གྲོགས་རྣམས། །དེ་སྐད་བྱ་ལོ་ས་ཟླའི་ཚེས་བརྒྱད་ཉིན། །དུང་དཀར་གཡས་འཁྱིལ་འདྲ་བའི་རི་ཞོལ་དུ། །གཉེན་བཤེས་རྣམས་ལ་སྙིང་གཏམ་གྲོས་སུ་གདམས། །དགེ་བས་འགྲོ་ཀུན་མངོན་པར་འཚང་རྒྱ་ཤོག །


previousབརྩེ་བའི་སྙིང་གཏམ་མདོ་ཙམ་བཤད་ཀྱིས་ཉོན། next