Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཛིན་ཁོག་སྟོན་སྤྱོད་ལ་ཕེབས་སྐབས་སྒར་བཤས་བྱས་ཚེ་ཐུགས་སུན་གྱི་མགུར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཛིན་ཁོག་སྟོན་སྤྱོད་ལ་ཕེབས་སྐབས་སྒར་བཤས་བྱས་ཚེ་ཐུགས་སུན་གྱི་མགུར། next

འཛིན་ཁོག་སྟོན་སྤྱོད་ལ་ཕེབས་སྐབས་སྒར་བཤས་བྱས་ཚེ་ཐུགས་སུན་གྱི་མགུར།

༄༅། །འཛིན་ཁོག་སྟོན་སྤྱོད་ལ་ཕེབས་སྐབས་སྒར་བཤས་བྱས་ཚེ་ཐུགས་སུན་གྱི་མགུར། རྗེ་དྲན་པས་གདུང་སེལ་དྲིན་ཆེན་གྱི་བླ་མ། །དབྱིངས་ཆོས་སྐུའི་ཀློང་ན་སྟོང་གཟུགས་སུ་མ་བཞུགས། །བུ་འཁོར་བར་འཁྱམས་ལ་ཐུགས་རྗེ་ཡིས་གཟིགས་ཏེ། །བློ་འཁྲུལ་པའི་སྣང་བ་བཙན་ཐབས་སུ་སྟུངས་ཤིག །ཆུང་ཨ་མའི་པང་ནས་དགེ་སེམས་ཤིག་ཡོད་ཀྱང་། །ལས་མ་དག་ལུས་ངན་སྐུ་སྐྱེ་ཡི་མིང་ཐོབ། །ཁོ་ཕོ་ཁྲམ་ཚོགས་ཀྱིས་དབང་མེད་དུ་བཟུང་ནས། །སྤྲང་འཁྱམས་པའི་སྐུ་རྟེན་སྤྲེའུ་ལ་འཆོས་བཞིན། །ན་ཚོད་ལ་མ་ཕེབས་གོམ་འགྲོས་ཀྱང་འཁྱོལ་ལེ། །དཀོར་ལོག་འཚོ་སྒྲུབ་པའི་ཡང་ཟོང་དུ་ཁྱེར་བས། །རྟེན་མི་ཁོམ་སྐལ་ངན་རང་ཤུགས་ཀྱིས་ཤར་སོང་། །མགོན་ཐུབ་པའི་བསྟན་པ་ལུང་རྟོགས་ཀྱི་སྙིང་པོ། །དེ་འཛིན་བྱེད་བཤད་དང་སྒྲུབ་པ་གཉིས་ཁོ་ནར། །སྔོན་འཕགས་བོད་མཁས་རྣམས་མགྲིན་གཅིག་ཏུ་བསྔགས་ཀྱང་། །དེང་སྐྱེ་བོ་ངན་པས་དགྲ་བཞིན་དུ་འདོར་འདུག །བློ་ཆགས་སྡང་ཆོས་བརྒྱད་ཆོས་པ་ཡི་ནང་རྫོང་། །རྫུན་ཧོར་སྤྱོད་སྡིག་ལས་གྲུབ་ཐོབ་ཀྱི་ཁྱད་ནོར། །དཀོར་ལོག་འཚོ་བུན་སྐྱེད་བསྟན་འཛིན་གྱི་རྣམ་ཐར། །སྡིག་ཤ་ཆང་སྟོན་མོ་སྐུ་བསོད་དང་ཕྲིན་ལས། །རང་གར་འགྲོ་མི་ཤེས་མི་ནག་གི་འདྲེན་སྟོན། །ལས་ཅི་བྱེད་ཚེ་འདིའི་འདུན་མ་རུ་སོང་བའི། །ཚུལ་གང་ལ་བསམས་ཀྱང་ཡི་མུག་གི་རང་བཞིན། །འབུས་ལྷ་ཆོས་འགྲུབ་པའི་རེ་བ་དེ་ཟད་སོང་། །སེམས་གཏིང་ནས་དཀར་ཡང་གཡོ་སྒྱུ་རུ་མཐོང་ཞིང་། །ཚིག་ཕན་པར་འདོམས་པ་ཁོང་སྐྲན་གྱི་གཞི་མ། །ལས་ཇི་ལྟར་བྱས་ཀྱང་མགུ་དུས་ནི་མི་འདུག །འབུས་མི་ཆོས་མི་ཕེར་ཁོ་ཐག་དེ་ཆོད་སོང་། །ཕྱི་སྐལ་དུས་འགྱུར་བ་ལོ་རེ་དང་ཟླ་རེ། །ནང་སྙིགས་སྤྱོད་འགྱུར་བ་ཞག་རེ་དང་ཡུད་ཙམ། །མི་སུ་དང་འགྲོགས་ཀྱང་གཡོ་སྒྱུ་ཡི་རང་བཞིན། །ས་གང་དུ་སྡོད་ཀྱང་ཡི་ཆད་ཀྱི་སྣོན་པ། །མགོན་ཆོས་ཀྱི་རྒྱལ་པོ་ཞི་དབྱིངས་སུ་མནལ་ཟིན། །གྲོགས་དམ་གཙང་འདུ་བ་ཕྱོགས་ཕྱོགས་སུ་གྱེས་སོང་། །ཆོས་ཟབ་དགུ་ཐོས་པའི་སྐལ་བ་ཡི་ཕོངས་པས། །ཕྱོགས་གང་དུ་ཕྱིན་ཀྱང་སྐྱོ་ཤས་ཀྱི་བསྐུལ་འདེབས། །ཕྱི་ངུར་སྨྲིག་འཆང་བའི་རྟགས་ཙམ་ཞིག་ཡོད་ཀྱང་། །ནང་སེམས་རྒྱུད་མ་དུལ་བྱི་ལ་ཡི་བརྟུལ་ཞུགས། །ཟས་གྱི་ན་ཙམ་གྱི་བྲོ་བ་ལ་སྲེད་པས། །གཞན་སྲོག་ལའང་ཇི་མི་སྙམ་པ་ཡི་སྙིང་ཁམས། །ཆོས་གསང་ཆེན་དཀྱིལ་འཁོར་གཅིག་གཅིག་ལ་བརྟེན་ཡང་། །ནང་མི་མཐུན་ཕོ་རོག་འུག་པ་ཡི་བརྟུལ་ཞུགས། །རང་རྒྱལ་བ་ཙམ་གྱིས་ཆོག་པར་ནི་མི་འཛིན། །གཞན་ཕ་རོལ་པོ་རྣམས་གཏན་མེད་ཞིག་རློམ་འདུག །བསླུ་ཐུབ་ན་བླ་མ་མཆེད་གྲོགས་ཀྱང་བསླུ་ཞིང་། །བརྡུང་ཐུབ་ན་ཕ་མའི་མགོ་བོ་ཡང་བརྡུང་ལ། །འཕྲོག་ཐུབ་ན་དཀོན་མཆོག་དཀོར་རྫས་ཡང་རྐུ་བའི། །དུས་སྙིགས་མའི་སྤྱོད་ཚུལ་མི་བསྲུན་འདི་ཅི་ཞིག །ཁྱེད་འདུས་པའི་འཁོར་ལ་ཡི་ག་ནི་ལྡོག་ཟིན། །དུས་རྒྱུན་རིང་འགྲོགས་པའི་རེ་འདུན་ཡང་མ་མཆིས། །ལུས་འདུ་བ་འཁྲུགས་པ་རྩི་སྨན་གྱི་བཅོས་རུང་། །སེམས་ཟུག་རྔུས་ནོན་པ་སུ་ཞིག་གི་གཞིལ་ཨང་། །ཁྱེད་འདི་བཞིན་སྡོད་ན་ངོ་མཚར་དག་ཆེ་མོད། །དགྲ་འཆི་བདག་ཕོ་ཉའི་ཕྲིན་པ་ཡིས་ཟིན་ཏེ། །ལུས་འབྱུང་བ་སྡུད་པའི་ཐིམ་རིམ་གྱི་མཐའ་ལ། །བཟོད་དཀའ་བའི་བར་དོའི་འཕྲང་རིང་ལ་འགྲོད་ཚེ། །ལས་ཅི་བྱས་དྲན་འགྱོད་སྐྱོ་འཇིགས་ཤིག་ཡོད་ཐང་། །དོན་དེ་ཕྱིར་ཉན་མཁན་སྲིད་མཐའ་ཙམ་མཆིས་ན། །སྐྱབས་དཀོན་མཆོག་གསུམ་ལ་བློ་གཏད་ཞིག་འཚོལ་ལ། །མ་འགྲོ་བ་སྒྲོལ་བའི་དམ་བཅའ་ཡི་ཁུར་ཁྱེར། །ལས་རྒྱུ་འབྲས་མི་བསླུ་ལག་ལེད་དུ་ཐེབས་མཛོད། །འབུ་ཁ་སེམས་ཐུག་པའི་ཅོལ་ཆུང་གི་འཁྱལ་གཏམ། །ཚིག་སྙན་ལ་འཕྲོད་པའི་རེ་བ་ཙམ་མེད་ན། །དོན་ཐུགས་ལ་འཇོག་མཁན་སུ་ཞིག་ནི་ཡོད་ཨང་། །འཕྲལ་བཀའ་བཀྱོན་མེད་པའི་བཀའ་དྲིན་འདྲ་ཞུའོ། །ཞེས་པ་འདི་འཛིན་ཁོག་སྟོན་སྤྱོད་ལ་ཕེབས་སྐབས་སྒར་བཤས་བྱས་ཚེ་ཐུགས་སུན་གྱི་མགུར་དུ་གསུང་བ་འདུག་ལགས།


previousའཛིན་ཁོག་སྟོན་སྤྱོད་ལ་ཕེབས་སྐབས་སྒར་བཤས་བྱས་ཚེ་ཐུགས་སུན་གྱི་མགུར། next