Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དད་མོས་དང་ལྡན་པ་རིགས་བཟང་ལ་གདམས་པ།
   
   
   
   


 
previousདད་མོས་དང་ལྡན་པ་རིགས་བཟང་ལ་གདམས་པ། next

དད་མོས་དང་ལྡན་པ་རིགས་བཟང་ལ་གདམས་པ།

༄༅། །དད་མོས་དང་ལྡན་པ་རིགས་བཟང་ལ་གདམས་པ། བླ་མ་ལ་ཕྱག་འཚལ་ལོ། དད་མོས་དང་ལྡན་པ་རིགས་བཟང་ལ་གདམས་པ། ཆོས་གཤའ་མ་ཞིག་མཛད་ན། དང་པོར་དལ་འབྱོར་རྙེད་དཀའ། ཚེ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་རྣམས་ཁ་ཙམ་ཚིག་ཙམ་དུ་མ་སོང་བར་སྙིང་ཐག་པ་ནས་སྒོམ་དགོས། དེ་གོམས་ན་སྲིད་འབྱོར་མཐའ་དག་ལས་བློ་ལོག་ནས་དམ་པའི་ཆོས་མ་གཏོགས་ཅིས་ཀྱང་དགོས་པ་མེད་པ་ཞིག་ཤུགས་ལས་འབྱུང་། དེ་བྱུང་ན་ཆོས་ཀྱི་ཕྱེད་ཀ་ཚར་བ་ཡིན། དེའི་སྟེང་དུ་བླ་མ་དང་དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་མཛོད། དེ་གོམས་ན་སྐྱིད་སྡུག་ཅི་བྱུང་ཡང་བླ་མ་དཀོན་མཆོག་ལས་སྐྱབས་གཞན་མི་འཚོལ་བ་ཞིག་འོང་། དེ་བྱུང་ན་ནང་པ་སངས་རྒྱས་པའི་གྲལ་དུ་ཆུད། སྡོམ་པ་ཀུན་གྱི་གཞི་རྟེན་སྐྱབས་སུ་འགྲོ་བའི་བསླབ་བྱ་དེ་ཡིན། དེའི་སྟེང་དུ་སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་ངང་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དུས་རྒྱུན་ཆད་མེད་པར་སྒོམས། དེ་གོམས་ན་ཅི་བྱེད་གཞན་དོན་དུ་འགྱུར་ཞིང་རང་འདོད་ཀྱི་འཁྲིས་ཡེ་མེད་པ་ཞིག་འོང་། དེ་བྱུང་ན་ཐེག་པ་ཆེན་པོའི་གྲལ་དུ་ཆུད་པ་ཡིན། རྒྱལ་བའི་སྲས་ཀྱི་མིང་ཡང་དེས་ཐོབ། བསོད་ནམས་དང་ཕན་ཡོན་ལ་ཚད་བཟུང་དུ་མེད། ཡང་དག་པའི་ལམ་གོལ་འཕྱུག་མེད་པ་དེ་ཡིན་དེ་རྣམས་གང་ཡང་མ་བྱུང་ཕྱིན་བཏོན་བཏོན་སྒྲུབ་སྒྲུབ་དང་། ལྟ་བ་མཐོ་མཐོ། སྒོམ་པ་ཟབ་ཟབ། སྤྱོད་པ་ཞིབ་ཞིབ་གང་ལྟར་སྣང་ཡང་། གང་བྱེད་ཚེ་འདིའི་འདུན་མ། ཅི་བྱེད་ལྟོ་གོས་ཀྱི་ཡང་ཟོང་དུ་སོང་ནས། ཡང་དག་པའི་ལམ་གྱི་ཕྱོགས་ཙམ་དུ་ཡང་མི་ཉེ། རང་མགོ་རང་གིས་བསྐོར། རང་གིས་རང་བསླུ་བྱ་བ་དེ་ཡིན། དེ་བས་ན་དང་པོ་ནས་མཐོ་སྙབ་མི་མཛད་པར་འདི་རྣམས་ཐུགས་ལ་ཅི་འདྲེས་མཛོད། ཆོས་པ་བྱ་བ་ཆོས་དང་རང་རྒྱུད་འདྲེས་དགོས་པ་ཡིན། ཉམས་ལེན་བྱ་བ་དུག་གསུམ་གྱི་གཉེན་པོར་འགྲོ་དགོས། ཉོན་མོངས་པའི་གཉེན་པོར་མ་སོང་བའི་ཆོས་ཀྱིས་ཅི་ཡང་མི་ཕན། དེ་ལྟར་སེམས་རྒྱུད་ཆོས་དང་འདྲེས་པས་བདག་འཛིན་གྱི་གཉེན་པོར་སོང་ན་ཆོས་རྒྱུད་ལ་སྐྱེས་པ་ཡིན་ཆོས་ལམ་དུ་སོང་ཟེར་བ་དེ་ཡིན། ད་གཟོད་དབང་བཞིའི་ལམ་ཁྱེར་བསྐྱེད་བཟླས་རྫོགས་རིམ་མཚན་བཅས་མཚན་མེད་གང་བསྒོམ་ཡང་། ཡང་དག་པའི་མྱུར་ལམ་བླ་ན་མེད་པར་འགྲོ། གོལ་སར་མི་ལྷུང་། དེ་ཡང་བསྐྱེད་རིམ་གྱི་གོ་དོན་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་རྟོག་ཚོགས་ཀྱི་ཆོས་ཐམས་ཅད་ཡེ་ནས་དག་མཉམ་དབྱེར་མེད་གདན་གསུམ་ཚང་བའི་ལྷ་ཡི་འཁོར་ལོར་སངས་རྒྱས་པའི་རང་བཞིན་ཅན་ཡིན་ལ་ཡིན་པར་ཤེས་པའི་ངེས་ཤེས་དང་ལྡན་པའི་ངང་ནས་གསལ་དག་བརྟན་གསུམ་དང་དག་རྫོགས་སྨིན་གསུམ་ཚང་བ་གལ་ཆེ་དེ་མིན་ཁ་མིག་རྣ་བ་ཅན་རང་རྒྱུད་པར་བཟུང་ནས་བསྒོམས་ན་ཅི་འགྱུར་ཆ་མེད། བཟླས་བརྗོད་ཡང་འགྲོ་འོང་སྲོག་རྩོལ་བརྟན་གཡོའི་སྒྲ་སྐད་ཐམས་ཅད་ཡེ་ནས་རྣམ་དག་གྲགས་སྟོང་སྐྱེ་མེད་རྒྱལ་བའི་གསུང་དུ་གནས་པར་ཤེས་པའི་ངང་སྲོག་སྡོམ་གཟེར་བཞི་སོགས་ཀྱི་གནད་དང་ལྡན་དགོས། དེ་མ་བྱུང་ཕྱིན་ཁ་ཡེང་མིག་ཡེང་གི་ངང་ནས་མཆུ་ཡིས་ཡལ་འདབ་བསྐྱོད་ཙམ་གྱིས་ནི་དོན་འབྲས་ཆེན་པོ་མི་འབྱིན། རྫོགས་རིམ་ཡང་རིག་པ་བྱང་ཆུབ་ཀྱི་སེམས་ཡེ་ནས་འཆིང་གྲོལ་མེད་པའི་གཤིས་ལུགས་རྒྱལ་བའི་ཐུགས་རྡོ་རྗེར་གདོད་ནས་གྲུབ་པ་ཉིད་ཡིད་དཔྱོད་དང་ཕོ་ཚོད་ཙམ་དུ་མ་སོང་བར་དོན་དམ་སེམས་ཉིད་ཀྱི་གནས་ལུགས་འཕྱུགས་མེད་རང་ངོ་འཕྲོད་ཅིང་ཤེས་པའི་ངང་ནས་བསལ་བཞག་སྤང་བླང་དང་བྲལ་བར་ཆུ་བོའི་རྒྱུན་བཞིན་སྐྱོང་བ་ཡིན། སྡུག་བཙིར་གྱི་སེམས་འཛིན་སྐོ་ཙེ་བ་དང་། ཁ་ལྟ་རྒྱས་འདེབས་ཀྱི་སྟོང་སྦོས་ཀྱིས་ནི་ཅིར་ཡང་མི་བཏུབ། དོན་དམ་རང་ངོ་ཤེས་པ་ལ་བརྒྱུད་ལྡན་བླ་མའི་བྱིན་རླབས་འཕོ་དགོས། དེ་འཕོ་བ་སློབ་མའི་མོས་གུས་ལ་རག་ལས། ཕན་ཚུན་གློ་བ་ཉེ་བ་ཙམ་གྱིས་སྦྱིན་དུ་མེད། དེས་ན་རང་གི་བླ་མ་དེ་སངས་རྒྱས་ཆོས་ཀྱི་སྐུར་ལྟ་བའི་མོས་གུས་དང་མ་བྲལ་བ་གཅེས། ཚོགས་བསགས་སྒྲིབ་སྦྱོང་སྒོ་དུ་མ་ནས་འབད་པའང་དེའི་གྲོགས་སུ་འགྲོ། དེ་ལྟ་བུའི་རྒྱུ་རྐྱེན་རྟེན་འབྲེལ་གང་ཡང་མ་འཛོམས་ན་བཤད་བཤད་བསླབས་བསླབས་ཀྱི་ཙབ་ཙུབ་མང་པོས་ཅི་ཡང་མི་ཕན། དགོས་པའི་དུས་སུ་བསླུས་པ་མང་། རང་ལ་དད་མོས་སོགས་རྒྱུ་ཚོགས་ཚང་ན་དུས་གསུམ་གྱི་བླ་མ་རྣམས་ཀྱིས་ཐུགས་རྗེ་ལ་འབྲི་བཀོལ་མེད། རྩ་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྤུངས་པ་བཞིན་དུ་འོང་། དེ་ཙ་ན་མཆོག་ཐུན་མོང་གི་དངོས་གྲུབ་གང་འདོད་ཀྱང་ཞར་ལ་འབྱུང་བ་ཡིན། རང་གཞན་གྱི་དོན་གཉིས་འགྲུབ་པའི་ཕོ་རྒོད་གཅིག་འབྱུང་བར་གདའ་སྟེ། ད་ལྟ་རང་རེའི་བསམ་སྤྱོད་ལ་དཔགས་ན་ཡིད་སྨོན་ཙམ་ལས་དཀའ་བར་མཆིས། འོན་ཀྱང་རང་གིས་བརྩོན་ནུས་ན་དེ་ལྟར་འགྱུར་ངེས་པ་ནི། རྒྱལ་བ་རྡོ་རྗེ་འཆང་གི་ལུང་ཚད་མ་དང་གྲུབ་ཐོབ་གོང་མ་རྣམས་ཀྱི་རྣམ་ཐར་ཚད་མས་གྲུབ་པ་ལགས་པས་དེ་བཞིན་ཐུགས་ལ་ཞོག་མཛོད། བསླབ་བྱ་ཚིག་བཅད་དུ་བྲིས་ཀྱང་དོན་གྱི་གནད་དེ་ལས་མ་མཆིས་པས་ཉིད་ཀྱིས་གོ་བདེ་བའི་ཕྱིར་ལྷུགས་པར་བཤད་པ་ཡིན། དགེ་བས་ཁྱེད་བློ་ཡང་དག་པའི་ལམ་དུ་འགྲོ་བར་གྱུར་ཅིགཕན་ཐོགས་པར་གྱུར་ཅིགཕན་ཐོགས་པར་གྱུར་ཅིགཕན་ཐོགས་པར་གྱུར་ཅིགཅེས་པའང་པདྨ་བི་ཛས་སྨྲས་པ་དགེ།
༄༅། །ལགས། འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་རང་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་དང་རོལ་པ་དང་རྒྱན་ཙམ་དུ་ཤར་བའི་ཕྱིར། རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ན་ཐ་མལ་གྱི་ས་རྡོ་བཙལ་ཀྱང་མི་རྙེད་པ་ལྟར། ཐམས་ཅད་ཡེ་གྲོལ་རྫོགས་པ་ཆེན་པོ་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ཀློང་དུ་འུབ་ཆུབ་པའི་ཚུལ། ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་བརྒྱུད་པ་དང་བཅས་པའི་གསུང་རབ་རྣམས་ནས་གསལ་བོར་བསྟན་པ་བཞིན་ལ། དོན་དུ་སངས་རྒྱས་སྒོམ་པོས་མ་མཛད། སེམས་ཅན་སྒྲིན་པོས་མ་བཅོས། བཟང་རྟོག་ལྟ་སྒོམ་ཞེན་པས་མ་བཅིངས། ངན་རྟོག་ཉོན་མོངས་གཟུང་འཛིན་གྱིས་མ་བསླད་པའི། ཡེ་ནས་གནས་པའི་ཆོས་ཉིད་ཀྱི་བབས། གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། རིག་པ་རང་གནས་ཀྱིས་བསམ་གཏན། ད་ལྟར་རང་རེ་རྣམས་ཀྱི་སེམས་ཀྱི་ཆོས་ཉིད་མ་བཅོས་ཐ་མལ་ཤེས་པའི་གཤིས་ལུགས་རིག་སྟོང་རྗེན་པ་འདི་གབླ་མ་ཚོས་མཁས་ནས་གསར་དུ་བྱས་པ་མིན། སློབ་མ་ཉམས་ལེན་བཟང་བས་གསར་དུ་བྱུང་བ་མིན། ཡ་ཀི་ཀུན་ཏུ་བཟང་པོ་ནས་མ་ཀི་འཇག་མིག་གི་སྲིན་བུ་ཡན་ཆོད་ཀྱི་རྒྱུད་ལ་ཡེ་ནས་འབྲལ་མེད་དུ་གནས་ཀྱང་སེམས་ཅན་རྣམས་རང་ངོ་མ་ཤེས་པའི་དབང་གིས་དཔེ་རྒྱལ་བུ་དམངས་སུ་འཁྱམས་པ་དང་འདྲ། དེས་ན་མ་བཅོས་ཟང་ཀའི་ཤེས་པ་འདི་ཀུན་བཟང་ཆོས་སྐུའི་དགོངས་པར་ཐག་ཆོད་ལ། གང་ཤར་སྤང་བླང་དགགས་སྒྲུབ་ཀྱི་འཛིན་པས་མི་བསླད་པར་རྒྱ་ཡན་ཅོག་བཞག་ཆེན་པོའི་ངང་། གཏད་མེད་ཀྱི་ཤེས་པ་ཁ་ཡན་དུ་གློད་ནས། གུ་ཡངས་རྒྱ་གྲོལ་ཕྱལ་བ་ཆེན་པོར་འགག་བསྡམས་པ་ལས། ལེགས་སུ་རེ་བ། ཉེས་ཀྱིས་དོགས་པ། ཕར་ལ་སྤྲོ་བ། ཚུར་ལ་བསྡུ་བ། གནས་འགྱུ་དགགས་སྒྲུབ། སྐྱེ་འགག་གྲངས་འདེབས། གསལ་སྟོང་གུད་གཅོད། ཉམས་ཀྱི་རྩིས་གདབ་སོགས་བཅོས་བསྒྱུར་གྱི་འཛིན་པས་མ་བསླད་པ་ཅི་ནས་གལ་ཆེ་ཞིང་། མདོར་ན་ད་ལྟའི་ཤེས་པ་ཟང་ཀ་མ་འདི་སྤུ་མ་རྗེས། གྲ་མ་ཉམས་པར། སྒོམ་གྱི་ངོ་ཏིར་ཀྲོང་གིས་འགྲོ་བ་ཞིག་འདུག་ན་དེ་ཀས་ཆོག་རྩིས་ལགས། ལར། སེམས་མ་བཅོས་ན་གསལ། ཆུ་མ་བརྙོགས་ན་དྭངས། ཞེས་པ་ལྟར་གང་ལའང་ཞེན་འཛིན་གྱི་སྤྲོས་པས་མི་བསླད་པར་རང་བབས་སུ་འཇོག་པ་འདི་གནད་ཆེ། ཡིད་དཔྱོད་བཅོས་མའི་ལྟ་སྒོམ་ཇི་ཙམ་དུ་བཟང་བར་རློམ་ཡང་ཞེན་འཛིན་ལས་མི་འདའ། ཞེན་པ་ཡོད་རིང་འཁོར་བའི་ས་བོན་བྱེད་པ་སྟེ། མདའ་བསྣུན་གྱིས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོངས། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་པ་སུས་ཀྱང་ཤེས་མི་འགྱུར། །ཞེས་དང་། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམ་ཡང་སྡུག་བསྔལ་ཆེན་པོ་བསྐྱེད་པར་བྱེད། །ཅེས་གསུངས། དེས་ན་རང་སེམས་མ་བཅོས་པ་འདི་གནད་ཆེ། འདིའི་རྩལ་ལས་བཟང་ངན་གྱི་རྟོག་ཚོགས་གང་ཤར་ཡང་། དེའི་ངང་ལ་བསལ་བཞག་སྤང་ལེན་བྲལ་བར་བཞག་པས་ཐམས་ཅད་ཡེ་ཤེས་ཀྱི་གྲོགས་སུ་འཆར་བ་ཡིན། དེ་འཆར་བ་ལ་རྟོགས་པ་དོན་བརྒྱུད་ཀྱི་ཡེ་ཤེས་ཐོབ་དགོས། དེ་ཐོབ་པ་ལ་བླ་མའི་བྱིན་རླབས་ཞུགས་དགོས། དེ་ཞུགས་པར་སློབ་མའི་དད་མོས་ལ་རག་ལས་པས་དེ་ལྟར་ཐུགས་ལ་ཞོག་མཛོད། ཅེས་པའང་རྒན་པོ་བི་ཛས་སོ། །
༄༅། །མཚུངས་མེད་བླ་མའི་ཞབས་ལ་འདུད། །སངས་རྒྱས་བསྟན་པའི་ཉམས་ལེན་གནད། །ངེས་འབྱུང་བྱང་ཆུབ་སེམས་ལྡན་པས། །སྡོམ་གསུམ་མིག་ལྟར་བསྲུང་བའི་ངང་། །བསྐྱེད་རྫོགས་ཉམས་ལེན་མཐར་འདོན་གལ། །རྙེད་དཀའི་དལ་འབྱོར་རྟེན་ཐོབ་ཀྱང་། །ཡུན་རིང་མི་སྡོད་མྱུར་དུ་འཆི། །འཆི་ཚེ་ཆོས་ལས་སྐྱབས་གཞན་སུ། །ཆོས་མིན་བསམ་སྦྱོར་དུག་ལྟར་སྤོངས། །འཁོར་བའི་གནས་ན་བདེ་བ་མེད། །འགྱུར་དང་འདུ་བྱེད་སྡུག་བསྔལ་མང་། །དེ་རྒྱུ་ལས་འབྲས་བླང་དོར་ལ། །རྟག་ཏུ་བརྩོན་པ་བསྐྱེད་པར་རིགས། །འཁོར་བར་མི་བསླུའི་སྐྱབས་གཞན་མེད། །གཏན་དུ་སྐྱོབ་ངེས་མཆོག་གསུམ་ལ། །ཡིད་ཆེས་བློ་གཏད་འབྲལ་མེད་ཀྱིས། །སྐྱབས་འགྲོ་སྡོམ་པ་ཀུན་གཞིར་ངེས། །མཁའ་ཁྱབ་འགྲོ་ཀུན་ཕ་མ་རུ། །ངེས་རྙེད་ཚད་མེད་བཞི་གོམས་ནས། །འགྲོ་སྒྲོལ་དམ་བཅའི་གོ་ཆ་ནི། །ཐེག་ཆེན་ལམ་རྩར་མེད་ཐབས་ཅི། །སྨིན་བྱེད་དབང་བཞིས་རྒྱུད་བརླན་ཞིང་། །དམ་ཚིག་རྣམ་པར་དག་པའི་ངོས། །རིམ་གཉིས་རྣལ་འབྱོར་ཟབ་མོ་ལ། །བརྩོན་གང་བླ་མེད་ཐེག་རྩེའི་གནད། །ངེས་འབྱུང་མེད་པའི་འདུལ་ཁྲིམས་དང་། གཞན་ཕན་མ་འབྱོངས་སེམས་བསྐྱེད་པ། །དག་སྣང་བསྐྱེད་རྫོགས་མི་ལྡན་པའི། །སྔགས་པར་རློམ་ཡང་སྙིང་པོ་ཅི། །དེ་བས་དགེ་བའི་བཤེས་ཁྱེད་ཀྱིས། །རྟག་པར་དྲན་ཤེས་འབྲལ་མེད་དང་། །རང་རྒྱུད་ཆོས་དང་ཅི་འདྲེས་ཀྱིས། །བསླབ་པ་གསུམ་ལ་ནན་ཏན་མཛོད། །རྒྱལ་བའི་ཆོས་ཚུལ་ཇི་སྙེད་པ། །གདུལ་བྱའི་བློ་དང་མཐུན་པར་གསུངས། །རྩ་བ་བདག་འཛིན་སྤོང་ལ་གཅིག །རང་རྒྱུད་ཉོན་མོངས་ཅི་ཐུལ་མཛོད། །རྒྱལ་བས་འཁོར་ལོ་བར་པ་རུ། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས། །སྟོང་ཞིང་བདག་མེད་སྤྲོས་བྲལ་དབྱིངས། །རྣམ་ཐར་གསུམ་ལྡན་ངོ་བོར་བསྟན། །ངེས་དོན་བཀའ་འཁོར་ཕྱི་མ་རུ། །འོད་གསལ་བདེ་གཤེགས་སྙིང་པོའི་ཁམས། །སྐུ་དང་ཡེ་ཤེས་ངོ་བོ་རུ། །ཡེ་ནས་འཕོ་འགྱུར་བྲལ་བར་གསུངས། །དེ་དོན་ས་བཅུའི་དབང་ཕྱུག་དང་། འཕགས་པ་ཀླུ་སྒྲུབ་ཐོགས་མེད་སོགས། །ཤིང་རྟ་ཆེན་པོ་རྗེས་འབྲང་བཅས། །འཕགས་ཡུལ་མཁས་རྣམས་ལེགས་པར་བཀྲལ། །ཀུན་ཀྱང་དགོངས་ཀློང་ཡེ་ཤེས་སུ། །གཅིག་ཀྱང་གནས་སྐབས་ཁས་ལེན་ཁྱད། །བོད་འདིར་སྣ་ཚོགས་སྨྲ་བ་མང་། །ཀུན་ལ་དག་སྣང་སྦྱང་བའི་ངང་། །རང་ལུགས་ཀུན་མཁྱེན་ཆོས་རྗེ་སོགས། །སྔ་འགྱུར་མཁས་གྲུབ་ཚད་ལྡན་གཞུང་། །སྣང་སྟོང་ཕྱོགས་རེར་མ་སོང་བར། །ཟུང་འཇུག་རྫོགས་པ་ཆེན་པོར་མཐུན། །ཀ་དག་སྟོང་པའི་ཕྱོགས་ནས་ནི། །མི་སྟོང་དངོས་པོ་ཡོད་མིན་ཡང་། །རང་བཞིན་ལྷུན་གྲུབ་ཆ་ནས་ནི། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །སྣང་བས་སྟོང་པ་མི་བསྒྲིབ་ཅིང་། །སྟོང་པས་སྣང་བ་མ་འགོག་པར། །ཟུང་འཇུག་འོད་གསལ་འདུས་མ་བྱས། །ཡེ་ཤེས་བསམ་མི་ཁྱབ་མཁྱེན་མཛོད། །འདི་དོན་ཁོང་དུ་ཆུད་གྱུར་ན། །ངེས་དོན་མདོ་དང་སྔགས་ཀྱི་ཚུལ། །ཕན་ཚུན་བུ་རམ་རོ་བཞིན་དུ། །འགལ་མེད་ལམ་དུ་ཁྱེར་ཤེས་འགྱུར། །དེ་མིན་སྣང་སྟོང་ཕྱོགས་རེ་ལ། །ཞེན་ནས་རང་འདོད་གྲུབ་མཐའ་ཡི། །སྨྲ་བ་མང་ཡང་ཞེ་གཏིང་སྡར། །ཕལ་ཆེར་ཆོས་སྤང་ཁུར་གྱིས་ནོན། །དེས་ན་དལ་འབྱོར་ལན་གཅིག་ཏུ། །ཐོབ་པ་ཆུད་གསོན་མི་བྱེད་པར། །བསྟན་པ་འགལ་མེད་རྟོགས་པ་ཡིས། །རང་རྒྱུད་དགེ་ཚོགས་འཕེལ་བར་མཛོད། །དེ་སྐད་ཡིད་ལ་གང་ཤར་གཏམ། །དད་དམ་གཙང་མའི་ནང་མཆོད་དུ། །ཕུལ་འདི་ཐུགས་དབུས་ཨ་ཐམ་རྒྱ། །དགེ་བས་དོན་གཉིས་མཐར་ཕྱིན་ཤོག །ཅེས་པའང་དམ་པ་ཞིང་སྐྱོང་མཆོག་གི་ཞལ་ངོ་མི་ལྡོག་ཙམ་དུ་སྙོམ་ལས་པ་བི་ཛས་འཕྲལ་བྲིས་དགེ།
༄༅། །གནས་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ན། །དཔལ་སྟོན་པ་ཀུན་བཟང་རྡོར་འཆང་ཞེས། །མཚན་ཡོངས་ལ་གྲགས་པའི་གཡེར་པོ་ཆེ། །དོན་གཞན་དུ་མ་དམིགས་དྲིན་ཆེན་རྗེ། །ཕ་བློ་གྲོས་མཐའ་ཡས་མ་ལགས་སམ། །སྐུ་མཐོང་བས་ཐ་མལ་འཁྲུལ་སྣང་འགག །གསུང་ཐོས་པས་བདེ་ཆེན་ཡེ་ཤེས་སྐྱེད། །ཐུགས་དྲན་པས་གཟུང་འཛིན་བདེན་ཞེན་གཞིག །རྗེ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ། །མི་ང་ལ་བསམ་རྒྱུ་རྗེ་ལས་མེད། །དབྱིངས་ཆོས་སྐུའི་ཀློང་ནས་རྗེས་དགོངས་ལ། །དུས་ད་ལྟ་འཕོ་ཆེན་གྱི་ཡེ་ཤེས་སྐྱེད། །འབྲལ་མེད་དུ་འགྲོགས་པའི་དགའ་སྟོན་སྩོལ། །མི་ང་རང་ཞན་ཏེ་བླ་མ་བཟང་། །སངས་རྒྱས་རིན་ཆེན་གྱི་ཞབས་པད་བརྟེན། །ལྟེམ་རྐྱང་མེད་པས་གསོལ་བ་བཏབ། །བྱིན་རླབས་སྙིང་གི་དབུས་སུ་སད། །ཆོས་དབུ་མ་དང་ཕྱག་རྒྱ་རྫོགས་ཆེན་གྱི། །གྲུབ་མཐའི་སྤུ་རིས་དབྱིངས་སུ་ཡལ། །བློ་བྲལ་ཆོས་ཉིད་ཀྱི་མལ་དུ་བསླེབས། །ཐ་སྙད་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ཨུ་ནུས་ཀྱི་སྡུག་བཙིར་མ་བྱས་ཀྱང་། །ལྷན་སྐྱེས་ཀྱི་ཡེ་ཤེས་ཁོང་ནས་སད། །གནས་འགྱུ་ཡི་འདམ་ག་བདག་ལ་མེད། །སེམས་འཛིན་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །དཔྱད་སྒོམ་གྱི་སྤྲོས་པ་མ་བྱས་ཀྱང་། །སྤྲོས་བྲལ་གྱི་མཚན་ཉིད་མངོན་སུམ་མཐོང་། །དགག་སྒྲུབ་ཀྱི་སྤང་ལེན་བདག་ལ་མེད། །ཡིད་དཔྱོད་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །གཏད་མེད་ཀྱི་རིག་པ་ཕྱམ་བདལ་ལ། །འཇུར་དྲན་གྱི་ཞབས་ཏོག་མ་སྒྲུབ་པས། །ཉམས་སྣང་གི་སྤུ་རིས་དབྱིངས་སུ་ཞི། །བཟང་རྟོག་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ཆོས་མདོ་རྒྱུད་དང་སྒྲུབ་བརྒྱུད་མན་ངག་སྲོལ། །ཀུན་མཐར་ཐུག་ངེས་དོན་ཀློང་དུ་གཅིག །གནད་བློ་བྲལ་གཉུག་མའི་རང་ངོར་རིག །ཐོས་བསམ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ཁོང་རྟོག་གེ་མཁན་གྱི་སྟོན་ཆེན་གྱིས། །ཨུ་ནུས་ཀྱི་ལོ་བརྒྱར་འགེགས་བྱས་ཀྱང་། །མི་ང་ལ་ཐེ་ཚོམ་འཁུ་འཕྲིག་མེད། །ངོ་བོ་ལ་རྟག་ཆད་མི་འདུག་ན། །རང་བཞིན་ལ་འཕོ་འགྱུར་མི་འདུག་ན། །ཆོས་དབྱིངས་ལ་བྲི་གང་མི་འདུག་ན། །འབྲས་བུ་ལ་ཐོབ་ཤོར་མི་འདུག་ན། །ལམ་ནོར་གོལ་བྱ་བ་ཅི་ལ་ཟེར། །སྒོམ་མ་བྱུང་བྱ་བ་ཅི་ལ་ཟེར། །གནད་མ་ཤེས་ཟེར་བ་ཅི་ལ་ཟེར། །དོན་མ་རྟོགས་བྱ་བ་ཅི་ལ་ཟེར། །ལྟ་དང་སྒོམ་པ་སྤྱོད་པ་གསུམ། །ཐམས་ཅད་གཉུག་མའི་ཀློང་དུ་གཅིག །གེགས་དང་གོལ་ས་མཚན་འཛིན་གསུམ། །བློ་ཡི་བཏགས་པའི་སྤུ་རིས་ཏེ། །བློ་བྲལ་གཤིས་ལ་ཕན་གནོད་ཅི། །རང་གྲོལ་གྱི་རྣལ་འབྱོར་ཨ་ལ་ལ། །འདི་ཡང་དཔལ་ལྡན་བླ་མའི་དྲིན། །དྲིན་ལེན་དུ་རྟོགས་པའི་མཎྜལ་འབུལ། །ད་དུང་ཡང་འབྲལ་མེད་ཐུགས་རྗེས་སྐྱོངས། །དོན་གཉིས་མཐར་ཕྱིན་གྱི་དགེ་མཚན་སྩོལ། །མདྒལཾ།


previousདད་མོས་དང་ལྡན་པ་རིགས་བཟང་ལ་གདམས་པ། next