Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤར་རྒྱལ་མོ་རོང་པ་རྒྱ་མཚོ་ལགས་ཀྱི་ངོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤར་རྒྱལ་མོ་རོང་པ་རྒྱ་མཚོ་ལགས་ཀྱི་ངོར། next

ཤར་རྒྱལ་མོ་རོང་པ་རྒྱ་མཚོ་ལགས་ཀྱི་ངོར།

༄༅། །ཤར་རྒྱལ་མོ་རོང་པ་རྒྱ་མཚོ་ལགས་ཀྱི་ངོར། ༀ་སྭསྟི། འཆི་མེད་ཞི་བའི་གནས་ཐོབ་པའི། །སྐྱོབ་པ་མཆོག་ལ་ཕྱག་བྱས་ནས། །དད་པ་ཅན་གྱི་མཆིད་ལན་དུ། །ཉུང་གསལ་གཏམ་འདི་སྒྲོགས་ཀྱིས་གསོན། །སྐྱོབ་པ་མཆོག་དེས་བདུད་རྩིའི་སྒོ། །ཐོག་མ་ཉིད་དུ་དབྱེ་བ་ཡང་། །འདུས་བྱས་མི་རྟག་ཉིད་དུ་གསུང་། །འདི་ལ་ཐེ་ཚོམ་མི་ཟའོ། །གང་ལ་སྐྱེ་བ་ཡོད་དེ་ནི། །མཐར་གྱིས་ངེས་པར་འཆི་འགྱུར་ཕྱིར། །རྟག་འཛིན་བདུད་དབང་མི་གཏོང་བར། །སྙིང་ནས་ཆོས་ལ་བརྩོན་པར་རིགས། །ཚེ་ནི་རྟག་ཏུ་འཛད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མིན་ལ། །གློ་བུར་འཚེ་བ་ཆེས་མང་ཕྱིར། །རྒྱུན་རིང་སྡོད་མཐུ་ཡོད་མ་ཡིན། །སང་ཙམ་འཆི་འམ་སུས་ཤེས་ཀྱི། །དེ་རིང་ཉིད་དུ་བརྩོན་ཏེ་སྒྲུབ། །འཆི་བདག་སྡེ་ཆེན་དེ་དང་ནི། ཁྱོད་ཉིད་བཤེས་པ་མིན་ཞེས་གསུངས། །དེས་ན་ཡུན་རིང་སྡོད་པའི་བློ། །དོར་ནས་རྟག་ཏུ་དགེ་ལ་བརྩོན། །དེ་ཡིས་ཁྱེད་ལ་གོད་མེད་ཅིང་། །དོན་ཆེན་དག་ཀྱང་འགྲུབ་པར་འགྱུར། །ཐུབ་པས་རྗེས་ནང་ཁྱུ་མཆོག་དང་། །མེ་ཏོག་ནང་ནས་པད་མ་དཀར། །འདུ་ཤེས་ནང་ནས་མི་རྟག་པ། །རྗེས་སུ་དྲན་པ་མཆོག་ཡིན་གསུངས། །དེ་སླད་སྔོན་གྱི་དམ་པ་རྣམས། །དོན་འདི་དགོངས་ནས་དབེན་པར་གཤེགས། །ཡུན་རིང་བརྩོན་པའི་དཔུང་བསྐྱེད་པས། །དོན་གཉིས་ཡོན་གྱིས་འབྱོར་གྱུར་ཏེ། །དབང་ཕྱུག་མི་ལ་རས་པས་ཀྱང་། །འཆི་བས་འཇིགས་ནས་རི་ལ་ཕྱིན། །ནམ་འཆི་ཆ་མེད་སྒོམ་སྒོམ་ནས། །འཆི་མེད་གཉུག་མའི་བཙན་ས་ཟིན། །འཆི་བའི་འཇིགས་པ་བོར་ཞེས་གསུངས། །དེང་སང་རང་རེ་ཆོས་གཟུགས་རྣམས། །འཆི་བ་སྐད་ཅིག་མ་བསམ་རྒྱུས། །ཅི་བྱེད་ཚེ་འདིའི་ལག་ཆར་སོང་། །ཕྱི་མར་ཕན་པའི་ལམ་རྒྱགས་མེད། །འཆི་ཁར་བྲང་ལག་འཐབ་ཀྱང་འཕྱིས། །འདི་ལས་བསླུས་པ་གཞན་ཡོད་མིན། །དེ་ཕྱིར་སྙིང་ལ་རི་མོ་བྲིས། །དོན་ཆེན་དགེ་ལ་སྦྱོར་མཛོད་དང་། །ཁྱེད་ལ་བདེ་ལེགས་འབྱུང་བར་འགྱུར། །རྒྱལ་བའི་ཆོས་ཚུལ་བསམ་མི་ཁྱབ། །མཐའ་དག་སུས་ཀྱང་ཤེས་མི་ནུས། །གང་ཤེས་རང་གི་རྒྱུད་སྦྱར་ན། །དེ་ཡིས་དགོས་པ་གྲུབ་པ་ཡིན། །ཤི་གསོན་ལེགས་ཉེས་ཅི་བྱུང་ཡང་། །བློ་གཏད་དཀོན་མཆོག་གསུམ་ལ་ཞུས། །འདི་ཡིས་ནམ་ཡང་བསླུ་མི་སྲིད། །དགོས་པའི་དུས་སུ་སྐྱོབ་པར་ངེས། །འགྲོ་ཀུན་ཕ་མར་ཤེས་པའི་བློས། །བྱམས་དང་སྙིང་རྗེའི་དཔུང་བསྐྱེད་ནས། །དེ་ཀུན་སྲིད་ལས་སྒྲོལ་བའི་ཕྱིར། །རྫོགས་བྱང་གོ་འཕང་དོན་གཉེར་བའི། །བློ་ནི་སྨོན་པ་སེམས་བསྐྱེད་ཡིན། །སྲོག་གི་ཕྱིར་ཡང་མི་གཏོང་གལ། །ཀུན་སློང་མཆོག་དེའི་རྩིས་ཟིན་ཅིང་། །བྱང་ཆུབ་ཆེན་པོར་ཡོངས་བསྔོས་པའི། །དགེ་ཚོགས་མི་འཛད་གོང་དུ་འཕེལ། །ངེས་པར་རྣམ་མཁྱེན་རྒྱུ་རུ་འགྲོ། །དེར་ཡང་མངོན་ཞེན་སྤང་བ་གཅེས། །ཚུལ་འདི་ཐུགས་ལ་ལེགས་བཅངས་ནས། །ཅི་བྱེད་དགེ་བའི་ལམ་ལ་དྲིལ། །བསླབ་བྱ་ཐམས་ཅད་འདི་ལ་འདུ། །ཐེག་ཆེན་ལམ་གྱི་མདོ་འགག་ཡིན། །ཐུགས་ལ་ཆོངས་ཤིག་དགེ་བའི་གྲོགས། ལག་ཏུ་ལོངས་ཤིག་དད་པ་ཅན། །ཚེ་ཆོས་མཐར་ཕྱིན་སྨོན་ལམ་ཞུ། །དགེ་བས་རྣམ་མཁྱེན་ཐོབ་གྱུར་ཅིག །ཅེས་པའང་ཤར་རྒྱལ་མོ་རོང་པ་རྒྱ་མཚོ་ལགས་ནས་ནམ་འཆི་དང་དེའི་ཚེ་གང་གིས་ཕན་ཞེས་ནན་ཆེར་དྲིས་པའི་ངོར་ཞེ་ཆེན་པ་དགེ་སྦྱོང་རྒན་པོ་འགྱུར་མེད་པདྨ་བསྟན་འཛིན་གྱིས་ངེས་པར་འབྱུང་བའི་བློས་བྲིས་ཤིང་མཚམས་མལ་ནས་ཕུལ་བ་དོན་དང་ལྡན་པར་གྱུར་ཅིག


previousཤར་རྒྱལ་མོ་རོང་པ་རྒྱ་མཚོ་ལགས་ཀྱི་ངོར། next