Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གང་དྲན་འཆལ་ཚིག་མདོ་ཙམ་གསོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགང་དྲན་འཆལ་ཚིག་མདོ་ཙམ་གསོལ། next

གང་དྲན་འཆལ་ཚིག་མདོ་ཙམ་གསོལ།

༄༅། །གང་དྲན་འཆལ་ཚིག་མདོ་ཙམ་གསོལ། དོན་གཉིས་མཐར་ཕྱིན་ཤཱཀྱའི་སྲས་པོ་ཡིས། །མཛོད་ལྔའི་ཤིང་རྟར་མི་བསྙེངས་སེང་གེའི་སྒྲས། །ཆེས་ཆེར་བསྔགས་པ་དོན་གྱི་ཐམས་ཅད་མཁྱེན། །བློ་གྲོས་མཐའ་ཡས་ཞབས་པད་གཙུག་ན་མཆོད། །དམ་པའི་བཤེས་གཉེན་མང་པོས་རྗེས་བཟུང་ཞིང་། །གསར་རྙིང་གདམས་པའི་བདུད་རྩི་མང་ཐོས་ཀྱང་། །རང་རྒྱུད་ཤིང་རྟར་མ་རུངས་གྱུར་པ་ཡི། །དམན་པ་བདག་གིས་བསླབ་བྱ་ཇི་ལྟར་འདོམས། །འོན་ཀྱང་ཆོས་གྲོགས་དམ་པའི་གསུང་བསྐུལ་ངོར། །གང་དྲན་འཆལ་ཚིག་མདོ་ཙམ་གསོལ་འདིར་དགོངས། །ཀྱེ་མ་དེང་སང་སྙིགས་ལྔའི་མཐའ་ལ་ཐུག །མི་བསྲུན་སྐྱེ་བོ་བསམ་སྦྱོར་ཕྱིན་ཅི་ལོག །དྲང་པོར་མི་གནས་གཡོ་སྒྱུ་བསླུ་བྲིད་མཁན། །ལོག་སྤྱོད་སྣ་དགུས་རང་གཞན་ཕུང་ལ་སྦྱོར། །དེ་ཡིས་དཀར་ཕྱོགས་ལྷ་ཀླུ་འཁྲུགས་པའི་ལྟས། །ནད་མུག་མཚོན་འཁྲུགས་འབྱུང་བཞིའི་འཇིགས་པ་སོགས། །མི་རུང་ལྟས་ངན་གནོད་པ་སྤྲིན་བཞིན་འདུ། །འགྲོ་བའི་བདེ་སྐྱིད་པད་ཚལ་ཟུམ་ལ་ཉེ། །ཚུལ་འདིར་གཟིགས་དང་ངེས་འབྱུང་མི་འཕེལ་ལམ། །ཐུབ་བསྟན་ལུང་རྟོགས་སྙིང་པོ་བཤད་སྒྲུབ་གཉིས། །རང་གར་བོར་ནས་འདོད་ཡོན་འདུ་འཛི་གཉེར། །བདག་བསྟོད་གཞན་སྨོད་འགྲན་སེམས་དུག་ཆུས་མྱོས། །ཕྱོགས་འཛིན་ཆགས་སྡང་སྡེ་འཁྲུགས་རྩོད་པ་སྤེལ། །རང་འདོད་ཕུག་བཅུག་གཞན་ཕན་ཡིན་པར་རློམ། །ལྟ་བ་ཁ་ཁྱེར་དྲེད་པོས་རྒྱལ་ཁམས་གང་། །ཐུབ་བསྟན་ཉིན་བྱེད་ནུབ་རིར་གཞོལ་ལ་ཉེ། །ཚུལ་འདིར་གཟིགས་དང་སྐྱོ་བ་མི་འཕེལ་ལམ། །དལ་འབྱོར་རྟེན་རྙེད་དམ་པའི་བཤེས་དང་མཇལ། །ཟབ་རྒྱས་གདམས་པའི་སྨན་མཆོག་ཐོབ་ནའང་། །ཉམས་སུ་མ་ལོན་མི་ཚེ་ཕལ་ཆེར་ཟད། །འཆི་བདག་ཆུ་སྲིན་ཁ་རུ་ཆུད་ལ་ཉེ། །བསགས་པའི་ནོར་དང་མཐུན་པའི་གཉེན་གྲོགས་དང་། །བརྩེགས་པའི་མཁར་དང་འབྲེལ་བའི་ཡོན་བདག་སོགས། །ཐམས་ཅད་བོར་ནས་གཅིག་པུར་འགྲོ་བའི་དུས། །བདག་ལ་སང་ཙམ་འབྱུང་ངམ་སུ་ཡིས་ཤེས། །བློ་འདི་ནང་དུ་བཀུག་སྟེེ་མ་བལྟས་ན། །བྱས་ལོ་ཐོས་ལོས་རང་མགོ་འཁོར་ཉེན་གདའ། །རང་དབང་ཡོད་ཚེ་ཆོས་ཤིག་མ་འགྲུབ་ན། །དབང་མེད་ན་འཆིའི་གཏུགས་ཚེ་ཅི་བྱར་ཡོད། །དལ་བའི་དུས་སུ་བརྩོན་པ་མ་བསྐྱེད་ན། །བྲེལ་བའི་དུས་སུ་འགྱོད་པས་ཅི་ལ་ཕན། །འཇིག་རྟེན་བྱ་གཞག་ཆུ་ཡི་གཉེར་མ་འདྲ། །སྔ་མ་མ་ཟིན་ཕྱི་མས་བརྩེགས་མར་ནོན། །ཤི་ཤིར་སྒྲུབ་ཀྱང་དེ་ལ་ཟིན་པ་མེད། །ནམ་བཞག་ཚེ་ན་ཟིན་པ་ཆོས་ཉིད་ཡིན། །བློ་ཆུང་ཚིག་གིས་ཕན་བཏགས་གནོད་པའི་རྒྱུ། །ཟེར་ཚད་ཁ་ལ་ཉན་ན་འགྲུབ་དུས་ཅི། །གང་བྱུང་ཆོག་ཤེས་རང་ཐག་མ་ཆོད་ན། །དགོས་དགོས་དྲ་བའི་མིག་འདྲ་ཟད་པ་མེད། །ཐམས་ཅད་ཚང་ནས་བསྒྲུབ་པ་བྱ་སྙམ་སྟེ། །འཆི་བདག་བདུད་ཀྱིས་ཕྱི་བཞག་ཅང་གཏོང་ངམ། །གངས་ལྗོངས་འདི་ན་ཕྱུགས་རྫི་རྒན་པོ་ཡན། །འཇིག་རྟེན་ཕྱི་མར་ཆོས་ཀྱིས་ཕན་ནོ་ཞེས། །སྒྲོགས་མོད་ལག་ལེན་སྡིག་ལ་འཕུལ་བ་འདི། །སྙིང་ནས་འཆི་བ་མ་དྲན་ཁོ་ནས་ལན། །མན་ངག་གནད་གཟེར་སྙིང་ལ་མ་བཏབ་ན། །ཞུས་ཞུས་ཐོབ་ཐོབ་ཙམ་གྱིས་ཕན་མི་ཐོགས། །ཁམས་གསུམ་འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །རིགས་དྲུག་འཁྲུལ་བའི་གཡང་ས་ངོས་རེ་གཟར། །བདུད་བཞི་འཇིགས་པའི་རྐུང་འཕྲང་གཟུར་རེ་དཀའ། །གཟུང་འཛིན་ཞེན་པའི་བག་ཆགས་འཐས་རེ་ཆེ། །དེ་ཕྱིར་རང་མགོ་རང་གིས་མ་བསྐོར་བར། །སྙིང་ནས་ཡང་དག་ཆོས་ཤིག་མཛད་འཚལ་ལོ། །རྒྱལ་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་པོ། །འགྲོ་རྒྱུད་ཉོན་མོངས་དེ་སྙེད་གཉེན་པོར་གསུངས། །ཉོན་མོངས་ཀུན་གྱི་རྩ་བ་བདག་འཛིན་ཡིན། །བདག་འཛིན་འདུལ་ལ་ཆོས་ཕུང་བརྒྱད་ཁྲི་འདུས། །རང་རྒྱུད་ཉོན་མོངས་བདག་འཛིན་ཐུལ་འདུག་ན། །ལྟ་སྤྱོད་གྲུབ་མཐའ་ཇི་ལྟར་གནས་ཀྱང་རུང་། །ངེས་པར་ཡང་དག་ལམ་དུ་ཚུད་པ་ཡིན། །རང་རྒྱུད་མ་དུལ་ཐེག་དགུའི་ཆོས་ཤེས་ཀྱང་། །གནད་ཀྱིས་ཕན་མེད་ལེགས་པའི་སྐར་མས་ཀྱང་། །སྡེ་སྣོད་བཅུ་གཉིས་བློ་ནས་འཆད་ཅེས་གྲགས། །གནད་དུ་སོང་མིན་གནམ་ཐིག་འདི་ཁོ་ན། །ལེགས་པར་ཤེས་ནས་རང་རྒྱུད་བརྟག་པ་གཅེས། །སྟོན་མཆོག་མཉམ་མེད་ཤཱཀྱའི་སྲས་པོས་ཀྱང་། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཡོངས་བཏང་ནས། །ངེས་འབྱུང་དཀའ་སྤྱད་བྱང་ཆུབ་བདུད་རྩི་བརྙེས། །དེ་བཞིན་སངས་རྒྱས་གཉིས་པ་པདྨ་འབྱུང་། །བཀའ་གདམས་བསྟན་པའི་ཆུ་མགོ་ཨ་ཏི་ཤ། སྒྲུབ་བརྒྱུད་བྱེ་བའི་འབྱུང་ཁུངས་མར་མི་དྭགས། །འོད་གསལ་བསྟན་པའི་ཤིང་རྟ་ཀུན་མཁྱེན་སོགས། །གངས་ལྗོངས་བཤད་སྒྲུབ་བསྟན་པའི་མངའ་བདག་ཀུན། །ཚེ་འདིར་མ་ཆགས་ཞི་བའི་ནགས་སུ་གཤེགས། །གཅིག་པུར་དཀའ་སྤྱད་སྒྲུབ་པའི་རྒྱལ་མཚན་བཙུགས། །མཁྱེན་རྟོགས་ཀློང་གྱུར་དོན་བརྒྱུད་རྒྱལ་ས་ཟིན། །དོན་གཉིས་མཐར་ཕྱིན་གཞན་ཕན་ཕྲིན་ལས་རྒྱུན། །མཁའ་མཉམ་བརྡལ་བ་ཁོ་ནའི་རྣམ་ཐར་ལས། །ཚེ་འདིའི་ཕུན་ཚོགས་སྙན་གྲགས་སྒྲུབ་པའི་ཚུལ། །འདུག་གམ་མི་འདུག་ལེགས་པར་སོམས་དང་གསལ། །མགོན་པོ་མཆོག་རྣམས་གདོད་མའི་དབྱིངས་གཤེགས་ཀྱང་། །གདམས་པའི་གནད་རྣམས་བརྩེ་བས་ཤུལ་དུ་བཞག །བཤད་རྒྱུད་ཚིག་གི་ངད་པ་མ་ཡལ་ཞིང་། །དོན་བརྒྱུད་བྱིན་རླབས་རོ་བཅུད་མ་ཉམས་པའི། །སྐལ་བཟང་ཡིད་ཀྱི་གདུང་སེལ་བདུད་རྩིའི་ཆབ། །མཚུངས་མེད་བླ་མའི་ཞལ་ལུང་ཁོ་ན་ཡིན། །ཅིག་ཅར་བ་དང་རིམ་གྱིས་པ་ལ་སོགས། །གང་ཟག་བློ་ཡི་རིམ་པ་མི་འདྲ་ཡང་། །ཀུན་ཀྱང་བདེ་གཤེགས་སྙིང་པོ་ཅན་ཡིན་ཕྱིར། །མྱུར་བུལ་ཙམ་ལས་མཐར་ཐུག་དོན་ལ་གཅིག །དེ་ཕྱིར་སྙིང་ནས་བརྩོན་པས་སྒོམ་ནུས་ན། །རྒྱུད་ནས་བཤད་པའི་ཡོན་ཏན་ཇི་སྙེད་པ། །ངེས་པར་རང་གི་རྒྱུད་ལ་སྐྱེ་བར་འགྱུར། །དེ་ཡང་ལོ་ཟླ་ཞག་དུས་ཙམ་གྱིས་མིན། །སྒྲུབ་མཐའ་དམ་བཅའ་འཆི་དང་མཉམ་པར་དགོས། །མངོན་དུ་མ་གྱུར་བར་དུ་སྒོམ་པ་གལ། །ཁ་ཅིག་རྫོགས་ཆེན་ནམ་མཁའི་རྣལ་འབྱོར་ལ། །ཐུན་དང་ཐུན་མཚམས་ཡེ་ནས་མེད་དོ་ཞེས། །ཡིད་དཔྱོད་ཚིག་གི་གོ་བར་གདེང་འཆའ་ནས། །རང་རྒྱུད་ཐ་མལ་ངང་དུ་ལུས་པ་མང་། །རྫོགས་ཆེན་ནམ་མཁའི་རྣལ་འབྱོར་ཞེས་པ་དེ། །རྣམ་ཤེས་ལས་འདས་ཡེ་ཤེས་ཆེན་པོའི་ངང་། །འཁོར་འདས་རྟོག་པའི་སྤྲིན་ཚོགས་རང་དེངས་པས། །ཉིན་མོ་གཟུང་འཛིན་རྣམ་རྟོག་མི་གཡོ་ཞིང་། །མཚན་མོ་འཁྲུལ་པའི་རྨི་ལམ་མི་འཆར་བར། །ཉིན་མཚན་རེས་མེད་འོད་གསལ་ཆེན་པོའི་ངང་། །མཉམ་པར་བཞག་དང་མ་བཞག་མེད་པ་ཡི། །དགོངས་པ་ཐུན་མཚམས་འདས་ལ་ཟེར་བ་ཡིན། །དེ་འདྲའི་གདེང་ཚད་འདུག་གམ་རང་ལ་སོམས། །ཐོག་མེད་ནས་གོམས་མ་རིག་གཟུང་འཛིན་མཐུས། །བསྐྱེད་པའི་འཁྲུལ་སྣང་ཤིན་ཏུ་མི་བཟད་འདི། །ངོ་ཤེས་ཙམ་གྱིས་བཟློག་པར་མི་ནུས་པས། །ཉམས་ལེན་ཐུན་དུ་བཅད་ལ་སྒོམ་པ་གལ། །དེ་ཡང་སེམས་ཉིད་ཟབ་ལ་བརྟག་དཀའ་ཞིང་། །སྣ་ཚོགས་ཉམས་ཀྱི་འཆར་སྒོ་བསམ་མི་ཁྱབ། །འདྲ་བ་འདྲ་བའི་མགོ་སྐོར་མང་བས་ན། །གང་ཤར་མ་ཞེན་རང་གྲོལ་ལམ་ཁྱེར་གཅེས། །བློ་ཆུང་ཁ་ཅིག་ཉམས་ཀྱི་མགོ་འཁོར་ནས། །ཡེ་ཤེས་མངོན་བྱས་སྒོམ་མི་དགོས་ཞེས་སྨྲ། །མི་དགོས་སྙམ་པའི་བློ་དེ་དགོས་པའི་རྟགས། །དོན་གྱི་ཡེ་ཤེས་མཐོང་ལམ་ཁོ་ན་ཡིན། །མཐོང་ལམ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ། །རང་ལ་འདུག་གམ་ལེགས་པར་བསམ་གཞིག་ཐོངས། །དོན་དམ་བདེན་པ་གཤིས་ཀྱི་གནས་ལུགས་མཆོག །མངོན་དུ་གྱུར་ན་རང་རྩལ་སྙིང་རྗེའི་ཤུགས། །མ་འབད་ངང་གིས་ཤར་མོད་དང་པོ་བས། །སྟོང་འཛིན་ཁོ་ནའི་ཕྱོགས་སུ་མི་འཆེལ་བར། །སྙིང་རྗེ་འབའ་ཞིག་ཐུན་དུ་བཅད་ལ་སྒོམས། །སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ་བ་འདི། །འཆུགས་མེད་རྒྱལ་བ་དགྱེས་པའི་ལམ་མཆོག་ལགས། །གནད་འདི་མེད་ན་སྟོང་ལྟའི་རྦད་ཁམས་དང་། །སྒོམ་སྒོམ་བཟླས་བཟླས་མངོན་ཤེས་རྫུ་འཕྲུལ་སོགས། །ལྟར་སྣང་ཡོན་ཏན་རྣམ་པ་ཅི་ཡོད་ཀྱང་། །ཡང་དག་ཐེག་ཆེན་ལམ་དུ་འགྲོ་མི་སྲིད། །དེ་ཕྱིར་སྐལ་བཟང་ཐར་པ་དོན་གཉེར་ཁྱེད། །འབྱོན་ནམ་བཞུགས་སམ་ཇི་ལྟར་མཛད་ཀྱང་རུང་། །ཉམས་ལེན་སྙིང་པོ་སྟོང་ཉིད་སྙིང་རྗེ་གཉིས། །སྐད་ཅིག་ཙམ་ཡང་འབྲལ་བ་མེད་པར་མཛོད། །གེགས་སེལ་བོགས་འདོན་གནད་ཀྱི་གདམས་པའི་ཕུལ། །ཀུན་གོ་གཅིག་ཆོད་བླ་མར་མོས་གུས་ཡིན། །བླ་མ་སངས་རྒྱས་དངོས་སུ་མཐོང་མཆིས་ན། །ཟབ་གསང་རྟོགས་པའི་ཡོན་ཏན་འབད་མེད་སྐྱེ། །གེགས་དང་གོལ་ས་ནམ་ཡང་ལྡང་མི་འགྱུར། །དོན་དམ་རང་ངོ་སྤྲོད་པའི་བླ་མ་དེ། །མདོ་རྒྱུད་ཀུན་ནས་སངས་རྒྱས་དངོས་སུ་བསྟན། །སྤྱི་བོའི་གཙུག་གམ་སྙིང་གི་དབུས་ཉིད་དུ། །ལན་གཅིག་སྒོམ་ཡང་བསོད་ནམས་དཔག་མེད་ཐོབ། །རབ་འབྱམས་རྩ་གསུམ་རྒྱལ་བའི་འཁོར་ལོའི་སྤྲིན། །ཞི་དང་ཁྲོ་བོའི་རྣམ་འགྱུར་ཇི་སྙེད་པ། །སྤྲོ་བསྡུའི་བྱེད་པོ་བླ་མ་རྡོ་རྗེ་སེམས། །དངོས་ཡིན་ཐ་མལ་མི་རུ་མ་བཟུང་ཞིག །སྣང་སྲིད་བླ་མར་ཤེས་པ་ལྟ་བའི་རྩེ། །ཐུགས་ཡིད་དབྱེར་མེད་བསྲེ་བ་སྒོམ་གྱི་བཅུད། །འབྲལ་མེད་མོས་གུས་རྒྱུན་བསྲིང་སྤྱོད་པའི་སྲོག །རང་སེམས་བླ་མར་རྟོགས་ན་འབྲས་བུ་ཡིན། །དེ་ཕྱིར་ལྟ་སྒོམ་སྤྱོད་འབྲས་སྙིང་པོའི་སྲོལ། །བླ་མ་སྒྲུབ་ལ་མ་འདུས་མེད་པས་ན། །ཙབ་ཙུབ་བློ་ཡི་སྤྲོས་པ་ཀུན་སྐྱུངས་ལ། །བླ་མར་མོས་གུས་ཁོ་ནར་ཆིག་དྲིལ་མཛོད། །དེ་སྐད་རང་བྱུང་པདྨའི་སྒྲུབ་གནས་མཆོག །བདེ་ཆེན་འོད་གསལ་ཕུག་གི་བྲག་སྐྱིབས་ནས། །དམ་པས་རྗེས་བཟུང་ཆོས་མེད་སྙོམ་ལས་མཁན། །འགྱུར་མེད་པདྨ་རྣམ་རྒྱལ་འབོད་དེ་ཡིས། །སྒྲུབ་བླ་ཨཱ་ཡུའི་མཚན་གྱི་བཞེད་སྐོང་དུ། །འཕྲལ་དུ་གང་དྲན་ཤར་མར་བྲིས་ཏེ་ཕུལ། །དགེ་བས་ཚེ་དང་སྒྲུབ་པ་མཉམ་པར་སྨོན། །


previousགང་དྲན་འཆལ་ཚིག་མདོ་ཙམ་གསོལ། next