Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཆལ་སྤྱོད་ཁ་འོ་ཙ་རེའི་གདུང་གླུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཆལ་སྤྱོད་ཁ་འོ་ཙ་རེའི་གདུང་གླུ། next

འཆལ་སྤྱོད་ཁ་འོ་ཙ་རེའི་གདུང་གླུ།

༄༅། །འཆལ་སྤྱོད་ཁ་འོ་ཙ་རེའི་གདུང་གླུ། དྲན་པས་སྲིད་ཞིའི་གདུང་སེལ་མཚོ་སྐྱེས་ཀྱི་བླ་མ། །དབྱེར་མེད་རྒྱལ་བས་ལུང་བསྟན་རྩོད་བྲལ་གྱི་སྤྲུལ་སྐུ། །འབྲལ་མེད་སྙིང་དབུས་དད་པའི་པདྨོ་རུ་བསྙེན་ན། །སེམས་རྒྱུད་ཆོས་དང་འདྲེས་པའི་བྱིན་རླབས་ཤིག་སྩོལ་ཤོག །དབྱར་གསུམ་ལང་ཚོ་བདོ་བའི་ནོར་འཛིན་གྱི་དགའ་མ། །ལྷ་ཡུལ་དཔལ་ལ་འགྲན་པའི་ལྟད་མོ་ཞིག་ཡོད་ཀྱང་། །སྟོན་གསུམ་བསེར་བུས་ངད་པས་མིག་ལམ་ན་མི་སྣང་། །གཞོན་ཆུང་སྣང་ཤེས་བསྐུལ་བའི་སྐྱོ་གྲོགས་དེ་དྲན་བྱུང་། །དར་ཕྱུག་ལྕང་དཀར་སྡོང་པོའི་རྩེ་མོ་ལ་འཁྲིལ་ནས། །གསུང་སྙན་ལྷང་ལྷང་སྒྲོགས་པའི་ཁུ་བྱུག་གི་བུ་མོ། །དབང་མེད་དུས་ཀྱི་བསྐལ་པས་ལྷོ་མོན་དུ་ཐེགས་སོང་། །འདུས་མཐའ་འབྲལ་བའི་ཆོས་ལ་སུ་ཞིག་གིས་བསྙོན་ཨང་། །འབྲས་ལྡན་བཅུད་ཀྱིས་ནོན་པའི་ཞིང་བཟང་གི་སྙེ་མ། །ཕང་ཕུང་རླུང་གི་བསྐྱོད་པའི་རྩེ་བྲོ་ལ་གཡེངས་ཀྱང་། །བརྩེ་མེད་ཟོར་ཐོག་གཏུམ་པོས་བརྔས་ཤུལ་འདི་མཐོང་ན། །འབྱོར་མཐར་རྒུད་པའི་ཚུལ་ལ་ངེས་ཤེས་རེ་སྐྱེ་འདུག །འཆི་སྙམ་ཡིད་ལ་མེད་པའི་ཕོ་རྒོད་ཀྱི་ཚོགས་རྣམས། །དགྲ་འདུལ་གཉེན་སྐྱོང་མང་པོའི་བྱ་ལས་ལ་གཡེངས་བཞིན། །དུས་ཀྱི་ཕོ་ཉས་དབང་མེད་སྣང་མིན་དུ་དྲངས་ཚེ། །སྐྱེ་མཐའ་འཆི་བའི་རང་བཞིན་བརྡ་ཆོས་སུ་གོ་བྱུང་། །སྐྲ་དཀར་དུས་ཀྱི་ཕོ་ཉས་སྤྱི་བོ་ནས་ནོན་ཞིང་། །དཔྲལ་རིས་གཤིན་རྗེའི་གྲིབ་སོ་ངོམ་ངོམ་དུ་རྒྱུ་ཡང་། །རྒྱུན་རིང་སྡོད་གྲབ་བྱེད་པའི་རྟག་འཛིན་གྱི་བློ་ཅན། །སྙིང་ལ་མ་འཇིགས་སྦྱིན་པོ་ག་ཤེད་ནས་སླེབ་བྱུང་། །དབང་ཤེད་ཁས་དྲག་བཙན་པོའི་དུག་ཆུ་ཡིས་མྱོས་ཏེ། །ངན་གཡོ་ཁྲམ་ཀུན་སྡིག་པའི་འཁྲུལ་འཁོར་ལ་གཡེངས་རྣམས། །འཆི་བའི་བང་ཆེན་བསླེབས་ཚེ་བཟློག་ཐབས་ནི་མི་འདུག །ད་ལྟ་རང་དབང་ཡོད་ཚེ་བག་ཡོད་རེ་བྱེད་འཚལ། །ཟ་ཆོག་དཔེ་གྲལ་འགྲིམ་དུས་སྣང་ཤེས་ནི་མཐོ་ཞིང་། །སྐྱ་སེར་གཉིས་གོ་ཆོད་དུས་གྲུང་པོ་རུ་བརྩི་ཡང་། །རྒ་བའི་ཞགས་པས་བསྡམས་ཚེ་འགྱོད་འགྱོད་ཞིག་ཡོད་འདྲ། །དེ་བས་རང་རྒྱུད་ཆོས་དང་བསྟུན་པ་འདི་ལེགས་སོ། །དལ་འབྱོར་རིན་ཆེན་གྲུ་བོ་ལེགས་ལམ་དུ་བསྒྱུར་དུས། །སྐྱེ་བའི་རྒྱ་མཚོ་བརྒལ་ལ་བརྩོན་པ་ཞིག་མེད་ན། །རྣམ་རིག་བ་དན་བཀྲ་ལ་དགོས་པ་རང་མི་འདུག །འཇགས་ཚོའི་མི་ཚེའི་ལྷག་མ་ལྷ་ཆོས་ལ་དྲིལ་གཏོང་། །གངས་ལྗོངས་ཉི་ལྟར་གྲགས་པའི་སྒྲུབ་བརྒྱུད་ནི་རྣམ་བརྒྱད། །མཁས་གྲུབ་ཚངས་ཆེན་བརྡོལ་བའི་ཆུ་མགོ་རུ་གདའ་བས། །ངོ་མཚར་རྣམ་ཐར་ཕྱག་བཞེས་སོ་སོ་རུ་ཆེ་སྐད། །དག་སྣང་མིག་ཡངས་བསྐྱེད་འདི་ཆོས་སྣང་གི་སྒོ་མོ། །ལེགས་སྨོན་མཐུ་ཡིས་རྙེད་པའི་ངུར་སྨྲིག་གི་རྒྱལ་མཚན། །ནོར་བུ་རིན་ཆེན་རྙེད་པའི་དོ་ཟླ་དང་མི་སྙེམས། །སྤྱོད་ངན་ནག་ཆང་གཉེར་བའི་ལད་མོ་ལ་མ་འཇུག །བག་ཡོད་གསེར་གྱི་སྐ་རགས་འབྲལ་མེད་དུ་འཆིང་འཚལ། །སོར་གསུམ་ལྕང་ལོའི་ཟར་བུ་མཁན་པོ་ལ་ཕུལ་ནས། །རྣམ་གསུམ་ངུར་སྨྲིག་གསར་པའི་བགོ་བ་ཡི་གཡོགས་ཀྱང་། །བསླབ་གསུམ་སེམས་ཤེད་མ་རྫོགས་གོམ་འགྲོས་ཀྱང་འཁྱོལ་ལེ། །འཆལ་སྤྱོད་ཁ་འོ་ཙ་རེའི་གདུང་གླུ་འདིས་ནོངས་སོ། །དུ་མ་རོ་གཅིག་རྟོགས་པའི་རྣལ་འབྱོར་གྱི་ངོ་ན། །རོ་གཅིག་དུ་མར་ཤར་བའི་རྟེན་འབྲེལ་ལ་མཁས་པས། །བདེན་གཉིས་ཟུང་དུ་འཇུག་པའི་ཁྱད་ཆོས་ཤིག་ཡོད་སྐད། །ལས་འབྲས་ཁྱད་དུ་གསོད་པའི་སྟོང་ལྟ་ལ་མ་ཞེན། །སྙིང་རྗེའི་བརླན་དང་བྲལ་བའི་ཐ་བ་ནི་སྐམ་པོར། །སྟོང་འཛིན་མེ་ཡིས་ཚིག་པའི་ས་བོན་ནི་བཏབ་ཀྱང་། །རྣམ་མཁྱེན་གསེར་གྱི་སྙེ་མ་འཁྲུངས་པ་ཞིག་མིན་འདྲ། །དེ་བས་རྒྱལ་བ་དགྱེས་པའི་ལམ་བཟང་ལ་སྙོགས་ཤོག །གནད་མེད་དགེ་སྦྱོར་བླུན་སྒོམ་མུན་ནང་གི་མདའ་འཕེན། །ལོ་ཟླའི་ཁ་གྲངས་བསྒྲངས་པའི་སྡུག་ཡུས་འདྲ་ཡོད་ཀྱང་། །ཁོ་ཐག་ནང་ནས་ཆོད་པའི་ངེས་ཤེས་ནི་མ་སྐྱེས། །ཐ་མ་ཡི་མུག་སྐྱེ་བའི་ཤོམ་ར་ལ་གཟིགས་ཏེ། །དམ་པའི་ཞལ་ལུང་བདུད་རྩིའི་དགའ་སྟོན་ལ་སྤྱོད་ཅིག །སྤྲོས་བྲལ་ལྟ་དགོངས་མཐོན་པོའི་འོལ་ཚོད་དེ་སྤངས་ལ། །བློ་བྲལ་གཉུག་མའི་གཤིས་ལ་སྤར་འཛིན་རེ་མཛོད་དང་། །ཡེ་ཤེས་རྒྱལ་ཁམས་སྙོགས་ལ་དཀའ་རྒྱུ་ཞིག་མི་འདུག །བློས་བྱས་འཛིན་སྟངས་བོར་ལ་གང་དགའ་རུ་ཉོལ་ཞིག །མཆོག་གསུམ་དཔག་བསམ་ལྗོན་པའི་གྲིབ་བསིལ་ལ་བསྟེན་ཏེ། །བསླབ་གསུམ་བྱང་ཆུབ་སེམས་ཀྱིས་ཚངས་སྐུད་ཀྱིས་བརྒྱན་ནས། །ཕྱིན་དྲུག་སྤྱོད་པ་རྒྱ་མཚོའི་སྲེག་བླུགས་ལ་བརྩོན་དང་། །རྣམ་མཁྱེན་ལྷ་ཡུལ་བགྲོད་ལ་ཐག་རིང་ཞིག་མིན་འདུག །སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་བདུད་རྩི་ཡི་ཆར་གྱིས། །བདག་འཛིན་ཉོན་མོངས་འཁྲུད་ནུས་ཉམས་ལེན་ཞིག་ཡོད་ཕྱིན། །གཞན་གྱིས་ཇི་ལྟར་མཐོང་རུང་ཐེག་ཆེན་གྱི་རྒྱལ་སྲས། །མི་བསླུའི་བདེན་དཔང་རྒྱལ་བ་སྲས་བཅས་རྣམས་བཞུགས་སོ། །དེ་སྐད་ཡིད་ལ་གང་ཤར་ཉམས་མཚར་གྱི་གླུ་ཕྲེང་། །འགོག་མེད་མགྲིན་པའི་ལམ་ནས་ཐོལ་བྱུང་དུ་ཐལ་ལོ། །
༄༅། །ལྷར་བཅས་སྐྱེ་དགུའི་གཙུག་གི་ཅོད་པཎ་གྱི་རྩེ་ན། །ཞབས་སེན་ནོར་བུའི་ཕྲེང་བ་བསྐལ་མང་དུ་འཐོབ་དཀའི། །ཡོན་ཏན་རྒྱ་མཚོའི་རང་བཞིན་མཚུངས་མེད་ཀྱི་བླ་མ། །འབྲལ་མེད་སྙིང་དབུས་དད་པའི་པདྨོ་རུ་བཞུགས་ཤིག །སོས་ཀ་སྤང་ལྗོངས་གསར་པའི་ནེའུ་སིང་གི་ངོགས་སུ། །མཛེས་སྡུག་ཆུ་སྐྱེས་བཀྲ་བའི་ངོ་མཚར་གྱི་ལྟད་མོ། །ལྷ་ཡུལ་ཚལ་ལ་འགྲན་པའི་རྣམ་དཔྱོད་ཅིག་ཡོད་ཀྱང་། །མི་སྡུག་དུས་ཀྱི་བ་མོས་རྗེས་མེད་དུ་གཞོམ་སོང་། །འབྲས་ལྡན་ལྕིད་ཀྱིས་ནོན་པའི་ས་ལུ་ཡི་སྙེ་མ། །ཕང་ཕུང་མགོ་ལྕོག་ལྡེམ་པའི་རྩེ་བྲོ་ལ་ཕེབས་ཀྱང་། །དབང་མེད་ཟོར་བས་ཟོས་པའི་རྟིང་པ་ནི་གོག་པོ། །འབྱོར་མཐའ་རྒུད་པ་སྟོན་པའི་སློབ་དཔོན་དུ་ཕེབས་འདུག །ཆར་ལྡན་ཆུ་འཛིན་སྟུག་པོའི་ཕང་པ་ལ་ཡིབ་ནས། །རབ་མྱུར་གློག་ཕྲེང་གཡོ་བའི་ཟློས་གར་དང་འགྲོགས་ཏེ། །ལྷང་ལྷང་རྨ་བྱ་དགའ་བའི་གསུང་སྙན་ཞིག་ཡོད་ཀྱང་། །དུས་ཀྱི་ཞགས་པས་བསྡམས་པའི་རྣ་ལམ་དུ་མི་ཐོས། །གྲང་རེག་འཚུབ་མས་བོས་པའི་ཆབ་རོམ་གྱི་འཇིགས་གཟུགས། །མི་བསྲུན་དམྱལ་གནས་འདོམས་པའི་ཉམ་ཐག་གི་བཀོད་པ། །ཁར་སེང་ཟླ་བ་སྔ་མར་མིག་ལམ་དུ་མེད་ཀྱང་། །གློ་བུར་ངེས་འབྱུང་འགུགས་པའི་སྐྱོ་གྲོགས་སུ་ཕེབས་བྱུང་། །རིགས་གཟུགས་ལང་ཚོ་བདོ་བའི་ནོར་འཛིན་གྱི་གཞི་ལ། །རྣམ་རིག་མེ་ཏོག་བཀྲ་བའི་གཞོན་ཆུང་གི་ཚོགས་རྣམས། །བག་མེད་རྣམ་གཡེང་འདུ་འཛིའི་རྩེ་འཇོ་ལ་མ་ཞེན། །མི་རྟག་ན་འཆིའི་བ་མོ་གློ་བུར་དུ་སླེབ་ཡོང་། །ཟང་ཟིང་འབྲས་ཁུལ་ལྕི་བའི་འབྱོར་ལྡན་གྱི་ཚོགས་རྣམས། །ཚོང་དང་སོ་ནམ་གཡོ་སྒྱུའི་སྡིག་ལས་ལ་མ་རྔམས། །ནམ་ཕུག་ཕྱི་མའི་རྒྱགས་ཕྱེ་མཆོད་སྦྱིན་ལ་དྲིལ་ལས། །ནམ་ཞིག་གཤིན་རྗེའི་འཇིག་རྟེན་བགྲོད་ཚེ་རང་སྐྱོ་དྲག །དབང་ཤེད་ཁ་དྲག་བཙན་པོའི་དུག་ཆུ་ཡིས་མྱོས་ཏེ། །ཉམ་ཆུང་སྣུམ་བཞིན་བཙིར་བའི་ལོངས་སྤྱོད་ཀྱི་ཏིལ་མར། །འཐུང་བཞིན་གྲགས་པའི་རྔ་ཆེན་མངའ་རིས་ན་བརྡུང་ཚོ། །འཇིག་རྟེན་ཕྱི་མ་ལ་ཡང་རྒྱང་མིག་རེ་གནང་འཚལ། །མཛེས་བརྗིད་གསེར་ལྕོག་ལྡན་པའི་མཁར་རྫོང་གི་དབུས་ན། །ཟ་འོག་དར་འབོལ་བརྩེགས་པའི་ནོར་བུ་ཡི་ཁྲི་ལ། །བག་ཕེབས་བཙུན་མོའི་འཁོར་ལ་རྒྱུན་རིང་དུ་རོལ་ཡང་། །འཇིགས་རུང་བས་མཐའི་ནགས་སུ་སྒྲེན་མོ་རུ་སྐྱུར་ངེས། །རབ་མཉེན་ལྕུག་ཕྲན་གསར་པའི་གྲིབ་བསིལ་ལ་བརྟེན་བཞིན། །ནོར་བུའི་ཡུ་བས་བརླིང་བའི་རྔ་ཡབ་ཀྱིས་བསྙེན་དང་། །ཆབས་ཅིག་བསིལ་བཅུད་བདུད་རྩིས་ལན་སྟོངས་སུ་བྲན་གང་། །ཤིང་སྐམ་འབར་བའི་ཁྲི་ལ་ཇི་ལྟར་དུ་འདོར་ཕོད། །རྒྱལ་ཕྲན་དུ་མའི་གཙུག་ནོར་ཅོད་པཎ་གྱི་ཕྲེང་བས། །རྐང་རྟེན་བརྒྱན་པར་བྱས་གང་ལས་རླུང་གི་ཞགས་པས། །བཟོད་དཀའི་ཁྲི་མུན་དོག་མོར་འཆིང་ཚུལ་འདི་ཐོས་ཚེ། །སྲིད་འབྱོར་སྒྱུ་མའི་ཚུལ་ལ་ཡིད་བརྟན་རང་སུས་འཆའ། །གཅེས་དགུ་ཤུལ་དུ་བཞག་ནས་ཆ་མེད་ཀྱི་ཡུལ་དུ། །གཅིག་པུར་ལམ་རྒྱགས་བསུར་དྲིའི་འཚོ་བ་ལ་རེ་ཚེ། །སྟོང་ཁམས་ཁ་ལོ་བསྒྱུར་དང་གྲོང་ཉུག་གི་དབུལ་མོ། །བསོད་ནམས་དཔུང་པས་བཏང་ཕྱིན་ཁྱད་པར་རང་ཅི་ཡོད། །སོ་དཀར་གཞོན་པའི་ལང་ཚོ་མ་བསྐྲད་ཀྱང་བྲོས་སོང་། །སྐྲ་དཀར་གཉེར་བའི་དཔུང་ཚོགས་མ་བསྡུས་ཀྱང་འདུ་བས། །བསྟི་སྟང་ཡིད་ལ་བརྣག་པའི་ཟག་བཅས་ཀྱི་ཕུང་པོ། །འཆི་བདག་མཆི་རིས་ཙ་རེ་ནམ་འདོར་རང་ཅི་ཆ། །བསམ་ཤེས་སྐྱེ་བོ་ཡོད་ན་མནོ་བསམ་རེ་ཐོངས་དང་། །ད་ལྟ་ཁོམ་ལྡན་རྟེན་ལ་ཆོས་མཐུན་གྱི་འབྱོར་པས། །གར་འགྲོ་རང་དབང་ཡོད་དུས་འདུན་མ་དེ་ཉེས་ན། །ཕྱིས་ནས་འདི་འདྲའི་རྟེན་བཟང་བསྐལ་བརྒྱར་ཡང་རྙེད་དཀའ། །དེ་བས་རང་སེམས་རང་ལ་དཀར་མཁན་ཞིག་མཆིས་ན། །མཆོག་གསུམ་དེད་དཔོན་ལ་བསྟེན་ཐེག་ཆེན་གྱི་གྲུ་གཟིངས། །ཚོགས་གཉིས་བ་དན་མཛེས་པའི་རླུང་ཤུགས་དང་འགྲོགས་ནས། །དོན་གཉིས་དབྱིག་མཆོག་སུག་མཐིལ་ཐོབ་པ་རེ་མཛད་འཚལ། །དམར་སེར་བླ་གོས་འཆང་བའི་རྟགས་ཙམ་གྱིས་མི་སྐྱོབ། །སྤྱོད་ངན་ནག་ཆང་གཉེར་བ་སྐྱེ་བོ་ཡི་ཡང་ཐ། །བསླབ་གསུམ་ནོར་བུའི་མཛོད་ལ་དབང་འབྱོར་ཞིག་འདོད་ན། །དྲན་ཤེས་བག་ཡོད་གཙང་མའི་བགོ་བ་རེ་བཞེས་འཚལ། །དེ་སྐད་ལེ་ལོའི་མལ་ན་ལྡང་མེད་དུ་ལྷུང་ཡང་། །ལྷག་བསམ་འཁར་བས་བཏང་མིན་རྒྱལ་ཁམས་ཀྱི་འཁྱམས་པོས། །ཡང་ཡང་མགོ་བོ་བཏེགས་ནས་ལྷང་ལྷང་དུ་འབོད་འདི། །དྲང་པོའི་བློ་ཅན་སྲིད་ན་ཐུགས་དབུས་སུ་ཆོངས་ཤིག །


previousའཆལ་སྤྱོད་ཁ་འོ་ཙ་རེའི་གདུང་གླུ། next