Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མདོ་འགག་ཚིག་འགའ་ཞིག་ཞུ།
   
   
   
   
   
   
   
   
   
   
   
   


 
previousམདོ་འགག་ཚིག་འགའ་ཞིག་ཞུ། next

མདོ་འགག་ཚིག་འགའ་ཞིག་ཞུ།

༄༅། །མདོ་འགག་ཚིག་འགའ་ཞིག་ཞུ། ན་མོ་གུ་རུ། ཀྱེ་ཧོ་གསོན་དང་དགེ་བའི་བཤེས་གཉེན་ལགས། །བདག་ལྟ་རང་རྒྱུད་ཆོས་དང་མ་འདྲེས་པའི། །ཨ་སྨྲའི་འབྲས་འདྲ་མ་སྨིན་སྨིན་འདྲའི་ངག །འདི་འདྲས་གཞན་ལ་ཕན་པ་ཅུང་སྲིད་དམ། །འོན་ཀྱང་དད་དམ་གཙང་མའི་ནང་མཆིད་དུ། །ཁྱེད་གསུངས་མི་ལྡོག་མདོ་འགག་ཚིག་འགའ་ཞིག །ཞུ་ན་སྙན་དབང་ཡུད་ཙམ་གཏད་མཛོད་ལ། །ཐུགས་ལ་འཐད་ན་འདི་བཞིན་གནང་བར་རིགས། །རྒྱལ་བས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་པོ། །གདུལ་བྱའི་སྣོད་དང་འཚམ་པར་ལེགས་པར་བསྟན། །ཀུན་ཀྱང་བདག་འཛིན་འདུལ་བའི་གཉེན་པོ་སྟེ། །འདི་ཉིད་ཐུལ་ན་དམ་ཆོས་དགོས་པ་ལོན། །འདི་མ་ཐུལ་ན་ཅི་བྱས་དགོས་འབྲས་སྟོར། །དེ་བས་རང་གི་རྒྱུད་ལ་ལེགས་རྟོགས་ལ། །ནང་དུ་བདག་འཛིན་ཆོས་ཀྱིས་ཐུལ་མིན་གཟིགས། །འདི་ནི་གནད་ཀྱི་མདོ་ཚིག་སྙིང་པོ་ལགས། །སྐྱེས་པ་འཆི་དང་འདུས་པ་འབྲལ་བ་དང་། །བསགས་པ་མཛད་དང་འབྱོར་མཐའ་རྒུད་པའི་ཚུལ། །ལེགས་པར་གཟིགས་དང་སྲིད་པའི་ཁོངས་འདི་ན། །ཡིད་བརྟན་རུང་བ་འགའ་ཞིག་འདུག་གམ་ཅི། །བདག་བཞིན་ཁྱེད་ཀྱང་འདི་ཚུལ་འབའ་ཞིག་ཅེས། །ལེགས་པར་འདོམས་པའི་སློབ་དཔོན་བརྒྱ་ཕྲག་རྙེད། །མངོན་དུ་རྒྱུ་ཡང་འཕྲིག་ཙམ་མི་ཟ་བའི། །སྐྱེ་བོ་འདི་རྣམས་ཀྱེ་མ་ཕྱུགས་ལས་བླུན། །སྲིད་པའི་གནས་ནི་སྡུག་བསྔལ་དུ་མའི་སྣོད། །འགྱུར་དང་འདུ་བྱེད་དབང་དུ་མ་གྱུར་མེད། །ད་རེས་རྟེན་འདིར་བརྩོན་པས་མ་འབད་ན། །འདི་འདྲའི་འབྱོར་པ་ནམ་ཞིག་ཐོབ་པར་འགྱུར། །གཟུང་འཛིན་འཁྲུལ་བ་དབྱིངས་སུ་མ་ཐིམ་པ། །དེ་སྲིད་ལས་ཡོད་ལས་ཀྱི་འབྲས་བུའང་ཡོད། །ནམ་ཡང་མི་འཆོལ་དཔྱིད་བཏབ་ས་བོན་འདྲ། །དེ་བས་དཀར་ནག་འདོར་ལེན་ཚུལ་བཞིན་མཛོད། །འཁོར་བའི་དཔོན་ནི་ཇི་ལྟར་བཟང་ཡང་བསླུ། །མི་བསླུ་ངེས་པ་དཀོན་མཆོག་གསུམ་ཁོ་ནར། །ལེགས་པར་ཤེས་ནས་གཏན་གྱི་སྐྱབས་འཚོལ་བའི། །བློ་ལྡན་གང་དེ་འདུན་མ་ལེགས་པའི་རྩེ། །མཁའ་མཉམ་འགྲོ་བ་ཕ་མའི་རང་བཞིན་ལ། །ཉེ་རིང་ལྟ་བ་བྱིས་བློའི་སྐྱོན་དུ་ཟད། །དེ་བས་བྱམས་དང་སྙིང་རྗེའི་གོ་བགོས་ནས། །སྲིད་ལས་སྒྲོལ་འདོད་ཐེག་ཆེན་ལམ་གྱི་སྲོག །སྐྱབས་ཀུན་འདུས་ཞལ་དཔལ་ལྡན་ཆོས་ཀྱི་རྗེ། །ཐར་པའི་ལམ་སྟོན་དགེ་བའི་བཤེས་གཉེན་མཆོག །མདོ་རྒྱུད་ཀུན་ནས་སངས་རྒྱས་དངོས་སུ་བསྟན། །བཀའ་བཞིན་སྒྲུབ་པའི་མཆོད་པ་འབུལ་རྣམ་འཚེང་། །དོན་དམ་ལྷན་སྐྱེས་ཡེ་ཤེས་ཟབ་མོ་ནི། །བསགས་སྦྱང་མཐུ་དང་རྟོགས་ལྡན་བླ་མ་ཡི། །བྱིན་རླབས་ཞུགས་པ་ཁོ་ནའི་ཡུལ་དུ་གསུངས། །དེ་ཕྱིར་མོས་གུས་བླ་མའི་ལམ་ཁྱེར་གཅེས། །སྣང་གྲགས་རྟོག་ཚོགས་རྡོ་རྗེ་གསུམ་གྱི་ངང་། །ཡེ་ནས་དག་མཉམ་བདེན་གཉིས་དབྱེར་མེད་ཕུལ། །ལེགས་པར་ཤེས་ནས་དབང་བཞིའི་ལམ་ཁྱེར་རིགས། །ཉམས་སུ་ལེན་པ་སྐལ་བ་མཆོག་གི་ཡུལ། །ཁྱད་པར་དཔེ་དོན་ཡེ་ཤེས་ཟབ་མོ་མཆོག །རྟོགས་བྱེད་ཐབས་ཚུལ་དཔག་མེད་རྒྱལ་བས་གསུངས། །ཀུན་ཀྱང་ངེས་དོན་ཀློང་དུ་རོ་མཉམ་པས། །དག་སྣང་སྦྱོང་ལ་གང་མོས་ལམ་དེར་ཞུགས། །སྤྲོས་པ་ཀུན་བྲལ་སེམས་ཀྱི་ཆོས་ཉིད་མཆོག །རྟག་ཆད་ལས་འདས་འོད་གསལ་འདུས་མ་བྱས། །ཚིག་གིས་མི་མཚོན་སོ་སོ་རང་གིས་རིག །རང་བབ་རྣལ་མར་བཞག་པས་ཆོས་སྐུར་གྲོལ། །བྱས་ཤིང་བཅོས་པ་ཀུན་རྟོག་འཁྲུལ་པའི་གཟེབ། །བློས་བྱས་འཆིང་བས་བློ་འདས་རང་ཞལ་བསྒྲིབས། །འཛིན་པ་བྱུང་ན་ལྟ་བ་མིན་ཞེས་གསུངས། །གཉིས་མེད་མཉམ་པའི་ངང་དུ་ངལ་སོས་ཤིག །རྗེས་ཐོབ་ཆོས་ཀུན་སྒྱུ་མར་ཤེས་པའི་ངང། །སྒྱུ་མས་བསླུས་པའི་འགྲོ་ཀུན་སྒྲོལ་སླད་དུ། །སྒྱུ་མའི་སྐྱེས་བུས་སྒྱུ་མའི་འདུ་འགོད་བཞིན། །ཚོགས་གཉིས་ཟུང་འབྲེལ་རྒྱལ་སྲས་ལམ་ལ་སློབས། །ཀུན་ཀྱང་རྨི་ལམ་སྒྱུ་འདྲར་ངེས་རྙེད་དང་། །འཇམ་དཔལ་ཀུན་ཏུ་བཟང་པོའི་རྣམ་ཐར་བཞིན། །དགེ་བ་དེ་ཡང་བྱང་ཆུབ་སྙིང་པོར་བསྔོས། །དེ་ཡིས་མི་རིང་རྒྱལ་བའི་ཆོས་མཛོད་འཛིན། །དེ་སྐད་ཕན་པར་འདོམས་པའི་བསླབ་ཕྲེང་འདི། །བླུན་ཡང་ལྷག་བསམ་དཀར་བས་མ་བཏང་རྒྱུས། །སྙོམ་ལས་མལ་ནས་པདྨ་བི་ཛས་བྲིས། །དགེ་བས་དོན་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག །
༄༅། །ཡེ་ཤེས་སྐུ་ཅན་འཁོར་ལོའི་མགོན། །བླ་མ་མཆོག་ལ་ཕྱག་བྱས་ནས། །ཕན་པའི་བསླབ་བྱ་ཚིག་གསུམ་འདི། །ཡིད་ལ་ཞོག་ཅིག་ཆོས་རྒྱལ་པ། །དལ་འབྱོར་རྙེད་དཀའ་མ་བསམས་ན། །ཆོས་ལ་འཇུག་པའི་བློ་མི་སྐྱེས། །མི་རྟག་འཆི་བ་མ་དྲན་ན། །ཆོས་ལ་བརྩོན་འགྲུས་བརྩོན་མི་འགྱུར། །ལས་འབྲས་བསླུ་མེད་མ་ཤེས་ན། །ནམ་ཡང་སྡིག་ལས་ལྡོག་མི་སྲིད། །འཁོར་བའི་སྡུག་བསྔལ་མ་བསམས་ན། །ངེས་འབྱུང་ཐར་པའི་ལམ་མི་འཚོལ། །དེ་བས་བློ་ལྡོག་རྣམ་པ་བཞི། །རང་གི་རྒྱུད་ལ་ལེགས་སྦྱར་ནས། །བཅོས་མིན་ངེས་པར་འབྱུང་བའི་བློས། །གཏན་དུ་མི་བསླུ་དཀོན་མཆོག་གསུམ། །ཡིད་ཆེས་དད་པས་སྐྱབས་བསྟེན་པ། །སངས་རྒྱས་པ་ལ་མེད་ཐབས་མེད། །འདི་མེད་ནང་པའི་གྲལ་མི་ཆུད། །དུས་དང་གཏན་དུ་ཁས་བླངས་པའི། །སོ་ཐར་ཉེས་སྤྱོད་སྤངས་པའི་ཁྲིམས། །རྟག་ཏུ་མིག་བཞིན་སྲུང་བར་མཛོད། །དེ་ནི་ཡོན་ཏན་ཀུན་གཞི་ལགས། །མཁའ་ཁྱབ་འགྲོ་ཀུན་ཕ་མ་སྟེ། །ཐོག་མེད་དུས་ནས་ད་ལྟའི་བར། །ཡང་ཡང་དྲིན་གྱིས་བསྐྱངས་པའི་ཚུལ། །ཤེས་ནས་དྲིན་གཟོའི་བསམ་པ་ཡིས། །བྱམས་དང་སྙིང་རྗེ་དགའ་བཏང་སྙོམས། །ཚད་མེད་བཞི་ལ་བློ་སྦྱོང་ཞིང་། །འགྲོ་སྒྲོལ་སླད་དུ་རྫོགས་བྱང་མཆོག །དོན་གཉེར་སྨོན་འཇུག་བྱང་ཆུབ་སེམས། །ཐེག་ཆེན་ལམ་གྱི་རྩ་བ་ཡིན། །འདི་མེད་ཐེག་ཆེན་སྐལ་བ་ཆད། །བསླབ་བྱ་བདག་བས་གཞན་གཅེས་ཚུལ། །སྲོག་ལ་བབས་ཀྱང་མི་གཏོང་ངང་། །ཐབས་མཁས་ཚོགས་གཉིས་ཟུང་འཇུག་ལམ། །ཕར་ཕྱིན་དྲུག་ལ་ཅི་ནུས་སློབས། །སྣང་སྲིད་དག་པ་རབ་འབྱམས་ཞིང་། །གདན་གསུམ་ཡོངས་རྫོགས་ལྷའི་འཁོར་ལོ། །ལེགས་པར་ཤེས་ནས་རིམ་གཉིས་ལམ། །སྒོམ་པ་གསང་སྔགས་ཁྱད་ཆོས་ཉིད། །ཁྱད་པར་བླ་མ་སངས་རྒྱས་སུ། །ལེགས་པར་རྟོགས་པའི་མོས་གུས་ཀྱིས། །གསོལ་གདབ་དབང་བླང་ཐུགས་ཡིད་བསྲེས། །རང་བབས་ངང་དུ་མཉམ་པར་ཞོག །ཡིད་དཔྱོད་བློ་བྲལ་ལྟ་བའི་མཆོག །ཡེང་མེད་འཛིན་མེད་སྒོམ་པའི་སྲོག །ཆོས་དང་གང་མཐུན་སྤྱོད་པ་སྟེ། །རང་གྲོལ་འབྲས་བུའི་རྒྱལ་པོ་ལགས། །ཀུན་ལ་སྦྱོར་བ་སེམས་བསྐྱེད་དང་། །དངོས་གཞི་འཁོར་གསུམ་དམིགས་མཚན་བྲལ། །རྗེས་ལ་བྱང་ཆུབ་ཡོངས་བསྔོ་བ། །དམ་པ་གསུམ་གྱིས་ཟིན་པར་མཛོད། །རྟག་པར་རང་གི་རྒྱུད་ལ་རྟོགས། །སྒོ་གསུམ་ཆོས་དང་ཅི་མཐུན་གྱིས། །འཆི་ཁར་འགྱོད་མེད་ཉམས་ལེན་མཛོད། །བསླབ་བྱ་དེ་ལས་མེད་དོ་བུ། །དེ་སྐད་པདྨ་བི་ཛ་ཡས། །འཕྲལ་དུ་གང་དྲན་བརྗོད་པ་འདི། །ཁྱེད་ཀྱི་རྒྱུད་ལ་སྨིན་གྱུར་ནས། །དོན་གཉིས་བསམ་ཀུན་འགྲུབ་པར་ཤོག །
༄༅། །སྭསྟི། ཀ་བཞི་གདུང་བརྒྱད་མཛེས་པའི་མཁར་རྫོང་དང་། །ཁ་ཐབས་ཕེར་ཡོད་ཤེས་སྒོ་ལ་སོགས་པ། །ག་ནས་གཞིག་ཀྱང་དབང་ཕྱུག་ཕུན་ཚོགས་དཔལ། །ང་ཅག་གཏན་དུ་འགྲོགས་དབང་ཡོད་དམ་སོམས། །ཅ་ཅོ་གཏམ་གྱི་ལྷག་མ་རྗེས་བཞག་ཀྱང་། །ཆ་ཙམ་མི་ཉན་ཁྲེལ་མེད་ཉེ་དུའི་ཚོགས། །ཇ་དངུལ་ནོར་ལ་ཧབ་ཤ་སུས་ཐོབ་དང་། །ཉྭ་སུལ་ཧྲང་ངེ་སྒྲེན་མོར་སོང་ཚུལ་སོམས། །ཏ་ལའི་སྡོང་ལྟར་དྲངས་པའི་ལུས་ཀྱང་རྒུར། །ཐ་དག་འདོད་པ་སྒྲུབ་པའི་བློ་མཐུ་ཟད། །ད་ནི་འཆི་བདག་ཕྲིན་པ་འོང་ལ་ཉེ། །ན་མར་ཆོས་སྤྱོད་གཙོ་བོར་བྱས་ན་ལེགས། །པ་པཾ་ཁྲེས་པོ་རང་ཉིད་གཅིག་པུས་ཁུར། །ཕ་མ་བཟའ་ཚོ་གཞན་གྱིས་སྐལ་མི་ལེན། །བ་གླང་ལྟ་བུའི་རྨོངས་པ་བདག་ཅག་ལ། །མ་དག་ལས་སྣང་ཤར་ཚེ་གྲོགས་བྱེད་སུ། །ཙ་རའི་གདོངས་སོགས་འཇིགས་རྔམ་གཤིན་རྗེ་ཡི། །ཚ་དྲག་བཟོད་དཀའི་ཁྲིམས་ལ་ཐོགས་པའི་ཚེ། །ཛ་ཡའི་གསུང་ལས་ཕན་པར་སུ་ཡིས་ནུས། །ཝ་ཆུའི་རྒྱུན་ལྟར་བརྩོན་པ་ལྷོད་མེད་མཛོད། །ཞྭ་མོ་དམར་སེར་གྲུབ་མཐའི་ཆགས་སྡང་དང་། །ཟ་ཆོག་དཔེ་གྲལ་བྲིམ་པའི་བསླབ་ཤེས་སོགས། །འ་འུར་ཆོས་བརྒྱད་སྒྲུབ་པའི་བྲེལ་ཟིང་དེས། །ཡ་མཱནྟ་ཀའི་འཇིགས་ལས་ཅུང་སྐྱོབ་བམ། །ར་བའི་ཕུག་ཏུ་མཉམ་བཞག་མི་བསྒོམ་པར། །ལ་ལུང་མདོ་གཙང་གྲོང་ཡུལ་ཀུན་ཉུལ་ནས། །ཤ་ཆང་ལོག་འཚོར་གཡེང་བའི་བྱུར་ཅན་ཚོགས། །ས་ལམ་ཡོན་ཏན་གོང་མར་སྦྱོར་དུས་ཅི། །ཧ་ཅང་བྱ་བྱེད་མང་ན་འཆལ་བའི་རྒྱུ། །ཨ་ཏི་བྱར་མེད་དོན་ལ་ངལ་སོས་དང་། །བྱས་ཆོས་གྲུབ་མཐའི་རྩེད་མོ་གཞི་ལ་སངས། །གུ་ཡངས་བློ་བདེའི་གཏན་སྲིད་ཟིན་ཏེ་མཆི། །དེ་སྐད་སྨྲ་བ་གཞན་ཕན་བློ་གྲོས་ཏེ། །རང་གིས་མི་སྒྲུབ་གཞན་ལ་བསྐུལ་བའི་ཚིག །རིགས་པ་མིན་ཡང་ལྷག་བསམ་དཀར་པོའི་མཐུས། །སྨྲས་ལ་ཉེས་པ་མེད་སྙམ་བྲིས་པ་དགེ། །


previousམདོ་འགག་ཚིག་འགའ་ཞིག་ཞུ། next