Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འབུམ་ཤུལ་དཔོན་གཏེར་བདག་མགོན་པོ་སོགས་ཀྱི་གསུང་ནན་ལྕི་བའི་མཆིད་ལན་དུ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའབུམ་ཤུལ་དཔོན་གཏེར་བདག་མགོན་པོ་སོགས་ཀྱི་གསུང་ནན་ལྕི་བའི་མཆིད་ལན་དུ། next

འབུམ་ཤུལ་དཔོན་གཏེར་བདག་མགོན་པོ་སོགས་ཀྱི་གསུང་ནན་ལྕི་བའི་མཆིད་ལན་དུ།

༄༅། །འབུམ་ཤུལ་དཔོན་གཏེར་བདག་མགོན་པོ་སོགས་ཀྱི་གསུང་ནན་ལྕི་བའི་མཆིད་ལན་དུ། ༀ་སྭསྟི། མི་འཇིགས་བཞི་བརྙེས་བདེན་གསུང་སེང་གེའི་སྒྲས། །ལྷར་བཅས་སྐྱེ་དགུའི་རེ་བ་སྐོང་མཛད་པའི། །ཐུབ་ཆེན་འགྲོ་བའི་བླ་མ་ཤཱཀྱའི་སྲས། །ཆོས་དང་དགེ་འདུན་བཅས་ལ་གུས་པས་འདུད། །ཀྱེ་ལགས་བདག་ནི་བ་གླང་གསེར་རྒྱན་ཅན། །སྙིགས་དུས་སོ་སྐྱེ་ལས་ཀྱང་ཡང་སྐྱེ་སྟེ། །ཀུན་དཀྲིས་འཆིང་བ་དམ་པོས་བཅིངས་དྲགས་པས། །ལྐོག་གྱུར་ལྟ་ཅི་འཕྲལ་གྱི་བྱ་སྤྱོད་ཙམ། །ལེགས་ཉེས་འབྱེད་པའི་བློ་མཐུ་ཡོད་མ་ཡིན། །ཡོངས་འཛིན་དམ་པའི་ཞལ་ལུང་བདུད་རྩིའི་བཅུད། །བཏུང་བས་ལས་འབྲས་ཚུལ་ལ་ཅུང་གུས་པས། །མི་ཆོས་བླ་མའི་རྫུན་གྱི་འཁོར་ལོ་ཡི། །གཞན་མགོ་བསྐོར་བའི་སྙིང་ཁམས་དག་ཀྱང་མེད། །དེ་སླད་ལུགས་ཟུང་མཁྱེན་དཔྱོད་མངའ་ཁྱོད་ཀྱིས། །གསུང་ནན་ལྕི་ཡང་བདག་གིས་ཅི་བྱར་ཡོད། །འོན་ཀྱང་རྣམ་ཀུན་མི་བསླུ་རྒྱལ་གསུང་མཛོད། །ལས་འབྲས་ཚུལ་ལ་ཡིད་ཆེས་བསྐྱེད་ན་ལེགས། །གནའ་ཞིག་དགེ་བཅུའི་རྐང་པ་རྫོགས་པའི་ཚེ། །རྫོགས་ལྡན་དུས་ཞེས་དཀར་ཕྱོགས་དབུ་འཕང་མཐོ། །ཚེ་ལོ་དཔག་མེད་བདེ་སྐྱིད་ལྷ་ལ་འགྲན། །བཟང་པོའི་དུས་ཞེས་ཀུན་གྱིས་བསྔགས་པར་བྱེད། །ད་དུས་མི་དགེ་འཕེལ་ཞིང་དགེ་བཅུ་འགྲིབས། །དེ་ཡི་སྟོབས་ཀྱིས་སྣོད་བཅུད་དཔལ་འབྱོར་ཉམས། །ཚེ་ཐུང་ནད་མང་སྙིགས་ལྔའི་མཐའ་ལ་ཐུག །དུས་ངན་ཟེར་ཡང་སྤྱོད་ངན་འབྲས་བུ་ལགས། །སྔོན་ཚེ་ཐུབ་ཆེན་ཞི་བའི་ལག་པ་རུ། །འཁྲུངས་ཚེ་དགེ་བཅུའི་ཁྲིམས་ཀྱི་ཉི་གཞོན་གྱིས། །རྩོད་ལྡན་དྲུག་ཅུའི་གྲང་རེག་བསལ་བའི་ཚུལ། །ལེགས་པར་སོམས་ལ་བསོད་ནམས་དཔུང་བསྐྱེད་འཚལ། །ད་ལྟའི་བདེ་སྡུག་སྔོན་ལས་འབྲས་བུ་སྟེ། །ཕྱི་མ་ཅི་འགྱུར་ད་ལྟའི་ལས་ལ་རག །འོན་ཀྱང་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ན། །ཚེ་འདིར་བསགས་པའང་ཚེ་འདིར་སྨིན་པར་ངེས། །སྐྱིད་པ་བྱུང་ན་དཀོན་མཆོག་བླ་མའི་དྲིན། །སྡུག་ན་སྔོན་བསགས་ལས་སུ་ཤེས་པ་ཡིས། །མགུ་འཁང་སྤོངས་ལ་བསགས་སྦྱང་གཉེན་པོའི་དཔུང་། །སྐྱེད་བྱེད་མི་ལ་དཔལ་མགོན་ཉེ་བར་གནས། །དུད་འགྲོ་ཡིན་ཀྱང་སྲོག་ནི་གཅེས་ཤིང་ཕངས། །ཚོར་བ་སྡུག་བསྔལ་འདོད་མཁན་སུ་ཡང་མེད། །རྣམ་ཀུན་རང་གི་ལུས་ལ་དཔེ་ལོངས་ལ། །སྲོག་གཅོད་སྤོངས་ཤིང་སྲོག་བསླུ་ཅི་ནུས་མཛོད། །དེ་ཡིས་ཚེ་རིང་བདེ་བ་ཐོབ་པར་འགྱུར། །མཁའ་མཉམ་འགྲོ་ཀུན་ཕ་མའི་རང་བཞིན་ལ། །ཉེ་འཁོན་མེད་པར་བྱམས་པའི་སེམས་བསྐྱེད་དེ། །བརྡེག་བརྡུང་སྤངས་ཤིང་གསོས་སྨན་སྦྱིན་ལ་སོགས། །རྟག་ཏུ་སྙིང་བརྩེ་ཕན་པ་ཅི་ནུས་སྒྲུབས། །དེ་ཡིས་ནད་མེད་བདེ་བའི་ལང་ཚོ་ཐོབ། །ལོངས་སྤྱོད་སྦྲང་བུའི་རྩི་འདྲ་གཞན་གྱིས་སྤྱོད། །ཡོད་ཀྱང་ཆོག་ཤེས་མི་སྐྱེ་རྩོད་པ་འཕེལ། །སྙིང་པོ་མེད་ལ་སྙིང་པོ་ལེན་པའི་བློས། །མ་བྱིན་ལེན་སྤོངས་མཆོད་སྦྱིན་ཕྱོགས་མེད་ཐོངས། །དེ་ཡིས་ཡོ་བྱད་མི་ཟད་འཕེལ་བར་འགྱུར། །དམ་པ་བསྟེན་དང་མཆོད་གནས་གོང་མ་བཀུར། །བསྟན་བཅོས་ཉན་ཞིང་རང་ཆེ་ཁེངས་དྲེགས་སྐྱུངས། །དམན་ལ་བྱམས་ཤིང་ལས་འབྲས་དཔང་པོར་བཟུང་། །མ་བརྟགས་ལས་དང་གཡོན་ཅན་འཁོར་སྤངས་ན། །དེ་ཡིས་གྲགས་པ་མི་ཉམས་རྣམ་པར་འཕེལ། །སྲིད་པའི་ཕུན་ཚོགས་མི་བརྟན་འཇའ་ཚོན་འདྲ། །ཡིད་བརྟན་ཕེར་བ་སུ་ཡང་ཡོད་མ་ཡིན། །མི་བསླུ་ངེས་པ་དཀོན་མཆོག་གསུམ་ཁོ་ན། །དེ་སླད་དེ་ལ་ཡིད་ཆེས་བློ་གཏད་ཞུས། །གངས་ལྗོངས་བླ་མའི་སྐལ་བ་པདྨ་འབྱུང་། །རྣམ་ཐར་བཀའ་དྲིན་འགྲན་བྲལ་བསམ་མི་ཁྱབ། །སྙིགས་མའི་རྒུད་པ་སྐྱོབ་ན་འདི་ཡིས་སྐྱོབ། །བློ་གཏད་ནུས་ན་ཅི་བསམ་འགྲུབ་པར་ངེས། །བོད་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས། །གཟུངས་སྔགས་གཅིག་ཆོག་ཡི་གེ་དྲུག་མ་སྟེ། །རིགས་དྲུག་གཡང་ས་གཅོད་ན་འདི་ཡིས་ཆོད། །བྱ་སླ་དོན་ཆེན་འདི་ལས་ཟབ་པ་སུ། །རྒྱལ་ཀུན་ཕྲིན་ལས་རང་གཟུགས་ཏཱ་རེ་མ། །དྲན་པ་ཙམ་གྱིས་འཇིགས་བརྒྱད་སྐྱོབ་པར་བྱེད། །འཕྲལ་རྐྱེན་བསལ་ན་འདི་ཡིས་མི་སེལ་ཅི། །དེ་ཕྱིར་དེ་ལ་དད་པའི་དཔུང་བསྐྱེད་འཚལ། །དད་པ་ཅན་ལ་ལེགས་དགུའི་དཔལ་ཡོན་འདུ། །ལོག་ལྟ་ཅན་ནི་གང་གིས་སྐྱོབ་མི་ནུས། །དེ་བས་ཆོས་དང་གང་ཟག་སུ་ལ་ཡང་། །མི་སྨོད་དག་སྣང་དཀར་པོའི་སྒོ་དབྱེ་འཚལ། །གདོན་བགེགས་སྔོན་གྱི་ལན་ཆགས་གཉེར་བ་ལ། །སྡང་ཞུགས་སྤོངས་ལ་ཕ་མར་ཤེས་པའི་བློས། །སྙིང་རྗེའི་སེམས་ཀྱིས་དགེ་ཚོགས་ཁོ་ལ་བསྔོས། །བྱམས་པའི་གོ་ཆ་སྲུང་བ་ཀུན་གྱི་མཆོག །གནའ་སྲོལ་ངན་པ་སྡིག་དང་འདྲེས་པའི་ལས། །གང་མཆིས་ཐབས་ཀྱིས་དེ་དག་རྒྱུན་བསྣུབས་ལ། །རྣམ་དཀར་དགེ་བཅུའི་ཁྲིམས་སྲོལ་སྔར་མེད་རྒྱུན། །གསར་དུ་འཛུགས་པའི་ཆོ་ག་མི་སློད་འཚལ། །བྱམས་སོགས་ཚངས་གནས་བཞི་ལ་བློ་སྦྱོངས་ཤིང་། །དུས་དང་དུས་སུ་ཡན་ལག་བརྒྱད་ཁྲིམས་སྲུངས། །ཞིང་མཆོག་བགྲོད་པའི་རྒྱུ་བཞིར་རྟག་ཏུ་བརྩོན། །གཞན་ཡང་དེ་དག་རྣམས་ལ་བསྐུལ་བར་རིགས། །བསོད་ནམས་བྱ་བའི་དངོས་པོ་གང་ལ་ཡང་། །སྦྱོར་རྗེས་ཀུན་ཏུ་སྡིག་དང་མ་འདྲེས་ཤིང་། །སེམས་བསྐྱེད་བསྔོ་བ་བཟང་པོའི་རྩིས་ཟིན་ན། །བྱས་པ་དོན་ལྡན་ལགས་པ་མཁྱེན་པར་མཛོད། །མདོར་ན་གཡོ་སྒྱུ་མེད་པའི་ལྷག་བསམ་གྱིས། །དངོས་བརྒྱུད་ཀུན་ནས་བསྟན་འགྲོར་གང་ཕན་བྱོས། །རྒྱལ་བ་མཉེས་པའི་ཐབས་ཀྱང་དེ་ཡིན་ཏེ། །རང་གཞན་དོན་གཉིས་སྒྲུབ་པའང་དེ་ཁོ་ན། །ཟབ་ཟབ་ལྟ་སྒོམ་མཐོན་པོའི་ཆོས་སྐད་དང་། །སྙན་སྙན་ཚིག་རྒྱན་མཛེས་མའི་འཇོ་སྒེག་ཀྱང་། །ཇི་ཙམ་ཐུགས་དང་འཚམ་པ་མ་ངེས་ནས། །ཉུང་གསལ་གྲོང་ཚིག་ཕྲེང་བར་སྤེལ་འདིའོ། །དེ་སྐད་སྙིང་ནས་ཕན་པར་འདོམས་པའི་གཏམ། །ཉུང་ཟད་འདི་ཡང་ཁྱོད་ཐུགས་ལ་སྨིན་ནས། ཕུན་ཚོགས་སྡེ་བཞིའི་ལང་ཚོ་དར་བ་ཡིས། །རྫོགས་ལྡན་གསར་དུ་འཆར་བའི་བཀྲ་ཤིས་ཤོག །ཅེས་པའང་ལུགས་ཟུང་མཁྱེན་པའི་སྤྱན་རས་རྣམ་པར་ཡངས་པ་འབུམ་ཤུལ་དཔོན་གཏེར་བདག་མགོན་པོ་སོགས་ནས་མོ་རྨིས་མངོན་ཤེས་གསལ་པོ་སྨྲ་རུ་ཡོད་དགོས་ཚུལ་གྱི་གསུང་ནན་ལྕི་བའི་མཆིད་ལན་དུ་ཤཱཀྱའི་སྲས་ཀྱི་རྗེས་འཇུག་གི་རྟགས་ཙམ་འཆང་བ་སྙོམ་ལས་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག


previousའབུམ་ཤུལ་དཔོན་གཏེར་བདག་མགོན་པོ་སོགས་ཀྱི་གསུང་ནན་ལྕི་བའི་མཆིད་ལན་དུ། next