Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉུང་གསལ་གོ་བདེའི་ཚིག
   
   
   
   
   
   
   
   


 
previousཉུང་གསལ་གོ་བདེའི་ཚིགnext

ཉུང་གསལ་གོ་བདེའི་ཚིག

༄༅། །ཉུང་གསལ་གོ་བདེའི་ཚིགརྫོགས་སངས་རྒྱས་ལ་གསོལ་བ་འདེབས། །དམ་པའི་ཆོས་ལ་སྐྱབས་སུ་མཆི། །དགེ་འདུན་རྣམས་ཀྱི་ཐུགས་རྗེས་ཟུངས། བསམ་པ་ཆོས་བཞིན་འགྲུབ་པར་ཤོག །དད་ལྡན་རྡོ་བའི་ཕྲིན་ལན་དུ། །ཉུང་གསལ་གོ་བདེའི་ཚིག་འདི་བརྗོད། །རྙེད་དཀའི་མི་ལུས་ཐོབ་གྱུར་ཅིང་། །ཡང་དག་སངས་རྒྱས་བསྟན་དང་མཇལ། །དགེ་བློ་རྒྱུད་ལ་སྐྱེས་པ་དེ། །ཚེ་སྔོན་བསོད་ནམས་བསགས་པའི་རྟགས། །ཡིད་བཞིན་ནོར་བུ་རྙེད་ལས་ལྷག །བརྩོན་པས་ཆོས་ལ་མ་འབད་ན། །མི་རྟག་འཆི་བ་མྱུར་དུ་འོང་། །འཆི་ཚེ་ཆོས་ལས་སྐྱབས་གཞན་མེད། །དེ་ཕྱིར་སྙིང་ལ་རི་མོ་བྲིས། །སྐྱེས་པའི་མཐའ་ནི་འཆི་བ་ཡིན། །འདུས་པའི་མཐའ་ནི་འབྲལ་བར་ངེས། །བསགས་པའི་མཐའ་ནི་འཛད་པར་འགྱུར། །མཐོན་པོའི་མཐའ་ནི་ལྟུང་བའི་རྒྱུ། །བརྩེགས་པའི་མཐའ་ནི་འགྱེལ་བ་སྟེ། །ཅི་ལ་བསམས་ཀྱང་སྐྱོ་བའི་གནས། །འཁོར་བའི་ཆོས་ལ་སྙིང་པོ་མེད། །སྙིང་པོ་དམ་པའི་ལྷ་ཆོས་མཛོད། །འཁོར་བའི་གནས་ན་བདེ་བ་མེད། །ངན་སོང་སྡུག་བསྔལ་བཟོད་པར་དཀའ། །ལྷ་མིའི་བདེ་སྐྱིད་མི་རྟག་འགྱུར། །དེ་ཕྱིར་སྐྱོ་བ་སྐྱེད་པར་རིགས། །སྲིད་པའི་བདེ་སྡུག་ལས་ཀྱི་མཐུ། །དགེ་བ་ལས་ནི་བདེ་བ་འབྱུང་། །མི་དགེ་བ་ལས་སྡུག་བསྔལ་སྐྱེད། །འདི་ལ་ཅུང་ཟད་འགྱུར་བ་མེད། །དེ་ཕྱིར་རང་དབང་རང་ལ་ཡོད། །བླང་དོར་ལག་ལེན་ཚུལ་བཞིན་མཛོད། །སྙིང་ནས་དམ་ཆོས་བསྒྲུབ་པ་ལ། །བར་ཆད་བདུད་ནི་ཅིར་ཡང་བརྫུ། །བློ་གཏད་དཀོན་མཆོག་གསུམ་ལ་ཞུས། །སྐྱབས་འདིས་ནམ་ཡང་བསླུ་མི་སྲིད། །སེམས་ཅན་ཕ་མའི་རང་བཞིན་ལ། །ཁྲོ་དང་གནོད་སེམས་འཚེ་བ་སྤོངས། །ཀུན་ལ་བྱམས་དང་སྙིང་རྗེ་སྐྱེད། །སྒོ་གསུམ་དགེ་བའི་ལས་ལ་འབུངས་། །སྤྱོད་པ་ཆོས་དང་ཅི་མཐུན་གྱིས། །ཀུན་ཀྱང་སེམས་ཅན་དོན་དུ་བསྔོས། །དེས་ནི་ཁྱོད་ལ་དགེ་བར་འགྱུར། །དྲན་དང་ཤེས་བཞིན་འབྲལ་མེད་ཀྱིས། །དུས་རྒྱུན་རང་གི་སེམས་ལ་རྟོགས། །དགེ་བར་འདུག་ན་གཟེངས་བསྟོད་ལ། །ཉེས་པར་འདུག་ན་ཚར་གཅོད་བྱོས། །རང་རྒྱུད་ཆོས་དང་ཞུ་དག་གྱིས། །སེམས་རྒྱུད་ཆོས་དང་འདྲེས་གྱུར་ན། །ཅི་བྱེད་དགེ་བའི་ལམ་དུ་འགྲོ། །འཁོར་བ་སྤོང་ལ་དཀའ་རྒྱུ་མེད། །ཡོན་ཏན་ཐམས་ཅད་ངང་གིས་འདུ། །ཅི་ལྟར་བྱས་ཀྱང་བདེ་བ་སྟེ། །གང་ལྟར་བྱས་ཀྱང་སྐྱིད་པ་ཉིད། །ཕ་མའི་དྲིན་ལན་དེ་ཡིས་འཁོར། །དཀོན་མཆོག་མཆོད་པ་དེ་རང་ཟབ། །རང་གི་བསགས་སྦྱང་སྙིང་པོ་དེ། །དལ་འབྱོར་དོན་ལྡན་འགྱུར་བ་ལགས། །དེ་སྐད་རྒན་པོ་བི་ཛས་སྤྲིངས། །ཁྱོད་ཀྱི་དགེ་བློ་གོང་འཕེལ་ནས། །ཚེ་དང་ཆོས་སྤྱོད་མཐར་ཕྱིན་ཅིང་། །དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །
༈ ཐོག་མར་བློ་ལྡོག་རྣམ་བཞིས་རྒྱུད་སྦྱང་ངོས། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་དག་པ་དང་། །ཐོས་བསམ་སྒོམ་པའི་ཡོན་ཏན་གོང་འཕེལ་ངོས། །རང་གཞན་དོན་གཉིས་འགྲུབ་པའི་ཉམས་བཞེས་མཛོད། །ཅེས་པའང་བི་ཛས་སོ། །
༈ ༀ་སྭསྟི། གྲུབ་པ་ཡོངས་ཀྱི་གཙུག་གི་ཅོད་པཎ་གྱིས། །ཞབས་སེན་པདྨའི་གེ་སར་ལེགས་བསྟེན་པའི། །རྒྱལ་ཀུན་ཡེ་ཤེས་གཅིག་བསྡོམས་མཚོ་སྐྱེས་རྗེས། །ཁྱོད་ལ་ཤིས་པའི་མེ་ཏོག་དེང་འདིར་སྩོལ། །རིང་མོ་ཉིད་ནས་མཛའ་བ་ལྷོད་མིན་འབྲས། །ཕྲིན་ཡིག་དཔྱིད་ཀྱི་དཔལ་མོས་ཉེར་བསྐུལ་རྒྱུས། །ལེགས་པར་འདོམས་པ་དབྱར་རྔ་གསར་པའི་སྒྲ། །སྒྲོགས་ལ་སྐལ་བཟང་མདོངས་མཐའ་དགའ་བར་མཛོད། །མངོན་མཐོའི་ཡོན་ཏན་རྫོགས་པའི་ཨུཏྤལ་ལ། །པཎ་ཆེན་བླ་མའི་ཐུགས་རྗེའི་ཉི་འོད་ཀྱིས། །བསྐྱངས་དེས་རྣམ་དཔྱོད་གེ་སར་རྒོད་པའི་དཔལ། །སྔོན་བསགས་ལེགས་སྨོན་རྩ་བ་བརླིང་བའི་མཐུ། །དེ་ལྟ་ན་ཡང་སཱ་ལའི་ཁྲི་ཤིང་དང་། །མི་གཙང་ཉ་རོས་དཀྲིས་པའི་ཀུ་ཤ་བཞིན། །གྲོགས་ལ་བསྟེན་ནས་མཐོ་དམན་ཀུན་བྱེད་ཕྱིར། །ད་དུང་དགེ་བའི་བཤེས་གྲོགས་བསྟེན་པ་གནད། །ཐོས་སོགས་ཡོན་ཏན་འབྲས་ཁུལ་ལྕི་ན་ཡང་། །རྣམ་དག་ཁྲིམས་ཀྱི་རྩ་བ་བརླིང་མིན་ན། །གཞན་ཕན་གྲིབ་བསིལ་སྣུམ་པོས་སྐལ་བཟང་མགྲོན། །བདེ་བའི་ངལ་སྟེགས་འཆའ་བར་ནུས་མ་ཡིན། །གང་ལ་ཐོས་སོགས་ནོར་གཞན་དང་བྲལ་ཡང་། །དྲི་མེད་ཚུལ་ཁྲིམས་རིན་ཆེན་རྒྱན་གཅིག་པུས། །སྲིད་ན་གྲགས་པའི་གདུགས་དཀར་ཆེས་བརླིང་བའི། །ངང་ཚུལ་མངོན་དུ་གྱུར་ལ་སུ་ཡིས་བསྙོན། །ཁྲིམས་ལྡན་ཐོས་མང་འབྱོར་པའི་དཔག་བསམ་དབང་། །མཁས་ཚུལ་འདོད་དགུའི་འབྲས་མང་སྦྱིན་མཁས་ན། །མ་བོས་བློ་གསལ་རྣམ་སད་གཞོན་ནུའི་ཚོགས། །རབ་འདུས་གྲགས་པའི་དྲི་བསུང་ཉམས་པ་མེད། །དེ་སླད་དམ་པ་རྣམས་ཀྱིས་ལེགས་བསྔགས་པའི། །ཚུལ་གནས་ཐོས་བསམ་སྒོམ་པའི་ཡོན་ཏན་ལ། །གཅིག་ཏུ་བརྩོན་པའི་བརྟུལ་ཞུགས་མི་ལྷོད་ངོས། །བག་ཡོད་བདུད་རྩིའི་དགའ་སྟོན་བཞེས་པར་མཛོད། །རེས་འགའ་ནགས་སུ་སྐྱེས་པའི་པདྨ་བཞིན། །དབེན་གསུམ་ལྗོན་པའི་བསིལ་གྲིབ་ཉེར་བརྟེན་ནས། །ཟབ་གསང་རྟོགས་པའི་བདུད་རྩིའི་ཉིང་ཁུ་ཡིས། །རང་དོན་ཞི་བའི་གེ་སར་འབྱོར་བར་མཛོད། །རེས་འགའ་རྫིང་ན་གནས་པའི་པདྨ་བཞིན། །གཞན་ཕན་སྙིང་རྗེའི་ཆུ་བ་བརླན་བྱས་ནས། །ལེགས་བཤད་བཅུད་ཀྱིས་དོན་གཉེར་བུང་བའི་ཁྱུ། །ཚིམས་བྱས་ཐུབ་བསྟན་སྐྱེད་ཚལ་མཛེས་པར་མཛོད། །རྣམ་ཀུན་དྲན་དང་ཤེས་བཞིན་ལྕགས་ཀྱུ་ཡིས། །སེམས་ཀྱི་གླང་པོ་ཡན་པར་མི་བཏང་བར། །ཆོས་ལ་སེམས་པའི་ཀ་བར་ལེགས་བཏགས་ནས། །རྒྱལ་སྲས་སྤྱོད་ལས་ནམ་ཡང་ཉམས་མེད་མཛོད། །རྟེན་འབྱུང་ཆོས་ཀུན་སྟོང་ཉིད་ཀློང་དུ་གཅིག །སྟོང་པའི་རང་མདངས་རྟེན་འབྱུང་སྒྱུ་མར་ཤར། །རྒྱས་གདབ་མི་དགོས་ཡེ་ནས་ལྷུན་གྱིས་གྲུབ། །ཟུང་འཇུག་ལྟ་བའི་གནད་གསང་མཁྱེན་པར་མཛོད། །འོད་གསལ་རང་བཞིན་སེམས་ཀྱི་ཆོས་ཉིད་ཁམས། །འཆིང་གྲོལ་གཉིས་མེད་གདོད་ནས་མཉམ་པ་ཉིད། །རང་གནས་མི་གཡོ་ཡེ་ཤེས་ཆེན་པོའི་ཀློང་། །ཅོག་བཞག་སྒོམ་པའི་ཉམས་མྱོང་འབྲལ་མེད་མཛོད། །ཚོགས་དྲུག་ཡུལ་ཀུན་བདེན་སྟོང་སྒྱུ་མ་བཞིན། །གང་སྣང་ཞེན་མེད་སྤྱོད་པའི་ལམ་ཁྱེར་གྱིས། །མ་ཆགས་སྐྱོན་བྲལ་ཆུ་ཡི་པདྨ་ལྟའི། །དམ་པས་བསྔགས་པའི་ཚུལ་ལ་འབད་པར་མཛོད། །ལྷག་པའི་དོན་དམ་དཀོར་བདུན་ངོ་བོར་མཉམ། །ཀུན་རྫོབ་ཕུང་སོགས་གདན་གསུམ་ལྷ་ཡི་དལ། །ཟུང་འཇུག་ཡེ་ནས་ཆོས་སྐུར་གནས་ཤེས་པས། །འབྲས་བུའི་ས་ལ་གཏན་སྲིད་ཟིན་པར་མཛོད། །དེ་སྐད་ཚིག་དོན་རྣམ་བཀྲའི་ངང་མོ་ཞིག །བློ་གྲོས་རྒྱ་མཚོའི་ཡིད་ཀྱི་རྫིང་བུ་ནས། །ཉེར་ཐོན་ལྔ་རིག་སྨྲ་བའི་མཁྱེན་པའི་མཚོར། །ཡིད་ཀྱིས་ཅི་དགར་རྩེན་འདིས་མཉེས་པར་མཛོད། །མཁྱེན་རབ་ཟུར་ཕུད་ལྔ་པའི་ལང་ཚོའི་རྩེར། །བརྩེ་ཆེན་པད་དཀར་འཆང་བ་རྗེས་ཆགས་མདངས། །ནུས་མཐུ་རྡོ་རྗེ་ཅན་ལྟར་ཆེས་དཔའ་བའི། །དགེ་མཚན་ནུབ་པ་མེད་པས་སྲུངས་གྱུར་ཅིག །
༄༅། །རབ་དཀར་བསོད་ནམས་གསེར་གྱི་ཤིང་རྟ་ཡིས། །རྨད་བྱུང་འཁོར་ལོ་བཞི་ཡི་རྒྱལ་ཐབས་ལ། །དབང་བསྒྱུར་སྡེ་བཞིའི་མངའ་ཐང་ཆེས་དར་བའི། །ལྷ་རིགས་ས་ཡི་ཚངས་པ་མཆོག་གི་དྲུང་། །ལུས་ཀྱི་འཁྲི་ཤིང་རྒ་ནའི་གཞན་དབང་དུ། །གྱུར་ཀྱང་རིང་ནས་མཛའ་བའི་ཡིད་སྐྱེས་གཞོན། །ལྷག་བསམ་འཁར་བ་ལ་བརྟེན་ཀུ་སཱ་ལིས། །ཞུ་མཆིད་མགྲིན་པའི་རྒྱུད་མང་འཁྲོལ་འདིར་དགོངས། །རིང་མོ་ཉིད་ནས་རྒྱལ་སྲས་སྤྱོད་གཞུང་ཆེར། །ཡང་ཡང་གོམས་པའི་འབྲས་རྟགས་མ་རྨས་པ། །དེང་འདིར་ས་ཆེན་ཆོས་བཞིན་ལེགས་སྐྱོང་པའི། །རྣམ་ཐར་གཙང་མས་འགྲོ་འདི་སྐལ་བཟང་བྱས། །ཐུབ་བསྟན་སྤྱི་དང་བྱེ་བྲག་དྭགས་རྙིང་གི། །བསྟན་པའི་སྙིང་པོ་བཤད་སྒྲུབ་འདུས་པའི་སྡེ། །གསར་དུ་སྤེལ་སོགས་རྣམ་དཀར་ཕྱག་བཞེས་ཆེ། །སྔོན་བྱོན་ཆོས་རྒྱལ་མེས་དབོན་སྤུན་ཟླར་འཁུམས། །ཁྱད་པར་དུ་ཡང་འཇམ་མགོན་བླ་མ་ཡི། །རིང་ལུགས་ཟླ་མེད་མཛོད་ལྔའི་སྨིན་གྲོལ་རྒྱུན། །ཆེས་ཆེར་འཕེལ་བའི་ཐུགས་བསྐྱེད་བརྩོན་པའི་གོ། བརླིང་འདིས་འཕགས་པའི་རང་མཚན་གསལ་བར་བྱས། །ངོ་མཚར་ཆེ་འོ་ས་སྐྱོང་ཆོས་ཀྱི་རྗེ། །སྐལ་བ་བཟང་ངོ་བགྱི་བ་དོན་ལྡན་ཉིད། །བཀའ་འདྲིན་ཆེ་འོ་བསྟན་དང་འགྲོ་བ་ལ། །ཡི་རང་འབུལ་ལོ་སླར་ཡང་བརྩོན་པར་མཛོད། །རྒྱལ་བར་གྱུར་ཅིག་ལྷས་བསྐོས་ར་ཛ་མཆོག །མི་མཐུན་འགལ་རྐྱེན་བདུད་སྡེའི་གཡུལ་ཚོགས་ལས། །ཤིས་པར་གྱུར་ཅིག་ཕྱོགས་དང་དུས་ཀུན་ཏུ། །དཀོན་མཆོག་རྩ་གསུམ་དཀར་ཕྱོགས་ཡོངས་ཀྱི་མཐུས། །ལུགས་གཉིས་བྱ་བས་ཚུར་ལ་བཏང་གྱུར་པའི། །འདིར་གནས་དགེ་སྦྱོང་གཟུགས་བརྙན་འདུ་གསུམ་པ། །རང་ཤོང་བྲག་གི་སྤྱིལ་བུར་འདི་ནས་བཟུང་། །འཆི་བ་བསྒུགས་ཏེ་གཅིག་ཏུ་གནས་སྙམ་ལགས། །མཆོག་གི་བཀའ་ལུང་གསེར་སྦྲམ་ལྟར་ལྕི་བ། །ཉམས་མེད་འབྱོར་པ་སྙིང་ལ་རབ་སིམ་ཞིང་། །ཐུགས་བཞེད་སྐོང་ལ་སྤྲོ་བ་ཆེར་བརྟན་ཀྱང་། །རྒ་ནའི་གཞན་དབང་གྱུར་འདིས་བདག་ནོངས་སོ། །མི་གུས་མ་ལགས་རྒྱགས་དང་དྲེགས་པས་མིན། །ལང་ཚོ་ཡོལ་དང་བཞི་བརྒྱ་རྩ་བཞི་ཡི། །ནད་ཀྱིས་མནར་ལ་བདག་གིས་ཅི་བྱར་ཡོད། །དེ་སླད་མི་ཡི་དབང་པོས་བཟོད་པར་མཛོད། །གང་དག་མཛའ་གཅུགས་སྲད་བུས་ཡིད་ཀྱི་གྲོགས། །འཆིང་བ་གང་དེ་རིང་ཡང་ཉེ་བ་སྟེ། །དེ་ལྡོག་ལྷན་ཅིག་གནས་ཀྱང་དེ་ལྟ་མིན། །དེ་སླད་བྱང་ཆུབ་བར་དུ་མི་འབྲལ་སྨོན། །གང་ལ་ཕན་པར་འདོམས་གང་བླ་མ་སྟེ། །དེ་ཉིད་རྗེས་སུ་སྒྲུབ་གང་སློབ་མའི་མཆོག །དེ་སླད་ས་ཡི་ཚངས་པ་མཆོག་གིས་ཀྱང་། །སྔོན་བྱོན་ཆོས་རྒྱལ་དམ་པའི་རིང་ལུགས་སྐྱོངས། །འབངས་འཁོར་མཐའ་དག་མ་ཡིས་བུ་བཞིན་དུ། །ལེགས་སྐྱོངས་འཇམ་པའི་དཔྱ་ཡིས་འཚོ་བ་དང་། །ཉམ་ཆུང་རི་དང་ཆུ་ལ་གནས་སོགས་ཀྱི། །མགོན་མེད་རྣམས་ལ་མི་འཇིགས་སྦྱིན་པར་མཛོད། །དུས་ཆེན་རྣམས་སུ་ཡན་ལག་བརྒྱད་པ་སོགས། །ཁྱིམ་པ་རྣམས་ཀྱིས་སྒྲུབ་སླ་དོན་ཆེ་བའི། །དཀར་རྒྱུན་སྤེལ་དང་སྡིག་དང་འབྲེལ་བའི་སྲོལ། །སྔར་ཡོད་རྒྱུན་ཆོད་ཕྱིན་ཆད་སྤེལ་མི་འཚལ། །ད་ལྟའི་བདེ་སྡུག་སྔོན་བསགས་འབྲས་བུ་སྟེ། །ཕྱི་མར་ཅིར་འགྱུར་ད་ལྟའི་ལས་ཀྱིས་བྱེད། །ལས་འབྲས་མི་བསླུ་ཐུབ་གསུངས་གཅེས་པའི་མཛོད། །ལེགས་པར་ཤེས་ན་བླང་དོར་བརྩོན་པ་གལ། །མཐའ་མེད་སྲིད་པའི་སྡུག་བསྔལ་བཟོད་པར་དཀའ། །དེ་ལས་སྐྱོབ་ནུས་དཀོན་མཆོག་ལས་གཞན་སུ། །ཡིད་ཆེས་བློ་གཏད་ནུས་ན་ཅི་བསམ་འགྲུབ། །དེ་སླད་དཀོན་མཆོག་མཆོད་ལ་བརྩོན་པར་མཛོད། །མཁའ་མཉམ་འགྲོ་ཀུན་ཕ་མའི་རང་བཞིན་ཏེ། །དེ་ལ་ཉེ་རིང་ལྟ་བ་འཁྲུལ་པའི་བློ། །དེ་སླད་ཚད་མེད་བཞི་ལ་བློ་སྦྱོང་ཞིང་། །བྱང་ཆུབ་སེམས་གཉིས་རྟག་ཏུ་གོམས་པར་མཛོད། །འགྲོ་བའི་བདེ་སྐྱིད་སངས་རྒྱས་བསྟན་ལ་རག །དེར་འཛིན་བྱེད་པ་བཤད་དང་སྒྲུབ་པའི་སྡེ། །གང་ན་སུ་བཞུགས་ཀུན་ལ་དག་སྣང་དང་། །ཞབས་ཏོག་སྲི་ཞུ་བརྩོན་པ་ལྷུར་ལེན་མཛོད། །གསང་སྔགས་ལམ་གྱི་རྩ་བ་སྨིན་བྱེད་དབང་། །དེ་ཡི་སྲོག་ནི་དམ་ཚིག་ལ་ཐུག་ཕྱིར། །རྩ་བ་ཡན་ལག་དམ་ཚིག་མ་ཉམས་དང་། །རིམ་གཉིས་ལམ་ལ་བརྟན་པ་ཐོབ་པར་མཛོད། །འཁོར་འདས་ཆོས་ཀུན་རང་སེམས་གཉུག་མའི་རྩལ། །སེམས་ཉིད་རིག་སྟོང་རང་བྱུང་རྫོགས་པ་ཆེ། །སྐུ་གསུམ་དགོངས་པའི་ངོ་བོར་ཡེ་ནས་གནས། །ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་གལ། །རང་སེམས་བླ་མར་རྟོགས་ན་ལྟ་བའི་རྩེ། །དེ་དང་འབྲལ་བ་མེད་ན་སྒོམ་པའི་མཆོག །དེ་ཉིད་མངོན་དུ་གྱུར་ན་འབྲས་བུ་སྟེ། །དེ་ལས་གཞན་པའི་ཉམས་ལེན་ཡོད་མི་དགོས། །རྗེས་ཐོབ་ཆོས་ཀུན་སྒྱུ་མར་ཤེས་པའི་ངང་། །ཚོགས་གཉིས་ཟུང་འབྲེལ་ལམ་ལ་སློབ་པ་དང་། །སྤངས་བསྒྱུར་ཁྱེར་གསུམ་རང་གི་བློ་ཚོད་དང་། །བསྟུན་ནས་དགག་དགོས་རང་རྒྱུད་མི་འཆིང་གཅེས། །ཚུལ་འདི་དཔལ་མགོན་བླ་མའི་ཞལ་གྱི་རྒྱུན། །ཆ་ཙམ་བདག་བློའི་བུམ་པར་འཁྱིལ་བའི་ཤས། །གསོལ་འདི་མི་དབང་ཐུགས་མཚོར་སིམ་མཛོད་ལ། །སླད་ནས་དགྱེས་པའི་སྤྱན་རས་བཙའ་བར་འོས། །ཁྱད་པར་མཆོག་གི་ཞོ་ཤས་ཉེར་འཚོ་བའི། །རིག་འཛིན་མཁའ་སྤྱོད་གླིང་གི་སྒྲུབ་པའི་སྡེ། །འཛིན་བྱེད་མཆོག་སྤྲུལ་ལྟོས་འཁོར་བཅས་རྣམས་ལ། །ཐུགས་རྗེའི་གྲིབ་བསིལ་རྟག་ཏུ་བསྣུམ་པར་མཛོད། །འབྱུང་འགྱུར་དུ་ཡང་ས་ཡི་ཚངས་པ་མཆོག །འཇིགས་བྲལ་སེང་གེའི་ཁྲི་ལས་གཡོ་མེད་པར། །དགེ་བཅུའི་བཀའ་ཁྲིམས་བཙན་པོས་ནོར་འཛིན་ཁྱོན། །ཡོངས་ཁྱབ་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག །མཁའ་ལ་རྩ་གསུམ་བྱིན་རླབས་སྤྲིན་ཆེན་འཁྲིགས། །བར་ན་དཀར་ཕྱོགས་བདེན་མཐུ་གྲུ་ཆར་འཇོ། །ས་ལ་སྐྱེ་དགུ་དགའ་བའི་གླུ་དབྱངས་སྙན། །རྫོགས་ལྡན་གསར་དུ་འཆར་བའི་བཀྲ་ཤིས་ཤོག །


previousཉུང་གསལ་གོ་བདེའི་ཚིགnext