Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྒྱུད་པའི་མན་ངག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྒྱུད་པའི་མན་ངགnext

བརྒྱུད་པའི་མན་ངག

༄༅། །བརྒྱུད་པའི་མན་ངགན་མོ་གུ་ར་ཝེ། ཀྱེ་ཧོ་ཡོངས་འཛིན་མཁས་པའི་ཞབས་བསྟེན་ནས། །དབུ་ཤེར་གཞུང་མང་སྦྱངས་པའི་བློ་ལྡན་ལ། །རྨོངས་པ་བདག་འདྲས་བསྐུལ་གདབ་ཅི་དགོས་ཀྱང་། །གསུང་ནན་མི་ལྡོག་ཙམ་དུ་ཚིག་འགའ་ཞུ། །ཀ་ཡེ་སྐྱེས་པ་འདི་ཚོའི་འཆི་ལུགས་སོམས། །རང་ལའང་འབྱུང་བའི་བརྡའ་སྟོན་མཁྱེན་མཛོད་ལ། །ཡུན་རིང་སྡོད་པའི་ཕྱི་ཚིས་གྲབ་ཤོམ་སྤོངས། །དེ་རིང་ཉིད་ནས་བརྩོན་པས་དམ་ཆོས་སྒྲུབས། །ཀ་ཡེ་འདུས་པ་འདི་ཚོའི་བྲལ་ལུགས་སོམས། །རང་གི་གཉེན་གྲོགས་དེ་བཞིན་མཁྱེན་མཛོད་ལ། །ངོ་སྲུང་མཐུན་འཇུག་ཐག་པ་རིང་བཅད་ནས། །གཅིག་པུར་དགེ་ལ་གཞོལ་ན་མི་འཐད་དམ། །ཀ་ཡེ་བསགས་པ་འདི་ཚོའི་འཛད་ལུགས་སོམས། །རང་གི་ནོར་ལའང་དེ་བཞིན་མཁྱེན་མཛོད་ལ། །འདོད་ཆུང་ཆོག་ཤེས་འཕགས་པའི་རིགས་བརྟེན་པས། །དཀའ་ཐུབ་བརྩོན་པ་བསྐྱེད་ན་མི་ལེགས་སམ། །ཀ་ཡེ་འབྱོར་མཐའ་འདི་ཚོའི་རྒུད་ལུགས་སོམས། །རང་གི་དཔལ་ལའང་དེ་བཞིན་མཁྱེན་མཛོད་ལ། །ཆོས་བརྒྱད་རོ་སྙོམས་གང་བྱུང་ལམ་ཁྱེར་ངོས། །དམ་པའི་རྣམ་ཐར་རྗེས་སུ་སྙོགས་ན་ལེགས། །ཀ་ཡེ་བརྩེགས་པ་འདི་ཚོའི་འགྱེལ་ལུགས་སོམས། །རང་གི་གནས་ལའང་དེ་བཞིན་མཁྱེན་མཛོད་ལ། །དོན་མེད་བྱ་བས་རང་སྡུག་མི་ཉོ་བར། །རང་ཤོང་བྲག་ཕུག་སྙོགས་རན་མི་ལེགས་སམ། །ཀ་ཡེ་ཁམས་གསུམ་འཁོར་བའི་སྡུག་བསྔལ་སོམས། །སྡིག་འབྲས་རང་ལ་སྨིན་པར་མཁྱེན་མཛོད་ལ། །དཀར་ནག་བླང་དོར་ཚུལ་བཞིན་མ་འཆོལ་ངང་། །ངེས་འབྱུང་ཐར་པ་སྒྲུབ་ན་མི་ལེགས་སམ། །ཀ་ཡེ་གྲུབ་ཐོབ་གོང་མའི་རྣམ་ཐར་སོམས། །གྲུབ་གཉིས་ལག་རྩེར་འདུག་པ་མཁྱེན་མཛོད་ལ། །དོན་ཆུང་ཚེ་འདིའི་བྱ་བ་རིང་དོར་ནས། དོན་ཆེན་སྒྲུབ་པའི་རྒྱལ་མཚན་བརྟན་པར་རིགས། །ཀ་ཡེ་ཐ་སྙད་ཚིག་ཕྱིར་མ་འབྲངས་པར། །དོན་གནད་སྙིང་པོ་རང་གི་རྒྱུད་ལ་དྲིལ། །ཆོས་དང་སེམས་རྒྱུད་ཞུ་དག་ཨེ་ཕེར་གཟིགས། །དྲན་ཤེས་གཉེན་པོའི་སྒོ་ལྕགས་མ་ལྷོད་ཅིག །སོ་ཐར་ངོ་བོ་ངེས་པར་འབྱུང་བ་སྟེ། །བྱང་སེམས་ངོ་བོ་བདག་བས་གཞན་གཅེས་བློ། །གསང་སྔགས་ངོ་བོ་དག་མཉམ་བདེ་བ་ཆེ། །འདི་གསུམ་རྒྱུད་ལ་ཁེལ་ལམ་ཞུ་དག་མཛོད། །རྒྱལ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ། །བདེན་པ་གཉིས་སུ་མ་འདུས་མེད་ཅེས་གསུངས། །དབུ་ཤེར་གཞུང་ལ་སྦྱངས་པའི་དཔྱོད་ལྡན་གྱིས། །འདི་དོན་ལེགས་པར་གཏན་ལ་ཕེབས་ལགས་པས། །བདག་འདྲ་ཀུ་སཱ་ལི་པའི་གོ་དོན་འདི། །འཐད་དམ་མི་འཐད་ལེགས་པར་ཐུགས་གཞིག་ཐོངས། །འཐད་འཐད་འདྲ་ན་ཁྱེད་ཀྱང་དེ་བཞིན་མཛོད། །མི་འཐད་འགལ་བར་གཟིགས་ན་བཟོད་པར་གསོལ། །གཟུགས་སོགས་ཕྱི་རོལ་ཡུལ་གྱི་སྣང་བ་འདི། །མ་བརྟགས་ཉམས་དགའ་ཀུན་རྫོབ་བདེན་པའི་ཚུལ། །བརྟགས་ན་མ་གྲུབ་དོན་དམ་སྟོང་པའི་གཤིས། །ནན་གྱིས་བརྟགས་ན་སྣང་སྟོང་མཉམ་པ་ཉིད། །མཐར་ཐུག་དོན་དམ་བདེན་པ་གཅིག་པུར་གྲུབ། །ཚོགས་དྲུག་ནང་གི་ཤེས་པ་སྣ་ཚོགས་འདི། །གསལ་ཙམ་མ་འགགས་ཀུན་རྫོབ་བདེན་པའི་ཚུལ། །དེ་ལ་རང་བཞིན་མ་གྲུབ་དོན་དམ་སྟེ། །ཡང་དག་དོན་ལ་གསལ་སྟོང་ཐ་དད་མིན། །བདེན་པ་གཅིག་སྟེ་གཉིས་སུ་གྲུབ་པ་གང་། །གསང་བ་རང་གི་རིག་པ་ཟང་ཀ་མ། །རིག་ཙམ་མ་འགགས་ཀུན་རྫོབ་བདེན་པ་སྟེ། །རིག་ངོ་སྟོང་པ་དོན་དམ་བདེན་པའི་གཤིས། །ཐ་དད་མ་དམིགས་རིག་སྟོང་མཉམ་པ་ཉིད། །མཐར་ཐུག་དོན་དམ་བདེན་པ་མི་ཟེར་རམ། །སྣང་དང་གསལ་དང་རིག་པ་འདི་གསུམ་པོ། །ཡེ་ནས་ཐ་དད་མ་ཡིན་མཉམ་པ་ཉིད། །དུ་མར་སྣང་ཡང་ཆོས་ཉིད་གཅིག་གི་བབ། །གཅིག་པུ་ཉིད་ཀྱང་ཚིག་གི་བརྗོད་ཚུལ་ཏེ། །ཡང་དག་དོན་དུ་གཅིག་དང་ཐ་དད་མེད། །གདོད་ནས་སྤྲོས་བྲལ་མཚན་བརྗོད་ཡུལ་ལས་འདས། །བདེན་པ་གཉིས་ཀྱང་བརྡ་ཙམ་ཐ་སྙད་ཙམ། །དབྱེ་གཞི་ཟད་པའི་དབྱེར་མེད་ཆེན་པོ་ཡིན། །ཚུལ་འདི་མ་ཤེས་སྟོང་པ་ཕྱང་ཆད་སོགས། །གང་ལྟར་བཟུང་ཡང་ཀུན་རྟོག་འཁྲུལ་པའི་གཟེབ། །ཡང་དག་དོན་ལ་ནམ་ཡང་རིག་པ་མེད། །གླང་ཆེན་ཁྲུས་ལ་ཞུགས་འདྲ་དེ་ཡིས་ཅི། །དེ་ཕྱིར་བལྟ་བྱ་རྟོག་བྱེད་རྟོགས་པ་གསུམ། །ཐ་དད་སྣང་བ་དེ་སྲིད་གཉིས་འཛིན་བླ། །གཉིས་འཛིན་ཡོད་རིང་འཁོར་བའི་ས་བོན་ཏེ། །གཟུང་འཛིན་འཁྲུལ་རྟོག་གང་གིས་འགོག་པར་འགྱུར། །ནམ་ཞིག་འདི་གསུམ་དབྱེར་མེད་མཉམ་པ་ཉིད། །འོད་གསལ་རང་བཞིན་ཟག་མེད་འདུས་མ་བྱས། །བློ་ཡིད་མཚན་མའི་ཆོས་ལས་རིང་བརྒལ་བའི། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་མཆོག །མངོན་དུ་གྱུར་ཚེ་སུས་བཅིངས་གང་གིས་བཀྲོལ། །གང་གིས་གང་བསྒོམ་ཕན་དང་གནོད་བྱེད་གང་། །ཐམས་ཅད་མཉམ་ཡངས་མཁའ་འདྲ་འཕོ་འགྱུར་བྲལ། །དེ་ནི་འཕོ་མེད་ལྷན་སྐྱེས་ཡེ་ཤེས་ཆེ། །བླ་མའི་མན་ངག་མཐུ་ཡིས་སུས་མྱོང་བ། །དེ་དག་མ་ཆགས་ཆུ་ལ་པདྨ་བཞིན། །སྲིད་པའི་ཉེས་སྐྱོན་རྡུལ་གྱིས་གོས་པ་མེད། །དེ་ནི་མི་ལྡོག་བྱང་ཆུབ་སེམས་དཔའ་ལགས། །ཨ་ཅང་འདི་དོན་བདག་ལ་ཡོད་མིན་ཏེ། །བརྒྱུད་པའི་མན་ངག་ཇི་བཞིན་སྔར་འགྲིས་རྒྱུས། །ཉམས་མཚར་རྩེད་མོའི་ཚུལ་དུ་ཞུས་པ་ལགས། །ཐུགས་ལ་བཅངས་ན་དོན་དུ་འགྱུར་ཡང་སྲིད། །དགེ་བས་ཟུང་འཇུག་སྤྲོས་བྲལ་རྟོགས་གྱུར་ཅིག །ཅེས་པའང་ཡིད་ནོར་དམ་པ་གང་དེའི་བཞེད་ངོར་ཉམས་མཚར་ཙམ་དུ་བི་ཛས་བྲིས་པ་དགེ།


previousབརྒྱུད་པའི་མན་ངགnext