Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁན་ཀུན་བཟང་ཡེ་ཤེས། བླ་མ་པདྨ། སྤྲུལ་སྨན་ལྷ་སོགས་ཀྱིས་བསྐུལ་ངོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁན་ཀུན་བཟང་ཡེ་ཤེས། བླ་མ་པདྨ། སྤྲུལ་སྨན་ལྷ་སོགས་ཀྱིས་བསྐུལ་ངོར། next

མཁན་ཀུན་བཟང་ཡེ་ཤེས། བླ་མ་པདྨ། སྤྲུལ་སྨན་ལྷ་སོགས་ཀྱིས་བསྐུལ་ངོར།

༄༅། །མཁན་ཀུན་བཟང་ཡེ་ཤེས། བླ་མ་པདྨ། སྤྲུལ་སྨན་ལྷ་སོགས་ཀྱིས་བསྐུལ་ངོར། ༀ་སྭསྟི། དྲན་པས་སྲིད་ཞིའི་འཇིགས་པ་ཀུན་འཕྲོག་ཅིང་། །ཕན་བདེའི་དངོས་ཀུན་ཡིད་བཞིན་སྩོལ་མཛད་པའི། །རྩ་གསུམ་འདུས་ཞལ་ཨོ་རྒྱན་ཐོད་ཕྲེང་དང་། །དབྱེར་མེད་དྲིན་ཆེན་བླ་མར་ཕྱག་བགྱིའོ། །སྙིགས་དུས་འབྱམས་པའི་སྐྲུ་རྟེན་སྤྲེའུ་ལ། །འཆོས་བཞིན་ལོག་འཚོ་སྒྲུབ་པའི་ཡང་ཟོང་དུ། །ཁྱེར་བའི་ཆོས་མེད་བླ་གཟུགས་བདག་འདྲ་བ། །གསོལ་གདབ་ཡུལ་མིན་སྙིང་རྗེའི་ཡུལ་ཉིད་ལགས། །ཡིད་བཞིན་ནོར་མཆོག་རྒྱལ་མཚན་རྩེར་མཆོད་ནས། །གསོལ་བ་གདབ་ན་འདོད་པའི་འབྲས་འབྱིན་མོད། །དངོས་ངན་རྡོ་བའི་ཚུལ་ལ་དེ་ལྟ་མིན། །དེ་ཕྱིར་གསོལ་གདབ་ཡུལ་ཡང་མཚན་ལྡན་གལ། །འགའ་ཞིག་རྒན་མོའི་ཁྱི་སོའི་རིང་བསྲེལ་དཔེ། །འདྲེན་མོད་ཁྱི་སོར་མཆོད་པའི་ཡོན་ཏན་མིན། །སངས་རྒྱས་ཡིད་ལ་བྱས་པའི་འབྲས་བུ་ཡིན། །དེ་ལྟ་མིན་ན་མདོ་རྒྱུད་མན་ངག་ལས། །མཚན་ལྡན་བླ་མ་བརྟགས་དང་བསྟེན་པའི་ཚུལ། །ཇི་སྙེད་མཆིས་ཀུན་དགོས་པ་མེད་པར་འགྱུར། །ས་ཙྪའི་ངོས་སུ་རི་མོ་འབྱུང་བའང་། །ཐོག་མར་ཀོང་བུའི་ངོས་སུ་དེ་ཡོད་དགོས། །ཀོང་བུར་རི་མོ་མེད་ན་ས་ཙྪ་ལ། །འབྱུང་བ་མིན་བཞིན་སློབ་མའི་ཡོན་ཏན་ཡང་། །བླ་མར་རག་ལས་དེ་ཕྱིར་མཚན་ལྡན་གལ། །དེས་ན་སྐལ་བཟང་ཐར་པ་དོན་གཉེར་རྣམས། །བདག་འདྲ་ཟོག་པོའི་རྗེས་སུ་མ་འབྲངས་པར། །ཡང་དག་བཤེས་གཉེན་ཚོལ་ལ་བློ་གཏད་ཞུས། །ལམ་གྱི་མཐུན་རྐྱེན་མ་ལུས་དེ་ལ་རག །འཇམ་མགོན་ཚངས་ཆེན་ལྷ་ཡི་མེ་ཏོག་དང་། །འཇིག་རྟེན་མིག་གཅིག་སྣང་མཛད་ལོ་ཙཱ་ཡི། །ཡེ་ཤེས་སྒྱུ་མའི་རོལ་གར་སྲིད་པ་འདིར། །བསྡུས་ནས་རིང་བ་མིན་ཕྱིར་དམ་པའི་མགོན། །རིས་མེད་གྲུབ་མཐའ་ཡོངས་ལ་ཁྱབ་པར་བཞུགས། །བསླབ་གསུམ་སྲོག་ཤིང་གཅིག་ཏུ་བརླིང་བའི་རྩེར། །མང་ཐོས་ལུང་གི་གོས་བཟང་ཆེར་སྤུད་ཅིང་། །དོན་བརྒྱུད་རྟོགས་པའི་དབྱིག་མཆོག་གཟི་འབར་བས། །གཞན་ཕན་ཐུགས་རྗེའི་གྲུ་ཆར་འཇོ་ལ་བསྟེན། །ཁྱད་པར་གངས་ལྗོངས་བླ་མའི་སྐལ་བ་མཆོག །རྗེ་བཙུན་གུ་རུ་པད་འབྱུང་ཁོ་ན་ཡིན། །ཡིད་ཆེས་བློ་གཏད་ནུས་ན་ཅི་བསམ་འགྲུབ། །མི་བསླུ་ངེས་པའི་གཏན་ཚིགས་དཔག་མེད་ཡོད། །མོས་གུས་རྡོ་ཡི་རི་མོ་འགྱུར་མེད་དུ། །མཆིས་ན་ནམ་ཕྱེད་གྲོང་ཡུལ་དཀྲོག་པ་ཡི། །འོ་དོད་འབོད་པའི་སྡུག་ཡུས་མེད་ཀྱང་བཟོད། །དགོངས་བརྒྱུད་འཕོ་བའི་བྱིན་རླབས་ཅིས་ཀྱང་འབྱུང་། །བདག་ནི་རང་བློ་ལྐོག་ཏུ་མ་གྱུར་ཕྱིར། །འཕགས་པ་མིན་པར་རང་ཡིད་རང་ལ་ཆེས། །ལས་དཀར་བརྟག་པའི་འབྲས་བུ་མིག་སྨན་དུ། །སྤྱོད་པའི་སོ་སྐྱེ་ལས་ཀྱང་ཡང་སྐྱེ་དངོས། །མདོ་ཤོར་མི་རྗེས་མ་ཟིན་ཁ་རོག་ཏུ། །ཉིན་པར་རྣམ་གཡེང་འཁྲུལ་བའི་གཏམ་གྱིས་འདའ། །མཚན་མོ་གཏི་མུག་གཉིད་ཀྱི་ཁུར་གྱིས་ནོན། །རྣམ་ཀུན་དུག་ལྔའི་རྣམ་རྟོག་མེ་བཞིན་དུ། །འབར་མོད་སྙིགས་མར་སྤྱོད་པའི་ཆོས་ལུགས་ཀྱིས། །འཁྱོག་པོ་དྲང་པོར་མཐོང་བ་རང་གཤིས་ཕྱིར། །ཕྱོགས་ཞེན་ཅན་འགས་དམ་པར་བཟུང་ནས་ནི། །གསོལ་འདེབས་རྒྱང་འབོད་བླ་མའི་རྣལ་འབྱོར་སོགས། །དགོས་ཞེས་ནན་ཏན་ཆེན་པོ་མཛད་སྣང་མོད། །མུ་གེ་འབྱུང་དུས་ཆོ་ལེ་ཟས་མཆོག་ཏུ། །རློམ་སྙམ་ཡི་མུག་མ་གཏོགས་སྤྲོ་བའང་མེད། །དམ་པའི་གྲིབ་བསིལ་ཉུང་ཟད་བརྟེན་པའི་རྒྱུས། །དམ་དུམ་ཚིག་བཅད་སྦྱོར་ལ་མི་ངལ་མོད། །དོན་མེད་ངག་འཁྱལ་དགེ་སྦྱོར་གཅོག་པའི་རྒྱུར། །མཐོང་ནས་སྤྲོས་པ་སྐྱུང་འདིར་བཀའ་མ་བཀྱོན། །དེ་བས་ཁོ་བོའི་ཚིག་འདིར་གསོན་དང་དགེ། །ཐུབ་པས་ང་ནི་མྱ་ངན་འདས་འོག་ཏུ། །རྗེས་འཇུག་རྣམས་ཀྱི་སྟོན་པ་འདི་ཡིན་ཞེས། །ལེགས་པར་བསྔགས་པའི་ཆོས་འདུལ་བདུད་རྩིའི་སྨན། །ཟས་མཆོག་རྙེད་ནས་ངན་སྐྱུགས་མི་འཚོལ་འཚལ། །སྙིགས་མ་ལྔ་བདོའི་དམ་ཆོས་འཇིག་ཉེའི་ཚེ། །ཉིན་མཚན་ཙམ་དུའང་བསླབ་པ་གཅིག་སྲུང་བའི། །བསོད་ནམས་དཔག་མེད་ཐུབ་པ་མཆོག་གིས་གསུངས། །དེ་ཕྱིར་དེ་ལ་མི་འདུན་སེམས་ཤེས་སུ། །ཚུལ་ཁྲིམས་ལྡན་ཞིང་ལྷག་བསམ་མ་རྨས་གང་། །ཤི་ཡང་དེ་ནི་ཤི་བ་མ་ཡིན་ཏེ། །རྒྱ་མཚོར་དོན་བཟང་གྲུབ་པའི་ཚོང་པ་བཞིན། །བདེ་བའི་ལམ་ནས་བདེ་བར་འགྲོ་བ་ལ། །མཁས་པ་སུ་ཞིག་དེ་ལ་གདུང་བ་སྐྱེད། །ཚུལ་འཆལ་ལོ་བརྒྱར་འཚོ་ཡང་དེ་ལྟ་མིན། །སྐྱེ་བ་འབུམ་ཕྲག་བརྒྱར་ཡང་རིགས་བྲལ་ཏེ། །བདེ་སྤོང་གདུང་འགྱུར་ཐུབ་པས་གསུངས་དེའི་ཕྱིར། །རྣོ་ལྡན་ལྕགས་ཀྱི་ཐུར་མས་དམས་པའི་ལུས། །མི་བསྲུན་སྲིན་མོས་ཟོས་པའི་མཆེ་བའི་སྒོར། །ཀླད་ཞག་ལྦུ་ཕྲེང་གཡོ་ལ་མི་འཇིགས་པར། །ཀྱི་ཧུད་འཁྲིག་སྲེད་མི་གང་ཕྱུགས་བས་བླུན། །རང་རྒྱུད་མི་འཆིང་སྡོམ་གསུམ་ཡར་ལྡན་དུ། །རྫོགས་ཀྱང་དུས་ཚོད་འབྲེལ་བའི་སྤྱོད་པ་ཞིག །གནང་མིན་ཅོལ་ཆུང་མང་པོ་དེ་རྗེས་སུ། །འབྲང་འདིས་བསྟན་པའི་མིག་རྒྱན་བསླད་ཀྱིས་དོགས། །ཡིད་ཆེས་འདྲོངས་པའི་གུ་རུའི་གཏེར་ལུང་སོགས། །དགོས་པ་མཆོག་དང་ལྡན་ནམ་མ་གཏོགས་པར། །བ་བཅོལ་གསང་སྤྱོད་འཆོལ་བར་སྤྱད་པ་ཡིས། །བསྟན་སྙིང་དྲི་མ་ཅན་དུ་བྱེད་ཉེན་ཆེ། །ལྐོག་གྱུར་ཞིག་ན་བསྟན་འགྲོར་ཆེས་སྨན་པའི། །དགོས་གལ་ཆེ་བའི་གསུང་སྙན་ངོ་མཚར་ཡང་། །མངོན་གྱུར་ལམ་དུ་སྐུ་ཚེ་མཛད་ཕྲིན་སོགས། །རིམ་གྱིས་འགྲིབ་འདི་ཅུང་ཟད་མ་འོས་སྙམ། །འོན་ཀྱང་འཕགས་པའི་རྣམ་ཐར་ཚད་བཟུང་བྲལ། །ཐབས་ལ་མཁས་པའི་མཛད་པ་བསམ་མི་ཁྱབ། །ཚུར་མཐོང་བྱིས་པའི་བློ་ཡིས་གཞལ་བྱ་མིན། །རང་སྣང་མ་དག་ཡོན་ཏན་སྐྱོན་དུ་མཐོང་། །རང་སྣང་དག་ན་ཇི་ལྟར་བྱས་ཀྱང་ལེགས། །དེ་སླད་རང་སྐྱོན་ཉིད་དེ་གཞན་སྐྱོན་མིན། །དེས་ན་ཆོས་ཉིད་བསམ་མི་ཁྱབ་དྲན་གལ། །རང་ལྟ་ཚུལ་ཁྲིམས་མཆོག་འཛིན་རློམ་སེམས་ཀྱིས། །གཞན་དག་ཁྱད་གསོད་ཉམས་པ་ཆེན་པོའི་རྒྱུར། །གསུངས་ཕྱིར་གཞན་སྐྱོན་འཚོལ་ལ་མི་སྒྲིམ་པར། །རང་སྐྱོན་ངན་པ་བརྟགས་ནས་ཡུལ་ཕྱུང་གཅེས། །སྟོན་པས་ང་དང་ང་འདྲ་མ་གཏོགས་པར། །གང་ཟག་རྒྱུད་ཚོད་ཕལ་གྱིས་མིན་གསུངས་ཕྱིར། །སྟོན་དང་འདྲ་བའི་གང་ཟག་སུ་ཞིག་ཡོད། །དེ་བས་རང་གིས་བསླབ་སྡོམ་མ་ཉམས་འཚལ། །མདོར་ན་སྔོན་རབས་ལེགས་བྱས་བྱེ་བའི་རྒྱུས། །དེང་འདིར་ངུར་སྨྲིག་ཐར་པའི་རྒྱལ་མཚན་གྱིས། །འབྱོར་འདིར་གྲོགས་དག་བག་མེད་མ་བྱེད་ཅེས། །དམན་པ་བདག་གིས་ཐལ་སྦྱར་ལན་སྟོང་གསོལ། །ཅི་ཕྱིར་ཞེ་ན་རྒྱུ་དང་མི་རྒྱུའི་རྟེན། །ས་བཞིན་ཁྲིམས་ནི་ཡོན་ཏན་ཀུན་གྱི་གཞིར། །གསུངས་ཕྱིར་འདི་མེད་དཀར་ཆོས་མྱུ་གུ་ཀུན། འཁྲུངས་པ་མིན་སྙམ་དེ་སླད་བདག་གིས་ལགས། །ནང་དུ་ཆགས་སྡང་འཛིན་ཞེན་མ་སྟོང་པར། །ཕྱི་རོལ་ཆོས་ཀུན་སྟོང་པར་རྟོགས་པ་ཡི། །དེང་དུས་ཡ་མཚན་ཅན་གྱི་གྲུབ་ཐོབ་དང་། །རྒྱུ་འབྲས་ཁྱད་གསོད་ཆོས་ལུགས་མང་ཞིག་སྣང་། །ཐབས་དང་བྲལ་བའི་ཤེས་རབ་དེ་བཞིན་དུ། །ཤེས་རབ་བྲལ་བའི་ཐབས་ཀྱང་འཆིང་བྱེད་དང་། །སྟོང་ཉིད་ལྟ་ཉེས་ཤེས་རབ་ཆུང་ངུ་དག །ཕུང་བར་གསུངས་པའི་ལུང་གིས་མ་བསྟན་ནམ། །རྒྱུ་འབྲས་ངོ་བོ་སྟོང་ཉིད་ཡིན་མོད་ཀྱི། །སྟོང་ཉིད་རང་མདངས་མ་འགགས་རྒྱུ་འབྲས་སུ། །ཤར་བའི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཞིག །རོ་གཅིག་རྟོགས་པའི་དུས་སུ་ཡོད་ཅེས་གྲགས། །དེ་ཕྱིར་འཆི་མེད་མཚོར་འཁྲུངས་རྒྱལ་བ་ཡིས། །ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་དང་། །སྤྱོད་པའི་ཕྱོགས་སུ་ལྟ་བ་མ་ཤོར་བར། །ལྟ་བ་མཐོ་ལ་སྤྱོད་པ་ཞིབ་དགོས་ཞེས། །བརྩེ་བས་གདམས་འདི་སྙིང་གི་དྭངས་མ་རུ། །ལེགས་བཅང་ཆོས་རྣམས་ལ་ཤན་འབྱེད་པ་མཆོག །དེ་ཕྱིར་ལས་འབྲས་ཁྱད་གསོད་སྟོང་ལྟ་དང་། །སྙིང་རྗེའི་ཐབས་ཀྱིས་མ་ཟིན་བསྐྱེད་བཟླས་རྫོགས། །ལྷག་མཐོང་སྣང་བ་བྲལ་བའི་གླེན་སྒོམ་དང་། །མི་རྟོག་འགོག་པའི་རྣམ་རྟོག་སྤྲོས་པ་སོགས། །འཁོར་བར་འདུ་བྱེད་ལས་ཀུན་བོར་དང་བདེ། །བསྟན་སེལ་འཇུག་པའི་རྟོག་གེའི་ཚིག་འཁྱལ་དང་། །ལུང་དང་མི་མཐུན་ཟོག་པོའི་གཏེར་རྫུན་སོགས། །ཉི་ཚེས་བྱིས་པ་འབྲིད་ལ་མི་རྟོན་པར། །སྔོན་བྱོན་དམ་པའི་གཞུང་བཟང་དཔང་པོར་ཞོག །ཐུབ་གསུང་ངེས་དོན་སྙིང་པོ་སྒྲུབ་བརྒྱུད་བརྒྱད། །བརྒྱུད་པའི་ཁུངས་དང་རྣམ་ཐར་སོ་སོར་ཆེ། །མཐར་ཐུག་དགོངས་པའི་སྐྱེལ་སོ་གཅིག་ཏུ་འབབ། །ཟབ་དང་མི་ཟབ་གང་ཟག་རང་ལ་རག །དེ་ཡང་དབང་པོ་རྣོ་རྟུལ་ཁྱད་ཀྱིས་མིན། །ངེས་པར་བརྩོན་འགྲུས་ཆེ་ཆུང་ཁོ་ན་སྟེ། །བསྒོམས་ན་ལམ་ཆུང་ལྟ་བུས་དགྲ་བཅོམ་ཐོབ། །མ་བསྒོམས་ཀུན་དགའ་བོས་ཀྱང་མིན་ལ་ལྟོས། །རྒྱལ་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་པོ། །རྩ་བ་བདག་འཛིན་འདུལ་ཐབས་ཁོ་ན་སྟེ། །ནང་དུ་བདག་འཛིན་གཉེན་པོས་མ་ཆོམ་ན། །ཕྱི་ཚུལ་ལེགས་པའི་ཀུན་སྤྱོད་ཇི་ལྟར་ཡང་། །ཆོས་དེ་ཡང་དག་ལམ་དུ་འགྲོ་དཀའ་བས། །ངེས་པར་ནང་དུ་རྟོག་ལ་རང་རྒྱུད་ཀྱི། །ཉོན་མོངས་འདུལ་ཐབས་སྤོང་བསྒྱུར་ཁྱེར་གསུམ་པོ། །རང་བློ་དང་བསྟུན་གནད་དུ་གང་འགྲོ་ཟབ། །ཇི་ཙམ་བླ་མ་བསྟེན་དང་གདམས་ངག་ཉན། །དེ་ཙམ་རང་རྒྱུད་ཉོན་མོངས་ཞི་གྱུར་ཞིང་། །དད་དང་དག་སྣང་ཕྱོགས་མེད་འཕེལ་བ་དང་། །བྱམས་དང་སྙིང་རྗེའི་ཡོན་ཏན་གོང་འཕེལ་ན། །ཆོས་དེ་ཡང་དག་ལམ་དུ་སོང་བ་སྟེ། །དེ་ལས་གཞན་པའི་གྲུབ་རྟགས་ཡོད་མི་དགོས། །དེ་ལྡོག་ཕལ་ཆེར་བདུད་ཀྱིས་བསླུས་པར་ཤེས། །ཆོས་དང་ཆོས་མིན་ཤན་འབྱེད་འདི་ཁོ་ན། །ངས་ནི་མཚན་ལྡན་བླ་མའི་ཞབས་བསྟེན་ཅིང་། །ཟབ་རྒྱས་གདམས་པའི་ཁྱད་པར་ཐོས་མོད་ཀྱི། །ཉམས་ལེན་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན། །འདི་ལས་ལྷག་པའི་ཆོས་གཞན་མ་འཚལ་ལོ། །ད་ལྟ་ཤི་རུང་བསྒོམ་རྒྱུ་དེ་ལས་མེད། །དེ་སླད་གྲོགས་པོ་དག་ཀྱང་ཚུལ་འདི་ལ། །ཞུགས་དང་མི་བསླུ་རྒྱལ་གསུང་དཔང་པོར་ཡོད། །དེ་སྐད་རྨོང་བཙུན་པདྨ་བི་ཛ་ཡས། །ལྷག་བསམ་རྫིང་ལས་ཉེར་འཁྲུངས་སོར་བཅུ་ཡི། །པད་དཀར་འདབ་ཕྲེང་གྲོལ་ནས་གསོལ་བའི་དགེས། །འགྲོ་ཀུན་ཐེག་མཆོག་ཆོས་ཀྱི་སྣོད་གྱུར་ཅིག །ཅེས་པའང་བསླབ་གསུམ་རྒྱན་མཛེས་མཁན་ཀུན་བཟང་ཡེ་ཤེས། བླ་མ་པདྨ། སྤྲུལ་སྨན་ལྷ་སོགས་མོས་ལྡན་དམ་པ་དུ་མས་ཁྱོད་རང་ལ་བསྟེན་པའི་བླ་མའི་རྣལ་འབྱོར་དང་གསོལ་འདེབས་རྒྱང་འབོད་སོགས་དགོས་ཞེས་ནན་ཏན་ཆེན་པོ་མཛད་པའི་མཆིད་ལན་དུ་གང་དྲན་འཕྲལ་མར་བྲིས་པ་དགེ།
༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་གཞན་ཕན་མཐུ་ཡིས་བརྙེས། །འཁོར་སྐྱོན་མཐའ་དག་བདག་ཏུ་འཛིན་ལས་བྱུང་། །དེ་ཕྱིར་དེ་ཡི་ཁེ་ཉན་ཤེས་བྱོས་ལ། །རིན་ཆེན་བྱང་ཆུབ་སེམས་ལ་ནན་ཏན་མཛོད། །ཆོས་ཀུན་བདག་འཛིན་གཉེན་པོར་གཞོལ་ཞིང་འབབ། །དེ་ཕྱིར་ཙབ་ཙུབ་བློ་སྣ་མི་མང་པར། །དབེན་པའི་གནས་སུ་རང་རྒྱུད་འདུལ་བ་ཡི། །ཉམས་ལེན་ཤི་དང་མཉམ་པའི་བརྩོན་འགྲུས་གལ། །དེ་ཡང་ཐོག་མར་བློ་ལྡོག་རྣམ་བཞི་དང་། །དད་དང་མོས་གུས་ངེས་འབྱུང་རྣམ་དག་ངོས། །ཁས་བླངས་བསླབ་པའི་ཁྲིམས་དང་མ་འགལ་བར། །བསགས་སྦྱང་ཉམས་ལེན་གནད་དུ་གང་འགྲོ་གཅེས། །ཁྱད་པར་འགྲོ་ཀུན་ཕ་མའི་རང་བཞིན་ལ། །དགྲ་གཉེན་སྡང་ཞེན་འཆིང་བའི་བློ་བཏང་ནས། །མར་ཤེས་དྲིན་དྲན་དྲིན་དུ་གཟོ་བའི་བློས། །བྱམས་དང་སྙིང་རྗེས་བདག་གཞན་མཉམ་པ་དང་། །བདག་བས་གཞན་གཅེས་སྒོམ་པ་ལམ་གྱི་སྲོག །ཁྱད་པར་མི་འདོད་ཐོག་ཏུ་བབས་པའི་ཚེ། །སྔོན་ཆད་ཅི་འདྲ་བ་ཡི་ལས་བྱས་པའི། །འབྲས་བུ་དེ་འདྲར་སྨིན་པའི་ཚུལ་ཤེས་པས། །ལེ་ལན་ཐམས་ཅད་བདག་འཛིན་ཐོག་ཏུ་སྤུངས། །གཏོང་ལེན་དམིགས་པ་གཉིས་ལ་ཧཱུྃ་དྲིལ་ཞིང་། །དེ་རྒྱུ་སྡིག་པ་སྤོངས་ལ་བརྩོན་པ་གལ། །རང་ཉིད་བདེ་དང་སྐྱིད་འདོད་བློ་བྱུང་ཚེ། །དེ་རྒྱུ་དགེ་ལ་བསྐུལ་བའི་བརྡར་ཤེས་ནས། །མྱུར་དུ་ཚོགས་གསོག་ལམ་ལ་འབད་པ་དང་། །དགེ་ཚོགས་འགྲོ་ལ་བསྔོ་བ་མཆོག་ཏུ་གཅེས། །ཉོན་མོངས་དྲག་པོས་རང་རྒྱུད་དཀྲུགས་པའི་ཚེ། །གཉེན་པོའི་སྟོབས་བསྐྱེད་བརྩོན་པའི་གོ་བགོས་ལ། །ཀུན་ཀྱང་བྱང་ཆུབ་ལམ་དུ་བསྒྱུར་བ་ཡིས། །སྤོང་བསྒྱུར་ཁྱེར་གསུམ་གནད་དུ་གང་འགྲོ་གཅེས། །སྲོག་ལ་བབས་ཀྱང་སེམས་ཅན་བློས་མི་བཏང་། །གཞན་ལ་གནོད་པ་གཞི་དང་བཅས་པ་སྤོངས། །གཞན་ལ་ཕན་པ་རྒྱུར་བཅས་སྒྲུབ་པ་ཡི། །བསླབ་བྱ་འདི་གསུམ་སྙིང་ལྟར་གཅེས་པར་ཟུངས། །འཁོར་འདས་ཆོས་ཀུན་སེམས་ཀྱི་རོལ་པ་ཙམ། །སེམས་ཉིད་དུས་གསུམ་སྐྱེ་འགག་འཕོ་འགྱུར་བྲལ། །འོད་གསལ་རང་བཞིན་བདེ་གཤེགས་སྙིང་པོའི་ཁམས། །སྤྲོས་བྲལ་གཤིས་ཀྱི་གནས་ལུགས་ཤེས་པར་མཛོད། །གང་ལྟར་བཟུང་བ་དེ་བཞིན་ཉིད་དུ་མིན། །ཇི་ལྟར་འཛིན་པ་ཀུན་ནས་ཉོན་མོངས་ཕྱིར། །བློ་བྲལ་གཤིས་ལ་སྒྲིན་པོས་མི་འཆོས་པར། །རང་བབས་གཉུག་མར་ཀློད་པའི་ཉམས་ལེན་གཅེས། །རྩལ་གྱི་རྟོག་ཚོགས་བཟང་ངན་ཅིར་ཤར་ཡང་། །ཤར་རྗེས་མ་གཅོད་ཤར་མཁན་རིག་ངོར་ལྟོས། །རང་གི་རང་གྲོལ་གཉེན་པོ་གཞན་མི་དགོས། །དགག་སྒྲུབ་ཆེད་འཛིན་མ་བྱེད་ལྷུག་པར་ཞོག །མཐའ་དང་བྲལ་བའི་དབུ་མ་ཆེན་པོ་དང་། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེ་ལ་སོགས། །དུ་མའི་ཚིག་གིས་མཚོན་པའི་མཐར་ཐུག་དོན། །བློ་བྲལ་གཉུག་མའི་གཤིས་ལ་ཕེབས་ན་ཡིན། །དེ་ཕྱིར་ལྟ་སྒོམ་ཞེན་པས་མ་བཅིངས་པར། །ད་ལྟའི་ཐ་མལ་ཤེས་པ་རྗེན་པ་འདི། །ཀུན་བཟང་ཆོས་སྐུའི་དགོངས་པར་ཐག་ཆོད་ལ། །རང་བབས་རང་ཡན་རྣལ་མའི་དོན་ལ་སྦྱོར། །གེགས་སེལ་སྙིང་པོ་རེ་དོགས་བདེན་འཛིན་ཤིགས། །བོགས་འདོན་རྒྱལ་པོ་བླ་མར་མོས་གུས་རེམ། །ཉམས་ལེན་གཙོ་བོ་སྟོང་ཉིད་སྙིང་རྗེར་དྲིལ། །སྤྱོད་ལམ་ཀུན་ཏུ་དྲན་དང་ཤེས་བཞིན་བརྟེན། །བློ་སྦྱོང་སྒོམ་པ་ཕྱོགས་རེར་མ་སོང་ཞིང་། །བསགས་སྦྱང་མཐའ་དག་སྦྱོར་རྗེས་ཚང་བའི་ངོས། །ཀུན་ཀྱང་བདག་འཛིན་གཉེན་པོར་སོང་བ་ཡིས། །རང་ཡིད་རང་ལ་ཆེས་པའི་ཉམས་ལེན་འཚལ། །དེ་སྐད་སྨྲ་བ་པདྨ་བི་ཛ་སྟེ། །དམན་ཡང་ལྷག་པའི་བསམ་པ་མ་ཉམས་རྒྱུས། །ལེགས་པར་འདོམས་འདི་ཁྱེད་ཐུགས་ལ་སྨིན་ནས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་གཞོལ་བར་སྨོན། །དད་ལྡན་དོན་གྲུབ་ངོར་བརྗོད་པ་དགེ།

༄༅། །ན་མོ་གུ་རུ་པདྨཱ་ཀ་ར་ཡ། །འཁོར་འདས་ཆོས་ཀུན་སེམས་ཀྱིས་སྤྲུལ་པ་སྟེ། །སེམས་ཉིད་བརྟགས་ན་སྐྱེ་འགག་འཕོ་འགྱུར་བྲལ། །བརྟགས་པས་མི་མཚོན་དཔྱད་པའི་བློས་མི་རེག །རང་བབ་བཞག་ན་ཡེ་ཤེས་ལྷུག་པར་འཆར། །ཡེ་ནས་གྲུབ་ཟིན་ད་གདོད་སྒྲུབ་མི་དགོས། །སུས་ཀྱང་མ་བཅིངས་གང་གིས་ཇི་ལྟར་འགྲོལ། །བརྗོད་ལས་འདས་གང་བརྗོད་པས་ཅི་ཞིག་བྱེད། །བློ་བྲལ་གཤིས་ལ་བློ་ཡིས་ཇི་ལྟར་སྒོམ། །མཚན་མཚོན་འདས་གང་དཔེ་ཡིས་ཇི་ཞིག་མཚོན། །ནམ་མཁའི་རང་བཞིན་སུ་ལ་བསྟན་པར་ནུས། །འདི་ནི་བསམ་མི་ཁྱབ་པའི་ཆོས་ཉིད་དེ། །བླ་མའི་བྱིན་རླབས་མཐུ་ཡིས་ནམ་ཟིན་ཚེ། །རང་ལ་གནས་པའི་ཡེ་ཤེས་རང་ཤར་ཡིན། །ཀྱེ་ཧོ་གྲོགས་དག་བློས་བྱས་རྩོལ་བ་ཡི། །སེམས་འཛིན་སྡུག་བཙིར་ཁུར་པོ་བོར་ལ་ཐོངས། །གང་ཡིན་ཡིན་གྱི་གང་ཤར་ཤར་དུ་ཆུག །གང་ཡང་མིན་གྱིས་དགག་སྒྲུབ་ཆེད་འཛིན་དོར། །མཉམ་པ་ཉིད་ལ་ཕྱོགས་རིས་མ་གཅོད་པར། །རང་བབ་རྣལ་མར་ཞོག་དང་ཆོས་སྐུར་འཆར། །ཐེ་ཚོམ་དཔྱང་ཐག་ཆོད་ན་ཡོངས་ཀྱང་འཆར། །དམིགས་གཏད་མཚན་མའི་སྤྲོས་པ་ཀུན་དོར་ལ། །ཡིད་ཆེས་བཟང་པོས་ཞབས་འདེགས་མ་ཞུ་བར། །མ་བཅོས་གཉུག་མའི་གཤིས་ལ་ངལ་སོས་ཤིག །འདི་ནི་འཆི་མེད་དོན་གྱི་པདྨ་འབྱུང་། །འཁོར་འདས་སྟོང་སྲོག་གཅོད་པའི་དཔའ་བོ་སྟེ། །སྲིད་པའི་གྲོང་ཁྱེར་གཞིག་ལ་ཉམ་མི་ང་། །བདེ་མཆོག་བདེ་བའི་གར་མཁན་ཨེ་མ་ཧོ། །གནད་འདི་མ་རྟོགས་ཡིད་དཔྱོད་སྤྲོས་པ་དང་། །སེམས་འཛིན་དཀོར་རྩེའི་སྡུག་བཙིར་ཨུ་ནུས་ཀྱིས། །ལོ་བརྒྱར་འབད་ཀྱང་ཡང་དག་ལམ་ལས་རིང་། །དེ་ཕྱིར་རྩོལ་མེད་ལམ་འདིར་འཇུག་མཛོད་ཀྱེ། །དེ་སྐད་རྩོལ་མེད་ཨ་ཏིའི་གསེང་ལམ་ལ། །གུས་པ་ལྷུར་ལེན་པདྨ་བི་ཛ་ཡིས། །བདུད་ལས་རྣམ་པར་རྒྱལ་བའི་ཁང་ནས་བྲིས། །དགེ་བས་འགྲོ་ཀུན་གདོད་གཞིར་ངལ་འཚོ་ཤོག །
༄༅། །ན་མོ་གུ་རུ་རཏྣ་ཏྲ་ཡ་ཡ། །འཁོར་བའི་རྩ་བ་བདག་ཏུ་འཛིན་པ་སྟེ། །ཕུང་བྱེད་འདིས་ནི་ཐོག་མ་མེད་དུས་ནས། །སྲིད་པའི་བཙོན་རར་དོན་མེད་ཉིད་དུ་བཅིངས། །བརྒྱ་ཕྲག་སྡུག་བསྔལ་ཆད་པས་རྟག་མནར་མོད། །ད་དུང་མི་སྐྱོ་བཏུད་རྣམས་ཀྱེ་མ་འཁྲུལ། །འཇིག་རྟེན་དགྲ་རྣམས་ཐབས་ཀྱིས་བཏུད་ན་མཛའ། །འདི་ནི་ཇི་ཙམ་བཏུད་པ་དེ་ཙམ་འཚེ། །སྲིད་གསུམ་འཁྲུགས་ཀྱང་ངན་འགྲོར་འཆིང་མི་ནུས། །འདིས་ནི་མནར་མེད་ལ་སོགས་མི་བཟད་འཁྲིད། །རེ་ཞིག་ད་ལྟ་གསོན་པའི་སྐབས་འདིར་ཡང་། །ཇི་ཙམ་འབྱོར་ཡང་ངོམས་པ་མི་སྐྱེད་ཅིང་། །ཇི་ལྟར་བཏུད་ཀྱང་མགུ་བའི་དུས་མེད་ལ། །གང་ལྟར་བྱས་ཀྱང་བདེ་བའི་སྐབས་མེད་པ། །འདི་ནི་ཕུང་བྱེད་འདི་ཡིས་བསླུས་པར་ཟད། །ས་སྟེང་ཀོ་བས་གཡོགས་པར་མི་ནུས་ཀྱང་། །ལྷྭམ་མཐིལ་ཀོ་བས་ས་ཀུན་གཡོགས་འདྲ་བར། །ཕུང་བྱེད་བདག་ཏུ་འཛིན་པ་འདི་ཆོམ་ན། །དེས་བསྐྱེད་ཟུག་རྔུ་མ་ལུས་ངང་གིས་ཞི། །ནན་ཏུར་བསྐྱེད་ན་འཇིག་རྟེན་དགྲ་བོ་རྣམས། །ཡུལ་གཞན་ཕྱིན་ནས་སླར་ལ་འཚེ་བྱེད་མོད། །འདི་ནི་དེ་ལྟ་མ་ལགས་དེང་དུས་འདིར། །ལན་གཅིག་ཐུལ་ན་ཕྱིས་ནས་ལྡང་བ་མེད། །དེ་ཕྱིར་འདི་ནི་བཟོད་པའི་ཡུལ་མིན་པས། །གནད་དུ་བཀར་ནས་འཕྲལ་དུ་བརླག་པར་འོས། །མཁའ་མཉམ་འགྲོ་བའི་མི་འདོད་ཇི་སྙེད་པ། །དེ་དག་ཀུན་ཀྱང་བདག་འཛིན་ལས་བྱུང་ཕྱིར། །མ་ལུས་རང་གི་བདག་འཛིན་སྟེང་དུ་སྤུངས། །འགྲོ་ཀུན་སྡུག་བསྔལ་རྒྱུར་བཅས་བྲལ་བར་སྨོན། །བདག་གི་བདེ་དགེ་ལེགས་པ་ཅི་མཆིས་པ། །འཕོང་བ་མེད་པར་འགྲོ་བ་ཀུན་ལ་སྦྱིན། །འགྲོ་ཀུན་བདེ་དགའ་རྒྱ་མཚོས་ཁྱབ་པར་མོས། །བཏང་ལེན་དམིགས་པ་གནད་དུ་གང་འགྲོ་བྱ། །དེ་རྗེས་སྤྲོས་བྲལ་རྣམ་པར་མི་རྟོག་པའི། །ངང་ལ་བཞག་པས་བདག་འཛིན་རང་སར་ཞི། །དབུ་མའི་ལམ་སྟེ་མཐའ་བཞིའི་དྲི་མ་སངས། །སྟོང་དང་རྟེན་འབྱུང་སྒྱུ་མ་ལྟ་བུར་འཆར། །འདི་ནི་བློ་སྦྱོང་སྒོམ་པའི་མན་ངག་སྟེ། །དེང་སང་དུས་འདིར་མེད་ཐབས་མེད་པར་གོ། བཀའ་གདམས་ཆོས་ཀྱི་ཡང་སྙིང་འདི་ཁོ་ན། །ལམ་འདིར་ཞུགས་དང་སྐལ་བཟང་གྲོགས་པོ་དག །དེ་སྐད་དུས་མཐར་སྐྱེས་པའི་སྙོམ་ལས་མཁན། །བློ་སྦྱོང་གཞུང་ལ་གུས་པས་ལྷུར་ལེན་པ། །པདྨ་བི་ཛས་དབེན་པའི་རི་བོར་བྲིས། །དགེ་བས་བདག་འཛིན་འགོང་པོ་ཐུལ་གྱུར་ཅིག །


previousམཁན་ཀུན་བཟང་ཡེ་ཤེས། བླ་མ་པདྨ། སྤྲུལ་སྨན་ལྷ་སོགས་ཀྱིས་བསྐུལ་ངོར། next