Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གང་དྲན་མཆིད་གྲོས་ཀྱི་ཚིག་ཕྲེང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགང་དྲན་མཆིད་གྲོས་ཀྱི་ཚིག་ཕྲེང་། next

གང་དྲན་མཆིད་གྲོས་ཀྱི་ཚིག་ཕྲེང་།

༄༅། །གང་དྲན་མཆིད་གྲོས་ཀྱི་ཚིག་ཕྲེང་། ཐུགས་བསྐྱེད་མཐུ་ཡིས་རྩོད་དུས་གདུལ་དཀའ་ཡི་འགྲོ་བ། །ཡོངས་བཟུང་མཚན་ཐོས་ཙམ་གྱིས་བསྐལ་ཆེན་ནི་བརྒྱད་ཁྲིའི། །སྒྲིབ་པའི་དྲྭ་བ་གཞོམ་མཛད་ཤཱཀྱ་ཡི་སྲས་པོར། །བཏུད་ནས་ཁྱོད་ལ་ཕན་པའི་མཆིད་གྲོས་འདི་འབུལ་ལོ། །དད་གསུམ་བ་དན་མཛེས་པའི་རྟེན་བཟང་གི་གྲུ་བོ། །སྔོན་བསགས་བཟང་པོའི་མཐུ་ཡིས་ལན་གཅིག་ཏུ་རྙེད་ཚེ། །སྡུག་བསྔལ་སྲིད་མཚོ་བརྒལ་ལ་བརྩོན་པ་ཞིག་མེད་ན། །དོན་གཉིས་ནོར་བུའི་གླིང་ལ་ཇི་ལྟར་དུ་ཕྱིན་ཨང་། །ཉེས་ཚོགས་དུག་སྦྲུལ་འཁྲུགས་པའི་འདུ་འཛི་ཡི་ཁྱིམ་ན། །བླང་དོར་ལུས་ཤེད་མ་རྫོགས་ཉམ་ཆུང་གི་བུས་པ། །འདོད་སྲེད་ཁའོ་ཙ་རེ་བག་མེད་དུ་འཁྱམས་ན། །ཐར་པའི་སྲོག་རྩ་བརླིང་བའི་ཐབས་ཚུལ་ཞིག་སྲིད་དམ། །དེ་སླད་གྲངས་མེད་གསུམ་དུ་ཚོགས་གཉིས་ཀྱི་དཔུང་པ། །ལེགས་བསྐུལ་ལྷ་མིའི་བླ་མས་འཁོར་སྒྱུར་ཡི་རྒྱལ་སྲིད། །བོར་ནས་དགོན་པར་བརྩོན་པས་ཟག་མེད་ཀྱི་བདུད་རྩི། །བཞེས་ཚུལ་རྗེས་འཇུག་འགྲོ་ལ་བསྟན་དོན་དེ་ལགས་མོད། །གཉེན་གྲོགས་སྲིད་སྡེའི་ཆེད་དུ་དཀར་མིན་གྱི་ལས་ལ། །འཛེམས་མེད་བྱུང་རྒྱལ་སྤྱོད་ཀྱང་རྣམ་སྨིན་གྱི་འབྲས་བུ། །རང་གི་བདག་གིར་བྱེད་ལས་ངན་འགྲོ་ཡི་གཡང་ཁར། །མི་བཟད་སྡུག་བསྔལ་བགོ་སྐལ་དེ་དག་གིས་མི་ལེན། །དབང་མེད་དུས་ཀྱི་རྒྱལ་པོའི་ཁྲིམས་བདག་གིས་བཅད་ཚེ། །དབང་ཤེད་ཁ་དྲག་བཙན་པོའི་སྟོབས་འབྱོར་དེས་མ་ཕན། །འཕྲང་རིང་བར་དོར་བགྲོད་ཚེ་འབྲལ་མེད་ཀྱི་གྲོགས་སུ། །བསོད་ནམས་དཔུང་པ་ལས་གཞན་སུ་ཞིག་གིས་འཛིན་ཨང་། །རྣམ་རིག་གེ་སར་མཛེས་པའི་ལང་ཚོ་ཡི་མེ་ཏོག །དཔལ་འབྱོར་རླུང་གིས་བསྐྱོད་པའི་འཕྱོར་སྒེག་ལ་གཡེངས་ཀྱང་། །མི་རྟག་རྒ་དང་རྒུད་པའི་བ་མོ་ཡི་འཇིག་པ། །རིང་མིན་ཐོག་ཏུ་བབ་ཚེ་འགྱོད་ཀྱང་རང་འཕྱིས་འདྲ། །གདུལ་རྒྱུའི་དགྲ་བོ་མི་རྟག་ཚེ་སྔོན་གྱི་ཕ་མ། །བསྐྱང་རྒྱུའི་གཉེན་གྲོགས་མི་རྟག་ལན་ཆགས་ཀྱི་བརྡ་འདེད། །ཀུན་ཀྱང་མི་རྟག་གར་མཁན་ལག་པ་ཡི་ཟློས་གར། །མི་རྟག་རྟག་འཛིན་སྤོངས་ལ་ལྷ་ཆོས་ལ་གཤེགས་རན། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་པད་དཀར་ནི་འཆང་བའི། །ཡེ་ཤེས་སྒྱུ་མའི་རོལ་རྩེད་སྲིད་ཞི་ཡི་མཆོད་སྡོང་། །མཚུངས་བྲལ་དྲིན་ཆེན་བླ་མའི་ཞལ་ལུང་གི་ཉིང་ཁུ། །སྙིང་གི་བུམ་པར་ལེགས་ཆོངས་འདུ་འཛི་ལས་བྱོལ་རན། །འཇིག་རྟེན་འཁྲུལ་པའི་བྱ་གཞག་ཟིན་མེད་ཀྱི་ཆུ་རིས། །ཟིན་ཀྱང་དོན་ཆུང་རྨི་ལམ་རྒྱལ་སྲིད་ཀྱི་ངང་ཚུལ། །དལ་ཁོམ་རེས་འགའི་ཆོས་ཀྱིས་དོག་ས་རུ་འཁྱོང་དཀའ། །དེ་ཕྱིར་སྙིང་ནས་བརྩོན་པ་བསྐྱེད་རན་དུ་གདའ་འོ། །སོ་དཀར་གཞོན་ཆུང་དུས་ནས་འདོད་ལྔ་ཡི་བསླུ་བྲིད། །མི་བསྲུན་སྲིན་མོའི་རྒྱ་ལ་བཅིངས་བཅིངས་ནི་བཅིངས་ཟིན། །ད་ནི་རང་སེམས་རང་ལ་དཀར་མཁན་ཞིག་ཡིན་ཕྱིན། །ཟོལ་མེད་འཆི་ཆོས་སྒྲུབ་ན་འཐད་འཐད་ཅིག་འདྲའོ། །མཐོ་ལ་ཕྲག་དོག་མེད་དེ་རང་རང་གི་སྔོན་བསགས། །དམའ་ལ་ཁྱད་གསོད་མ་བྱེད་ཅི་འགྱུར་ནི་མི་ཤེས། །མཉམ་ལ་འགྲན་སེམས་མི་དགོས་གང་དགའ་རུ་སྐྱུར་ཐོངས། །ཐམས་ཅད་ཕ་མ་ཡིན་པས་སྡང་ཞེན་དེས་ཅི་བྱ། །ཐུབ་པས་གཞན་ཕན་མཛད་པས་རྣམ་གྲོལ་གྱི་བདུད་རྩི། །འགྲོ་ལ་སྩལ་དང་བྱིས་རྣམས་རང་དོན་གྱིས་བསླུས་པས། །ཐར་མེད་སྲིད་མཚོར་ཉེས་བརྒྱའི་རྦ་རླབས་ལ་གཡེང་ཚུལ། །ཁེ་ཉེན་ངེས་པར་བྱོས་ལ་གཞན་ཕན་ལ་སྤྲོ་འཚལ། །ཁྱད་པར་འཁོར་མེད་དྲིན་ལྡན་ལུས་བསྐྱེད་ཀྱི་ཕ་མ། །རྒས་ནས་ཡི་མུག་མ་འཇུག་བཀུར་སྟི་ཡིས་སྐྱོངས་དང་། །རིགས་ཀྱི་ལྷ་སྟེ་དེ་ལས་མཆོད་གནས་གཞན་ཅི་དགོས། །སྟོང་ཉིད་སྙིང་རྗེ་སྒོམས་དང་བསོད་ནམས་ནི་མཉམ་གསུངས། །འདྲེ་གདོན་ལན་ཆགས་བདའ་འདེད་སྙིང་རྗེ་ཡི་ཡུལ་ཡིན། །དེ་ལ་སྡང་སེམས་མི་དགོས་ལས་སྒྲིབ་ཀྱི་ཕྱག་ཤིང་། །སྔོན་ཆད་ཁོ་ལ་དེ་འདྲའི་གནོད་བགྱིས་ཀྱི་འབྲས་བུ། །ད་ལྟ་རང་ལ་འཁོར་ངེས་རྒྱུ་འབྲས་ཀྱི་ཚུལ་ལ། །ཡིད་ཆེས་ངེས་ཤེས་བསྐྱེད་ལ་བསགས་སྦྱང་ལ་འབད་འཚལ། །ངས་ནི་མདོ་རྒྱུད་མན་ངག་བསྟན་བཅོས་རིགས་མང་མཇལ། །བརྒྱུད་ལྡན་དམ་པའི་ཞལ་ལུང་མི་ཉུང་ཙམ་བཏུང་ཡང་། །སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་བྱང་ཆུབ་ཀྱི་སེམས་ལས། །ལྷག་པའི་ཉམས་སུ་བླང་བྱའི་ཟབ་ཆོས་ཤིག་མ་རྙེད། །དེ་སླད་གྲོགས་ཁྱོད་སྙིང་ནས་ལྷ་ཆོས་ཤིག་བཞེད་ན། །ཐེག་ཆེན་བློ་སྦྱོང་མན་ངག་གསེར་འགྱུར་གྱི་རྩི་ཡིས། །མ་དག་བདག་འཛིན་ཉོན་མོངས་རྣམ་རྟོག་གི་ལྕགས་ཁམས། །རྣམ་དག་ཡེ་ཤེས་གསར་དུ་སྒྱུར་བ་ལ་འབད་འཚལ། །དེ་སྐད་འཕྲལ་དུ་གང་དྲན་མཆིད་གྲོས་ཀྱི་ཚིག་ཕྲེང་། །ཕན་སེམས་ལྷག་བསམ་བཟང་པོས་མདོར་བསྡུས་སུ་བསྙད་འདིས། །གྲོགས་ཁྱོད་རྒྱལ་སྲས་སྤྱོད་པའི་གཞུང་ལམ་ལ་བརྟེན་ནས། །དམ་བཅའི་རི་བོ་བརྟན་པའི་སྨོན་འདུན་ཞིག་འཚལ་ལོ། །ཞེས་པའང་རྒྱལ་སྲས་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་ཆེད་དུ་བརྗོད་པ་དོན་དང་ལྡན་པར་གྱུར་ཅིག


previousགང་དྲན་མཆིད་གྲོས་ཀྱི་ཚིག་ཕྲེང་། next