Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གལ་གནད་གཅེས་པའི་གདམས་ངག་ཚིག་དྲུག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགལ་གནད་གཅེས་པའི་གདམས་ངག་ཚིག་དྲུགnext

གལ་གནད་གཅེས་པའི་གདམས་ངག་ཚིག་དྲུག

༄༅། །གལ་གནད་གཅེས་པའི་གདམས་ངག་ཚིག་དྲུགའགྲོ་ལ་ཕན་བདེའི་ལམ་བཟང་སྣང་མཛད་པའི། །བྱང་ཆུབ་སེམས་ཀྱི་མངའ་བདག་ཐམས་ཅད་ལ། །ཟོལ་མེད་སྒོ་གསུམ་གུས་པས་ཕྱག་བྱས་ནས། །ཕན་པའི་སྙིང་གཏམ་བཤད་ཀྱིས་དགའ་བས་ཉོན། །དལ་འབྱོར་ཐོབ་ཀྱང་མི་བརྟན་མྱུར་དུ་འཇིག །ཚེ་འདིའི་བདེ་འབྱོར་རྨི་ལམ་རྒྱལ་སྲིད་འདྲ། །ཕྱི་མར་ཕན་པ་དམ་པའི་ཆོས་ལས་མེད། །མཐའ་མེད་འཁོར་བའི་སྡུག་བསྔལ་བཟོད་པར་དཀའ། །ལྟོ་གོས་ཕྱིར་དུ་གཏན་འདུན་མི་བོར་བར། །ངེས་པར་སྣ་ཐག་མགོ་ལ་དཀྲི་བ་གལ། །དཀར་ཆོས་མཐའ་དག་དད་ལ་བརྟེན་ནས་སྐྱེ། །ལོག་ལྟ་ཅན་ནི་རྒྱལ་བས་འདུལ་བར་དཀའ། །དེ་ཕྱིར་དག་སྣང་ཕྱོགས་མེད་སྦྱོང་བ་དང་། །བསླུ་མེད་ལས་འབྲས་ཚུལ་ལ་ཡིད་ཆེས་པས། །འདི་ཕྱིར་བདེ་འདོད་དེ་རྒྱུ་དགེ་བ་སྒྲུབས། །སྡུག་བསྔལ་འདོར་འདོད་སྡིག་ལས་ལྡོག་པ་གལ། །སངས་རྒྱས་ཡོན་ཏན་གཞན་ཕན་མཐུ་ཡིས་བརྙེས། །འཁོར་སྐྱོན་མཐའ་དག་བདག་ཏུ་འཛིན་ལས་བྱུང་། །དེ་ཕྱིར་འགྲོ་ཀུན་ཕ་མའི་རང་བཞིན་ལ། །བྱས་པ་ཤེས་ཤིང་དྲིན་དུ་གཟོ་བའི་བློས། །བདག་བདེ་རྒྱུར་བཅས་ཕངས་མེད་འགྲོ་ལ་སྦྱིན། །དེ་དག་སྡིག་སྡུག་རང་ལ་ལེན་པའི་བློ། །གོམས་ཕྱིར་དབུགས་ལ་བརྟེན་ནས་བློ་སྦྱོང་གལ། །སྣང་བརྟགས་ཆོས་ཀུན་རྨི་ལམ་སྒྱུ་མ་འདྲ། །མ་བརྟགས་ཉམས་དགའ་བརྟགས་ན་སྙིང་པོས་སྟོང་། །འཛིན་པའི་སེམས་ཉིད་མ་སྐྱེས་སྟོང་པའི་ངང་། །ནན་གྱིས་བརྟགས་ན་སྤྲོས་པའི་མཐའ་ལས་འདས། །བྱར་མེད་གཤིས་ལ་སྒྲིན་པོས་མི་འཆོས་པར། །བློ་བྲལ་གཉུག་མའི་ངང་དེར་ཀློད་པ་གལ། །དུས་རྣམས་ཀུན་ཏུ་དྲན་པའི་སོ་བ་བརྟེན། །ཡང་དང་ཡང་དུ་རང་གི་རྒྱུད་ལ་རྟོག །ཁས་བླངས་བསླབ་པའི་ཁྲིམས་དང་མ་འགལ་ངོས། །བློ་སྦྱོང་སྒོམ་པ་ཕྱོགས་རེར་མ་སོང་བར། །རྐྱེན་དང་འཕྲད་ཚེ་གཉེན་པོའི་དཔུང་བསྐྱེད་ནས། །ཀུན་ཀྱང་བྱང་ཆུབ་ལམ་དུ་བསྒྱུར་བ་གལ། །ཚུལ་ཁྲིམས་གཙང་མ་ངོ་ལྐོག་མེད་པ་དང་། །ཉམས་ལེན་སྟོང་ཉིད་སྙིང་རྗེས་འབྲེལ་བ་དང་། །བསགས་སྦྱང་གང་བྱེད་སྦྱོར་རྗེས་ཚང་བ་དང་། །ཆོས་རྣམས་བདག་འཛིན་གཉེན་པོར་སོང་བ་ཡིས། །རང་གིས་བལྟས་ཀྱང་རང་ལ་ཡིད་ཆེས་ཤིང་། །དཀོན་མཆོག་ལྷ་ཡིས་གཟིགས་ཀྱང་མ་ཁྲེལ་བའི། །ཉམས་ལེན་ཤི་དང་མཉམ་པའི་བརྩོན་འགྲུས་གལ། །གལ་གནད་གཅེས་པའི་གདམས་ངག་ཚིག་དྲུག་འདི། །ཡལ་བར་མ་དོར་དགོས་དུས་དྲན་པར་གྱིས། །རྒྱུན་དུ་འགྲོགས་ཀྱང་སྨྲ་རྒྱུ་དེ་ལས་མེད། །དགེ་བས་འགྲོ་ཀུན་རྣམ་མཁྱེན་མྱུར་ཐོབ་ཤོག །ཅེས་པའང་དད་ལྡན་ཨ་ནེ་ཀུན་བཟང་ཆོས་སྒྲོན་ལ་ཐེག་ཆེན་བློ་སྦྱོང་གདམས་པའི་རྒྱབ་སྐྱོར་དུ་གདམས་པ་དགེ།


previousགལ་གནད་གཅེས་པའི་གདམས་ངག་ཚིག་དྲུགnext