Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།

1 occurrence of མཁྱེན་བཟང་མཁའ་ལ་ཤེས་བྱའི་གཟའ་སྐར་ཚོགས།
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འདི་དང་གཏན་དུ་དགེ་བའི་བསླབ་བྱ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of མཁྱེན་བཟང་མཁའ་ལ་ཤེས་བྱའི་གཟའ་སྐར་ཚོགས།
[Clear Hits]

 
previousའདི་དང་གཏན་དུ་དགེ་བའི་བསླབ་བྱ། next

འདི་དང་གཏན་དུ་དགེ་བའི་བསླབ་བྱ།

༄༅། །འདི་དང་གཏན་དུ་དགེ་བའི་བསླབ་བྱ། སྐྱབས་ཀུན་འདུས་ཞལ་དྲིན་ཆེན་ཆོས་ཀྱི་རྗེ། །འབྲལ་མེད་སྙིང་དབུས་པདྨོར་རྟག་བཀོད་ནས། །འདི་དང་གཏན་དུ་དགེ་བའི་བསླབ་བྱའི་ཕྲེང་། །ཁྱེད་གསུང་མི་ལྡོག་ཙམ་དུ་མདོ་ཙམ་བྲི། །དལ་འབྱོར་རྙེད་དཀའ་འབུངས་གསུམ་ཆོས་ལ་ཐོན། །ནམ་འཆི་ཆ་མེད་བརྩོན་འགྲུས་ལྕག་གིས་བྲོབས། །རྒྱུ་འབྲས་བསླུ་མེད་བླང་དོར་ཚུལ་བཞིན་གྱིས། །འཁོར་བའི་སྡུག་བསྔལ་བཟོད་དཀའ་སྐྱོ་བ་སྐྱེད། །ནམ་ཡང་མི་བསླུ་མཆོག་གསུམ་སྐྱབས་སུ་བསྟེན། །ཡོན་ཏན་གཞི་རྟེན་ཚུལ་ཁྲིམས་རྣམ་དག་སྲུངས། །ཐེག་ཆེན་རྩ་བ་བྱང་ཆུབ་སེམས་མཆོག་བསྐྱེད། །བློ་སྦྱོང་སྙིང་པོ་བྱམས་དང་སྙིང་རྗེ་སྒོམས། །གསང་སྔགས་ལམ་སྲོག་དམ་ཚིག་རྣམ་དག་བྱོས། །བྱིན་རླབས་རྩ་བ་བླ་མར་མོས་གུས་རེམས། །དངོས་གྲུབ་གཞི་མ་ཡི་དམ་བསྙེན་སྒྲུབ་འབུངས། །ཕྲིན་ལས་ཐོག་མེད་མཁའ་འགྲོ་ཆོས་སྐྱོང་མཆོད། །ཁྱད་པར་དབང་རྣོན་ཚེ་འདིར་གྲོལ་བའི་ཐབས། །བླ་མ་སངས་རྒྱས་དངོས་སུ་མཐོང་བའི་བློས། །གསོལ་བཏབ་དབང་བླངས་ཐུགས་ཡིད་དབྱེར་མེད་བསྲེས། །བློ་བྲལ་རྫོགས་པ་ཆེན་པོའི་དགོངས་པ་སྐྱོངས། །ཆོས་ཉིད་འོད་གསལ་གདོད་མའི་མཁའ་དབྱིངས་ལས། །རོལ་པ་འཁོར་འདས་སྤྲིན་ཚོགས་ཅིར་ཡང་ཤར། །ཕན་གནོད་མེད་དེ་རང་བྱུང་རང་ལ་ཐིམ། །ཆོས་ཉིད་ནམ་མཁའ་ལྟ་བུའི་གཤིས་ལུགས་སྐྱོངས། །ད་ལྟའི་རིག་པ་རང་བབ་རྫོགས་པ་ཆེ། །ལྟ་བས་མ་བསླད་སྒོམ་གྱིས་མ་འཆིང་ཞིང་། །བློ་དང་ཡིད་དཔྱོད་མཚན་མས་མ་བསྒྲིབས་པར། །མངོན་སུམ་རྗེན་པར་ངོ་འཕྲོད་གནད་དུ་ཟབ། །རང་རིག་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རང་བཞིན་གསལ་ཆ་མ་འགགས་ལོངས་སྤྱོད་རྫོགས། །ཐུགས་རྗེའི་རིག་རྩལ་ཤར་གྲོལ་སྤྲུལ་པའི་སྐུ། །སྐུ་གསུམ་དགོངས་པའི་རང་མདངས་སྐྱོང་བར་འཚལ། །ཡེ་ནས་གྲོལ་བས་བསྐྱར་གྲོལ་འབད་རྩོལ་བྲལ། །གང་ཤར་རང་གྲོལ་གཉེན་པོའི་འཛིན་སྟངས་ཤིག །གཅེར་གྲོལ་ཅོག་བཞག་ཆེན་པོར་ལ་བཟླ་བའི། །མཐའ་གྲོལ་ནམ་མཁའ་ལྟ་བུའི་ངང་ལ་ཞོག །རྩལ་གྱི་རྟོག་ཚོགས་བཟང་ངན་གང་ཤར་ཡང་། །དགག་སྒྲུབ་མ་བྱེད་རང་བབ་གཉུག་མར་ཀློད། །དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་སྟེ། །ཅིར་སྣང་ཀུན་བཟང་སྤྱོད་པའི་རྒྱན་དུ་འཆར། །མདོར་ན་སྣང་གྲགས་རྟོག་གསུམ་གང་ཤར་ཡང་། །ཤར་རྗེས་མ་གཅོད་ཤར་མཁན་ངོ་བོ་ལྟོས། །འཛིན་པའི་རྟོད་ཕུར་ཆོས་དབྱིངས་དོན་གྱུར་ཚེ། །ཆོས་ཉིད་དངོས་པོའི་གཤིས་ལུགས་མཐོང་བ་ལགས། །ཚུལ་འདི་ས་སྐྱོད་{སྤྱོད}ཡེ་ཤེས་ཌཱ་ཀི་ནི། །སྐལ་བཟང་སྒྲོན་མ་དཔོན་སློབ་ཐུགས་བཞེད་བཞིན། །མདོ་མེད་སྤྲང་འཁྱམས་པདྨ་བི་ཛས་བྲིས། །དགེ་བས་འགྲོ་ཀུན་གཏད་མེད་ཡོངས་གྲོལ་ཤོག །


previousའདི་དང་གཏན་དུ་དགེ་བའི་བསླབ་བྱ། next