Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རང་སེམས་གཏིང་ནས་སྐྱོ་བའི་སྡུག་གཏམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརང་སེམས་གཏིང་ནས་སྐྱོ་བའི་སྡུག་གཏམ། next

རང་སེམས་གཏིང་ནས་སྐྱོ་བའི་སྡུག་གཏམ།

༄༅། །རང་སེམས་གཏིང་ནས་སྐྱོ་བའི་སྡུག་གཏམ། ཡེ་ཤེས་མེ་ཡིས་ཉོན་མོངས་ཆུ་བོ་སྐེམ། །བྱམས་པའི་ཆར་གྱིས་སྲིད་པའི་གདུང་བ་སེལ། །ཐུགས་རྗེའི་ཞགས་པས་བརྒྱུད་ལྔའི་གནས་ནས་འདྲེན། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བསླབ་གསུམ་སྟོབས་ཉམས་བརྩོན་འགྲུས་མཁར་བ་ཆག །ལེ་ལོའི་མལ་ན་དུག་ལྔའི་ནད་པོ་ཆེས། །རབ་མནར་བདག་འདྲའི་འགྲོ་ལ་ཐུགས་རྗེས་གཟིགས། །སེམས་རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །སྙན་ངག་བྱིས་པ་འབྲིད་མཁས་འཇའ་ཚོན་རིས། །དོན་གྱི་སྙིང་པོས་དབེན་པའི་ཆུ་ཤིང་སྲོག །ཅོལ་ཆུང་ནང་ཆ་ངོམ་པའི་ཟོབ་གཏམ་འདི། །ད་ནི་སྙིང་ནས་ཡི་ཆད་སྐྱུར་སྙིང་འདོད། །བཟུར་མེད་འཆི་བདག་འོངས་པའི་ཕོ་ཉའི་ཕྲིན། །སྐྱེས་པའི་ནང་པར་ཉིད་ནས་བྱུང་མོད་ཀྱི། །རྒྱུན་རིང་སྡོད་གྲབ་བྱེད་པའི་བློ་ངན་པོས། །ད་ནི་གཏན་འདུན་ཕལ་ཆེར་སྟོར་ནས་གདའ། །མཚུངས་མེད་བླ་མའི་ཞལ་ལུང་བདུད་རྩིའི་ཆབ། །ཞི་བསིལ་ཕན་བདེའི་འཛུམ་དཀར་རྒོད་པ་ཡང་། །ཁ་སྦུབ་ཞབས་རྡོལ་དུག་ཅན་དང་འདྲ་བའི། །སྣོད་ངན་བདག་ལྟའི་སྐལ་བར་མ་ཆུན་ནོངས། །དབེན་པའི་རི་བོ་གར་སྐྱིད་གཞལ་མེད་ཁང་། །སྡིག་མེད་ལུས་འཚོ་འཆི་མེད་བདུད་རྩིའི་སྨན། །འབྲེལ་མེད་གྲོགས་པོ་ཆགས་སྡང་ཞི་བའི་ཆབ། །དེ་འདྲའི་སྐལ་བཟང་དག་ཀྱང་ཡོལ་བར་གྱུར། །ན་སོ་སྨིན་བཞིན་དུག་ལྔ་མེ་ལྟར་འབར། །དཀོར་དང་ཉམས་གྲིབ་ན་བུན་བཞིན་དུ་འཐིབ། །དགེ་བློ་ཕྲ་མོ་མེ་ལོང་ཧས་བཞིན་ཡལ། །ད་ལྟའི་ངང་ཚུལ་མཐོང་ནས་མཆི་མ་དཀུ། །ཆགས་སྡང་ཆོས་བརྒྱད་སྒྲུབ་པའི་འདུན་གྲོས་དང་། །ལྟར་སྣང་མིག་སྔར་ལེགས་པའི་ཨོ་ཟོབ་ཆེ། །རང་འདོད་ཕུག་བཅུག་གཞན་ཕན་སྒྲུབ་ཟོལ་འདིས། །བསྟན་འགྲོའི་དོན་གཉིས་ཇི་ལྟར་འགྲུབ་པར་འགྱུར། །གཞན་དབང་ཞགས་པ་དམ་པོས་བཅིངས་གྱུར་ཅིང་། །བསོད་ནམས་མ་ཡིན་ཁུར་ལྕིའི་དུབ་པ་འདི། །བློ་སྦྱོང་མན་ངག་མཚོན་ཆའི་འཁོར་ལོ་ཡིས། །མཐུན་འཇུག་ཐག་པ་མ་ཆོད་ཁོ་ནས་ལེན། །ཐེག་མཆོག་བླ་མེད་ཨ་ཏི་ཡོ་གའི་བར། །ཞུས་ཞུས་ཐོབ་ཐོབ་རྣམ་གྲངས་མང་མོད་ཀྱི། །དུས་ཁྲིམས་ཡན་ལག་བརྒྱད་པའི་ཉམས་ལེན་ཙམ། །ལག་ལེན་མེད་འདི་རང་སེམས་མ་དུལ་སྐྱོན། །ཇི་ཙམ་ཐོས་བཞིན་ཉོན་མོངས་འཕེལ་བའི་རྒྱུ། །མཚམས་སྒྲུབ་བྱས་ཀྱང་ཚེ་འདིའི་སྙན་གྲགས་ཐབས། །འཆད་སྤེལ་བྱས་ཀྱང་དམ་ཉམས་སྒྲུབ་པའི་རྐྱེན། །ཅི་བྱས་ཡུག་པ་བརྐྱང་བ་བདག་ལྟ་བུ། །སུས་ཀྱང་མ་བྱས་རང་སེམས་གྱོང་པོ་འདི། །ཡང་དག་དམ་པའི་ཆོས་ཀྱིས་མ་ཐུལ་ཞིང་། །དྲན་ཤེས་བག་ཡོད་ཉམས་པའི་ཆོམ་རྐུན་གྱིས། ཡིན་ལོ་ཤེས་ལོའི་ངང་དུ་བསླུས་པས་ཕུང་། །ལྟ་བ་ཁ་ཁྱེར་གོ་དྲེད་རྫུན་ཧམ་ཅན། །སྒོམ་པ་སྟོང་འཛིན་སྙིང་རྗེ་ཁྱད་གསོད་པོ། །སྤྱོད་པ་ཐོ་ཅོ་རྒྱུ་འབྲས་འཆོལ་ཉོག་མཁན། །ཐར་པའི་ལམ་དུ་ཇི་ལྟར་འགྲོ་བར་འགྱུར། །གླང་པོ་དོན་ནས་གླང་མཇུག་འཐོག་པ་བཞིན། །ཁྱིམ་ཆེན་སྤོང་བའི་ཁྱིམ་ཆུང་འདུ་འཛི་ཅན། །གོང་མ་མཉེས་དང་འོག་མ་མགུ་དུས་མེད། །འདི་ཕྱི་གཉིས་སྡུག་ཚུལ་འདིར་མི་སྐྱོའམ། །ཁེངས་དཀའ་སྟོང་སླ་ཞབས་བརྡོལ་སྣོད་དང་མཚུངས། །ཚེགས་ཆེ་དོན་ཆུང་བྱེ་མའི་མཁར་བརྩེགས་འདྲ། །ཕྱི་ཆེ་ནང་སྟོང་རྔ་གོག་ལྟ་བུ་ཡི། །བླ་བྲང་དགོན་གོག་ཁ་འཛིན་དམྱལ་བའི་རྒྱུ། །དགོས་ངེས་ཐོས་བསམ་སྒོམ་པའི་བྱ་བ་བོར། །ཡིན་ངེས་ལུང་རྟོགས་བསྟན་པའི་ག་དར་ཉམས། །ཕུང་ངེས་ལོག་འཚོའི་དཀོར་ནག་ངོམས་མེད་སྤྱོད། །འགྲུབ་ངེས་ངན་སོང་གཏིང་རྡོ་ཉིད་དུ་བྱས། །ཨོ་ཟོབ་ཆུ་ཡི་ལྦུ་བ་མཐོ་དང་གཅིག །འཕྱོར་ཆས་འཇའ་ཚོན་རི་མོ་མཛེས་དང་གཉིས། །གྲགས་སྐམ་བྲག་ཆའི་རོལ་མོ་སྙན་དང་གསུམ། །འཕྲལ་དུ་སྐྱིད་ཀྱང་ནམ་ཕུག་བསླུ་བའི་རྒྱུ། །བསྐྱེད་རྫོགས་གནད་མེད་ལྟ་སྟངས་མཐོ་དང་གཅིག །རང་རྒྱུད་མ་དུལ་ཁ་བཤད་འུད་གོག་གཉིས། །དག་དྲན་མི་ཤེས་སྤྲོས་བཅས་འབག་འཆམ་གསུམ། །བསྟན་གཟུགས་བྲོ་བའི་ཟློས་གར་སྙིང་པོས་དབེན། །འཚེ་སོགས་སྡིག་དང་འབྲེལ་བའི་རྟེན་བཞེངས་གཅིག །རང་ཆེ་སྙན་གྲགས་འབྱིན་པའི་མང་འབྱེད་གཉིས། །མཚར་འདོད་ཁེ་སྐྱེད་བསྒྲུབ་པའི་གནས་བསྐོར་གསུམ། །མིག་སྔར་མཛེས་ཀྱང་དོན་འབྲས་ཆུ་ཤིང་སྙིང་། །བསྟན་སེལ་འབྱིན་པའི་དཔེ་ཉོག་བྲི་དང་གཅིག །སྙིང་རྗེ་མེད་པའི་དྲག་ལས་མཐུ་གཏད་གཉིས། །བློ་ཆུང་འཁོར་སྡུད་མི་ཆོས་བླ་མ་གསུམ། །འཕྲལ་དུ་བྲིམ་ཡང་ནམ་ཕུག་བརླག་པའི་རྒྱུ། །དྲན་ཚད་ཁ་རུ་འདོན་པའི་ཅོལ་ཆུང་གཅིག །མཐོང་ཚད་ལག་ཏུ་ལེན་པའི་མགོ་ཡང་གཉིས། །རྙེད་ཚད་སྐྱུར་དུ་བསྒྱུར་བའི་འདོད་ཅན་གསུམ། །ཕྱི་མ་ལྟ་ཅི་ཚེ་འདིའི་འདུན་ཡང་འཆོར། །སྒྲུབ་པར་མི་ནུས་ཁས་ལེན་ཆེ་དང་གཅིག །རང་འཁོས་མེད་པའི་བྱ་གཞག་བརྩམ་དང་གཉིས། །དོན་མེད་སྟོང་འདེད་ཕྱི་ཚིས་དྲན་རྒྱུ་གསུམ། །འཕྲལ་དུ་གཉིད་གཅོག་ཐ་མ་ཡི་མུག་རྒྱུ། །བརྟུལ་གྱིན་འཕེལ་བ་ཕྱི་རོལ་ཡུལ་གྱི་དགྲ། །སྐྱོང་གིན་འཁང་བ་མགུ་མེད་ནང་གི་གཉེན། །གསོག་གིན་སྟོང་པ་ཟང་ཟིང་སྒྱུ་མའི་ནོར། །བསམ་གྱིན་གཅིག་པུར་རང་ཚུགས་བཟུང་ན་ལེགས། །ཆོས་དང་འཇིག་རྟེན་བྱ་གཞག་མང་པོ་དེ། །ཕོ་རབ་མཁས་པ་རྣམས་ཀྱང་མཐར་ཕྱིན་དཀའ། །རང་འདྲ་འཁོས་ཆུང་རྣམས་ཀྱི་སྐལ་བར་ཅི། །དེ་བས་གད་ཕུག་ཡིག་དྲུག་བསྒྲངས་ན་འཐད། །མ་འཆི་བར་དུ་འཚོ་བ་ལུས་སོས་ཙམ། །དགོས་མོད་དཀོན་མཆོག་མགོ་བཏགས་བཟང་བའི་རྒྱུས། །རང་ཐག་ཆོད་ན་ཅིས་ཀྱང་འབྱུང་བར་ངེས། །ཆོག་ཤེས་མེད་ན་སྟོང་ཁམས་ནོར་གྱིས་ཅི། །བདག་འཛིན་ཉོན་མོངས་གཉེན་པོས་མི་བཅོམ་པར། །ལོ་ཟླར་སྒོམ་པའི་སྡུག་ཡུས་སུ་ལ་འཕོ། །འབེན་དྲུང་བཞག་ནས་རྒྱང་མདའ་མི་འཕེན་པར། །ནང་དུ་བདག་འཛིན་འདུལ་བའི་ཆོ་ག་གཅེས། །འདི་ནི་རང་རྒྱུས་རང་ལ་ཆེ་བའི་ཕྱིར། །རང་སྐྱོན་སྙིང་ནས་དྲན་པའི་སྨྲེ་སྔགས་ཚིག །ལགས་མོད་དམ་པའི་མཛད་སྤྱོད་བསམ་མི་ཁྱབ། །ཀུན་ལ་ཞུས་པ་མིན་གྱིས་ཐུགས་མ་ཁྲེལ། །རང་སེམས་གཏིང་ནས་སྐྱོ་བའི་སྡུག་གཏམ་འདི། །མཆེད་གྲོགས་ཟུང་ལའང་འདྲའམ་སྙམ་ནས་ཕུལ། །མི་འདྲ་ལུགས་གཉིས་མཁྱེན་པའི་རྣམ་དཔྱོད་དཔལ། །མཆིས་ན་བཟོད་པར་གསོལ་ལོ་བཀའ་མ་བཀྱོན། །སྐྱེ་བཟང་བསྙད་པའི་སྐྱེ་ངན་མི་ཁོམ་གནས། །ལས་བཟང་བརྟགས་པའི་ལས་ངན་ཐ་མལ་ང་། །ཆོས་ལྡན་ཡིན་རློམ་ཆོས་འགལ་འབའ་ཞིག་པའི། །བྱུར་ཅན་བདག་འདྲ་བྱུར་ལས་ཐར་གྱུར་ཅིག །རྣམ་དཀར་བཟང་པོའི་ལས་འཕྲོ་མི་དམན་པའི། །སྒྲུབ་བརྩོན་དམ་པ་འགྱུར་མེད་བསྟན་འཛིན་དང་། །ཤེས་རབ་ཡར་འཕེལ་ཟུང་གི་གསུང་ནན་ངོར། །སྡིག་ལྡན་པད་རྣམ་རྨོངས་པས་བྲིས་པ་དགེ། །


previousརང་སེམས་གཏིང་ནས་སྐྱོ་བའི་སྡུག་གཏམ། next