Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕན་པའི་སེམས་ཀྱིས་མདོ་ཙམ་བརྗོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕན་པའི་སེམས་ཀྱིས་མདོ་ཙམ་བརྗོད་པ། next

ཕན་པའི་སེམས་ཀྱིས་མདོ་ཙམ་བརྗོད་པ།

༄༅། །ཕན་པའི་སེམས་ཀྱིས་མདོ་ཙམ་བརྗོད་པ། བླ་མའི་ཞབས་ཀྱི་པདྨོར་ཕྱག་བྱས་ནས། །རིང་མོའི་ལམ་ནས་ནན་གྱིས་བསྐུལ་བའི་ངོར། །ཕན་པའི་སེམས་ཀྱིས་མདོ་ཙམ་བརྗོད་པ་འདི། །ཐུགས་ལ་ཆོངས་དང་འཕྲལ་ཡུན་དགེ་བར་འགྱུར། །སྲིད་པ་མི་བརྟན་གཡོ་བའི་རྦ་རླབས་རྩེར། །བདེ་སྡུག་འགྱུར་བ་སྔ་མ་དེ་ཙམ་ལགས། །ད་ནི་དལ་རྟེན་གྲུ་བོ་མ་ཞིག་གོང་། །སྙིང་ནས་བརྩོན་པས་འཆི་ཆོས་སྒྲུབ་ན་ལེགས། །ད་ལྟའི་བདེ་སྡུག་སྔོན་བསགས་འབྲས་བུ་སྟེ། །ཕྱི་མ་ཅིར་འགྱུར་ད་ལྟའི་ལས་ཀྱིས་བྱེད། །ལས་ལས་མཐུ་ཆེ་སྲིད་པ་གསུམ་ན་མེད། །དེ་ཕྱིར་འཇུག་ལྡོག་ལག་ལེན་འཛོལ་མེད་མཛོད། །ཚེ་འདི་མི་རྟག་ཡུད་ཙམ་རེས་ཀྱང་འཛད། །འཆི་བ་མི་སྡོད་ཚུར་ཚུར་གློ་བུར་འོངས། །མཛའ་བཤེས་མི་རྟག་སྟོན་ཀའི་སྤྲིན་ལྟར་གཡོ། །གང་ལའང་སྙིང་པོ་མེད་དོ་ཞེན་མ་ཆེ། །བཟློག་མེད་འཆི་བདག་ཕོ་ཉས་ཟིན་པའི་ཚེ། །རིགས་གཟུགས་འབྱོར་བས་མ་ཡིན་དཔུང་གིས་མིན། །བསོད་ནམས་ལས་གཞན་གྲོགས་བགྱིར་འགའ་མ་མཆིས། །དེས་ན་ད་ནས་བརྩོན་པའི་དཔུང་བསྐྱེད་འཚལ། །སྔར་བསགས་སྡིག་ལ་འགྱོད་པས་བཤགས་སྡོམ་དང་། །གཉེན་པོ་དགེ་བའི་ལས་ལ་བརྩོན་མཁས་ན། །སྤྲིན་བྲལ་ཟླ་བ་བཞིན་དུ་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་ལ་སོགས་དཔེ་ཡིས་བསྟན། །གཞན་དུ་སྡིག་པའི་རྣམ་སྨིན་རབ་ཏུ་ཚ། །ངན་འགྲོ་འཁོར་བའི་སྡུག་བསྔལ་བཟོད་གླགས་{བརླག}མེད། །མྱོང་འགྱུར་ཐམས་ཅད་རང་གི་ཐོག་ཏུ་འབབ། །འདི་ལ་གཞན་གྱི་གྲོགས་བགྱིར་ཡོད་མ་ཡིན། །དེས་ན་ད་ནི་སྙིང་ལ་རུས་པ་བསྐྱེད། །ཕོ་མོ་མདོ་དོན་ཆེ་ཆུང་ད་རེས་ཡིན། །ནམ་བཞག་གཏན་གྱི་འདུན་མ་མ་འགྲུབ་ན། །འདི་ལས་བསླུས་པ་མེད་དོ་དཔྱོད་ལྡན་རྣམས། །དགྲ་འདུལ་གཉེན་སྐྱོང་ཚོང་དང་སོ་ནམ་སོགས། །འཁྲུལ་བའི་བྱ་བ་སྔ་མ་དེ་ཙམ་ལགས། །དོན་འབྲས་སྙིང་པོ་ཅི་འདུག་སེམས་ལ་བསྐོར། །ད་ནི་འཆི་ཆོས་སྙིང་ནས་སྒྲུབ་པར་འཐད། །མ་བསམ་མ་བསམ་གཞན་གནོད་ལས་མ་བསམ། །མ་བྱེད་མ་བྱེད་སྡིག་པའི་ལས་མ་བྱེད། །མ་ཡེངས་མ་ཡེངས་འཆི་བ་སྙིང་ནས་སོམས། །སྒྲུབས་ཤིག་སྒྲུབས་ཤིག་དམ་པའི་ཆོས་སྒྲུབས་ཤིག །ཚེ་འདི་ཡུན་ཐུང་ལོ་ཟླ་འགའ་རེ་ཡིན། །འཇིག་རྟེན་ཕྱི་མ་འདི་ཞེས་ཚད་བཟུང་བྲལ། །ཡར་འགྲོ་མར་འགྲོའི་ས་མཚམས་ད་རེས་ཡིན། །ལམ་སྟོན་བླ་མ་ཚོལ་ཅིག་དད་ལྡན་རྣམས། །སྲིད་པའི་འཇིགས་ལས་སྐྱོབ་ནུས་དཀོན་མཆོག་གསུམ། །སྐྱབས་དེས་ནམ་ཡང་བསླུ་བ་མི་སྲིད་པས། །ཡིད་ཆེས་དད་པས་སྐྱབས་སུ་འགྲོ་བ་དང་། །བསླབ་བྱའི་ཚོགས་ལ་ཚུལ་བཞིན་སློབ་པར་མཛོད། །བསྙེན་གནས་ལ་སོགས་བྱ་སླ་དོན་ཆེ་བས། །དུས་དང་གཏན་ཁྲིམས་མ་ཉམས་བསྲུང་མཁས་ན། །མངོན་མཐོའི་གྲོང་ཁྱེར་བགྲོད་ལ་ཐག་མི་རིང་། །དཀར་ཆོས་ཡོན་ཏན་ཀུན་གྱི་གཞི་རྟེན་ཉིད། །དེ་ཡང་ངེས་འབྱུང་བསམ་པས་མ་ཟིན་ན། །སྲིད་པ་འདི་ལས་མངོན་པར་འདའ་མི་ནུས། །དེ་སླད་ཡང་སྲིད་མེད་པའི་ཚུལ་ཁྲིམས་མཆོག །ངེས་ལེགས་ཐར་པ་སྒྲུབ་ལ་མེད་ཐབས་མེད། །ཁྱད་པར་བྱང་ཆུབ་སེམས་ཀྱིས་མ་ཟིན་ན། །ལུས་ངག་དགེ་སྦྱོར་ཇི་ལྟར་བརྩོན་ན་ཡང་། །རྣམ་མཁྱེན་སངས་རྒྱས་ཐོབ་པའི་རྒྱུར་མི་འགྱུར། །དེ་ཕྱིར་སྦྱོར་བ་སེམས་བསྐྱེད་མ་ཉམས་གལ། །དངོས་གཞི་ཆོས་ཀུན་སྒྱུ་མའི་བཀོད་པ་སྟེ། །དོན་ལ་མེད་བཞིན་ཀུན་རྫོབ་ཅིར་ཡང་སྣང་། །དེས་ན་རྒྱུ་འབྲས་ཡིད་ཆེས་ལྟ་ལྡན་པས། །མངོན་ཞེན་མེད་པར་ཅི་ནུས་ཚོགས་གསོག་རེམས། །རྗེས་ལ་དེས་མཚོན་དུས་གསུམ་བྱས་བསགས་ཀུན། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་སར་བསྔོ་ཞིང་། །མཁའ་ཁྱབ་འགྲོ་བ་སྒྲོལ་བའི་ཁུར་ཁྱེར་བློ། །བློ་ཆེན་འཕགས་པའི་རྗེས་སུ་སློབ་པ་གལ། །དེ་ལྟར་དམ་པ་གསུམ་གྱིས་རྩིས་ཟིན་ན། །དགེ་རྩ་ཆུང་ཡང་འབྲས་བུ་རྒྱ་ཆེ་སྟེ། །རྣམ་མཁྱེན་རྒྱུར་འགྱུར་ནམ་ཡང་ཆུད་མི་འཛའ། །འབྱུང་ཁུངས་བཟང་པོར་ཐེབས་པའི་ས་བོན་བཞིན། །དེས་ན་ཐེག་ཆེན་བསམ་སྦྱོར་མ་ཉམས་ངང་། །མཆོད་སྦྱིིན་ཚོགས་གསོག་ཕྱག་བསྐོར་བཟླས་བརྗོད་སོགས། །རང་བློས་གང་ལྕོག་དགེ་བའི་ལམ་ལ་དྲིལ། །འཆི་ཁར་འགྱོད་མེད་ཚགས་སུ་ཚུད་མཛོད་ཀྱེ། །དེ་སྐད་དགེ་སྦྱོང་རྒན་པོས་བསྐུལ་བའི་ངག །ཉུང་ངུ་འདི་ཡང་ཆུ་དང་ལན་ཚྭ་བཞིན། ཁྱེད་བློ་རྣམ་དཔྱོད་བུམ་པར་གནས་བཅས་ནས། །དགེ་བློ་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ཅིག །ཅེས་པའང་དད་དམ་རྨད་བྱུང་སྲས་པོ་སྟོབས་ལྡན་ངོར་རྒན་པོ་བི་ཛ་ཡིས་གང་དྲན་བརྗོད་པ་དགེ།


previousཕན་པའི་སེམས་ཀྱིས་མདོ་ཙམ་བརྗོད་པ། next